གངས་ཅན་གྲུབ་ཐོབ་རྒྱ་མཚོའི་འབྱུང་གནས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ལྟ་གྲུབ་ཚུལ་བཞིན་དུ་འགྲེལ་བར་བྱེད་པའི་བསྟན་བཅོས་དབྱངས་ཅན་གསར་མའི་དགོངས་བཅུད་ཞེས་བྱ་བ་བཞུགས་སོ། །
ཚོགས་གཉིས་རིན་ཆེན་རྡུལ་མང་རབ་བརྩེགས་མཁྱེན་གཉིས་བ་གམ་གཟེངས་མཐོ་བ། །
ཟག་མེད་ཡན་ལག་བརྒྱད་པའི་རྒྱུན་བཟང་སྐུ་བཞི་གཡས་སུ་འཁྱིལ་པ་ཅན། །
བདེ་གཤེགས་གངས་དཀར་རི་བོའི་སུལ་ལས་ལེགས་འོང་བཀའ་བཞི་གདམས་པའི་སྲོལ། །
ལུང་རྟོགས་འོ་མའི་ཆུ་གཏེར་ཆེན་པོ་མ་ལུས་གཅིག་ཏུ་བསྡུམས་དེར་འདུད། །
ཀུན་རྟོག་གཟུང་འཛིན་གཡོ་བ་རི་དྭགས་རྒྱ། །
མེད་སྣང་འཁྲུལ་ཆོས་མཁའ་ཡི་སྐྲ་ཤད་གཟུགས། །
གཞི་མེད་སྟོང་པའི་དབྱིངས་སུ་རོ་གཅིག་པར། །
ལུང་རིགས་མན་ངག་ལམ་ནས་འཆད་དེ་རྒྱལ། །
བདེ་ཆེན་བདེ་བ་ཆེན་པོའི་ཡེ་ཤེས་ཁམས། །
འོད་གསལ་འདུས་མ་བྱས་པ་ཆོས་ཀྱི་དབྱིངས། །
མདོ་སྔགས་བསྟན་པའི་སྙིང་པོ་ཕྱག་རྒྱ་ཆེའི། །
དངོས་བརྒྱུད་བླ་མའི་ཚོགས་ཀྱིས་དགེ་ལེགས་སྩོལ། །
རྣམ་མང་གཞུང་ལུགས་ནོར་བུའི་གཏེར་ཆེན་ལས། །
གཞི་ལམ་འབྲས་བུའི་གྲུབ་པ་འདིའོ་ཞེས། །
སྒྲུབ་བརྒྱུད་རིན་ཆེན་དགོངས་པའི་དབྱིག་འཛིན་པ། །
ལུང་རིགས་སྨྲ་བའི་སྤོབས་པ་དགེ་འོ་སྙམ། །
རྒྱ་ཆེན་ལུང་གི་གནད་ལ་མ་བྱང་ཞིང་། །
ཡང་དག་རིགས་པའི་འགྲོས་དང་མི་ལྡན་པའི། །
ཕྱོགས་འཛིན་ཞེན་ལྟས་གྲུབ་མཐའ་འཛིན་པའི་ཚོགས། །
ཕ་ཆོས་སེངྒེའི་སྒྲ་ཆེན་སྒྲོག་འདི་ཉོན། །
གྲུབ་བརྙེས་མེས་པོའི་ཁྱུ་ཚོགས་གཤེགས་ཤུལ་ནས། །
ལུང་རྟོགས་བསྟན་པའི་རང་ཚུགས་མི་ཟིན་པར། །
ཟེར་སྒྲོས་གྲོང་མཐའི་ཟས་ཀྱིས་ལྟོ་གང་ཞིང་། །
རྗེས་བརྗོད་ཀུ་ཅོ་འདོན་པས་ས་སྟེང་གང་། །
དེ་ལྟ་ནའང་མང་ཐོས་རིན་ཆེན་མཛོད། །
སྒྲུབ་བརྒྱུད་དགོངས་དོན་ཡིད་བཞིན་གཏེར་ཆེན་པོ། །
ཚུལ་བཞིན་སྤྱོད་པའི་སྤོབས་པ་དགེ་བ་ཅན། །
གང་དེས་ལེགས་བཤད་ཉུང་ངུའི་ངག་གིས་འཆད། །
དེ་ཡང་སྤྱིར་འགྲོ་བ་མིའི་རིགས་ཀྱི་རྟོག་དཔྱོད་དང་རྗེས་དཔག་གི་བསམ་བློ་ཁྱད་པར་བ་དང་སྨྲ་བརྗོད་ཀྱི་ནུས་པ་ལ་བརྟེན་ཏེ་ལྟོ་འགྲང་ལྷག་སྐྱོབ་ཙམ་གྱི་གནད་དོན་ལས་བརྒལ་བའི་ཕྱི་སྣོད་ནང་བཅུད་ཀྱི་གནས་ལུགས་དང་འཕེལ་རིམ། དེ་ལ་བརྟེན་པའི་བླང་དོར་དང་ལེགས་ཉེས་སྣ་ཚོགས་ཀྱི་གྲུབ་པའི་མཐའ་དང་། མཚན་ཉིད་རིག་པའི་རྣམ་བཞག་མཐའ་ཡས་པ་བྱུང་ཞིང་འབྱུང་བཞིན་ཡོད་ལ། ལྟ་གྲུབ་དང་རྣམ་བཞག་རེ་རེ་ལའང་རྒྱབ་ལྗོངས་ཀྱི་གཏན་ཚིགས་མི་འདྲ་བ་མང་པོ་དང་། དེ་རེ་རེའི་རྗེས་སུ་འབྲང་བའི་གང་ཟག་མཐའ་ཡས་པས་འཛམ་གླིང་ཤར་ནུབ་ཀྱི་མཚན་ཉིད་རིག་པ་དང་ཆོས་ལུགས་མི་འདྲ་བ་བགྲང་ལས་འདས་པ་ལྟ་བུས་མཚོན་ནོ། །
འདིར་ནི་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཀུན་ཡོངས་སུ་གྲུབ་པ་དེ་ཉིད་ཀྱི་སྲོལ་ལེགས་པར་ཕྱེས་པའི་ནང་བསྟན་གྲུབ་མཐའི་བཞེད་སྲོལ་དག་གི་སྙིང་པོར་གྱུར་པ་སྒྲུབ་བརྒྱུད་རིན་པོ་ཆེ་ཀརྨ་ཀཾ་ཚང་གི་གྲུབ་པའི་སྲོལ་ཆེན་པོ་འདིའི་ལུགས་ལས་དབུ་མ་རང་སྟོང་དང་གཞན་སྟོང་གི་གཞུང་ཇི་ལྟར་འཛུགས་པའི་ཚུལ་ཤིན་ཏུ་ཉུང་ངུའི་ཚིག་གིས་གོ་སླ་བར་བྱས་ཏེ་འཆད་པར་འདོད་དོ། །
དེ་ཡང་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཙམ་ནས་ཐེག་ཆེན་དབུ་མའི་སྲོལ་འཇིག་རྟེན་དུ་དབུ་བརྙེས་པར་ཡོངས་སུ་གྲགས་ཤིང་དེང་གི་བཤད་སྲོལ་ལྟར་ན་ཕྱི་ལོ་དུས་རབས་དང་པོའི་ནང་དུ་བྱོན་པའི་མགོན་པོ་ཀླུས་འཇིག་རྟེན་འདིར་དར་ཞིང་རྒྱས་པར་མཛད་པ་ཡིན་ནོ། །ཐེག་ཆེན་དབུ་མའི་གཞུང་ལུགས་དར་ནས་ལོ་བཞི་བརྒྱ་ཙམ་ནས་ཐེག་པ་ཆེན་པོ་སེམས་ཙམ་པའི་སྲོལ་དར་བ་དང་། བདེ་བར་གཤེགས་པས་ལུང་བསྟན་པའི་སློབ་དཔོན་ཆེན་པོ་ཐོགས་མེད་སྐུ་མཆེད་ཀྱིས་དར་ཞིང་རྒྱས་པར་མཛད་པའོ། །
དེ་ལྟ་བུའི་སློབ་དཔོན་ཆེན་པོ་དེ་དག་གི་རྗེས་སུ་འབྲང་བའི་པཎ་གྲུབ་ཆེས་མང་དུ་བྱོན་པ་ལས་འགའ་ཞིག་གིས་ཐོགས་མེད་སྐུ་མཆེད་ཀྱི་སྲོལ་བཟུང་སྟེ་ཀླུ་སྒྲུབ་ཡབ་སྲས་ཀྱི་གྲུབ་པའི་མཐའ་ལ་དོགས་སློང་གིས་མི་འཐད་པའི་ལྟ་ཚུལ་བཟུང་བ་དང་། འགའ་ཞིག་གིས་ཀླུ་སྒྲུབ་ཡབ་སྲས་ཀྱི་གྲུབ་པའི་ཚུལ་འཐད་པར་བཟུང་ཞིང་ཐོགས་མེད་སྐུ་མཆེད་ཀྱི་ལུགས་གྲུབ་མཐའ་དམན་པར་ལྟ་བ་སོགས་ཀྱི་གྲུབ་མཐའ་འཛིན་ཚུལ་མི་འདྲ་བ་མང་དུ་བྱུང་ངོ་། །
མགོན་པོ་ཀླུའི་དགོངས་པ་འགྲེལ་བ་ལ་ཡང་བདེན་པ་གཉིས་ཆར་དུ་ཚད་མ་ཁས་མི་ལེན་པའི་རིངས་ལུགས་འཛིན་པ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ་རྗེས་འབྲང་དང་བཅས་པ་ཐལ་འགྱུར་སྨྲ་བའི་ལུགས་དང་། ཐ་སྙད་དུ་ཚད་མ་ཁས་ལེན་ཞིང་དོན་དམ་པར་ཁས་མི་ལེན་པ་སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་རྗེས་འབྲང་དང་བཅས་པ་རང་རྒྱུད་སྨྲ་བའི་ལུགས་གཉིས་སུ་སོ་སོར་གྱེས་པ་ཡིན་ནོ། །
བོད་གངས་ཅན་འདིར་ནི་བསྟན་པ་སྔ་དར་གྱི་སྐབས་སུ་སློབ་དཔོན་ཆེན་པོ་ཞི་བ་མཚོ་དང་ཀཱ་མ་ལ་ཤི་ལ་སོགས་ཀྱིས་རང་རྒྱུད་སྨྲ་བའི་ལུགས་སྤེལ་ཞིང་། དུས་རབས་བཅུ་པའི་སྨད་ནས་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་དབུ་མ་འཇུག་པ་བསྒྱུར་ཞིང་འཆད་ཉན་གྱི་སྲོལ་བཙུགས་པ་ནས་བཟུང་སྟེ་སྔར་གྱི་རང་རྒྱུད་སྨྲ་བའི་སྲོལ་དེ་བརྗེད་པ་ལྟར་དུ་གྱུར་ནས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སྨྲ་བའི་མཁས་བླུན་ཡོངས་རྫོགས་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པའི་རྗེས་སུ་འབྲང་རྐྱང་བྱས་པར་མཐོང་ངོ་། །
ཐལ་འགྱུར་སྨྲ་བའི་གཞུང་ཆེན་གསུམ་གྱི་དགོངས་པ་འགྲེལ་བའི་ཚུལ་ལའང་མི་མཐུན་པ་ཆེས་མང་ཞིང་དེ་དག་ལས་འདི་ནི་འཐད་པ་སྟེ་གཞན་ནི་ནོར་བའོ་ཞེས་རིགས་པའི་གཡུལ་ཆེན་བཤམས་ཏེ་གཞུང་ལུགས་དགག་སྒྲུབ་བྱས་པའི་གླེགས་བམ་ཆེན་པོ་དུ་མ་སྤུངས་བར་བྱས་ནས་དེ་དག་གི་རྗེས་སུ་འབྲང་བའི་མཁས་པ་སོ་སོས་ཀྱང་རྒྱུན་མ་ཆད་པར་ཞིབ་ཇེ་ཚག་དང་གཏིང་ཇེ་ཟབ་ཏུ་བཏང་ཡོད་པས་དེང་གི་དུས་འདིར་དབུ་མ་ཐལ་འགྱུར་སྨྲ་བའི་གྲུབ་པའི་མཐའ་མི་འདྲ་བ་དུ་མས་གངས་ཅན་རི་བོའི་ཁོར་ཡུག་ཀུན་ཏུ་ཁྱབ་ཅི་རྒྱས་པར་གྱུར་པ་འདིའོ། །
དེ་ལྟ་བུའི་གྲུབ་མཐའི་བཀའ་སྲོལ་དེ་དག་ལས་སྒྲུབ་བརྒྱུད་རིན་པོ་ཆེ་ཀརྨ་ཀཾ་ཚང་གི་བཞེད་པའི་ཚུལ་དྲི་མ་མེད་པ་འཆད་པར་བྱ་བ་ལ། དྭགས་བརྒྱུད་གྲུབ་པའི་ཤིང་རྟའི་བཞེད་དགོངས་ཀྱི་རང་སྟོང་མཐར་ཐུག་བཤད་པ་དང་། འགྲེལ་ཆེན་རྗེ་བཙུན་ངལ་གསོའི་ལུགས་ཀྱི་གཞན་སྟོང་ཟབ་མོ་བཤད་པ། དེ་གཉིས་ཀྱི་དགོངས་པ་ཟབ་མོ་ཕྱག་རྒྱ་ཆེན་པོར་ལ་བཟླ་བའི་ཚུལ་བཤད་པ་གསུམ། དང་པོ་ལ་ཡུལ་ཅན་ཚད་མ་འཇོག་ཚུལ་ལས་གྲུབ་མཐའི་ཁྱད་པར་བྱུང་བའི་ཚུལ་བཤད་པ། དགག་བྱ་མཐའ་དག་ཁེག་པའི་སྟོང་ཉིད་སྤྲོས་བྲལ་བཤད་པ། འཛིན་སྟངས་ཟད་པར་ཞིག་པའི་ཤེར་ཕྱིན་གྱི་ཉམས་ལེན་བཤད་པ། འཁྲུལ་རྒྱུ་ལྡོག་སྟོབས་ཀྱིས་འཁྲུལ་བ་འདུས་བྱས་ཀྱི་འཇུག་པ་ཞི་བའི་འབྲས་བུ་བཤད་པ་བཞི་ལས།
