ད་ལྟའི་ཉི་མ་ནི་དྲོ་གྲང་མི་སྙོམ་པ་ཞིག
སྐབས་རེ་གྲང་ལ། སྐབས་རེ་དྲོ།
རྩྭ་ཀུ་ཤའི་རྩེ་མོ་ནུབ་ལ་ཕྱོགས།
སྟོན་ཁ་ཞེས་པའི་ཐ་སྙད་ཅིག
ངག་ཏུ་ཡང་ཡང་ལེན་དགོས་བྱུང་།

ཁོ་ཧྤེ་ཁང་གི་ཉི་ནུབ།
སྤྲོ་སྐྱིད་གླིང་ཀ་དང་འདྲ།
དེ་རུ་ཉི་འོད་སྣུམ་པོ་ཞིག་འཕྲོ།
འོད་ལམ་ལམ་གྱི་ལམ་འགྲམ་དང་།
སྒོ་བྱང་གི་ཡིག་འབྲུ་རེ་རེ་ནས་མཐོང་ཐུབ།
རྨི་ལམ་མིན་པའི་རྫོང་མཁར་ཞིག་གི་བཀོད་པ།

བྲལ་བ་ནི་སྡུག་བསྔལ་ཡིན།
མཐུད་ཅིང་མཐུན་པ་ཡང་སྡུག་བསྔལ་ཡིན།

མི་ཚེ་ནི་རྨི་ལམ་ཐེངས་ཤིག་ཡིན་ཡང་སྲིད་མོད།
རྣམ་ཤེས་ནི་རྨི་ལམ་དུ་བཏང་བའི་གཤོག་བྱ་ཞིག་རེད།
རླུང་གི་ཁུར་བའི་ངའི་རྣམ་ཤེས་ལགས།
ད་ལྟ་ཤར་ལྷོ་ནུབ་བྱང་གང་ཞིག་ལ་འཕུར་འདང་ཡིན།
ལྷག་ཏུ་སང་ལོ་ཞེས་པའི་ཐ་སྙད་ལྗིད་ཏིག་ཏིག་གི་ངོས་སུ།
ཅི་ལྟར་འཕུར་འདང་ཡིན། ངའི་རྣམ་ཤེས་ལགས།

རང་ཁྱིམ་གྱི་དྲོད་ཁོལ།

ང་རང་ཁོ་ན་མེ་ལྕེ་རུ་གྱུར།
ལོ་མ་གཅིག་གི་སྟེང་ལ།
རུ་སྡེ་ཞིག་བསྐྲུན།
དེ་རུ་འགྱིག་གི་བུ་མོ་ཞིག་ཀྱང་བཟོས།
མིང་ལ་ཟླ་བའི་སྲས་མོ་དང་ལྷ་ཡི་བུ་མོ་ཞེས་བཏགས།
གློག་སྒྲོན་དང་ཁྱིམ་གྱི་ཅ་དངོས་དག་ཀྱང་བཤམས།
སྐབས་དེར་མུན་ནག་ཁྲོད་དུ་གློག་དམར་འཁྱུག་ཅིང་འབྲུག་སྒྲ་གྲག
གློག་སྒྲོན་གཟིམས་སོང་།
ཁྱིམ་གྱི་ཅ་དངོས་དག་ཀྱང་ནག་བེར་བེར་ཏུ་གྱུར།
ད་གཟོད་མདུན་ཅོག་སྟེང་ལ་ཤོག་བུའི་སྒྲོམ་དུ་མཆོད་མེ་བཀར།
མེ་ལྕེབས་དག་ཀྱང་གར་ལ་རོལ་ཞིང་ཁྱིམ་གྱི་དྲོལ་ཁོལ་བྱིན།

