【ནང་དོན་གནད་བསྡུས།】

རྩོམ་ཤོག་འདིའི་ནང་དུ་རྒན་ཞེས་པའི་ཡི་གེའི་འཇུག་ཚུལ་ལ་རིགས་དུ་མ་ཡོད་པའི་ལུང་ཁུངས་དྲངས་པ་དང་། དེང་རབས་ཀྱི་སྐད་ཆའི་འགྲོས་དང་བསྟུན་ནས་རོབ་ཙམ་དཔྱད་ཞིབ་བྱས་ཡོད།

【བརྡ་ཆད་གཙོ་བོ།】

རྒན། དགེན། བྱིས་པ།
ཉེ་བའི་ལོ་ཤས་ནང་དུ་བོད་ཀྱི་རྩོམ་པ་པོའི་སྡེ་ཁག་ཏུ་”དགེན་”ཞེས་པའི་ཚིག་འདི་འབྲི་སྲོལ་ཧ་ཅང་དར་ཁྱབ་བྱུང་ཞིང་། དེང་སང་གི་མཁས་པ་མང་པོས་”རྒན་”ཞེས་པའི་མིང་ཚིག་འདི་རང་ལས་ལོ་ན་མཐོ་བ་གཅིག་པུ་ལ་འཇུག་པར་འདོད་ཅིང་། གུས་ཞབས་ཀྱི་ཚུལ་དུ་”དགེན་”ཞེས་པའི་མིང་ཚིག་འདི་གསར་བཟོ་བྱས་པ་དང་། ཡང་མཁས་པ་འགས་གྲྭ་བཙུན་གྱི་མིང་གི་སྔོན་དུ་”དགེ”ཞེས་འབྲི་བ་སོགས་གཅིག་གྱུར་མེད་པའི་ལམ་ལུགས་གསར་པ་མང་པོ་བྱུང་རྒྱལ་དུ་སྨྲ་བཞིན་འདུག །
སྤྱིར་དུས་རབས་གསར་པ་ལ་བསམ་བློ་གསར་པ་དང་། གསར་གཏོད་གསར་པ་སོགས་ཡོང་ཆོག་མོད། བཀོལ་སྤྱོད་དགོས་མཁོ་ཡོད་པའི་མིང་ཚིག་རྙིང་པ་ལ་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་བ་ནི་ཨ་གསར་གྱི་གོད་ཆགས་ཤིག་ཡིན་པ་ལས། སྔོན་ཐོན་གྱི་བསྒྱུར་བཅོས་སྒོ་དབྱེ་ཞིག་ལ་ངོས་འཛིན་ནམ་ཡང་མི་ཡོང་།
ཡིན་ནའང་སྤྱི་ཚོགས་ཀྱི་འཕོ་འགྱུར་ཁྲོད་བྱ་དངོས་གསར་པ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་དེ་དང་དེ་ལ་ཐ་སྙད་གསར་པ་རེ་དགོས་ངེས་ལ། དེ་སྔོན་གྱི་མཁས་པ་རྣམས་ཀྱིས་མི་རིགས་གཞན་གྱི་སྐད་དང་བསྟུན་ནས་མིང་ཚིག་གསར་པ་ཡང་བཟོས་མྱོང་ཡོད་པ་ནི། དཔེར་ན། རྒྱ་ཡིག发ལྟ་བུའི་སྒྲ་གདངས་འགྱུར་བའི་ཆེད་དུ་ཧྥ་ཞེས་པའི་མིང་ཚིག་གསར་བཟོ་བྱས་པ་ལྟ་བུ་ནི་བསྔགས་འོས་པ་ཞིག་རེད། ཡིན་ནའང་དེ་སྔོན་ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་བྱ་དངོས་ཞིག་ལ་བེད་སྤྱད་ཟིན་པའི་མིང་ཚིག་ཡི་གེ་ཞིག་ཡོད་བཞིན་དུ་སླར་ཡང་གསར་བཟོ་བྱས་ན། རྩོད་གཞི་ཅན་གྱི་མིང་ཚིག་ཅིག་གྲུབ་ཅིང་དེ་ལ་བརྟེན་ནས་མིང་ཚིག་དེའི་ནང་དོན་ཡང་རྟོགས་དཀའ་བའི་གནས་སུ་ལྷུང་འགྲོ་བ་ནི་སྨྲོས་མ་དགོས་སོ། །