དང་པོ་ནི། སྤྱིར་ཡོད་མེད་ཡིན་མིན་གྱི་རྣམ་བཞག་གང་དང་གང་བྱས་ཀྱང་དེ་ཉིད་འཇོག་བྱེད་ཀྱི་བློ་ཚད་མ་ཞིག་ལ་ལྟོས་ནས་འཇོག་པ་ནི་གྲུབ་མཐའ་སྨྲ་བ་སྤྱིའི་ཚུལ་ཡིན་པས། ཡུལ་ཅན་གྱི་ཚད་མའི་རྣམ་བཞག་གཏིང་ནས་ཞིག་ཚེ་ཡོད་མེད་ཡིན་མིན་གྱི་རྣམ་བཞག་ཐམས་ཅད་ཀྱང་གྱང་ཞིག་པའི་རི་མོ་བཞིན་དུ་འཇིག་པར་འགྱུར་བ་ཡིན། དེའི་ཕྱིར་རང་སྡེའི་བྱེ་བྲག་ཏུ་སྨྲ་བས་དབང་པོ་ལ་བརྟེན་པའི་ཤེས་པ་འདི་དག་ཚད་མ་དང་། དེས་ཇི་ལྟ་གཞལ་བའི་ཡུལ་གཞལ་བ་ལྟར་དུ་དོན་ལ་གྲུབ་པར་བྱས་པས་ད་ལྟའི་འཇིག་རྟེན་རང་ག་བའི་བློ་ལྷན་སྐྱེས་ཀྱི་འཛིན་ཚུལ་དང་ཐག་ཉེ་བའི་གྲུབ་མཐའི་རྣམ་བཞག་འདི་བྱུང་བ་དང་། ལུགས་འདིས་ཀྱང་དཔྱད་པ་ཞིབ་མོའི་ལུགས་ཀྱིས་རགས་པའི་འཇིག་རྟེན་འདི་དག་ཀྱང་སྐད་ཅིག་དང་རྡུལ་ཕྲན་ལས་བརྩམས་པ་ཡིན་པས་རགས་པ་འདི་དག་ལ་དཔྱད་ན་རང་འཛིན་གྱི་བློ་འདོར་རུང་དུ་གྱུར་པས་ཀུན་རྫོབ་དང་། བརྩམ་གཞི་ཤིན་ཏུ་ཕྲ་བའི་རྡུལ་དང་སྐད་ཅིག་མའི་དངོས་པོ་ནི་དོན་རང་ངོས་ནས་གྲུབ་པའི་དངོས་པོ་ཡིན་ཕྱིར་དོན་དམ་དུ་བཤད་དོ། །
མདོ་སྡེ་བ་དག་གིས་དེ་ལས་དཔྱད་པ་ཅུང་ཟད་ཞིབ་པའི་ཚུལ་གྱིས་གང་ཞིག་ཤེས་པ་ལ་གསལ་བར་སྣང་བའི་རྣམ་པ་ནི་ཤེས་པ་ཉིད་ལས་རྫས་ལོགས་སུ་མ་གྲུབ་པས་དེ་ཉིད་ཤེས་རྫས་སུ་གྲུབ་དགོས་པ་དང་། ཡིན་ནའང་དེའི་རྣམ་པ་དེ་ཉིད་སྐྱེད་པར་བྱེད་པའི་ཡུལ་ཞིག་དོན་གྱི་སྟེང་དུ་གྲུབ་པས་དབང་པོ་ལ་བརྟེན་པའི་ཤེས་པ་འདི་དག་ཀྱང་ཚད་མ་ཡིན་པ་ལ་ཤུགས་རྐྱེན་མི་ཐེབས་པར་བཞེད་པས་དབང་ཤེས་ལ་ཚད་མར་བྱས་པའི་ཡོད་མེད་ཡིན་མིན་གྱི་རྣམ་བཞག་དག་འཇོག་པར་བྱེད་པའོ། །སེམས་ཙམ་པ་དག་གིས་དེ་ལས་ཀྱང་ཞིབ་པའི་དཔྱད་པ་བཏང་སྟེ། གལ་ཏེ་དབང་ཤེས་འདི་དག་ཚད་མ་ཡིན་ཚེ་གང་སྣང་ཞིང་བཟུང་བ་དག་སྣང་བ་ལྟར་དུ་གྲུབ་དགོས་ནའང་ཞིབ་ཏུ་དཔྱད་ཚེ་ཤེས་རྫས་ལས་ཡན་གར་བའི་དངོས་པོ་མེད་པ་ཐག་ཆོད། མྱོང་རིག་གི་དངོས་པོ་རང་ཉིད་ཀྱང་མེད་པར་གྱུར་ཚེ་འཁོར་འདས་ཡོད་མེད་བླང་དོར་གྱི་རྣམ་བཞག་མཐའ་དག་སྟོང་པར་འགྱུར་བས། ཡུལ་ཅན་མྱོང་རིག་གི་དངོས་པོ་གཅིག་ཉིད་དོན་ལ་གྲུབ་ཅིང་། སྣང་བའི་སྐབས་སུ་ཤེས་པ་རང་ཉིད་ལས་རྫས་ཐ་དད་པའི་བེམ་པོ་སོགས་སུ་སྣང་བ་ནི་འཁྲུལ་བ་ཡིན་པར་འདོད་དོ། །
དེ་ལྟར་གྲུབ་མཐའ་འོག་མ་དག་གི་ཡུལ་ཅན་ཚད་མའི་འཇོག་ཚུལ་མི་མཐུན་པས་དེ་བརྟེན་པའི་ཡོད་མེད་ཡིན་མིན་གྱི་གྲུབ་པའི་མཐའ་འཇོག་ཚུལ་མི་འདྲ་བ་བྱུང་བ་ལྟར་དབུ་མའི་གྲུབ་མཐའ་འཇོག་པའི་སྐབས་སུ་ཡང་ཚད་མ་ཁས་ལེན་མི་ལེན་གྱི་དབང་གིས་ཡོད་མེད་ཡིན་མིན་གྱི་རྩ་བའི་ཁས་ལེན་དང་གྲུབ་མཐའ་འཇོག་ཚུལ་མི་མཐུན་པ་སོ་སོར་འབྱུང་བ་སྟེ། ཀ་བ་ལྟ་བུ་གཅིག་ཉིད་ཡོད་མེད་གང་ཡིན་དྲིས་པས། འགའ་ཞིག་གིས་ནི་ཡོད་དོ་ཞེས་ཐེ་ཚོམ་མེད་པར་ལན་འདེབས། འགའ་ཞིག་གིས་ནི་ཡོད་པ་མ་ཡིན་ནོ་ཞེས་ཐེ་ཚོམ་མེད་པར་ལན་འདེབས། འགའ་ཞིག་གིས་ནི་མ་དཔྱད་ན་ཡོད་ཅིང་དཔྱད་ན་མེད་དོ་ཞེས་སོ་སོ་ཕྱེས་ནས་ལན་འདེབས་པར་བྱེད་ཅིང་། དེ་ཡང་ཚད་མའི་འཇོག་ཚུལ་དང་ཁས་ལེན་ཚུལ་མི་འདྲ་བས་བྱུང་བ་ཡིན་ནོ། །
དེ་ཡང་དབང་པོ་ལ་བརྟེན་པའི་ཤེས་པ་འདི་དག་ཚད་མར་ཁས་ལེན་པ་དག་གིས་ནི་ཐེ་ཚོམ་མེད་པར་ཀ་བ་ཡོད་དོ་ཞེས་ལན་འདེབས་པར་བྱེད་པ་ཡིན་ཏེ། ཀ་འཛིན་མིག་ཤེས་ཚད་མ་ཡིན་པར་བྱས་ཚེ་ཀ་འཛིན་མིག་ཤེས་ཀྱིས་ཀ་བ་ཡོད་པར་མཐའ་གཅིག་ཏུ་མཐོང་བཞིན་ཡོད་པས་སོ། །
དབང་པོ་ལ་བརྟེན་པའི་ཤེས་པ་འདི་དག་འཁྲུལ་ཤེས་སུ་ཁས་ལེན་པ་དག་གིས་ནི་ཀ་བ་ཡོད་པ་མ་ཡིན་ནོ་ཞེས་མཐའ་གཅིག་ཏུ་ལན་འདེབས་པར་བྱེད་དེ། དབང་པོ་ལ་བརྟེན་པའི་ཤེས་པ་འདི་དག་འཁྲུལ་ཤེས་ཡིན་ཚེ་འདི་དག་ལ་མ་བརྟེན་པའི་ཀ་བ་ཡོད་པར་འཇོག་བྱེད་ཀྱི་ཚད་མ་ཞིག་མི་སྲིད་པའི་ཕྱིར་རོ། །
སྤྱིར་ཀ་བ་ཡོད་མེད་གང་ཡིན་ཞེས་དྲིས་པའི་དྲི་བ་འདི་ལ་ལན་ཞིག་འདེབས་ན་ལན་འདི་གཉིས་ལས་གཞན་འདེབས་ཚུལ་མེད་པ་ཡིན་ཏེ། མཁས་པ་འགའ་ཞིག་གིས་ཞིབ་ཆ་བྱས་པའི་མ་དཔྱད་ན་ཡོད་ཅིང་དཔྱད་ན་མེད་ཅེས་པ་དང་། དོན་དམ་པར་མེད་ཅིང་ཐ་སྙད་དུ་ཡོད་ཅེས་པའི་ལན་འདི་དག་ཀྱང་གོང་གི་དྲི་བ་དངོས་མ་ལ་ལན་མ་བཏབ་པས། ཡང་བསྐྱར་སྤྱིར་ཡོད་དམ་མེད་ཅེས་དྲིས་ཚེ་ལན་མེད་པར་འགྱུར་བ་ཡིན་པའི་ཕྱིར་རོ། །
དེས་ན་ཤེས་པ་གང་ཞིག་ཚད་མ་ཡིན་ན་དེས་ཇི་ལྟར་བཟུང་བ་ལྟར་དོན་ལ་གྲུབ་དགོས་པ་ཡིན་གྱི། དེས་ཇི་ལྟར་བཟུང་བའི་དོན་ལ་རིགས་པ་གཞན་གྱིས་གནོད་པ་ཡོད་ཚེ་ཤེས་པ་དེ་ཉིད་འཁྲུལ་ཤེས་སུ་འགྱུར་བ་ལས་ཚད་མར་མི་རུང་ཞིང་། མི་བསླུ་བའི་དོན་མི་ཚང་བར་འགྱུར་བས། ཤེས་པ་དེ་དག་གིས་བཟུང་ཞིང་སྣང་བའི་ཡུལ་གྱི་རྣམ་བཞག་ཐམས་ཅད་ཀྱང་འཁྲུལ་སྣང་དང་བརྫུན་པ་རྐྱང་བར་འཇོག་པ་དང་། ཤེས་པ་གང་ཞིག་གི་བཟུང་དོན་ལ་རིགས་པ་གཞན་གྱིས་གནོད་པ་མེད་པར་དོན་ལ་གྲུབ་པར་ཁས་བླངས་ཚེ་དེ་ཉིད་ནམ་ཡང་ཡོད་པ་དང་གྲུབ་པར་ཁས་ལེན་དགོས་པ་ཡིན་ནོ། །
དེ་ལྟ་བུའི་ཚད་མ་དང་ཚད་མིན་གྱི་འཇོག་ཚུལ་མི་འདྲ་བ་དག་ལས་སྒྲུབ་བརྒྱུད་རིན་པོ་ཆེ་འདི་པའི་ལུགས་ལ་ནི་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ་ནས་རིམ་པར་བྱོན་པའི་ཚུལ་ལུགས་ཀྱི་བཞེད་དགོངས་སྒྲ་ཇི་བཞིན་པར་འཆད་པའི་དབང་དུ་མཛད་དེ། དབང་པོ་ལ་བརྟེན་པའི་ཤེས་པ་འདི་དག་ཚད་མ་ཡིན་པའི་རྣམ་བཞག་ཁས་མི་ལེན་པ་ཡིན། སྤྱིར་མདོ་དང་བསྟན་བཅོས་དག་ནས་ཚུར་མཐོང་གི་བློ་དག་ཚད་མ་ཡིན་པ་འགོག་པའི་མདོ་རྒྱུད་ཀྱི་ལུང་མང་དུ་འབྱུང་ནའང་དེ་དག་རེ་རེ་ནས་འདྲེན་པའི་ངལ་བ་མ་བྱས་ཤིང་། གཙོ་བོར་དབང་པོ་ལ་བརྟེན་པའི་ཤེས་པ་འདི་དག་ཚད་མ་ཡིན་པ་འགོག་པའི་རིགས་པ་འགའ་ཞིག་གཞུང་ལས་འབྱུང་བ་འགོད་པར་འདོད་དོ། །
དེ་ཡང་སྤྱོད་འཇུག་ཤེས་རབ་ལེའུ་ལས། གལ་ཏེ་ཤེས་དབང་ལས་དོན་གྲུབ། །ཤེས་ཡོད་ཉིད་ལ་རྟེན་ཅི་ཡོད། །འོན་ཏེ་ཤེས་བྱ་ལས་ཤེས་གྲུབ། །ཤེས་བྱ་ཡོད་ལ་རྟེན་ཅི་ཡོད། །དེ་སྟེ་ཕན་ཚུན་དབང་གིས་ཡོད། །གཉི་ག་ཡང་ནི་མེད་པར་འགྱུར། །ཞེས་གསུང་པའི་རིགས་པ་འདི་ཉིད་ཚད་མ་འགོག་པ་ལ་ནུས་པ་ཧ་ཅང་ཆེ་བས། དེ་ཉིད་གོ་སླ་མོར་བཤད་ན། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་གསུངས་པ་ལྟར་ཤེས་པ་གང་ཞིག་ཚད་མ་ཡིན་མིན་ནི་བློ་དེ་ཉིད་ཡུལ་ལ་མི་བསླུ་བ་ཡིན་མིན་ལ་ལྟ་རྒྱུ་དེ་ཡིན་ཞིང་། ཡུལ་དེ་ཡོད་མེད་ཀྱང་ཚད་མས་དམིགས་པ་ཡོད་པའི་མཚན་ཉིད་ཅེས་གསུངས་པ་ལྟར་ཡུལ་དེ་དམིགས་པའི་ཚད་མ་ཞིག་ཡོད་མེད་ལ་ལྟ་དགོས་པ་ཡིན་པས་ཡུལ་དང་ཚད་མ་གཉིས་ནི་ཕན་ཚུན་ལྟོས་ནས་བཞག་པའོ། །དེས་ན་བུམ་པ་ཡོད་པ་གང་ལས་ཤེས་ཞེས་དྲིས་ཚེ་བུམ་འཛིན་མངོན་སུམ་ལྟ་བུའི་ཚད་མས་ཤེས་ཞེས་བརྗོད་དགོས་ཤིང་། འོ་ན་བུམ་པ་རྟོགས་པའི་ཚད་མ་དེ་མི་བསླུ་བ་ཡིན་པ་གང་ལས་ཤེས་ཞེས་དྲིས་ན་སླར་ཡང་བུམ་པ་ཡོད་པ་ལ་ཐུག །དོན་དངོས་སུ་བུམ་པ་བུམ་འཛིན་མངོན་སུམ་གྱིས་བཟུང་བ་ལྟར་དུ་མ་གྲུབ་ན་བུམ་འཛིན་མངོན་སུམ་ཚད་མ་མ་ཡིན་པར་འགྱུར་བ་དང་། བུམ་འཛིན་མངོན་སུམ་ཚད་མ་ཡིན་པ་ལ་བུམ་པ་བུམ་འཛིན་མངོན་སུམ་གྱིས་བཟུང་བ་ལྟར་གྲུབ་པ་ལ་རག་ལས་པས། བུམ་པ་བུམ་མཛིན་མངོན་སུམ་གྱིས་བཟུང་བ་ལྟར་གྲུབ་མིན་རྟོགས་པའི་དཔང་པོ་གསུམ་པ་ཞིག་མེད་པའི་ཕྱིར་བུམ་པ་དང་བུམ་འཛིན་མངོན་སུམ་གཉིས་ཀ་འཇོག་མི་ཐུབ་པ་ཡིན་ནོ། །དེས་ན་དེ་གཉིས་ལས་ཐོག་མར་བུམ་པ་དོན་ལ་ཡོད་པ་རྟོགས་དགོས་སམ་བུམ་འཛིན་མངོན་སུམ་ཚད་མ་ཡིན་པ་རྟོགས་དགོས་ཞེས་དྲིས་དང་ལན་གྱི་རྣམ་བཞག་ཐམས་ཅད་ཞིག་པར་འགྱུར་རོ། །
