བྱང་འབྲོག་གི་ལམ་ཡིག
གསེར་ཐར་ནི་རྫ་ཆུ་ཁའི་ཤར་མཐའ་དང་། ཨ་མྱེ་རྨ་ཆེན་གྱི་ལྷོ་ནུབ་ཏུ་ཡོད་ཅིང་། དེ་ཡང་ཨ་མྱེ་རྨ་ཆེན་གྱི་མཐའ་སྐོར་དུ་ཆགས་པའི་ཡུལ་སྤྱིའི་མིང་ལ་མགོ་ལོག་ཅེས་སུ་གྲགས་པ་ལྟར་གསེར་ཐར་ནི་མགོ་ལོག་གི་ནང་ཚན་འབྲོག་ཡུལ་བཙན་ཤོས་ཤིག་ཡིན་པ་རེད། གསེར་མི་ཚོ་ན་རེ། <<འགོ་ལོག་>> ཅེས་པ་ནི་ཀློག་མ་དག་པ་སྟེ། དག་པར་བཀླག་ན། <<ངོ་ལོག>> ཅེས་བྱའོ། །ཞེས་ཟེར་སྲོལ་འདུག་ཅིང་། (གོང་དུ་<<འགོ་ལོག་>> ཅེས་པ་ནི་ཀློག་མ་དག་པ་སྟེ། དག་པར་བཀླག་ན། <<ངོ་ལོག>> ཅེས་བྱའོ། །ཞེས་པའི་ཚིག་འདི་ལ་དེང་སང་མི་རེ་ཟུང་གིས་ལོག་འགྲེལ་བྱས་ཏེ། གསེར་མི་ཚོས་ཁོང་ཚོ་མགོ་ལོག་མིན་པར་བཤད་པ་རེད། ཅེས་སོགས་ཟེར་མོད། དེའི་དོན་ནི། མགོ་ལོག་སྤྱི་ཡོངས་སྨད་རྒྱ་ནག་དང་། སོག་སེར་པོ་སོགས་སུ་གཅིག་གི་འོག་ལ་མགོ་མི་སྒུར་མཁན་མིན་པའི་འགྲེལ་བཤད་ཡིན་པ་ལས། གསེར་རྟ་མགོ་ལོག་མིན་པའི་འགྲེལ་བཤད་ག་ལ་ཡིན་ཏེ། མིན་ནོ། །ཞེས་པ་འདི་ནི་སྒྲིག་མཆན་ཡིན་ནོ། །)
མི་སྡེ་རང་ཉིད་ཀྱི་གླུ་ལས་ཀྱང་། ངེད་ངོ་ལོག་ཡར་ལོག་བོད་ལ་ལོག །བོད་ཆོས་ཀྱི་རྒྱལ་པོའི་བཀའ་བོ་ལོག །ངེད་ངོ་ལོག་མགོ་གཏད་གནམ་ལ་གཏད། །དགུང་སྔོན་པོ་ངོ་ལོག་མགོ་གཏད་ཡིན། །ངེད་ངོ་ལོག་མར་ལོག་རྒྱ་ལ་ལོག །རྒྱ་ནག་པོའི་སྲིད་པའི་ཁྲིམས་བོ་ལོག །ངེད་ངོ་ལོག་ཁྲིམས་གནོན་ཚོ་བས་གནོན། །རྨ་རྫ་ཐང་ཤ་བའི་ཁྲིམས་གནོན་ཡིན། །ངེད་ངོ་ལོག་ཕར་ལོག་ཧོར་ལ་ལོག །ཧོར་ཡ་མེད་བུ་རྟའི་དམག་བོ་ལོག །ངེད་ངོ་ལོག་ཤ་དགའ་ཤ་ལ་དགའ། །དགའ་ཞིག་ལུ་ངོ་ལོག་སྐྱོབས་མ་ཡིན། །
ཞེས་སོགས་མི་སྡེའི་གླུ་མང་དུ་སྣང་ངོ་། །
གསེར་ཐར་ནི་ལོ་གྲངས་བརྒྱ་ཕྲག་མང་པོའི་རིང་ལ་སུས་ཀྱང་སྲིད་ཀྱི་དབང་ཡུལ་དུ་བྱེད་མ་ནུས་ཤིང་། ཡུལ་དེ་ནི་གངས་རི་དང་རྫ་བྲག་མང་པོས་བར་དུ་ཆོད་པའི་ས་བཙན་དུ་འབྲོག་མི་རྣམས་རང་ཁ་རང་འཚོའི་ཐོག་ཁུ་སིམ་དུ་གནས་པའི་མི་སྡེ་ཞིག་རེད། གསེར་ཐའི་མི་སྡེ་ནི་