སྐབས་འདིར་དཔྱད་པར་བྱ་བ་ལ་རྩ་བའི་ས་བཅད་གཉིས་ལས།
སྔར་ནས་བོད་ལ་འབྲི་སྲོལ་ཡོད་པའི་ཁུངས་དང་། དེང་རབས་སྤྱི་ཚོགས་སུ་ཇི་ལྟར་གྲགས་ཚུལ་ལོ།
❶སྔར་བོད་ལ་འབྲི་སྲོལ་ཡོད་པའི་ཁུངས་ལ། བཀའ་འགྱུར་ལས་ཇི་ལྟར་བྱུང་ཚུལ་དང་། བསྟན་འགྱུར་ལས་ཇི་ལྟར་བྱུང་ཚུལ་ཏེ་གཉིས་ལས།
དང་པོ་བཀའ་འགྱུར་ལས་བྱུང་ཚུལ། རྒན་ཞེས་པའི་ཚིག་འདི་རང་ལས་ལོ་ན་རྒན་པ་ཁོ་ནར་མི་འཇུག་པར་དེ་ལས་གཞན་འཇུག་ཚུལ་མང་པོ་ཡོད་པ་ནི། སྔར་རྒྱ་གར་འཕགས་པའི་ཡུལ་དུ་ཡོད་པ་བཞིན་དུ་ང་ཚོ་བོད་དུའང་བཀའ་བསྟན་བོད་དུ་འགྱུར་བའི་དུས་སྐབས་ནས་དར་ཁྱབ་བྱུང་ཡོད་པའི་དཔང་རྟགས་ཡོད་ལ། དེ་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས།”འོད་སྲུང་ཆེན་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། འཇམ་དཔལ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་ནི་སུ་ཡང་ནས་རྒན་པ་དང་། ལོ་གྲངས་ཀྱིས་རྒན་པ་ལ་མི་བགྱིའི། འཇམ་དཔལ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་ནི་ཤེས་རབ་ཀྱིས་རྒན་པ་དང་། ཐོས་པས་རྒན་པ་དང་། སྤོབས་པས་རྒན་པ་དང་། དབང་པོ་ཤིན་དུ་རྣམ་པར་ཕྱེ་བ་ལ་རྒན་པ་ཞེས་བགྱི་ལ། འཇམ་དཔལ་ཁྱོད་ཀྱང་ཤེས་རབ་ཀྱིས་བགྲེས། གསན་པས་བགྲེས། སྤོབས་པས་བགྲེས། དབང་པོ་དམ་པ་དང་། དམ་པ་མ་ལགས་པར་མཁྱེན་པ་ལ་མཁས་པས་དེའི་སླད་དུ་ཁྱོད་ཉིད་ཐུ་བོ་བགྲེས་པ་ལགས་ཀྱིས་མདུན་དུ་བཞུད་ཅིག །”ཅེས་རང་ལས་ཁྱད་ཆོས་སམ་ཡོན་ཏན་གང་རུང་མཐོ་བའི་མི་ལ་རྒན་པ་ཞེས་ཐ་སྙད་བཀོལ་ཡོད།
ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ལས་བྱ་བའི་མདོ་ལས།”འདིར་རྒན་པ་ནི་རིམ་པ་བཞིན་དུ་ལྔ་སྟེ་དབང་གིས་རྒན་པའི་གོ་རིམ་ནི་གཅིག་གོ །བརྟུལ་ཞུགས་ཀྱིས་རྒན་པའི་གོ་རིམ་ནི་གཉིས་པའོ། །ཡེ་ཤེས་ཀྱིས་རྒན་པའི་གོ་རིམ་ནི་གསུམ་པའོ། །སྐྱེ་བས་རྒན་པའི་གོ་རིམ་ནི་བཞི་པོ། །རིག་པས་རྒན་པའི་གོ་རིམ་ནི་ལྔ་པའོ། །”ཞེས་རྒན་པ་ཞེས་པའི་ཐ་སྙད་དེ་ལ་འཇུག་ཚུལ་རིགས་མི་འདྲ་བ་ལྔར་གསུངས་པ་དང་།
ཡང་དེ་ཉིད་ཀྱི་འདུལ་བ་ལུང་བཞི་ལས་”དེས་ཚིགས་སུ་བཅད་པ་སྨྲས་པ། མི་གང་རིགས་ཀྱིས་རྒན་པ་དང་། །ན་ཚོད་རྒན་དང་ནོར་གྱིས་རྒན། །དེ་ཀུན་ཐོས་པས་རྒན་པ་ཡི། །སྒོ་ན་དོན་ཀུན་གཉེར་བས་སྡོད།”ཅེས་རྒན་པ་ལ་རིགས་ཀྱིས་རྒན་པ། ན་ཚོད་ཀྱིས་རྒན་པ། ནོར་གྱིས་རྒན་པ། ཐོས་པས་རྒན་པ་བཅས་མི་འདྲ་བ་བཞིར་གསུངས།
གཉིས་པ་བསྟན་འགྱུར་ལས་བཀོལ་ཚུལ།
རིགས་ལྡན་པད་མ་དཀར་པོའི་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས།”དཀའ་ཐུབ་ཀྱིས་རྒན་པ་ནི་ངུར་སྨྲིག་འཛིན་པ་སྟེ། ངུར་སྨྲིག་འཛིན་པ་རྣམས་ལས་ལོ་དང་། སྔགས་པ་རྣམས་དབང་གིས་རྒན་པ་ཁྱིམ་པའི་སློབ་དཔོན་རྣམས་ཀྱིས་ཐམས་ཅད་དུ་ཕྱག་བྱ་སྟེ། དཀའ་ཐུབ་ཀྱིས་རྒན་པའི་ཕྱིར་དང་། ཁྱིམ་པ་རྣམས་ལ་མངོན་པར་ཤེས་པ་མེད་པའི་ཕྱིར་རོ། །ཐོས་པས་རྒན་པ་ནི་མཁས་པ་མཆོད་པར་འོས་པ། བསྟན་པ་གསལ་བར་བྱེད་པ་ཕས་ཀྱི་རྒོལ་བ་བདུད་ཀྱི་རིགས་རྣམས་འདུལ་བར་བྱེད་པ་སྟེ། འདི་དག་ནི་འཇིག་རྟེན་ཕ་རོལ་གྱི་དོན་དུ་སེམས་ཅན་རྣམས་ཀྱིས་མཉེས་པར་བྱ་བའོ། །ནོར་གྱིས་རྒན་པ་ནི་རྒྱལ་པོ་སྟེ་འཇིག་རྟེན་འདིའི་ལོངས་སྤྱོད་དོན་དུ་གཉེར་བ་རྣམས་ཀྱིས་མཉེས་པར་བྱ་བའོ། །དེ་ལྟར་རྒན་པོ་བཞི་ནི་སེམས་ཅན་རྣམས་ཀྱིས་མཉེས་པར་བྱ་བའོ། །”ཞེས་རྒན་ཞེས་པའི་ཐ་སྙད་དེ་ལ་འཇུག་ཚུལ་མི་འདྲ་བ་མང་པོར་གསུངས།
བསྟན་འགྱུར་བརྟག་གཉིས་རྒྱ་ཆེན་འགྲེལ་ལས།”ཇི་ལྟར་ལང་ཚོ་གཞོན་ནུ་མཁས་པ་ཡེ་ཤེས་ཅན་ཡོན་ཏན་གྱིས་རྒན་པ་ནི་རྒན་པའོ། །”ཞེས་རང་ལས་ཡོན་ཏན་མཐོ་བའི་མི་ལ་རྒན་པ་ཞེས་པའི་ཐ་སྙད་འབོད་ཚུལ་ཡོད།