གཞན་ཡང་། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་ཁམས། བསྐལ་པ་སྐད་ཅིག་དང་སྐད་ཅིག་བསྐལ་པ། ཐོགས་བཅས་ཐོགས་མེད་དང་ཐོགས་མེད་ཐོགས་བཅས་སོགས་ཕན་ཚུན་དུ་རྫུ་འཕྲུལ་དང་སྔགས་དང་ཏིང་ངེ་འཛིན་གྱི་བྱེད་པས་བསྒྱུར་བར་བྱེད་པ་རྣམས་རེ་རེས་ཀྱང་རང་རེས་ཡིད་བརྟོན་བྱེད་སའི་ཚད་མའི་རྣམ་བཞག་དག་གཏིང་ནས་འཇིག་པར་བྱེད་པ་ཡིན་ཏེ། དཔེར་ན། སྐད་ཅིག་མ་གཅིག་ནི་དུས་ཚོད་ཆེས་ཐུང་ངུ་ཡིན་པ་ཚད་མས་གྲུབ། བསྐལ་པ་ནི་དུས་ཚོད་ཆེས་ཤིན་ཏུ་རིང་པོ་ཡིན་པ་ཚད་མས་གྲུབ། སྐད་ཅིག་མ་གཅིག་གི་ཡུན་ལ་བསྐལ་པ་གཅིག་གི་རིང་གི་བྱ་བ་བསྒྲུབ་མི་ཐུབ་པ་ཚད་མས་གྲུབ་ཟིན་རྗེས། ཐེག་ཆེན་འཕགས་པ་དེ་དག་གིས་སྐད་ཅིག་མ་རེ་རེ་ལ་བསྐལ་པའི་ཡུན་གྱི་བྱ་བ་དག་གོ་རིམ་མ་འཁྲུགས་པར་བྱེད་ནུས་པར་བཤད་པས། ཡང་ན་དེ་དག་ཚང་མ་དེང་གི་མིག་འཁྲུལ་བཞིན་དུ་འཁྲུལ་སྣང་དུ་ཁས་ལེན་པ་དང་། ཡང་ན་རང་རེའི་ཚད་མར་ཡིད་བརྟོན་བྱས་པའི་རྣམ་བཞག་དེ་གཤིག་པ་གང་རུང་ལས་འོས་མེད་པ་ཡིན་ནོ། །འགའ་ཞིག་གིས། རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་བསམ་གྱིས་མི་ཁྱབ་པར་བཤད་པ་ནི་དོན་ལ་ཚད་མའི་རྣམ་བཞག་འཇིག་ཟིན་པ་ཁས་བླངས་པ་ཡིན་ཏེ། བསམ་པས་ཚད་བཞག་མི་ཐུབ་ཅེས་པའི་དོན་ཡིན་པ་གང་ཞིག །ཚད་འཇོག་མི་ཐུབ་པའི་བསམ་པ་དེ་ནི་རང་རེས་ཚད་མར་ཞེན་ཞིང་རློམས་པའི་བློ་འདི་ཉིད་ཡིན་པའི་ཕྱིར་རོ། །
གཞན་ཡང་། ཚ་བ་གྲང་བ་དང་གྲང་བ་ཚ་བར་འགྱུར་བ་སོགས་དབང་པོའི་ཡུལ་གཞལ་ཚུལ་མི་འདྲ་བ་དང་། ཕྱི་རོལ་གྱི་གཞི་གཅིག་ལ་ལས་དབང་གིས་སྣང་ཚུལ་མི་འདྲ་བ་མཐའ་ཀླས་པ་འབྱུང་བ་དང་། ཡུལ་དུས་དང་རྣམ་པ་མི་འདྲ་བ་ལ་བརྟེན་ཏེ་སིལ་བུར་གནས་པའི་དངོས་པོ་རྣམས་གཞི་གཅིག་ཏུ་འབྲེལ་བར་མཐོང་བ་དང་། གཡོ་འགུལ་གྱི་རང་བཞིན་དུ་གནས་པ་རྣམས་བརྟན་པར་གནས་པ་མཐོང་བ་སོགས་ཡུལ་གྱི་སྣང་ཚུལ་རགས་པ་ཙམ་ལའང་ཕྱིན་ཅི་ལོག་ཏུ་ཞུགས་པ་ཤིན་ཏུ་མང་བས་དབང་པོ་ལ་བརྟེན་པའི་ཤེས་པ་འདི་དག་ནི་ཐོག་མེད་ཀྱི་གོམས་པའི་དབང་གིས་གནས་སྐབས་བླངས་དོར་ལེགས་ཉེས་ཐམས་ཅད་འབྱེད་པའི་གཞིར་བྱེད་ཅིང་རུང་བ་ལས། དོན་གྱི་གནས་ཚུལ་ལ་ཞུགས་པའི་སྐབས་སུ་ནི་འཁྲུལ་བ་དང་བླུན་པ་འབའ་ཞིག་ཉིད་དུ་གནས་པས་ཚད་མར་རིགས་པ་མ་ཡིན་ཞིང་། དེང་གི་རིག་པ་དང་འཕྲུལ་ཆས་གསར་པ་ལ་བརྟེན་ཏེ་རང་རེའི་ཚད་མར་འཇོག་པའི་དབང་པོ་ལ་བརྟེན་པའི་ཤེས་པ་འདི་དག་གི་མཐོང་བ་ཕལ་ཆེ་བ་ཞིག་ཕྱིན་ཅི་ལོག་ཡིན་པ་བདེན་དཔང་བྱས་ཡོད་པས་ཀྱང་ཐ་སྙད་པའི་ཚད་མའི་རྣམ་བཞག་མང་པོ་ཞིག་བཤིག་ཡོད་པས་ཡིག་ཆ་དང་གྲུབ་མཐའ་ནས་བཤད་པ་ཙམ་ཞིག་ལྷག་མར་ལུས་པ་ཙམ་ལས་དོན་དངོས་སུ་མི་བསླུ་བ་ཞིག་ཏུ་འཇོག་མི་ནུས་པར་གྱུར་ཡོད་པར་སྣང་ངོ་། །དེ་དག་གི་མཚན་གཞི་རེ་རེས་ཀྱང་ཚད་མའི་རྣམ་བཞག་གཏན་ནས་རླག་པར་བྱེད་པས་ན་ཕྱོགས་ཙམ་མཚོན་པར་བྱས་པ་ཡིན་ནོ། །
དེ་ལྟ་བུའི་ཐ་སྙད་པའི་ཚད་མ་ཁས་ལེན་མི་ལེན་གྱི་ཁྱད་པར་ལས་དབུ་མ་ཐལ་རང་གཉིས་ཀྱི་བཞེད་པའི་ཁྱད་པར་ཡང་སོ་སོར་གྱེས་པ་ཡིན་ཏེ། དབུ་མ་རང་རྒྱུད་པ་དག་གིས་རིགས་པས་དཔྱད་པའི་ཚེ་བདེན་པ་གཉིས་ཆར་དུ་གྲུབ་པ་མེད་ཀྱང་མ་དཔྱད་པའི་ཚེ་ཐ་སྙད་པའི་ཚད་མ་དང་དེའི་གྲུབ་པའི་ཆོས་ཐམས་ཅད་དེ་ལྟར་དུ་གྲུབ་པར་བཞེད་པས། དོན་དམ་གཏན་ལ་འབེབས་པའི་སྐབས་སུ་དགག་བྱ་མ་ལུས་པ་ཁེག་པ་ལ་ཐལ་རང་ཁྱད་པར་མེད་ཅིང་ལྟ་བ་སྤྲོས་བྲལ་རྟོགས་པའི་ཆ་ནས་ཐལ་རང་གཉིས་དགོངས་པ་གཅིག་ནའང་། ཐ་སྙད་པའི་ཚད་མ་ཚད་མ་ཡིན་པར་བཤད་པས་གནོད་བྱེད་མང་པོ་འབབ་པ་ཡིན་ཏེ། ཐ་སྙད་ཚད་མ་ཚད་མ་ཡིན་པས་དེ་གཞལ་དོན་ལ་མི་བསླུ་བར་ཁས་ལེན་དགོས་ཤིང་དེ་ལྟར་ན་ཐ་སྙད་ཚད་མའི་གཞལ་དོན་དེ་དོན་དཔྱོད་རིགས་པས་ཀྱང་མི་ཁེག་དགོས་པས་བདེན་གྲུབ་ཏུ་འགྱུར་བ་དང་། དེ་བཞིན་དུ་རིགས་པས་དཔྱད་ན་ཐ་སྙད་པའི་ཚད་མ་ཚད་མ་མིན་ཞིང་དང་མ་དཔྱད་ན་ཚད་མ་ཡིན་པར་ཁས་བླངས་པས་ཁས་ལེན་ནང་འགལ་བ་དང་། ཚད་མས་གྲུབ་པའི་ཆོས་ཁས་བླངས་པས་དོན་དམ་པར་གྲུབ་པའི་ཆོས་ཁས་ལེན་དགོས་ཤིང་དེ་ལྟར་ན་མགོན་པོ་ཀླུས་བདེན་པ་གཉིས་ཆར་དུ་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་བཤད་པ་ལས་ཉམ་པར་འགྱུར་བ་དང་། ཚུ་རོལ་མཐོང་བ་དང་ཐ་སྙད་པའི་ཚད་མ་ཐམས་ཅད་ཚད་མར་བཞག་རྗེས་སླར་ཡང་དོན་དཔྱོད་རིགས་པ་དང་འཕགས་པའི་མཉམ་བཞག་གིས་དེ་དག་གི་གཞལ་དོན་མ་གྲུབ་པར་གཟིགས་པས་དོན་དཔྱོད་རིགས་པ་དང་འཕགས་པའི་མཉམ་བཞག་རྣམས་ཐ་སྙད་པའི་དངོས་པོ་རྣམས་ཀྱི་འཇིག་པའི་རྒྱུར་འགྱུར་བ་སོགས་ཀྱི་གནོད་བྱེད་དག་བརྗོད་པ་ཡིན་ནོ། །
བོད་ཀྱི་མཁས་པ་ཕྱི་མ་དག་གིས་ནི་དབང་པོ་ལ་བརྟེན་པའི་ཤེས་པ་ཚད་མ་དང་དེ་དག་གིས་ཇི་ལྟར་གཞལ་བ་ལ་ལྟོས་པའི་ཡོད་མེད་ཡིན་མིན་གྱི་གྲུབ་པའི་མཐའ་དང་བླང་དོར་གྱི་རྣམ་བཞག་བྱེད་ཅིང་། སྔ་རབས་པ་དག་གིས་ནི་དབང་པོ་ལ་བརྟེན་པའི་ཤེས་པ་དང་དེའི་རྗེས་སུ་འབྲང་བའི་རྣམ་རྟོག་མཐའ་དག་འཁྲུལ་རྒྱུས་སླད་པའི་ཕྱིར་དང་། འདི་དག་གིས་ཇི་ལྟར་བཟུང་བའི་དོན་ལ་རིགས་པ་གཞན་གྱིས་གནོད་པ་འབབ་པའི་ཕྱིར་དང་། མི་བསླུ་བའི་དོན་མ་ཚང་བའི་ཕྱིར་ཚད་མ་དང་ཚད་མིན་གྱི་རྣམ་བཞག་ཁས་མི་ལེན་པས་ཡོད་མེད་དང་ཡིན་མིན་མཐའ་དག་ཀྱང་ཞིག་པར་བཞེད་པ་ཡིན་ནོ། །
གཉིས་པ་དགག་བྱ་མཐའ་དག་ཁེགས་པའི་སྟོང་ཉིད་སྤྲོས་བྲལ་འཆད་པ་ནི།
སྤྱིར་དགག་བྱ་ལ་རིགས་པའི་དགག་བྱ་དང་ལམ་གྱི་དགག་བྱ་ཞེས་སོ་སོར་ཕྱེས་ཏེ་སྐབས་སུ་བབས་པ་ནི་དབུ་མའི་དོན་དཔྱོད་ཀྱི་རིགས་པ་དག་གིས་དགག་བྱ་ལ་གོ་བ་ཡིན། དགག་བྱའི་སྐོར་ལ་བོད་ཀྱི་སྔ་ཕྱི་དབུ་མ་སྨྲ་བ་དག་གིས་དགག་སྒྲུབ་ཀྱི་གླེག་བམ་རྒྱ་ཆེར་བརྩེགས་ཟིན་པས་འདིར་སླར་བརྗོད་པར་བྱ་བའི་གཞི་གསར་པ་གང་ཡང་མེད་ནའང་། སྐབས་སུ་བབས་པ་འཇུག་འགྲེལ་དྭགས་བརྒྱུད་གྲུབ་པའི་ཤིང་རྟའི་བཞེད་གཞུང་དང་སྦྱར་ཏེ་དགག་བྱ་ངོས་འཛིན་དང་དེ་ཁེག་པའི་ཚད་འཆད་པར་འདོད། དེ་ཡང་སྤྲོས་པ་མཐའ་དག་དགག་བྱ་ཡིན་ཞིང་། སྤྲོས་པ་དེ་ཡང་བདེན་པར་གྲུབ་མ་གྲུབ་ཀྱི་ཁྱད་པར་མེད་པར་བཟུང་འཛིན་ཅན་གྱི་བློ་ཡུལ་དང་བཅས་པ་མཐའ་དག་ལ་གོ་རྒྱུ་ཡིན། གོ་བ་འདིའི་དབང་དུ་བྱས་ཚེ་དོན་དཔྱོད་རིགས་ཤེས་ཀྱི་ཡུལ་དུ་གྱུར་པའི་སྟོང་ཉིད་དེ་ཡང་མེད་མཐའ་ཤིན་ཏུ་ཕྲ་བ་ཞིག་ཏུ་གྱུར་ཡོད། ཤིན་ཏུ་གོ་སླ་མོར་བཤད་ན་བློ་རྟོག་པ་ཡུལ་དང་བཅས་པ་མཐའ་དག་སྐབས་འདིར་དགག་བྱའི་སྤྲོས་པ་ཡིན་ནོ། །དེ་ལྟ་བུའི་སྤྲོས་པ་མཐའ་དག་ཁེག་པའི་ཚད་ནི་དོན་དཔྱོད་རིག་ཤེས་ཀྱིས་དཔྱད་པས་ཁེག་པའི་ཚུལ་དེ་ཉིད་དོ། །འདི་ལ་དེང་གི་དྭགས་བརྒྱུད་གྲུབ་ཤིང་གི་རྗེས་འབྲང་པ་འགའ་ཞིག་གིས་བོད་ཕྱི་རབས་པ་དག་གི་དགག་བྱ་ཁེག་པའི་ཚད་དང་། དབུ་མ་དྭགས་བརྒྱུད་གྲུབ་ཤིང་གི་ལུགས་ཀྱི་དགག་བྱ་ཁེག་པའི་ཚད་གཅིག་ཏུ་བབ་པའི་གོ་བ་ལེན་པ་འདུག་ཀྱང་དེ་གཉིས་ཀྱི་འབབ་ས་གཏན་ནས་མི་མཚུངས་པ་ཡིན་ཏེ། གཉིས་ཀའི་ལུགས་ལ་རིགས་ཤེས་ཀྱིས་ཁེག་ཚུལ་ནི་གཞི་དེ་ཡོད་ན་རིགས་ཤེས་ཀྱི་ངོར་ཡོད་དགོས་པ་ཞིག་རིགས་ཤེས་ཀྱིས་མ་དམིགས་པས་ཁེག་པ་ཡིན་གྱི་གཞི་དེ་ཡོད་ན་རིགས་ཤེས་ཀྱི་ངོར་ཡོད་དགོས་པ་ཁས་མ་བླངས་ཚེ་རིགས་ཤེས་ཀྱིས་གཞི་དེ་ཁེག་པའང་མི་འགྲུབ་པ་གཞིར་བཅས་ལ། དྭགས་བརྒྱུད་གྲུབ་ཤིང་གི་ལུགས་ལ་ཡོད་ན་རིགས་ཤེས་ཀྱི་ངོར་ཡོད་དགོས་ཤིང་། ཕྱི་རབས་པའི་ལུགས་ལྟར་ན་ཡོད་ན་རིགས་ཤེས་ཀྱི་ངོར་ཡོད་མི་དགོས་ལ། བོད་ཕྱི་རབས་པའི་ལུགས་ལ་ཐ་སྙད་ཚད་གྲུབ་རིགས་ཤེས་ཀྱིས་མ་ཁེག་པ་དང་། དྭགས་བརྒྱུད་གྲུབ་ཤིང་གི་ལུགས་ལ་དེ་ཉིད་ཁེག་པའི་ཁྱད་པར་འབྱུང་ཞིང་། དེ་ལ་བརྟེན་པའི་སྟོང་ཉིད་ལའང་རྒྱ་ཆེ་ཆུང་གི་ཁྱད་པར་འབྱུང་བ་ཡིན་ནོ། །
རྒྱུ་མཚན་དེས་ན་བདེན་གཉིས་ལ་དཔྱོད་པའི་ཚད་མ་གཉིས་པོ་གང་རུང་ཞིག་གིས་ཡོད་པར་གྲུབ་ཚེ་ཡོད་དགོས་པ་ནི་ཕྱི་རབས་པའི་རྩ་བའི་བཞེད་པ་དང་། ཚད་མ་གཉིས་པོ་གང་རུང་ཞིག་གིས་ཡོད་པ་ཁེག་ཚེ་གཞི་དེ་ཡོད་པའང་ཁེག་དགོས་པ་ནི་དྭགས་བརྒྱུད་གྲུབ་ཤིང་གི་རྩ་བའི་བཞེད་པ་ཡིན་པས་གཞི་འདི་གཉིས་ལ་བརྟེན་པའི་ཐ་སྙད་ཚད་གྲུབ་ཁས་ལེན་པ་དང་མི་ལེན་པ། ཐ་སྙད་དུ་ཡོད་པས་ཡོད་གོ་ཆོད་པ་དང་མི་ཆོད་པ། དོན་དམ་པར་མེད་པས་མེད་གོ་མི་ཆོད་པ་དང་ཆོད་པ་སོགས་ཀྱི་ཁྱད་པར་དང་། དྭགས་བརྒྱུད་གྲུབ་ཤིང་རང་གི་ལུགས་ལ། ཁྱབ་བྱེད་དོན་དམ་པར་མེད་པས་ཁྱབ་བྱ་ཐ་སྙད་དུ་ཡང་མེད་དགོས་པ། ཐ་སྙད་དུ་གྲུབ་ན་དོན་དམ་པར་གྲུབ་དགོས་པ། ཚད་མས་གྲུབ་ན་བདེན་པར་གྲུབ་དགོས་པ། ཡོད་ན་གང་དྲན་དྲན་ཡིན་དགོས་པ་སོགས་ཀྱི་འཇོག་མཚམས་དང་གོ་བ་ཡང་འབྱུང་བ་ཡིན་ནོ། །
ཡང་ཚད་མས་ཁེག་ཚུལ་གྱི་ཁྱད་པར་ལ་རྣམ་གསལ་གྱི་དཔེ་ཞིག་གིས་བཤད་ན། གང་ཟག་བློ་བཟང་དང་ཀརྨ་གཉིས་ལྷ་ཁང་ནང་དུ་བུམ་པ་ཡོད་མེད་རྩད་གཅོད་བྱེད་པར་གྲོས་བྱས་ཏེ། གཉིས་ཀས་ཐུན་མོང་དུ་ལོང་བའི་གང་ཟག་ཅིག་དང་མིག་ལྡན་ཞིག་གཉིས་བཏང་ནས་བརྟག་དཔྱད་བྱེད་དུ་བཅུག །བློ་བཟང་གི་ཐོག་མའི་བསམ་པར་ལོང་བ་དང་མིག་ལྡན་གང་རུང་གིས་ལྷ་ཁང་དུ་བུམ་པ་ཡོད་པར་ཐག་ཆོད་ཚེ་བུམ་པ་ཡོད་དགོས་པའི་འདུ་ཤེས་བཟུང་བ་དང་། ཀརྨས་ལོང་བ་ནི་འཁྲུལ་བ་སྲིད་པས་ལྷ་ཁང་དུ་བུམ་པ་ཡོད་མེད་ཀྱི་ཚད་བཟུང་ས་ནི་མིག་ལྡན་ཁོ་ན་ལ་བྱ་དགོས་པའི་ལྟ་ཚུལ་བཟུང་། ཁོང་གཉིས་ཀྱི་ལྟ་ཚུལ་མི་འདྲ་བ་དེ་གཉིས་ཀྱི་འོག་ནས་ཐུན་མོང་དུ་ལོང་བ་དང་མིག་ལྡན་གཉིས་ལྷ་ཁང་དུ་བཏང་། ལོང་བ་ཚུར་ཡོང་སྟེ་ལྷ་ཁང་དུ་བུམ་པ་འདུག་ཅེས་བཤད་པ་དང་། མིག་ལྡན་ཚུར་ཡོང་སྟེ་ལྷ་ཁང་དུ་བུམ་པ་མེད་པར་བཤད། ལོང་བ་དང་མིག་ལྡན་གཉིས་ལ་དེ་ལྟ་བུའི་མཇུག་འབྲས་མི་འདྲ་བ་གཉིས་བྱུང་བ་དང་། བློ་བཟང་གི་སེམས་ན་མིག་ལྡན་གྱི་གང་ཟག་འདི་ཁོ་རང་གིས་བུམ་པ་མ་མཐོང་བ་རེད་འདུག་མ་གཏོགས་ལྷ་ཁང་དུ་བུམ་པ་ཡོད་འདུག་སྙམ་པའི་གྲུབ་འབྲས་ཐོབ་ཅིང་། ཀརྨས་ལོང་བའི་གང་ཟག་ནི་འཁྲུལ་བར་འདུག །གལ་སྲིད་ལྷ་ཁང་དུ་བུམ་པ་ཡོད་ན་མིག་ལྡན་གྱི་གང་ཟག་གིས་མཐོང་དགོས་རྒྱུ་ལ་འདིས་མ་མཐོང་བས་ལྷ་ཁང་དུ་བུམ་པ་མེད་དོ་སྙམ་པའི་བུམ་པ་མེད་པའི་གྲུབ་འབྲས་ཐོབ། དེ་ལྟར་བློ་བཟང་དང་ཀརྨ་གཉིས་ཀྱི་ཐོག་མའི་ལྟ་ཚུལ་མ་འདྲ་བས་ལོང་བ་དང་མིག་ལྡན་གཉིས་ཀྱི་ཁོང་གཉིས་ལ་ལན་བཏབ་པའི་བརྟག་འབྲས་འདྲ་འདྲ་ཡིན་ནའང་གྲུབ་དོན་མ་འདྲ་བ་གཉིས་སོ་སོར་བྱུང་བ་སྟེ། བློ་བཟང་གི་ངོར་ལོང་བས་རྙེད་པས་རྙེད་པའི་གོ་ཆོད་དེ་བུམ་པ་ཡོད་པར་གྲུབ་པ་དང་། ཀརྨའི་ངོར་ལོང་བས་རྙེད་པས་རྙེད་པའི་གོ་མ་ཆོད་པར་བུམ་པ་མ་རྙེད་པ་དང་། ཀརྨ་ལ་མིག་ལྡན་གྱིས་ཁེག་པས་ཁེག་པའི་གོ་ཆོད་དེ་བུམ་པ་ཡོད་པ་ཁེག་ནའང་བློ་བཟང་ལ་ཁེག་པའི་གོ་མ་ཆོད་པ་ལྟར། བོད་ཕྱི་རབས་པ་དག་གིས་ལོང་བ་ལྟ་བུའི་ཐ་སྙད་ཚད་མས་ཡོད་པར་རྙེད་ན་ཡོད་དགོས་པའི་ལྟ་ཚུལ་གྱི་དབང་གིས་ཀ་བ་ཐ་སྙད་དུ་ཡོད་པར་རྙེད་པ་ཙམ་དུ་མ་ཟད་སྤྱིར་ཡོད་པར་རྙེད་པ་དང་། དྭགས་བརྒྱུད་གྲུབ་ཤིང་གི་ལུགས་ལ་མིག་ལྡན་ལྟ་བུའི་དོན་དཔྱོད་ཚད་མས་ཡོད་པ་ཁེག་ན་ཡོད་པ་ཁེག་དགོས་པའི་འདུ་ཤེས་བཟུང་བས་ཀ་བ་དོན་དམ་པར་མ་གྲུབ་པར་མ་ཟད་སྤྱིར་ཡང་མ་གྲུབ་པའི་གྲུབ་དོན་རྙེད་པ་ཡིན་ནོ། །
དེ་ལྟར་ཡོད་མེད་ཡིན་མིན་གྱི་སྤྲོས་པའི་མཐའ་རེ་རེ་ལ་ཡང་རིགས་པས་དཔྱད་པ་བྱས་ཚེ་ཐམས་ཅད་ཁེག་པ་ཡིན་པས་ཡོད་མེད་ཡིན་མིན་རྟག་མི་རྟག་དོན་དམ་ཀུན་རྫོབ་བདེན་པ་རྫུན་པ་འགྲོ་འོང་བྱ་བྱེད་འཁོར་བ་མྱང་འདས་སོགས་ཀྱི་རྣམ་བཞག་ཐམས་ཅད་གཏིང་ནས་ལོག་སྟེ་བདེན་བདེན་གྲུབ་གྲུབ་ལྟར་སྣང་བའི་དངོས་པོ་འདི་དག་རང་རང་གི་གོ་ས་ནས་གཏན་ནས་ཡོད་མ་མྱོང་བའི་ངེས་ཤེས་གཏིང་ཚུགས་པ་སྐྱེས་ཏེ་ཡུལ་ཅན་བློའི་འཛིན་སྟངས་མཐའ་དག་ཞིག་པར་འགྱུར་རོ། །དོན་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་མདོ་སྡེ་རིན་པོ་ཆེར་གསལ་བར་བསྟན་ཞིང་། བསྟན་པ་ལྟར་སྒྲ་ཇི་བཞིན་པར་གནས་པ་ཤིང་རྟ་ཆེན་པོ་དག་གིས་རིགས་པའི་རྣམ་གྲངས་མཐའ་ཡས་པས་ཡང་ཡང་གཏན་ལ་དབབ་པ་ཉིད་དོ། །
ཚིག་གི་ཟིན་མཚམས་དོན་གྱི་གོ་བར་ཟུག །
དོན་གྱི་གོ་བ་རིགས་པའི་འགྲོས་ཀྱིས་འཆད། །
རིགས་པའི་རྒྱབ་ལྗོངས་རྒྱ་ཆེན་ལུང་དང་འབྲེལ། །
མང་ཐོས་མཁས་པའི་གྲལ་ས་ཟིན་ནམ་སྙམ། །
གསུམ་པ་འཛིན་སྟངས་མཐའ་དག་ཞིག་པའི་ཤེར་ཕྱིན་གྱི་ཉམས་ལེན་བཤད་པ་ནི།
དེ་ལྟར་དོན་དཔྱོད་རིགས་པས་གཏན་ལ་ཕབ་ཅིང་གྲུབ་པའི་དོན་དེ་ཉིད་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལ། སྤྱིར་སོ་སྐྱེ་ལས་དང་པོ་པས་ནི་ཐོག་མ་ཉིད་ནས་སྤྲོས་པ་དང་བྲལ་བའི་ཆོས་ཉིད་དངོས་ཡུལ་དུ་བྱས་ནས་བསྒོམ་པར་མི་ནུས་པས། དོན་དཔྱོད་རིགས་ཤེས་ཀྱིས་དྲངས་བའི་སྤྲོས་བྲལ་ངེས་པའི་ངེས་ཤེས་དེ་ཉིད་དྲན་རྫི་དང་མ་བྲལ་བར་སྐྱོང་བར་བྱ་བའོ། །འོ་ན་དེ་ལྟ་བུའི་ངེས་ཤེས་དེ་ཉིད་དབུ་མའི་ལྟ་བ་མཐར་ཐུག་ཡིན་ནམ་ཞེ་ན་མ་ཡིན་ཏེ། རྟོག་པའི་འཛིན་སྟངས་ཡོད་དོ་ཅོག་མཐར་འཛིན་ཡིན་པས་དེ་ལྟ་བུའི་སྤྲོས་བྲལ་ངེས་པའི་ཤེས་པ་དེ་ཡང་མེད་འཛིན་ཕྲ་བ་ཞིག་ལས་མ་འདས་པས་སོ། །འོ་ན་དེ་ཉིད་བསྒོམས་པས་ཅི་ཞིག་བྱ་ཞེ་ན་ལས་དང་པོ་པ་དག་གིས་འདི་ཉིད་བསྒོམ་པ་ལས་གཞན་པའི་ཐབས་མེད་ཅིང་། འདི་ཉིད་ཡང་ཡང་གོམས་པས་བདེན་འཛིན་དང་མཚན་འཛིན་རགས་པ་མགོ་མནན་ནས་རིམ་བཞིན་རྣམ་རྟོག་ཐམས་ཅད་འགག་པར་འགྱུར་བས་མཐར་མཚན་འཛིན་ཐམས་ཅད་ཞིག་པ་དང་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྐྱེ་བར་འགྱུར་བ་ཡིན་ནོ། །