ནང་ཚན་དུ་དབྱེ་ན་ཚོ་ཁག་ཆེ་ཆུང་བཅོ་བརྒྱད་དུ་ཡོད་པར་གྲགས་ཤིང་། དེ་དག་ནི་གསེར་གྱི་འབྲོང་རི་སྨུག་པོ་ཞེས་བྱ་བ་དཔལ་ལེགས་ལྡན་ཚོགས་ཀྱི་བདག་པོའི་བླ་རི་ཡིན་པར་གྲགས་པའི་རི་བོ་ཆུང་ལ་མཛེས་བརྗིད་ཆེ་བ་ཞིག་ཡོད་འདུག་པ་དེའི་ཉེ་སྐོར་གྱི་སྤང་ཐང་དང་། རི་ལུང་རྣམས་སུ་ཆགས་ཡོད་པ་རེད། གནས་རི་ཆེན་པོ་དེ་དང་ཉེ་བའི་སར་གསེར་ཐའི་ཡུལ་གྱི་དཔོན་ཝ་ཤུལ་(དབལ་ཤུལ་)ཞེས་པ་མགོན་པོ་ཚོགས་བདག་གི་སྤྲུལ་པའི་གདུང་རྒྱུད་ཡིན་པར་གྲགས་པ་དེ་གསེར་ཐའི་ཡུལ་སྡེའི་མཆོད་གནས་སམ་རྒན་པོའི་ཚུལ་དུ་ཡོད་འདུག གསེར་ཐའི་མི་སྡེ་ཐམས་ཅད་དཔོན་དེའི་མངའ་འོག་ཏུ་ཚུད་པ་དང་། མི་སྡེ་དག་གིས་ཀྱང་དཔོན་ལ་རྩིས་ཐང་ཤིན་ཏུ་ཆེ་བར་བྱེད་འདུག་ནའང་། དཔོན་གྱི་གོ་གནས་སུ་རང་ཉིད་ཀྱི་མངའ་འབངས་ལ་ཐད་ཀར་བཀའ་བཀོད་གནང་བ་དང་། དཔྱ་ཁྲལ་འགེལ་བ་དང་། ནག་ཉེས་ཅན་དག་ལ་བཀའ་ཁྲིམས་གཏོང་བ་ལ་སོགས་པ་ཡུལ་གཞན་དག་གི་དཔོན་པོ་དག་གི་ཚད་དབང་ལྟ་བུ་གང་ཡང་མི་འདུག དེ་ཡང་གསེར་ཐའི་མི་སྡེས་དཔོན་ལ་རྩིས་ཐང་ཞན་པའི་རྒྱུ་མཚན་གྱིས་དཔོན་ལ་དཔོན་གྱི་ཚད་དབང་མེད་པ་ཞིག་མ་རེད། དེ་ནི་གསེར་ཐའི་མི་སྡེས་གནའ་ནས་ད་ལྟའི་བར་དུ་དཔྱ་ཁྲལ་གྱི་ལམ་སྲོལ་རྩ་བ་ནས་ངོ་མི་ཤེས་ཤིང་། འབྲོག་མི་རེ་རེ་བཞིན་རང་དབང་བཅོས་མ་མ་ཡིན་པ་རེ་ལ་རྒྱུན་རིང་དུ་གོམས་འདྲིས་ཕྱིན་པར་བརྟེན་མི་སྡེའི་གཞི་རྩའི་གནས་ཚུལ་ཡུལ་གཞན་དག་ལས་ཆེས་ཐ་དད་པར་སྣང་ངོ་།།
ཝ་ཤུལ་(དབལ་ཤུལ་)གྱི་གདུང་རྒྱུད་ཐོག་མར་ཇི་ལྟར་བྱུང་བའི་སྐོར་ཁོ་བོས་ངེས་ཤེས་ཐུབ་པ་མ་བྱུང་ནའང་། གསེར་ཐའི་ཡུལ་སྡེའི་དཔོན་གྱི་མཚན་དབང་གཙོ་བོ་ནི་དཔོན་བླ་ཞེས་བྱ་བ་དེའི་དུས་སུ་བྱུང་ཡོད་པར་སྣང་ཞིང་། དཔོན་བླ་ནི་གསང་སྔགས་སྔ་འགྱུར་རྫོགས་ཆེན་པའི་རྣལ་འབྱོར་རྫུ་འཕྲུལ་དང་ལྡན་པ་ཞིག་ཡིན་པ་དང་། དེར་མ་ཟད་དཔལ་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྤྲུལ་པའི་གཏེར་སྟོན་ཞིག་ཡིན་པའི་ལོ་རྒྱུས་མང་དུ་སྣང་བ་དང་། ཁོང་གིས་མགོན་པོའི་བླ་རི་ནས་གཏེར་དུ་བཞེས་པ་མགོན་པོ་ཚོགས་བདག་གི་བེར་ནག་ངོ་མཚར་དང་ལྡན་པ་ཞིག་དེང་དུས་ཀྱང་ཝ་ཤུལ་(དབལ་ཤུལ་)གྱི་ནང་རྟེན་དུ་ཡོད་འདུག་ཅིང་། ཡུལ་མི་དག་གིས་བརྗོད་གསལ་དུ། ཕྱི་ཡུལ་གྱི་དགྲ་དག་གིས་གསེར་ཐར་ལ་ཚུར་འགེལ་གཏན་ནས་བྱེད་ཐུབ་ཀྱི་མ་རེད། གལ་ཏེ་གསེར་ཐར་ལ་དགྲ་ཚུར་འགེལ་ཞིག་བྱུང་ན། ང་ཚོས་མགོན་པོ་ཚོགས་བདག་ལ་འཕྲིན་བཅོལ་ཞུ་ཞིང་མགོན་པོའི་བེར་ནག་དགྲ་ཕྱོགས་སུ་གཡབ་པས་དགྲ་ཐམས་ཅད་བཟློག་ཐུབ་ཀྱི་རེད། སྔོན་ཟི་ལིང་གི་དམག་སྔོན་རྗེས་གཉིས་དང་སི་ཁྲོན་གྱི་དམག་ཐེངས་གཅིག་བཅས་ཚུར་འགེལ་བྱུང་བའི་ཚེ་ང་ཚོས་ལེགས་ལྡན་ལ་འཕྲིན་བཅོལ་ཞུས་ཤིང་མགོན་པོའི་བེར་ནག་གཡབས་ནས་བཟློགས་པ་རེད། ཅེས་ཟེར་སྲོལ་འདུག་ཅིང་། ཟེར་བ་ཙམ་དུ་མ་ཟད་ཡུལ་མི་དག་གིས་དོན་དེ་ལ་སྙིང་ཐག་པ་ནས་ཡིད་ཆེས་བྱེད་ཀྱི་ཡོད་འདུག དཔོན་བླའི་གདུང་སྲས་ཀརྨ་རྡོ་རྗེ་(དབལ་ཤུལ་བཀའ་སྡོད་མགོན་)དང་། དེའི་སྲས་སྐལ་བཟང་མགོན་ཡིན་འདུག་ཅིང་། ཁོང་ནི་མཐོང་ཡུལ་དུ་འབྲོག་མི་དཀྱུས་མ་ལྟ་བུ་ཞིག་ལས་ཆོས་དང་འཇིག་རྟེན་གཉིས་ཕྱོགས་ཀྱི་སྤྱོད་ཚུལ་མི་འདྲ་བ་གང་ཡང་མི་འདུག གསེར་མི་དག་གིས་ནམ་རྒྱུན་དུ་དཔོན་གྱི་ཕྱག་དབང་ལེན་པ་དང་། བྱ་བ་བཟང་ངན་གང་འབྱུང་གི་ཕྱྭ་མོ་ཞུ་བ་དང་། གཞན་ཡང་གསོན་པོའི་སྐྱབས་འཇུག་དང་། གཤིན་པོའི་བསྔོ་བ་སོགས་དད་གུས་ཞུ་ཡུལ་བྱིན་རླབས་ཅན་གྱི་བླ་མ་བཟང་པོ་ཞིག་ལྟར་བརྩི་བཀུར་བྱེད་ཀྱི་ཡོད་པ་རེད། ཡུལ་དེར་མི་སེར་ཧ་ཅང་ཉམ་ཐག་བཟའ་བཏུང་གྱོན་གོས་ཀྱིས་ཕོངས་པ་དང་།སློང་མོ་བྱེད་མཁན་ནི་གཏན་ནས་མ་མཐོང་ཞིང་། ཚོད་མེད་པའི་སྒེར་པ་ཆེན་པོའང་མཐོང་དུ་མི་འདུག