རང་གི་སྐྱེས་སྐར་ལ།

ཤོག་བུའི་ཞྭ་མོ་གྱོན་རྒྱུ་བརྗེད་སོང་།
ཅེས་ཀྱང་གྱོན་དགོས་ཟེར།
ངའི་རུས་གསེང་ལ་ཚ་ཤད་ཅིག་བརྒྱབ།
དྲོ་གྲང་མི་སྙོམ་པའི་ཚ་ཤད་དེའང་།
ཁ་བའི་འདབ་མ་ཞིག་ཏུ་གྱུར།
ཤེལ་སྒོའི་ངོས་ཀྱི་ཁ་རླངས་བཞིན།
གློ་བུར་གློར་བུ་དུ་ང་ལ་ཕྲག་ཐོ་རེ།

སྨིན་དྲུག་དྲན་ཐེངས་རེ་ལ།

ཨ་ཕྱིའི་སྐྲ་ལོ་དག་ཁ་བའི་འདབ་མ་རེ་རེར་གྱུར།
དུས་ཀྱི་རླུང་ནང་ནས་གངས་དཀར་གྱི་རི་བོར་ཐིམ།
མེས་པོའི་རྐང་རྗེས་ལ་མེ་ཏོག་གི་འདབས་ར་མེད་ཀྱང་།
སེམས་ཀྱི་སྟོང་སྒྲོམ་ལས་ཕྱི་དྲན་གྱི་ཁ་བཏགས་རུམ་ཆོག

ངས་ཉི་མ་ནུབ་རྗེས་ཀྱི་ནམ་མཁའ་གཡའ་དག་པར་བལྟས།
རྒྱུ་སྐར་སྟོང་ཕྲག་ལས་སྐར་མ་སྨིན་དྲུག་འཆར་བར་བསྒུག
སྨིན་དྲུག་དྲན་ཐེངས་རེ་ལ་ངེད་ཚང་གི་མེས་པོ་དག་དྲན།
ཨ་ཕྱིའི་སྐར་མ་སྨིན་དྲུག་གི་རྒྱུ་ལམ་དང་ངོ་བོ་བཤད་མྱོང་།
ད་དུང་སྐར་མ་མང་པོ་ཞིག་གི་ཤར་ནུབ་དང་འགྲོ་འདུག་བཤད།
མཐའ་ཡས་པའི་རྒྱུ་སྐར་ཀྱི་འཁོར་ལམ་ལས་སྐར་མ་སྨིན་དྲུག
ཨ་ཕྱིའི་ང་ལ་གནང་བའི་ཐོག་མའི་འཇིག་རྟེན་དང་དེ་ཉིད་ཡིན།

ཟླ་བདུན་པའི་མུ་གེ

ངའི་ཡིག་ཚོགས་ལ་ཐན་པ་བྱུང་།
མགོ་བོ་མར་མར་ཡོང་བའི་ཐན་པ་བྱུང་།
མིག་ཆུ་ཤམ་ཤམ་བཞུར་བའི་ཐན་པ་བྱུང་།
བརྩམ་སྒྲུང་ནང་གི་ཐན་པ་ལྟ་བུ་ལར་ནས་མིན།

སོ་སོར་སོང་བའི་གཏམ་རྒྱུད་བྲིས།
གླུ་སྐད་ལྷང་ལྷང་དེའི་ངོས་སུ།
ལྷམ་མཐིལ་གྱི་ས་རྡུལ་བྲིས།

མཚན་མོ་རེ་རེ་ལ།
གཉིད་ལྕོག་བྱས།
སེམས་ཀྱི་གཟེབ་ཏུ།
བྱ་ཁྱུ་འཁོར་བར་རྨིས།

སྡོད་ཁང་འདིར།
སྡོད་ཁང་ཆུང་ཆུང་འདིར།
འཁོར་བའི་བས་མཐའ་བྲིས།
དབུལ་ཕྱུག་གི་གྲངས་ཀ་དཔར།
ང་ལ་འབྲེལ་བ་ཅི་ཡང་མེད་པའི་དེ་དག
ང་དང་རྒྱང་ནས་རྒྱང་དུ་བཀྱེད་དེ་སོང་།