དེ་ཡང་མཉམ་བཞག་ཏུ་སྤྲོས་བྲལ་ཡང་ཡང་གོམས་པས་རྗེས་ཐོབ་ཏུ་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་ངམ་ངམ་ཤུགས་ཀྱིས་འཆར་ཞིང་། དེ་ལྟར་མ་རྟོགས་པར་བདེན་འཛིན་དང་མཚན་འཛིན་གྱི་རྗེས་སུ་འབྲང་སྟེ་སྡུག་བསྔལ་བའི་སེམས་ཅན་ལ་སྙིང་རྗེ་སྐྱེ་བ་སོགས་ཀུན་རྫོབ་ཀྱི་ཉམས་ལེན་ཐམས་ཅད་ཀྱང་གཅིག་གིས་ཀུན་འདྲེན་པའི་ཚུལ་དུ་སྐྱེ་བར་གསུངས་སོ། །
བཀའ་བསྟན་ལུང་གི་དགོངས་དོན་ལྟ་གྲུབ་གཞུང་། །
མན་ངག་གནད་ལ་དྲིལ་བ་གྲུབ་པའི་ཉམས། །
མ་ལུས་གཅིག་ཏུ་བསྡུས་པ་འདིའོ་ཞེས། །
ཚུལ་བཞིན་སྨྲ་བའི་སྐལ་བཟང་བདག་གིར་བྱས། །
བཞི་པ་འཁྲུལ་རྒྱུ་ལྡོག་སྟོབས་ཀྱིས་འཁྲུལ་སྣང་འདུས་བྱས་ཀྱི་འཇུག་པ་ཞི་བའི་འབྲས་བུ་ནི།
གཞིའི་སྐབས་སུ་ཡོད་མེད་དང་ཡིན་མིན་དངོས་དང་དངོས་མེད་ཐམས་ཅད་འཁྲུལ་སྣང་འབའ་ཞིག་ཏུ་བསྒྲུབས་པ་དང་། དེ་ཡང་བདེན་འཛིན་དང་མཚན་འཛིན་གྱི་དབང་གིས་ཕྱི་རོལ་ཡུལ་གྱི་སྣང་བ་ཡང་བདེན་པར་སྣང་བ་དང་། མཚན་མར་སྣང་བ་འབྱུང་བར་གྲུབ་པས་ལམ་གྱི་སྟོབས་ཀྱིས་དེ་ལྟ་བུའི་འཁྲུལ་བའི་རྒྱུ་ལྡོག་ཚེ་དེའི་འབྲས་བུར་གྱུར་པའི་ཀུན་རྫོབ་ཀྱི་སྣང་བ་དང་འདུས་བྱས་ཀྱི་འཇུག་པ་ཐམས་ཅད་ཀྱང་ཉེ་བར་ཞི་བ་གྲུབ་པ་ཡིན་ནོ། །དེ་ཡང་རྒྱུ་ཐོག་མའི་མ་རིག་པ་དང་བདེན་པར་འཛིན་པ་ལྡོག་པས་འབྲས་བུ་བདེན་པར་སྣང་བ་ལྡོག་པ་དང་། རྒྱུ་མཚན་མར་འཛིན་པ་ལྡོག་པས་འབྲས་བུ་སྒྱུ་མ་ལྟ་བུའི་སྣང་བ་ཡང་ལྡོག་པར་འགྱུར་བས་ནམ་ཞིག་སངས་རྒྱས་པ་ན་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་ལོག་སྟེ་འདུས་བྱས་ཀྱི་འཇུག་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་ནོ། །
དེའི་ཕྱིར་སངས་ཀྱི་སར་ཀུན་རྫོབ་གཟིགས་པའི་མཁྱེན་པ་མེད་པ་དང་། སངས་རྒྱས་ལ་ཀུན་རྫོབ་མི་སྣང་བ་སོགས་ཀྱི་རྣམ་བཞག་འབྱུང་བ་ཡིན་ཞིང་འདི་དག་གི་གོ་བ་ཞིབ་མོ་འཆད་དུ་ཡོད་མོད་ཀྱི་འདིར་མང་དུ་དོགས་ནས་མ་སྨོས་པ་ཡིན་ནོ། །ལྟ་གྲུབ་ཀྱི་རྣམ་བཞག་འདིའི་དབང་དུ་མཛད་ནས་ཉན་རང་འཕགས་པས་ཆོས་ཀྱི་བདག་མེད་རྟོགས་པ་དང་། བདེན་འཛིན་ལ་ཉོན་སྒྲིབ་ཀྱིས་ཁྱབ་པའི་ཐལ་འགྱུར་ལུགས་ཀྱི་རྣམ་བཞག་ཐུན་མོང་མ་ཡིན་པ་འབྱུང་བ་ཡང་ཞར་དུ་ཤེས་པར་བྱའོ། །
རྒྱ་ཆད་ཕྱོགས་ལྷུང་ཀུན་བྲལ་དེ་བཞིན་ཉིད། །
བློ་བྲལ་བློ་ཡིས་མངོན་དུ་བྱས་པའི་འབྲས། །
གཟུང་འཛིན་ལས་འདས་འོད་གསལ་ཆོས་སྐུ་སྟེ། །
འཕགས་ཡུལ་མཁས་པའི་ངག་ལ་ཡོངས་སུ་གྲགས། །
གཉིས་པ་འགྲེལ་ཆེན་རྗེ་བཙུན་ངལ་གསོའི་ལུགས་ཀྱི་གཞན་སྟོང་ཟབ་མོ་བཤད་པ།
དེ་ལྟར་འགྲེལ་ཆེན་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས་གསུངས་པའི་སྟོང་ཉིད་སྤྲོས་བྲལ་ལ་གོ་བ་དང་ངེས་པ་བསྐྱེད་ནས་འཁོར་ལོ་ཐ་མ་ངེས་དོན་གྱི་མདོ་དང་བསྟན་བཅོས་དག་གི་དགོངས་པ་མཐར་ཐུག །གསང་བ་སྔགས་ཀྱི་ལྟ་གྲུབ་ལ་འཇུག་པའི་སྒོ་གཅིག་པུར་གྱུར་པ་གཞན་སྟོང་ཟབ་མོའི་དོན་འགྲེལ་ཆེན་རྗེ་བཙུན་ངལ་གསོའི་དགོངས་དོན་བཞིན་ཤིན་ཏུ་གོ་སླ་མོར་བཤད་པ་ལ། གཟུང་འཛིན་ལས་འདས་པའི་གཞིའི་ཡེ་ཤེས་བཤད་པ། རྣམ་རྟོག་ལས་འདས་པའི་ལམ་གྱི་ཉམས་ལེན་བཤད་པ། འདུས་བྱས་ལས་འདས་པ་འབྲས་བུའི་རྣམ་བཞག་བཤད་པ་གསུམ། དང་པོ་ལ་རང་བཞིན་གནས་རིགས་སམ་བདེ་གཤེགས་སྙིང་པོ་ངོས་བཟུང་བ། དབུ་མའི་ལུགས་ཀྱི་སྙིང་པོ་དང་སེམས་ཙམ་ལུགས་ཀྱི་གཉིས་སྟོང་གི་ཤེས་པའི་ཁྱད་པར། དེ་ཉིད་ཆོས་རྣམས་ཀྱི་ཆོས་ཉིད་མཐར་ཐུག་ཏུ་བཤད་པའོ། །དང་པོ་ནི། སྤྱིར་ཐེག་པ་ཆེན་པོའི་མདོ་དང་བསྟན་བཅོས་རྣམས་སུ་རང་བཞིན་གནས་རིགས་ཀྱི་བཤད་པ་མང་དུ་འབྱུང་ཞིང་། ཤེར་ཕྱོགས་ཀྱི་མདོ་སྡེ་རྣམས་སུ་རང་བཞིན་གནས་རིགས་ཆོས་ཀྱི་དབྱིངས་སུ་བཤད་པ་དང་། ཐེག་པ་གསུམ་གྱི་ལམ་གྱིས་དེ་ལ་དམིགས་པས་འབྲས་བུ་འཕགས་པ་བཞིའི་གོ་འཕང་ཐོབ་པའི་ཕྱིར་དེ་ཉིད་ལམ་གྱི་དམིགས་པར་བྱས་ན་འཕགས་བཞི་སྐྱེད་པར་བྱེད་པས་རྒྱུའམ་རིགས་སུ་བཞག་པར་མཛད་པ་དང་། ཆོས་ཀྱི་དབྱིངས་དེ་ཡང་ཡུམ་མདོའི་དངོས་བསྟན་གྱི་སྟོང་ཉིད་ལ་འཆད་པས་རང་བཞིན་དུ་གནས་པའི་རིགས་ནི་འདུས་མ་བྱས་མེད་དགག་ཅིག་ལ་འཇོག་པར་གསལ་ཞིང་། འདིར་ནི་འཁོར་ལོ་ཐ་མ་ངེས་དོན་གྱི་མདོ་སྡེ་དག་ནས་བཤད་པ་ལྟར་ཆོས་དབྱིངས་དང་། རང་བཞིན་གནས་རིགས་དང་། བདེ་གཤེགས་སྙིང་པོ་རྣམས་རྣམ་གྲངས་སུ་བཞག་པའི་གཟུང་འཛིན་གཉིས་ལས་འདས་པའི་ཡེ་ཤེས་ཏེ། དེ་ཡང་ད་ལྟ་ཚུ་རོལ་མཐོང་བའི་བློ་གཟུང་འཛིན་གཉིས་སུ་སྣང་ཞིང་སྐྱེས་པ་མཐའ་དག་གི་སྟེང་དུ་བདེ་གཤེགས་སྙིང་པོའི་དྲི་ཙམ་ཡང་མེད་པས་འདི་དག་ཐམས་ཅད་ལས་འདས་པ་འབྲས་བུའི་ཆོས་ཐམས་ཅད་མ་བྱས་ལྷུན་འགྲུབ་ཏུ་ཡོད་པའི་འོད་གསལ་བའི་ཡེ་ཤེས་ཤིག་ལ་འཇོག་པ་ཡིན་ཞིང་། འདི་ཉིད་ལ་འཁོར་ལོ་ཐ་མ་དགོངས་འགྲེལ་དང་བཅས་པ་དང་། ཁྱད་པར་དུ་སྔགས་ཀྱི་རྒྱུད་སྡེ་དག་ནས་གཞིའི་ཡེ་ཤེས་ཞེས་རྒྱ་ཆེར་འབྱུང་བ་ཉིད་དོ། །
སྤྱིར་སྟོང་པའི་ཆ་ནས་གཟུང་བ་དང་འཛིན་པ་ཤེས་དང་ཤེས་བྱ་ཡུལ་དང་ཡུལ་ཅན་གང་གི་ངོ་བོར་ཡང་མ་གྲུབ་པ་སྤྲོས་མཐའ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། དབུ་མའི་རིགས་པས་ཇི་ཙམ་དུ་དཔྱད་ཅིང་གཏན་ལ་དབབ་ཀྱང་ཡོད་མེད་ཡིན་མིན་རྟག་མི་རྟག་དངོས་དངོས་མེད་གང་གི་ངོ་བོར་ཡང་མ་གྲུབ་པ་དང་། ངོ་བོའི་ཆ་ནས་འོད་གསལ་བའི་ཡེ་ཤེས་འདུས་མ་བྱས་འབྲས་དུས་ཀྱི་ཡོན་ཏན་མཐའ་དག་ལྷུན་འགྲུབ་ཏུ་བཞུགས་པ་ཡིན་པས་རྡོ་རྗེ་ཐེག་པར་གཞི་རྒྱུད་དང་། གཞི་འབྲས་དབྱེར་མེད་སོགས་ཀྱི་གོ་བ་འཛུགས་ས་ཡང་འདི་ཉིད་ཡིན་ནོ། །
སྤྱིར་ཡང་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མཐར་ཐུག་དེ་ཉིད་དོན་གྱི་ཡེ་ཤེས་ཤིག་ལ་འཇོག་པ་ནི་ངེས་དོན་གྱི་མདོ་རྒྱུད་དགོངས་འགྲེལ་དང་བཅས་པས་རྒྱ་ཆེར་བསྟན་པས་འདིར་རེ་རེ་ནས་འདྲེན་པའི་ངལ་བ་མི་དགོས་ཤིང་། དེ་ལྟ་བུའི་ཡེ་ཤེས་དེ་ཡང་གཞིའི་ཡེ་ཤེས་ཉིད་ལ་འཇོག་པས་གཞིའི་ཡེ་ཤེས་དེ་ཉིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་ཅིང་གནས་པའི་ཆོས་ཉིད་མཐར་ཐུག་ཏུ་འདོད་དགོས་སོ། །
ཡང་འགའ་ཞིག་གཞིའི་ཡེ་ཤེས་དེ་ཉིད་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་དུ་ཆུག་ཀྱང་དེ་ཉིད་དབུ་མའི་རིགས་པས་དཔྱད་པའི་ཚེ་ན་རང་གི་ངོ་བོ་མ་གྲུབ་པར་རྟོགས་ནུས་པ་ཡིན་ཏེ། དེ་ཡང་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་པའི་ཕྱིར་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་དང་། མཐའ་བཞི་ལས་མ་སྐྱེས་པའི་ཕྱིར་ཞེས་སོགས་ཀྱི་རིགས་པ་བརྗོད་པར་བྱེད་དོ། །སྤྱིར་ཚུ་རོལ་མཐོང་བའི་ཡུལ་དུ་གྱུར་པའི་ཆོས་ཤིག་ཡིན་ཚེ་གཅིག་དང་དུ་མ་གང་རུང་གི་ཚུལ་དུ་ཡོད་དགོས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པའི་ཤེས་བྱ་མི་སྲིད་པ་དང་། མཐའ་བཞི་ལས་གཞན་པའི་སྐྱེ་ཚུལ་མི་སྲིད་པ་སོགས་ཀྱི་རིགས་པ་འདི་ཉིད་འཇུག་ཅིང་འཐད་པ་ཡིན་ནའང་། དབང་པོ་ལ་བརྟེན་པའི་ཤེས་པ་འདི་དག་ནི་ཧ་ཅང་རགས་པ་དང་རྒྱ་ཆུང་བ་ཡིན་པས་འདི་ཉིད་ཀྱིས་ཤེས་བྱ་ཡོངས་རྫོགས་གཞལ་བའི་རྣམ་བཞག་ནི་གོང་དུ་ཡང་ཡང་བཀག་ཟིན་པ་ལྟར་ཡིན་པས། རྟེན་ནས་འབྱུང་བ་དང་ལྟོས་ནས་བཞག་པ་སོགས་གཟུང་འཛིན་ཅན་གྱི་ངོར་ཡོད་ཚུལ་དེ་དག་ཁེག་པས་སྤྲོས་བྲལ་གྱི་ཡེ་ཤེས་ཁེག་མི་དགོས་ཏེ་ཡེ་ཤེས་ནི་དེ་དག་གི་ཡོད་ཚུལ་ལས་འདས་པའི་ཚུལ་གྱིས་ཡོད་པའི་ཕྱིར་རོ། །