ཕྱུག་དབུལ་འབྲིང་ཙམ་གྱི་མི་ཚང་ཞིག་ལ་ཆ་མཚོན་པ་ཡིན་ན། སྒོ་ནོར་དུ་ལུག་ལྔ་བརྒྱ་ནས་སྟོང་ཕྲག་རེ་ཙམ་དང་། འབྲི་གཡག་སུམ་བརྒྱ་ནས་བདུན་བརྒྱའི་བར་ཙམ་དང་། རྟ་དྲེལ་སུམ་ཅུ་ནས་བདུན་ཅུའི་བར་ཙམ་རེ་ཡོད་འདུག་ཅིང་། དེ་ནི་མི་སྡེ་མང་ཆེའི་གནས་ཚུལ་གྱི་དབང་དུ་བྱས་པ་ཡིན་ཞིང་། གོང་གསལ་གྱི་གྲངས་ཚད་དེ་ལས་མང་བའམ། ཡང་ན་དེ་ལས་ཉུང་བའི་མི་ཚང་ཡང་མང་དུ་ཡོད་པ་རེད། ཡུལ་དེ་དག་ཏུ་དཔོན་པོའི་བཀའ་དྲག་པོ་འགྲོ་ཡུལ་གཏན་ནས་མེད་ནའང་། འབྲོག་མི་རང་རིགས་ཀྱི་ཆོས་བརྒྱུད་སྐྱོང་བའི་བླ་མ་དག་གིས་ཆོས་མཐུན་གྱི་བཀའ་གང་གནང་བ་ནི་ནམ་ཡང་འགལ་དུ་འཇུག་སྲོལ་མི་འདུག་ཅིང་། དེར་མ་ཟད་འབྲོག་མི་དག་གིས་ནམ་རྒྱུན་དུ་བན་དེའི་རིགས་ཚང་མ་ལ་བརྩི་གུས་ཧ་ཅང་ཆེན་པོར་བྱེད་ཀྱི་ཡོད་འདུག་པ་དཔེར་ན། བན་དེ་གྲྭ་ཆས་གྱོན་པ་ཞིག་དང་འབྲོག་མི་རྟ་ཞོན་པ་ཁ་ཤས་བཅས་ལམ་ཁར་འཕྲད་པ་ཡིན་ན། འབྲོག་མི་དེ་དག་གིས་བན་དེ་བཟང་ངན་དང་རྒན་གཞོན་སོགས་ལ་མ་ལྟོས་པར་གུས་པའི་རྟགས་སུ་ཞྭ་མོ་འཕུད་དེ་འགྲོ་བ་དང་། གལ་ཏེ་འབྲོག་མི་དེ་དག་ལ་ཆ་རྒྱུས་ཡོད་པའི་བན་དེ་རྒན་རིམ་ཞིག་ཡིན་པར་མཐོང་ན་འབྲོག་མི་དེ་དག་རྟ་ལས་བབས་ཤིང་ཞྭ་ཕུད་ཕུལ་ནས་འགྲོ་བ་དང་། གལ་ཏེ་བླ་མ་སྤྲུལ་པའི་སྐུའམ་མཁན་པོ་སོགས་ན་བཟའ་སེར་པོ་བཞེས་པ་དང་། ཡང་ན་ཆིབས་ལ་གདོམ་ཡོད་པ་ཞིག་འབྱོན་པར་མཐོང་ན། འབྲོག་མི་དག་ནི་དེ་མ་ཐག་ཏུ་རྟ་ལས་བབས་ཤིང་གོས་ཀྱི་ཕུ་དུང་ཕྲག་གོང་དུ་ལེན་པ་དང་། མགོ་ནས་ཞྭ་མོ་ཕུད་ཅིང་། རྒྱབ་ནས་མེ་མདའ་སྔོན་དུ་ལེན་ཞིང་ཞྭ་མོ་དེ་མེ་མདའི་ཁར་བཀལ་བ་དང་། སྐེད་ནས་གྲི་རིང་ཤུབ་དང་བཅས་པ་བཏོན་ཏེ་གྲི་དང་མེ་མདའ་ལྷན་དུ་ལག་གཡོན་པའི་ནང་དུ་འཁྱུད་ཅིང་ཕྱག་དབང་ལེན་སྲོལ་ཡོད་པ་རེད།
བྱང་འབྲོག་གི་མི་སྡེ་དེ་དག་ལ་ཧོབ་ཏུ་བལྟས་པ་ཡིན་ན་ཧ་ཅང་གླེན་པ་དང་རང་གཤིས་གྱོང་པོ་ལྟ་བུ་ཞིག་མཐོང་གི་འདུག