གནས་བརྟན་ཉི་མའི་དཔལ་གྱི་མདོར་བཤད་བདུད་རྩིའི་ཐིགས་པ་ལས།”ཏིང་ངེ་འཛིན་གྱི་རྒྱལ་པོའི་རིམ་པས་ཡེ་ཤེས་རྒན་པའི་བདག་ཉིད་ཀྱི་ཕྱིར་རྒན་པའོ། །”ཞེས་སོགས་ཁུངས་ཧ་ཅང་མང་མོད་དེ་ཙམ་ལས་མ་དྲངས་སོ། །
❷དེང་རབས་སྤྱི་ཚོགས་སུ་ཇི་ལྟར་གྲགས་ཚུལ་ལ། དེང་སང་རྒྱ་ནག་གི་ཡུལ་ལྗོགས་འགའ་ཞིག་གི་ཕོ་སར་ཚོའི་ཁ་སྐད་ལ། 老子就是有钱人ཞེས་ཟེར་གྱི་ཡོད། སྐད་ཆ་ཤོད་སྟངས་འདི་རང་ལས་དངུལ་ཉུང་བའི་མི་ལ་རྫིག་ཉམས་སྟོན་བྱེད་ཅིག་ཡིན་ལ། མདོར་ན་རང་ཉིད་ནི་སྐད་ཆ་བཤད་སའི་མི་དེ་ལས་དངུལ་གྱིས་རྒན་པ་སྟེ།老子ཡིན་པར་སྟོན་གྱི་ཡོད་རེད། རྒྱ་ནག་གི་གློག་བརྙན་གྲགས་ཅན་ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར་གྱི་ནང་དུ་སྤྲེལ་རྒན་དེས་སོ་སོ་རང་ཉིད་ལ་孙爷爷ཞེས་ཆེ་བསྟོད་བྱེད་སྐབས་རང་ཉིད་ནི་གདུག་འདྲེ་དེ་ལས་དྲག་རྩལ་གྱིས་རྒན་པ་ཡིན་པའི་ཉམས་སྟོན་གྱི་ཡོད་པ་ལས་ལོ་ན་མཐོ་བའི་རྒས་པོ་ཡིན་ཞེས་ག་ལ་ཤོད་སྲིད། ད་དུང་རྒྱ་ནག་གི་ཁ་སྐད་དུ་老师 老总ཞེས་རྒྱུན་འབྱམས་སུ་ཆགས་ཡོད་པས་རྒན་པ་སྟེ་老་ཞེས་པ་ནི་ལོ་ན་མཐོ་བ་གཅིག་པུ་ལ་མི་འཇུག་བར་ཚིག་དེ་ལ་གུས་ཞབས་ཀྱི་མཚོན་དོན་ཡོད། མདོར་ན་གནའ་བོར་རྒྱ་ནག་གི་ཁ་སྐད་དུའང་རྒན་པའི་ནང་དོན་དེ་ལོ་རྒན་པ་གཅིག་པུ་ལ་མི་འཇུག་པར་རང་ལས་འཇོན་ཐང་མཐོ་བའི་མི་ལ་གུས་ཞབས་མཚོན་ཆེད་བེད་སྤྱོད་བྱེད་སྲོལ་ཡོད་པར་ཤེས་ཐུབ་བོ། །
དེང་སང་ལྷ་སའི་ཁུལ་གྱི་ཕོ་གསར་ཚོས་ཕན་ཚུན་ཁ་བརྡ་བྱེད་སྐབས་“ཀྭེ། ཅ་ལག་དེ་སྤོ་ངའི་རེད། ཚུལ་སྤྲོད་ཤོག”ལྟ་བུ་ཤོད་སྲོལ་ཡོད་པ་དང་། “ང་ཁྱོད་རང་གི་སྤོ་ཡིན་ཀྭེ། ཁྱོད་རང་ག་རེ་བྱེད་ཡ་ཡོད་ན་ཤོག་དང་ཀྭེ།”ཞེས་སོགས་ཤོད་སྲོལ་ཡོད་པས། ང་ནི་རང་ལས་འཇོན་ཐང་ཆེ་བའི་མི་ཞིག་ཡིན་མདོག་མདོག་བྱེད་པ་ལས། ང་རྒས་པོ་ཡིན་ཞེས་ནམ་ཡང་ཟེར་གྱི་མེད།