དེ་བཞིན་དུ་གཞིའི་ཡེ་ཤེས་དེ་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་ཡིན་པ་དང་དོན་དཔྱོད་རིགས་པས་ཁོ་ཁོ་རང་གི་ངོ་བོར་གྲུབ་པ་ཁེག་པར་འདོད་པ་གཉིས་ནི་ནང་འགལ་བའི་གོ་བ་ཞིག་ཀྱང་ཡིན་ཏེ། དཔེར་ན་ཀ་བ་ཀ་བའི་ངོ་བོར་གྲུབ་པ་འགོག་བྱེད་ཀྱི་རིགས་པ་དེས་ཀ་བ་དེ་ཀ་བའི་ཡིན་ལུགས་མཐར་ཐུག་མ་ཡིན་པར་གྲུབ་པ་བཞིན་དུ། གང་ལ་ཚད་མས་གནོད་པ་ཡོད་པ་དེ་ཉིད་དོན་གྱི་གྲུབ་ཚུལ་མ་ཡིན་དགོས་ལ་ཆོས་ཐམས་ཅད་གྱི་གནས་ལུགས་མཐར་ཐུག་ནི་དོན་གྱི་གྲུབ་ཚུལ་དངོས་དེ་ཡིན་དགོས་པའི་ཕྱིར་རོ། །དེས་ན་དེང་དུས་ཁ་ཅིག་སྤྲོས་པ་དང་བྲལ་བའི་ཡེ་ཤེས་དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་ཏུ་ཁས་ལེན་པ་དང་། དེ་ཉིད་དོན་དཔྱོད་རིགས་ཤེས་ཀྱིས་དཔྱད་ན་ཁེག་པར་སྨྲ་བ་དག་ལ་ཁས་ལེན་ནང་འགལ་ཡོད་པ་ཡང་ཤེས་པར་བྱའོ། །
དེས་མཚོན་ཏེ་རང་སྟོང་དང་གཞན་སྟོང་འགལ་མེད་དུ་བཞེད་པ་དག་ལ་ཡང་ནང་འགལ་གྱི་གོ་བ་ཞིག་ཡོང་བ་ཡིན་ཏེ། ཆོས་རྣམས་ཀྱི་ཆོས་ཉིད་མཐར་ཐུག་དེ་ཡེ་ཤེས་ཡིན་པར་འདོད་པ་དང་། ཆོས་ཐམས་ཅད་ཀྱི་ཆོས་ཉིད་མཐར་ཐུག་དེ་ཡེ་ཤེས་མ་ཡིན་པར་འདོད་པ་ནང་འགལ་བ་དང་། གཞིའི་ཡེ་ཤེས་དེ་ཁོ་ཁོ་རང་གི་ངོ་བོར་གྲུབ་པར་འདོད་པ་དང་། ཁོ་ཁོ་རང་གི་ངོ་བོས་སྟོང་པར་འདོད་པ་ནང་འགལ་བ་གང་ཞིག་ལ། གཞན་སྟོང་པས་ཆོས་ཉིད་མཐར་ཐུག་དེ་ཡེ་ཤེས་ཡིན་པ་དང་དེ་རང་གི་ངོ་བོ་མི་སྟོང་པར་བཞེད་ཅིང་། རང་སྟོང་པས་ཆོས་ཉིད་མཐར་ཐུག་དེ་ཡེ་ཤེས་མིན་པ་དང་ཡེ་ཤེས་དེ་ཁོ་ཁོ་རང་གི་ངོ་བོར་མ་གྲུབ་པར་བཞེད་པའི་ཕྱིར་རོ། །
ཆོས་ཀུན་གཤིས་སུ་བཞུགས་པ་སྙིང་པོའི་ཁམས། །
རྣམ་རྟོག་གཡོ་བའི་མཚོན་གྱིས་མི་ཤིགས་པ། །
རྣམ་ཀུན་མཆོག་ལྡན་འོད་གསལ་འདུས་མ་བྱས། །
ངེས་དོན་མདོ་རྒྱུད་བྱེ་བའི་སྙིང་པོ་ལགས། །
གཉིས་པ་དབུ་མའི་ལུགས་ཀྱི་སྙིང་པོ་དང་སེམས་ཙམ་ལུགས་ཀྱི་གཉིས་སྟོང་གི་ཤེས་པའི་ཁྱད་པར་ནི། གོང་དུ་བསྟན་པ་ལྟར་བདེ་གཤེགས་སྙིང་པོ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་ཆོས་ཀྱི་དབྱིངས་དང་། སེམས་ཀྱི་ཆོས་ཉིད། ཡང་དག་པའི་མཐའ་དང་། རང་བཞིན་གནས་རིགས་སོགས་མིང་གི་རྣམ་གྲངས་སུ་སྨོས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡིན་ཞིང་། འདི་ལ་དབུ་སེམས་གཉིས་ཀྱིས་ངོས་འཛིན་ཚུལ་མི་འདྲ་བ་ནི། སེམས་ཙམ་པ་དག་གིས་ད་ལྟའི་ཤེས་པ་འདི་ཉིད་ཀྱི་སྟེང་དུ་གཟུང་འཛིན་གྱིས་སྟོང་པས་ཁྱད་པར་དུ་བྱས་པའི་གསལ་རིག་ཤིག་ལ་ངོས་བཟུང་བ་དང་། རང་གི་རྒྱུ་ལས་སྐྱེས་པས་འདུས་བྱས། ཁམས་གསུམ་གང་རུང་གི་སས་བསྡུས་པས་རྣམ་རྟོག །རང་འབྲས་ལམ་གྱི་ངོ་བོར་སྐྱེ་རུང་བས་ན་རྒྱུའམ་རིགས་སོགས་སུ་བཞེད་པ་དང་། དབུ་མ་པས་ད་ལྟའི་གཟུང་འཛིན་གྱི་ཤེས་པ་འདི་ཉིད་གཉིས་སྣང་གི་ཅི་ལྟར་སྟོང་ཡང་འདུས་བྱས་གློ་བུར་བ་ཡིན་པས་འཁྲུལ་བ་དང་འཁྲུལ་སྣང་རྐྱང་བ་ལས་གཞིའི་གནས་ལུགས་དངོས་ཡིན་མི་སྲིད་པས་གཞིའི་ཡེ་ཤེས་ནི་ཡོད་མེད་ཡིན་མིན་གྱི་སྤྲོས་པ་མཐའ་དག་གིས་མ་གོས་པས་སྤྲོས་བྲལ་གྱི་ཡེ་ཤེས། འགྱུར་བའི་ཟུག་རྔུ་སྤངས་པས་འདུས་མ་བྱས། གཞིའི་སྐབས་ནས་ཡོན་ཏན་མཐའ་དག་མ་འབད་ལྷུན་འགྲུབ་ཏུ་བཞུགས་པས་བདེ་གཤེགས་སྙིང་པོ། ཟག་པ་དང་སྡུག་བསྔལ་ལས་འདས་པས་བདེ་བ་ཆེན་པོ། ཁམས་གསུམ་གྱི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བས་མི་རྟོག་པའི་ཡེ་ཤེས་སོགས་སུ་བཞེད་ཅིང་། དབུ་སེམས་གཉིས་ཀྱི་གཞིའི་རྣམ་བཞག་གི་ཁྱད་པར་འདི་དག་ལ་བརྟེན་ཏེ་ལམ་དང་འབྲས་བུའི་རྣམ་བཞག་ལའང་ཁྱད་པར་མང་དུ་བྱུང་བའོ། །
ཕྱལ་ཆད་སྟོང་པའི་ཕྱོགས་སུ་མ་ལྷུང་ཞིང་། །
འདུས་བྱས་འགྱུར་བའི་ཟུག་རྔུས་མ་བཅོམ་པའི། །
འོད་གསལ་བདེ་བ་ཆེན་པོའི་བདུད་རྩི་འདི། །
མཐར་འཛིན་དུག་ཆུས་མྱོས་ལ་སྨན་དུ་སྦྱིན། །
གསུམ་པ་དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་ཏུ་བཤད་པ་ལ་གཉིས། སྟོང་རྐྱང་མེད་དགག་གནས་ལུགས་སུ་འདོད་པ་འགོག་པ། སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་གནས་ལུགས་སུ་བཤད་པའོ། །དང་པོ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་དེ་ཉིད་སྤྲོས་པ་བཀག་པའི་མེད་དགག་ཙམ་དུ་ཁས་ལེན་པ་ལ་སྐྱོན་དུ་མ་འཇུག་པ་ཡིན་ཏེ། གཞི་ཀ་བ་ལྟ་བུའི་སྟེང་དུ་ཡོད་མེད་ཡིན་མིན་སོགས་ཀྱི་མཐའ་ཁེག་པ་ཆོས་ཀྱི་གནས་ལུགས་མཐར་ཐུག་ཡིན་ན། དེའི་སྟེང་དུ་རི་བོང་ར་ཡོད་མེད་ཡིན་མིན་མཐའ་དག་ཁེག་པའི་སྟོང་ཉིད་དེ་ཀ་བའི་གནས་ལུགས་དང་། དེ་བཞིན་རི་བོང་རྭ་ཁོ་རང་ཡོད་མེད་མཐའ་ལས་འདས་པ་དེ་ཡང་གནས་ལུགས་སུ་འགྱུར་བ་ཡིན་ཏེ། ཀ་བའི་སྟེང་དུ་ཡོད་མེད་ཡིན་མིན་གྱི་མཐའ་ཐམས་ཅད་ཁེག་པའི་སྟོང་ཉིད་དེ་དང་། རི་བོང་རྭ་ཡོད་མེད་ཡིན་མིན་གྱི་མཐའ་གང་དུ་ཡང་མ་གྲུབ་པ་གཉིས་ཀྱི་ངོ་བོ་ལ་ཁྱད་པར་གང་ཡང་མེད་པའི་ཕྱིར་རོ། །འདོད་མི་ནུས་ཏེ་ཆོས་ཅན་མེད་པའི་ཆོས་ཉིད་མི་འཐད་པ་བདེ་གཤེགས་སྤྱི་ལུགས་ཡིན་པའི་ཕྱིར་རོ། །
གཞན་ཡང་། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་བློ་དེ་ཉིད་རྟོག་བཅས་ཡིན་པར་འགྱུར་ཏེ། སྟོང་རྐྱང་མེད་དགག་དངོས་ཡུལ་དུ་བྱེད་པའི་མངོན་སུམ་མི་སྲིད་ཅིང་། མེད་དགག་སྟོང་རྐྱང་གིས་དངོས་སུ་རྣམ་པ་གཏད་པའི་མངོན་སུམ་ཡོང་བ་མི་སྲིད་པའི་ཕྱིར། དེས་ན་ཆོས་ཉིད་སྟོང་རྐྱང་མེད་དགག་ཏུ་ཁས་བླངས་ཚེ་དེ་མངོན་སུམ་དུ་རྟོགས་པའི་བློ་དེ་རྟོག་བཅས་སུ་འགྱུར་བ་དང་། སྟོང་ཉིད་མངོན་སུམ་གྱི་དངོས་ཡུལ་དུ་འདོད་ཚེ་མེད་དགག་མ་ཡིན་པར་འགྱུར་བ་སྟེ་ཡུལ་དང་ཡུལ་ཅན་གྱི་འཇུག་ཚུལ་ལ་བློ་ཁ་ཕྱོགས་པ་ཞིག་ཡིན་ཚེ་ཤེས་སླའོ། །
ཡང་སྟོང་གཞི་ཀ་བ་ལྟ་བུས་ཁྱད་པར་དུ་བྱས་པའི་སྟོང་ཉིད་དེ་ཆོས་གཞན་བུམ་པ་དང་འབྲེལ་བ་གང་ཡང་མེད་པས་དེའི་རྗེས་སུ་མི་འགྲོ་བ་དང་། ཡང་ཆོས་ཅན་བུམ་པས་ཁྱད་པར་དུ་བྱས་པའི་ཆོས་ཉིད་དེ་ཀ་བ་དང་འབྲེལ་བ་གང་ཡང་མེད་པས་ཀ་བའི་རྗེས་སུ་མི་འགྲོ་བ་ལྟར་ཐམས་ཅད་ལ་འདྲ་ཞིང་། དེ་ཁས་བླངས་ན་མཐར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དུ་བཞུགས་པའི་གནས་ལུགས་ཤིག་མཛུབ་མོ་འཛུགས་ས་མེད་པར་འགྱུར་ཞིང་། ཆོས་ཉིད་རང་ལྡོག་ཙམ་དེ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ནོ་ཞེས་སྨྲ་ན་མི་རྟག་པ་དེ་དངོས་པོ་ཐམས་ཀྱི་མི་རྟག་པ་ཡིན་ཞེས་པ་ལྟར་ཚིག་སྐམ་པོའི་ཁས་ལེན་འགྲོ་མཚམས་ཙམ་ལས་དོན་དངོས་སུ་ཆོས་ཐམས་ཅད་ཀྱི་གནས་ལུགས་སུ་ཞུགས་པའི་ཆོས་ཉིད་ཅིག་འཇོག་མི་ནུས་པར་འགྱུར་རོ། །