གང་ལགས་ཤེ་ན། དེ་དག་གིས་མིས་བཅོས་པའི་སྒྲིག་ལམ་དང་བཀའ་ཁྲིམས་ཀྱི་རིགས་གང་ཡང་ཁུར་མ་མྱོང་བ་དང་། དེ་དག་ལ་ཁྲིམས་སྲོལ་དང་མཐུན་པའི་སློབ་སྦྱོང་གང་ཡང་མེད་པར་བརྟེན་མ་བཅོས་རྣལ་མའི་མི་སྤྱོད་ལས་གཞན་པ་མཐོང་དུ་མེད་པ་རེད། འོན་ཀྱང་ང་ཚོས་ཤོད་ཆོག་པ་ཞིག་ལ། འབྲོག་མི་དེ་དག་གི་རང་གཤིས་དངོས་མ་ནི་མཐོང་སྣང་གི་གླེན་པ་ལྟ་བུ་དེ་ལས་ཆེས་ཐ་དད་པ་ཡིན་ཏེ། དེ་དག་ནི་བསམ་པ་བཟང་ཞིང་བློ་ཁོག་དྲང་བ་དང་། བྱ་བ་ཆེ་ཕྲ་མཐའ་དག་བདེན་པའི་དོན་ལ་བརྟེན་ནས་སྒྲུབ་ཀྱི་ཡོད་པ་རེད། འབྲོག་མི་གྲོགས་པོར་གྱུར་པ་དག་ནི་རྟག་པར་སྙིང་ཐག་པ་ནས་ཡིད་བརྟན་བྱེད་ཆོག་པ་ཤ་སྟག་ཡོད་འདུག་ཅིང་། དེ་དག་གིས་གྲོགས་པོ་ཕན་ཚུན་བར་དང་། མི་སྡེའི་ནང་ཕན་ཚུན་བཅས་པར་གཡོ་སྒྱུ་དང་། མགོ་བསྐོར། བསླུ་བྲིད་སོགས་མདོར་ན་མི་དྲང་བའི་བྱ་སྤྱོད་ངན་པའི་རིགས་དངོས་ལྐོག་གཉིས་ཆ་ནས་བྱེད་སྲོལ་མེད་པ་རེད། འབྲོག་མིའི་རང་གཤིས་ནི་ཐོག་མར་འདྲིས་པར་དཀའ་ཞིང་། འདྲིས་ཟིན་པའི་རྗེས་སུ་ཡིད་བརྟན་ཐུབ་ཅིང་འདྲིས་ཐག་རིང་བ་དང་། འབྲོག་མི་དག་གིས་དགོས་པ་བྱུང་ན་རང་རང་གི་གྲོགས་པོའི་དོན་དུ་སྲོག་ལུས་ལོངས་སྤྱོད་ཚང་མ་གཏང་བ་ལའང་འཇིགས་སྣང་མེད་ཅིང་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་སྲོལ་ཡོད་པ་རེད། དེ་ལྟར་འབྲོག་མི་དག་ནི་མ་བཅོས་རྣལ་མའི་སྤྱོད་ལམ་རྒྱུན་ཆགས་པ་དེ་ལ་བརྟེན་ནས་གནའ་ནས་ད་ལྟའི་བར་དུ་མི་སྡེའི་ཚོ་ཟིན་པ་དང་། ཡུལ་གཞན་གྱི་རོགས་རམ་ལ་མ་ལྟོས་པར་རང་རང་གི་འཚོ་བ་བདེ་སྐྱིད་དང་ལྡན་པར་སྐྱེལ་ཐུབ་པ་རེད། གོང་གསལ་གྱི་གནས་ཚུལ་དེ་དག་ནི་ཁམས་བྱང་རྒྱུད་ཀྱི་འབྲོག་མི་ཕལ་ཆེར་འདྲ་བར་སྣང་ཞིང་། འཆད་འགྱུར་གྱི་ལེ་ཚན་དག་ཀྱང་ཁམས་བྱང་བརྒྱུད་ཀྱི་འབྲོག་སྡེ་ཁག་གནས་ཚུལ་འདྲ་བར་སྣང་བས་འབྲོག་ཡུལ་སྤྱིར་སྟངས་ཀྱི་སྒོ་ནས་འཆད་པར་བྱའོ། །
(ཞེས་གོང་གསལ་གྱི་ལོ་རྒྱུས་དུམ་བུ་འདི་ནི་མཁས་དབང་ནམ་མཁའི་ནོར་བུས་བརྩམས་ཤིང་། ནུབ་ཕྱོགས་ཡུ་རོབ་གླིང་ནས་དཔར་བསྐྲུན་བྱས་པའི་<<བྱང་འབྲོག་གི་ལམ་ཡིག>>ཅེས་པའི་དེབ་ཀྱི་ཤོག་ངོས་༢༦་ནས་༣༦་བར་ནས་ཕབ་བཤུས་ཞུས།)
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4542
དཔྱད་མཆན་སྤེལ།