ལྷག་པར་དུ་”བྱིས་པ་”ཞེས་པའི་ཐ་སྙད་དེའང་ཕྲུ་གུ་ལོ་ཆུང་གཅིག་པུ་ལ་གོ་བ་མ་ཡིན་པར། ཤེས་རྒྱ་ཆུང་བའི་མི་ལའང་འཇུག་པ་ཡོད་པ་ནི། བྱིས་པ་སོ་སོའི་སྐྱེ་བོ་ཞེས་སྔར་གྱི་བཀའ་བསྟན་གཉིས་དང་དེང་སང་གི་གཞུང་ལུགས་ཀུན་ལ་རླུང་ལྟར་གྲགས་པས་ལུང་འདྲེན་མི་དགོས་ལ། ཁམས་པའི་ཡུལ་སྐད་དུ་མི་གཞན་ལ་མཐོང་ཆུང་བྱེད་སྐབས། “ཨ་ཉོག་གི་སྐད་ཆ་དེ་འདྲ་བཤད་མ་ཡོང་།”ཟེར་ན་མི་དེས་བཤད་པའི་སྐད་ཆ་ལ་རིན་ཐང་མེད་པའི་བརྡ་སྟོན་གྱི་ཡོད་པ་དང་། “མི་རྒན་གྱི་སྐད་ཆ་རེད།”ཟེར་ན་སྐད་ཆ་དེ་ལ་རྒྱུ་མཚན་ཚད་མཐོ་པོ་ཞིག་ཡོད་པའི་བརྡ་སྟོན་གྱི་ཡོད། མདོར་ན་རྒན་ཞེས་པའི་སྒྲ་དེ་སྐབས་སྟོབས་ཀྱིས་གོ་བ་རེ་ལེན་རྒྱུ་ཡོད་པས་མཐའ་གཅིག་འཛིན་གྱི་ལོག་རྟོག་གིས་རྒྱུད་མ་བསླད་ན་ཡག་གོ །
སྤྱིའི་སྡོམ་དུ་དྲིལ་ན།
བྱིས་པ་ཞེས་པའི་ཐ་སྙད་དེ་མཐོང་ཆུང་གི་སྐད་ཆ་ལའང་འཇུག་པ་དང་། རྒན་ཞེས་པའི་ཐ་སྙད་དེ་གུས་ཞབས་ཀྱི་སྐད་ཆ་ལའང་འཇུག་པས། གུས་ཞབས་ཀྱི་ཚུལ་དུ་མི་མིང་གི་སྔོན་དུ་རྒན་ཞེས་པའི་མིང་ཚིག་འདི་བྲིས་ན་སྔར་གྱི་གཞུང་ལུགས་ཀུན་དང་མཐུན་ལ་དེང་གི་སྐད་ཆའི་འགྲོས་ཀྱང་མཐུན་པས། མཐའ་གཅིག་ཏུ་དགེན་ལྟ་བུའི་མིང་ཚིག་གསར་པ་དེ་འཇུག་དགོས་པར་སྨྲ་བ་ནི་མཐོང་རྒྱ་ཆུང་བའི་རང་མཚང་བརྡོལ་བ་ལས་མ་འདས་པས་སྨྲ་བ་ཉུང་ན་ཤིན་ཏུ་མཛེས་སོ། ། ། །

【དཔྱད་གཞིའི་ཡིག་ཆ།】
སྡེ་བཀའ།
སངས་རྒྱས་ཤཱཀྱ་ཐུབ་པའི་ལས་བྱ་བའི་མདོ།
སངས་རྒྱས་ཤཱཀྱ་ཐུབ་པའི་འདུལ་བ་ལུང་གཞི།
སངས་རྒྱས་ཤཱཀྱ་ཐུབ་པའི་མ་སྐྱེས་དགྲའི་འགྱོད་པ་བསལ་མདོ།
སྡེ་བསྟན།
རིགས་ལྡན་པད་མ་དཀར་པོའི་དུས་འཁོར་འགྲེལ་ཆེན་དྲི་མེད་འོད།
ནག་པོ་བ་ཆུང་བའི་བརྟག་གཉིས་རྒྱ་ཆེན་འགྲེལ།
གནས་བརྟན་ཉི་མའི་དཔལ་གྱི་མདོར་བཤད་བདུད་རྩིའི་ཐིགས་པ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4503