འདུས་བྱས་སྤྲིན་ཐག་ཆད་པ་སྟོང་པའི་མཁའ། །
ཆོས་ཉིད་དོན་གྱི་རྒྱལ་མོར་གཟུང་བ་དག །
སྤྲོས་བྲལ་དོན་གྱི་གླང་ཆེན་རྙེད་དོ་ཞེས། །
རྣམ་རྟོག་རྩི་གུའི་རྔ་མར་འཇུས་ལ་ལྟོས། །
གཉིས་པ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་གནས་ལུགས་སུ་བཤད་པ་ནི། དེ་ལྟར་སྟོང་རྐྱང་མེད་དགག་གམ་ཡོད་མེད་ཡིན་མིན་སོགས་སྤྲོས་པའི་མཐའ་བརྒྱད་དང་སྒྲོ་འདོགས་སོ་གཉིས་སོགས་སྤྲོས་མཐའ་ཁེག་ཙམ་པའི་མེད་དགག་དེ་ཉིད་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མ་ཡིན་པ་ནི་གོང་དུ་བཤད་པ་ལྟར་ལ། དེ་ལྟ་བུ་སྤྲོས་པ་གང་གི་ཡང་ངོ་བོར་མ་གྲུབ་པའི་ཡེ་ཤེས་འདུས་མ་བྱས་པ་ཀུན་གཞིའི་ཡེ་ཤེས་ཀྱི་མིང་ཅན། ཐོག་མ་དང་ཐ་མ་ཐམས་ཅད་ལས་འདས་པའི་དབྱིངས་གང་ཡིན་པ་དེ་ཉིད་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་དེ་ཡིན་ཏེ། སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མཐར་ཐུག་ཡིན་པ་ངེས་དོན་གྱི་མདོ་སྡེ་དང་སྔགས་ཀྱི་རྒྱུད་སྡེ་མཐའ་ཡས་པ་ནས་ཡང་ཡང་གསུངས་ཤིང་། མདོ་ལས་བདེ་བར་གཤེགས་པའི་སྙིང་པོ་དང་། ཀུན་གཞིའི་ཡེ་ཤེས་དང་། ཐོས་པའི་བག་ཆགས་སོགས་ཀྱི་མིང་གིས་བསྟན་པ་དང་། སྔགས་ལས་གཞིའི་རྒྱུད་དང་། དང་པོའི་མགོན་པོ་དང་། བདེ་བ་ཆེན་པོ་དང་། བྷ་ག་དང་། དབྱིངས་རིག་དབྱེར་མེད་དང་། ཨེ་ཝཾ་ཟུང་འཇུག་དང་། ཕྱག་རྒྱ་ཆེན་པོ་དང་། རྫོགས་པ་ཆེན་པོ་སོགས་དང་།
གཞན་ཡང་ངེས་དོན་གྱི་ལྷ་དང་དཀྱིལ་འཁོར་གྱི་འཁོར་ལོར་བསྟན་པ་དག་སྟེ། དེ་ཡང་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་ཏུ་གྲུབ་ཕྱིར་རིགས་པས་མི་ཁེག་པ་དང་། སྤྲོས་པ་གང་གི་ཡང་ངོ་བོར་མ་གྲུབ་པས་གཟུང་འཛིན་ལས་འདས་པ་དང་། རྒྱུ་དང་རྐྱེན་གྱིས་མ་བྱས་པས་འདུས་མ་བྱས་པ་དང་། འགྱུར་བའི་ཟུག་རྔུ་སྤངས་པས་རྟག་པ་ཆེན་པོ། ཤེས་བྱ་མཐའ་དག་གི་གཤིས་ལ་བཞུགས་པས་ཆོས་ཀུན་ལ་རྗེས་སུ་འགྲོ་བ་དང་། རྣམ་པར་རྟོག་པ་མཐའ་དག་ལས་འདས་པས་བདེ་བ་ཆེན་པོའི་ངོ་བོར་གྲུབ་པ་དང་། ཆོས་དང་གང་ཟག་གི་བདག་གིས་སྟོང་པས་ཐེག་པ་མཐའ་དག་གི་ཐར་བའི་གཞིར་གྱུར་པ་དང་། འབྲས་ཆོས་ཡོན་ཏན་ཀུན་གྱིས་མི་སྟོང་པས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟེ་ཐེག་པ་གསུམ་གྱི་ལམ་ཐམས་ཅད་ཀྱང་འདི་ལ་གཞོལ་ཞིང་འབབ་པའི་གནས་སུ་གྱུར་པ་དང་། འཕགས་པ་བཞིའི་གོ་འཕངས་ཐམས་ཅད་འདི་ལ་བརྟེན་ཅིང་གནས་པ་དང་། སྐུ་དང་ཞིང་ཁམས་ཀྱི་སྤྲིན་མཐའ་ཡས་པ་འཕྲོ་བ་སོགས་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཀྱི་རྟེན་དང་གཞིར་གྱུར་པ། ངེས་དོན་གྱི་མདོ་སྔགས་མཐའ་དག་གི་དགོངས་པའི་མཐིལ་ཉག་གཅིག་པུ་བ་དེའོ། །
འདུས་བྱས་འཇུག་པའི་སློག་ཧྲུལ་ཤིག་གིས་བཤིག །
གཟུང་འཛིན་རྟོག་པའི་ན་བུན་བུན་ནེར་ཡལ། །
སྤྲོས་པའི་གཏིང་མཐའ་ཆོད་པའི་ཕར་རྒྱབ་ན། །
ལྷུན་འགྲུབ་བདེ་བ་ཆེན་པོའི་ཡེ་ཤེས་བཞུགས། །
གསུམ་པ་གཞུང་དེ་གཉིས་ཀྱི་དགོངས་པ་ཟབ་མོ་ཕྱག་རྒྱ་ཆེན་པོར་གཞོལ་བའི་ཚུལ་བཤད་པ་ནི།
དེ་ལྟ་བུའི་རང་སྟོང་དང་གཞན་སྟོང་གི་ལྟ་བ་དེ་དག་ཀྱང་ཟབ་མོ་ཕྱག་རྒྱ་ཆེན་པོའི་ལྟ་བའི་ཕྱོགས་རེ་རེ་ཡིན་ཏེ། དེ་ཡང་རང་སྟོང་དབུ་མའི་སྐབས་ཀྱི་སྤྲོས་པའི་མཐའ་ཐམས་ཅད་རང་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་སྤྲོས་པ་དང་བྲལ་བ་དེ་ཉིད་ཕྱག་རྒྱ་ཆེན་པོའི་སྐབས་སུ་ནི་ཀ་བ་ཀ་བས་སྟོང་པ་ལྟ་བུ་རང་རང་གི་ངོ་བོས་སྟོང་པ་ཙམ་མ་ཡིན་པར་ཡེ་ནས་སྤྲོས་པའི་ངོ་བོར་གྲུབ་མ་མྱོང་བར་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཀྱི་རྩལ་འབའ་ཞིག་ཏུ་གཏན་ལ་འབེབས་པ་ཡིན་པས་རང་སྟོང་དབུ་མའི་མཐར་ཐུག་གི་གོ་བ་གཞོལ་ཞིང་འབབ་ས་དངོས་དེ་ཡིན་ཞིང་། དེ་ཡང་ཡེ་ནས་འཁྲུལ་བའི་ངོ་བོར་གྲུབ་མ་མྱོང་ཞིང་གཟུང་འཛིན་གྱི་རྣམ་པར་སྐྱེས་མ་མྱོང་བར་རང་ངོ་ཡེ་ཤེས་ཆེན་པོ་ལས་མ་གཡོས་པ་སྟེ། ཆུ་བོ་འཁྱག་རོམ་གྱི་ངོ་བོར་སྣང་བཞིན་པའི་ཚེ་ནའང་རང་གི་ངོ་བོ་བརླན་བཤེར་གྱི་རང་བཞིན་ལས་མི་འདའ་བ་ལྟར། གཟུང་འཛིན་སྤྲོས་པའི་ངོ་བོར་སྣང་བཞིན་པའི་ཚེ་ནའང་རང་གི་ངོ་བོ་བདེ་བ་ཆེན་པོའི་ཡེ་ཤེས་ལས་མི་འདའ་བར་གནས་པ་ཡིན་པའི་ཕྱིར་རོ། །དེས་ན་རང་སྟོང་དབུ་མ་ཆེན་པོའི་སྐབས་སུ་ཀུན་རྫོབ་ཀྱི་སྤྲོས་པ་མཐའ་དག་རང་རང་གི་ངོ་བོར་མ་གྲུབ་པར་གཏན་ལ་དབབ་པ་དེ་ཉིད་ཀྱང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་འདི་ཉིད་ཀྱི་ཕྱོགས་གཅིག་ཙམ་ཞིག་ཡིན་པས་མཐར་ཐུག་གི་གོ་བ་འདི་ཉིད་ལ་གཞོལ་ཞིང་འབབ་པ་ཡིན་ནོ། །
དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་མཐར་ཐུག་པ་ནི་སྤྲོས་པ་མཐའ་དག་དང་བྲལ་བའི་སྟོང་རྐྱང་མེད་དགག་ཙམ་མ་ཡིན་པར་སྤྲོས་པ་མཐའ་དག་ལས་འདས་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། དེ་དང་སྟོང་ཉིད་སྤྲོས་བྲལ་གཉིས་གཤིས་གདངས་ཀྱི་ཁྱད་པར་ཙམ་ལས་ངོ་བོའི་ཆ་ནས་མཆོག་དམན་དང་ཆོས་ཅན་ཆོས་ཉིད་ཀྱི་ཁྱད་པར་མེད་པར་མཉམ་པ་ཉིད་དུ་གནས་པས། སྟོང་ཕྱོགས་ནས་ཡོད་མེད་ཡིན་མིན་རྟག་དང་མི་རྟག་སོགས་ཀྱི་མཐའ་ལས་འདས་ཤིང་སྤྲོས་པ་མཐའ་དག་དང་བྲལ་བ། སྣང་ཕྱོགས་ནས་འོད་གསལ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཟག་པ་མེད་པའི་ཡོན་ཏན་མཐའ་དག་མ་བཙལ་ལྷུན་རྫོགས་ཀྱི་ཚུལ་དུ་གནས་པས་གཞན་སྟོང་དབུ་མ་ཆེན་པོའི་སྐབས་ནས་བསྟན་པའི་སྟོང་ཉིད་འོད་གསལ་བའི་ཡེ་ཤེས་དེ་ཡང་འདིའི་ཕྱོགས་གཅིག་ཙམ་ཞིག་སྟེ་དགོངས་པའི་མཐར་ཐུག་འདི་ཉིད་ལ་གཞོལ་ཞིང་འབབ་པ་ཡིན་པས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །ཅེས་རྒྱ་བོད་ཀྱི་མན་ངག་པ་རྣམས་ཐུགས་གཙིགས་ཤིན་ཏུ་ཆེན་པོར་འཛིན་པ་ཉིད་དོ། །
དེ་ཉིད་ལམ་ཉམས་སུ་ལེན་པའི་སྐབས་ཀུན་རྫོབ་སྤྲོས་པའི་རྣམ་པར་ཤར་བའི་གཟུང་བ་དང་འཛིན་པའི་ཆོས་ཐམས་ཅད་ནང་སེམས་ཀྱི་རོལ་བའམ་རྩལ་འབའ་ཞིག་ཏུ་ངོ་སྤྲད། སེམས་ཉིད་ཀྱང་སྟོང་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་སྟེ་ཡོད་མེད་ཡིན་མིན་གྱི་མཐའ་གང་གི་ཡང་ངོ་བོར་གྲུབ་མ་མྱོང་བ་གཞི་མེད་རྩ་བྲལ་ནམ་མཁའ་ལྟ་བུར་ངོ་སྤྲོད་པ་དང་། དེ་ཡང་སྟོང་པ་མེད་རྐྱང་མ་ཡིན་པར་བདེ་བ་ཆེན་པོ་འོད་གསལ་བའི་ཡེ་ཤེས་ཉིད་དུ་ཐག་གཅོད་པ་ལྟ་བུའི་མན་ངག་ཁྱད་པར་ཅན་ལ་བརྟེན་ཏེ་སྟོང་ཕྱོགས་ཀྱི་སྤྲོས་བྲལ་མཐར་ཐུག་དང་སྣང་ཕྱོགས་ནས་འོད་གསལ་བའི་ཡེ་ཤེས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་དོན་དབྱེར་མེད་རོ་གཅིག་པ། བཟང་ངན་བསལ་བཞག་སྤངས་བླངས་མེད་པའི་འཁོར་འདས་དབྱེར་མེད་དང་རྣམ་རྟོག་ཆོས་སྐུ་སོགས་ཀྱི་དོན་མིང་གཞན་ཐ་མལ་ཤེས་པ་ཞེས་འབོད་པ་སྟེ། གྲུབ་ཐོབ་བརྒྱུད་པའི་དགོངས་དོན་མཐར་ཐུག་པ་དེ་ཉིད་དཔྱིས་ཕྱིན་པར་ངོ་སྤྲོད་ཅིང་ཉམས་སུ་ལེན་པ་ཡིན་ནོ། །
