ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ2པའི་ཚེས23ཉིན་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། སློབ་གསོ་པུའུ་ཡིས་ཉེ་ལམ་སློབ་གྲྭ་ཆུང་འབྲིང་གི་མི་ཐབས་རིག་ནུས་སློབ་གསོའི་རྟེན་གཞིའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། སློབ་གྲྭ184དེའི་ནང་ཚུད་ཡོད། ཐེངས་འདིའི་སློབ་གྲྭ་ཆུང་འབྲིང་གི་མི་ཐབས་རིག་ནུས་སློབ་གསོའི་རྟེན་གཞི་འོས་སྦྱོར་བྱས་པའི་དམིགས་ཡུལ་ནི་རྟེན་གཞིའི་ཚོད་ལྟའི་ས་ཚིགས་ལ་བརྟེན་ནས། སྔར་ལས་ལྷག་པར་་ཐབས་རིག་ནུས་སློབ་གསོའི་འདུ་ཤེས་གསར་བ་དང་རྣམ་པ་གསར་བ། ཐབས་ལམ་གསར་བ་བཅས་འཚོལ་ཞིབ་བྱས་ཏེ། ཁྱབ་གདལ་བཏང་ཆོག་པའི་ཕུལ་བྱུང་དཔེ་མཚོན་དང་སྔོན་ཐོན་ཉམས་མྱོང་ཆགས་པར་བྱེད་པ་དང་། སློབ་གྲྭ་ཆུང་འབྲིང་གི་མི་ཐབས་རིག་ནུས་སློབ་གསོ་གཏིང་ཟབ་ངང་སྤེལ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།
སློབ་གསོ་པུའུ་ཡིས་བསྟན་དོན། རྟེན་གཞིའི་བྱ་བའི་མཛུབ་སྟོན་ལ་ཤུགས་བསྣན་ནས་རྟེན་གཞི་སོ་སོས་སྔར་ལས་ལྷག་པར་མི་ཐབས་རིག་ནུས་ཀྱི་སློབ་གསོར་མཐོང་ཆེན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཧུར་ཐག་གིས་མི་ཐབས་རིག་ནུས་སློབ་གསོའི་ལག་ལེན་བྱེད་ཐབས་འཚོལ་ཞིབ་བྱས་ནས། སློབ་གྲྭ་ཆུང་འབྲིང་གི་ཆ་འཕྲིན་ཚན་རྩལ་དང་སྤྱི་སྤྱོད་ལག་རྩལ་སོགས་བསླབ་ཚན་ལ་གཙོ་བོར་དམིགས་ཏེ། སྔར་ལས་ལྷག་པར་སློབ་གསོ་སློབ་ཁྲིད་ཀྱི་ཐོན་ཁུངས་ཕུན་ཚོགས་སུ་གཏོང་བ་དང་། སློབ་ཁྲིད་དང་སློབ་སྦྱོང་གིས་ཞབས་ཞུ་བྱེད་ཐབས་ལ་རོགས་སྐྱོར་བྱས་ནས་དགེ་འོས་གསོ་སྦྱོང་གི་མཛུབ་སྟོན་སྤེལ་བ་དང་། མི་ཐབས་རིག་ནུས་སློབ་གསོའི་ཁྱབ་རྒྱ་དང་ཕན་ཐོབ་ཁྱབ་རྒྱ་ཇེ་ཆེར་བཏང་སྟེ་མི་ཐབས་རིག་ནུས་ཀྱི་སློབ་གྲྭའི་སློབ་ཚན་འཛུགས་སྐྲུན་དང་བསླབ་ཚན་མཉམ་འདྲེས། སློབ་ཁྲིད་བྱེད་སྟངས་བཅོས་སྒྱུར། གྲངས་ཀའི་སློབ་གསོའི་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད། དགེ་རྒན་གྱི་གྲངས་ཀའི་བྱང་ཚད་གསོ་སྐྱོང་། སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་བྱེད་དགོས་ལ། ས་ཁོངས་ཀྱི་མི་ཐབས་རིག་ནུས་ཀྱི་དགེ་རྒན་ཆེད་ལས་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་དགོས། སློབ་གསོ་པུའུ་ཡིས་ད་རུང་དཔེ་མཚོན་ཉམས་མྱོང་དང་ཕུལ་བྱུང་བསླབ་གཞི། སྤུས་ལེགས་ཐོན་ཁུངས་བཅས་གསེད་འདེམས་བྱས་ཏེ་རྒྱལ་ཁབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་རིག་ནུས་སློབ་གསོའི་སྟེགས་བུ་སྟེང་བཞག་ནས། སྔར་ལས་མང་པའི་སློབ་གྲྭ་ཆུང་འབྲིང་གིས་མི་ཐབས་རིག་ནུས་སློབ་གསོ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པར་བསྟན། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4526
དཔྱད་མཆན་སྤེལ།