དོན་འདི་ཉིད་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པའི་མན་ངག་འཕགས་པ་ཡབ་སྲས་ཀྱི་བཀའ་སྲོལ་ལས་བྱུང་བའི་རིམ་པ་ལྔ་ལས་རགས་པ་ཉེར་ལྔ་དང་ཕྲ་བ་རང་བཞིན་བརྒྱད་ཅུ་སྣང་གསུམ་དང་བཅས་པའི་འདུས་བྱས་ཀྱི་འཇུག་པ་ཕྲ་རགས་ཐམས་ཅད་འགག་པ་ལས་བྱུང་བའི་ཡེ་ཤེས་ཀྱི་ལུས་སྒྱུ་མ་ལྟ་བུའི་ལྷ་སྐུ་ཐུགས་འོད་གསལ་དོན་དམ་པའི་ཡེ་ཤེས་གཉིས་ཟུང་དུ་འཇུག་པའི་ཕྱག་རྒྱ་ཆེན་པོ་དང་། སློབ་དཔོན་ཡེ་ཤེས་ཞབས་ཀྱི་བཀའ་སྲོལ་ལས་བྱུང་བའི་ཟབ་པ་དང་གསལ་བ་ཟུང་དུ་འཇུག་པའི་ཡེ་ཤེས་དང་། བདེ་དགྱེས་ནས་བཤད་པའི་སྟོང་ཉིད་སྤྲོས་པ་དང་བྲལ་བ་དང་ཟུང་དུ་འཇུག་པའི་ཟག་པ་མེད་པའི་བདེ་བ་ཆེན་པོ་སོགས་ཐབས་དང་བཤད་ཚུལ་མཐའ་ཡས་པ་བྱུང་ནའང་དོན་གྱི་གནད་གཅིག་ཏུ་འབབ་པའི་ཚུལ་ཡང་བཤད་ཐུབ་པ་ཡིན་པས་མདོ་སྔགས་གཞུང་ལུགས་མཐའ་དག་གི་མཐར་ཐུག་གི་བསྟན་བྱ་དང་བསྒྲུབ་བྱ་ཉིད་དུ་གྱུར་པའོ། །
དེ་ལྟ་བུའི་མཐར་ཐུག་གི་འབབ་སར་གྱུར་པའི་ཕྱག་རྒྱ་ཆེན་པོའི་ལྟ་བའི་གནས་ལུགས་དེ་ཉིད་ཀྱི་དབང་དུ་བྱས་པའི་གཞིའི་ལྟ་བ། ལམ་གྱི་བགྲོད་ཚུལ། འབྲས་བུའི་གྲུབ་དོན་སོགས་རྒྱས་པར་ནི་ཟབ་མོ་ནང་དོན་སོགས་ངེས་དོན་གྱི་གསུང་རབ་ཆེན་པོ་དང་བླ་མ་མཁས་པའི་ངག་ལས་ཤེས་པར་བྱ་བ་ཡིན་གྱི་འདིར་རྒྱས་པར་སྨོས་ཀྱི་མི་ལང་ངོ་། །
འདི་ནི་ཟབ་མོ་སྟོང་པ་ཉིད་གཙོ་བོར་སྟོན་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་བསྡུས་པ་སོགས་ཀྱི་བཀའ་དང་། མགོན་པོ་ཀླུའི་རིགས་པའི་ཚོགས་དང་ཐལ་རང་གི་སློབ་དཔོན་ཆེན་པོ་རྣམས་ཀྱི་གཞུང་ལུགས་ཀྱི་དགོངས་དོན་མཐར་ཐུག་པ་བདེན་འཛིན་དང་མཚན་འཛིན་གྱི་སྲོག་ལ་ཤིན་ཏུ་རྣོ་བའི་གྲུབ་མཐའ་དེ་ཉིད་དཔྱིས་ཕྱིན་པའི་གོ་བ་དང་ཐ་སྙད་གཉིས་ཀ་གཞུང་གི་དགོངས་པ་གཙང་མར་འབྱུང་ཞིང་ཆེས་ཤིན་ཏུ་བླ་ན་མེད་པ་ནི་རྒྱལ་བའི་དབང་པོའི་འགྲེལ་ཆེན་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས་བྱུང་ཞིང་། ངེས་དོན་མཐར་ཐུག་གཤེགས་སྙིང་བསྟན་པའི་མདོ་སྡེ་རྣམས་དང་། སློབ་དཔོན་ཀླུའི་བསྟོད་ཚོགས། དེ་བཞིན་འཕགས་པ་ཐོགས་མེད་ནས་བརྒྱུད་པའི་སྙིང་པོ་བསྟན་པའི་ཆོས་སྐོར་མང་དུ་བཞུགས་པའི་དོན་གནད་ཤིན་ཏུ་ཟབ་པའི་སྒོ་ནས་སྒྲ་ཇི་བཞིན་པར་བསྟན་པའི་གསུང་རབས་རྒྱལ་བའི་དབང་པོའི་འགྲེལ་ཆེན་རྗེ་བཙུན་ངལ་གསོ་གཉིས་གུང་བསྒྲིགས་ཏེ་ངེས་དོན་མདོ་རྒྱུད་ཀྱི་དགོངས་དོན་མཐར་ཐུག་ཏུ་ཁྱེར་བའི་ཚུལ་གོ་སླ་བར་བཤད་པ་ཡིན་ཞིང་། འདིར་བཤད་པའི་གནད་རེ་རེ་ལ་ཡང་རྒྱབ་ལྗོངས་ཀྱི་ལུང་དང་གཞུང་ཆེན་དེ་གཉིས་གཙོ་བོར་གྱུར་པའི་ཡིག་ཆ་ཁག་ལྟོ་སྦྱར་ནས་འཆད་པར་ནུས་ནའང་བཤད་བྱའི་གནད་སྟོར་ཞིང་འཆད་བྱེད་ཚིག་ཚོགས་མང་བས་བརྩོན་པ་དང་མི་ལྡན་པ་འཇུག་དཀའ་བར་བསམ་སྟེ་ཤིན་ཏུ་ཉུང་ངུའི་ངག་གིས་གནད་རྗེན་པར་བསྟན་པ་ཡིན་ནོ། །
འདི་ནི་དེང་གི་དུས་འདིར་ཕྱོགས་རེའི་བློ་ཅན་རྣམས་ཀྱི་སྤྱོད་ཡུལ་ལས་འདས་པའི་མདོ་སྔགས་ཀྱི་གཞུང་ལུགས་མཐའ་དག་ཉམས་ལེན་གྱི་གདམས་པའི་གནད་གཅིག་ཏུ་ཁྱེར་བའི་ཚུལ་ཡིན་པས་རྒྱལ་དབང་ཡབ་སྲས་ཀྱི་རིངས་ལུགས་ཚུལ་བཞིན་འཛིན་པར་འདོད་པ་དག་དགའ་བར་གྱིས་ཤིག །
གཞན་ཡང་། རྒྱལ་དབང་མི་བསྐྱོད་པའི་གཞུང་དང་སློབ་ཆེན་སོ་སོའི་བཤད་པ་མི་འདྲ་བ་ལ་བརྟེན་ཏེ་རྗེ་ཉིད་ཀྱི་དགོངས་པ་རང་སྟོང་དང་གཞན་སྟོང་གང་དུ་གནས་པའི་ཐད་ནས་དེང་གི་དྭགས་བརྒྱུད་པ་དག་གི་འདོད་ཚུལ་མི་འདྲ་བ་མང་པོ་དང་། དེ་དག་གི་རྒྱབ་ལྗོངས་ཀྱི་ཁུངས་མི་འདྲ་བ་མང་དུ་འདྲེན་པར་མཐོང་ནའང་། བསྟན་པ་སྤྱིའི་བབས་དང་གོ་བ། བཀའ་བརྒྱུད་གོང་མའི་གསུང་རབས་དང་དགོངས་པ། རྗེ་ཉིད་ཀྱི་མདོ་སྔགས་ཀྱི་གཞུང་ཆེན་སྤྱིའི་བབས་དང་བཅས་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་ཡིན་པས། གཞུང་ཚན་ཕྱོགས་རེ་བ་དང་། ལུང་ཁུངས་དང་སློབ་ཆེན་རྣམས་ཀྱིས་བཞེད་ཚུལ་མི་འདྲ་བ་དེ་དག་གིས་ནི་སྐབས་ཀྱི་གདུལ་བྱ་ལ་ལྟོས་པའི་ལྟ་གྲུབ་རྩལ་དུ་འདོན་ཚུལ་ཙམ་ལས་ཀུན་མཁྱེན་བླ་མའི་བཞེད་པའི་ཕུག་ཏུ་གྲུབ་པར་མི་སེམས་སོ། །
རྒྱུ་མཚན་དེས་ན་རྟོག་གེའི་བློ་ལ་འཕྲོད་བདེ་བ་དང་ཁ་ནས་བརྗོད་བདེ་ཙམ་ཞིག་གཙོ་བོར་མ་བྱས་པར་བཀའི་དགོངས་པ་ཤིང་རྟ་ཆེན་པོའི་གཞུང་ལུགས་ལས་བྱུང་བའི་རིགས་པའི་འབབ་སོ། གྲུབ་ཐོབ་བརྒྱུད་པའི་མན་ངག་གི་དགོངས་པ་ཐམས་ཅད་གནད་གཅིག་ཏུ་བསྡུས་ནས་དཔྱོད་ལྡན་ངོ་མཚར་སྐྱེ་ཞིང་། ཆོས་དང་བརྒྱུད་པ་ལ་ལྷག་ཏུ་ཡིད་ཆེས་བརྙེད་པའི་ཚུལ་འདི་ལྟ་བུ་ནི་རྣམ་དཔྱོད་དང་ལྡན་ཞིང་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་ཆེན་པོ་ཐོས་བསམ་སྒོམ་པས་ཡང་ཡང་མྱང་པ་ལས་བྱུང་བའི་ཡང་དག་པའི་ཤེས་རབ་ཅན་གྱི་བགོ་སྐལ་ཁོ་ནའོ། །
སླར་སྨྲས་པ།
མཐའ་བྲལ་ཆོས་ཉིད་གཤིས་ཀྱི་བཞུགས་ཚུལ་དང་། །
རང་བྱུང་བདེ་བ་ཆེན་པོ་ཟུང་འཇུག་པའི། །
ངེས་དོན་ལྷ་སྔགས་ཕྱག་རྒྱའི་དཀྱིལ་འཁོར་ཆེ། །
མ་ལུས་རྒྱལ་བ་རྒྱ་མཚོའི་ཐུགས་བཅུད་ཉིད། །
ཤེས་བྱའི་དངོས་པོ་ཀུན་གྱི་དེ་ཉིད་དང་། །
འཁོར་འདས་ཅིར་ཡང་འཕྲོ་བའི་ཡེ་ཤེས་གཉིས། །
གཅིག་ཏུ་འདྲེས་པ་རྣམ་ཀུན་མཆོག་ལྡན་སྐུར། །
ཟུང་འཇུག་རྒྱ་ཆེན་པོ་ཞེས་སུ་གྲགས། །
སྣོད་བཅུད་སྣང་སྲིད་སེམས་ཀྱི་ཆོ་འཕྲུལ་ཏེ། །
སེམས་ཉིད་མཐའ་བྲལ་སྟོང་པ་ཆེན་པོར་གནས། །
སྟོང་ཉིད་བདེ་བ་ཆེན་པོར་འཆར་བ་སྟེ། །
ཚུལ་འདི་གྲུབ་ཐོབ་བརྒྱུད་པའི་གཤེགས་ཤུལ་ཡིན། །
མཚན་ལྡན་མཁས་གྲུབ་དམ་པའི་ཞབས་ཟུང་རྡུལ། །
ཡུན་རིང་གཙུག་ཏུ་བསྟེན་པའི་ལེགས་བྱས་ཆབ། །
ཡང་ཡང་བརྩོན་པས་བཏུང་བ་སྒྲེག་པའི་ངད། །
དཔྱོད་ལྡན་དོན་གཉེར་དགྱེས་པའི་དཔྱིད་དུ་སྤྲོ། །
འདི་ལྟར་འབད་པའི་རབ་དཀར་ཚོགས་གཉིས་རྒྱུན། །
གངས་ཅན་ལུགས་གཉིས་དགེ་བའི་དཔྱིད་གྱུར་ཏེ། །
བསྟན་འཛིན་དམ་པའི་མཛད་བཟང་ཉིན་མོའི་མགོན། །
མི་མཐུན་གཡུལ་ལས་རྒྱལ་བའི་རྐྱེན་དུ་ཤོག །
བདག་ཀྱང་སྐྱེ་དང་སྐྱེ་བའི་ཕྲེང་བ་རུ། །
ངེས་དོན་མདོ་སྔགས་ཚུལ་བཞིན་འཆད་པའི་ངག །
འགྲོ་བའི་ཁམས་དང་མཚུངས་པར་འཇུག་པ་ལ། །
ཆགས་ཐོགས་མེད་པའི་ཕྲིན་ལས་རྒྱས་གྱུར་ཅིག །
ཅེས་པ་འདི་ཡང་གངས་ཅན་དགེ་བའི་རིགས་སུ་སྐྱེས་ཤིང་འཛམ་གླིང་གི་ཆེས་ཆེ་བའི་ནང་བསྟན་ཆོས་གྲྭ་ཆེན་མོ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་མཁས་ཤིང་གྲུབ་པའི་དགེ་བའི་བཤེས་གཉེན་མང་པོ་ལས་མདོ་སྔགས་རིག་པའི་གཞུང་ལུགས་དུ་མར་ཡང་ཡང་གོམས་པར་བྱས་པའི་སྐལ་བཟང་ལས། ངག་གི་སྒོ་ཡངས་པོར་གྱུར་པའི་ཐོས་བསམ་པ་ཡུལ་ཤུལ་བར་འབོད་པའི་ཀར་ཚེས་བོད་རབ་བྱུང་བཅུ་བདུན་པའི་མཛེས་བྱེད་ཆུ་ཡོས་རྒྱལ་ཟླའི་དཀར་ཕྱོགས་དགའ་བ་གསུམ་པའི་ཚེས་ལ་སྦྱར་བའི་དགེ་བས་བསྟན་པ་དང་བསྟན་འཛིན་མཐའ་དག་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4516
2024 ལོའི་ཟླ 4 ཚེས 2 ཉིན། ཕྱི་དྲོ། 1:31
བཟང