ངའི་ངང་ཐུང་བའི་གཤིས་ཀ་དེ།
བཅོས་སུ་མེད་པའི་ནད་རྙིང་ཞིག་དང་འདྲ།
མཐོན་པོའི་སྒང་ལ་འབུད་མྱོང་མེད་པས།
དམའ་མོའི་གཞུང་དེ་མཐོང་བའི་དཔེ་མེད།

ང་རང་མ་ཤི་བའི་སྔོན་ལ།

ང་རང་མ་ཤི་བའི་སྔོན་ལ།
ཁ་ཆེམས་ཡི་གེ་ཞིག་འབྲི་ངེས།
ངའི་ཁྲག་འདི་གངས་ལ་དབང་།
ངའི་རུས་པ་དེ་ཕ་ཡུལ་ལ་དབང་།
ང་ལ་ཡོད་ཚད་ཟེར་བ་ཞིག་མེད་ཀྱང་།
ངའི་ཡོད་ཚད་ལུང་པ་འདི་དག་ལ་དབང་།
ངའི་སེམས་པས་མྱོང་ཐུབ་པའི་ལུང་པ་འདི་དག་དབང་།

ང་རང་མ་ཤི་བའི་སྔོན་ལ།
འཕྲིན་ཡིག་ཅིག་ཅེས་ཀྱང་འབྲི་ངེས།
ཁ་བྱང་ལ་[མུ་གེ་མང་བའི་ལོ་ཟླ།]ཟེར།
མི་ཚེ་ནི་གློག་བརྙན་ཟློས་གར་ཞིག་དང་འདྲ།
ཡང་ན་རྟོག་བཏགས་ཀྱི་སྒྲུང་རིང་ཞིག་དང་འདྲ།
ལོ་ཟླ་ཡོད་ཚད་ཀྱང་སྟོན་རླུང་གི་ཁུར་བའི་ཤིང་ལོ་དང་འདྲ།
དོན་དངོས་སུ་ངས་བྲིས་པའི་འཕྲིན་ཡིག་འདི་སུས་ཀྱང་བཀླག་ཆོག
འཕྲིན་ཡིག་འདི་ལ་ཁ་བྱང་མེད་ཅེས་བཤད་ཆོག་ཆོག་ཅིག་ཀྱང་བྲིས་ཡོད།

ང་རང་མ་ཤི་བའི་སྔོན་ལ།
ཕ་ཡུལ་གྱི་ནམ་མཁའ་དང་ས་གཞི།
དྭངས་གཙང་གི་ཆུ་བོ་དང་རྩྭ་ཐང་ལ།
ཕྱིར་ལྟ་ཐེངས་ཤིག་ཅེས་ཀྱང་བྱ་ངེས་སོ།།

༢༠༢༣/༡༡/༡༢རྟའུ་ནེ་ཁྱཱ་ཁོ་ཧྥེ་ཁང་ནས་བྲིས།

སྐྱེ་འཆིའི་ཉི་ནུབ།

སྔགས་ཡིག་ཅིག
ངག་ཏུ་ལེན་དགོས་བྱུང་།
ལྕེ་ཐོག་གི་བུ་རམ་བཞིན།
མངར་སྐྱུར་ལ་མྱོང་གོམས་བྱས།
ནགས་ཚལ་གྱི་གསེང་དུ།
ཟླ་བའི་གཙང་བོ་བཞུར།
ཁ་དོག་མ་ངེས་པའི་སྐྱེ་བ།
ནམ་ཞིག་ལ་དབུ་བརྙེས།

གས་ཆག་ཅིག
རླུང་དང་ལྷན་དུ་འཕྱོ།
སྐར་དམའ་བཞིན།
སུ་ཡང་མི་སྒུག་པར་ལམ་ལ་ཆས།
ཚིག་གཅིག་ཀྱང་མི་ཤོད་པར།
བྲང་ལ་སེན་རྗེས་ནར་མོ་ཞིག་བཞག
དེ་ནི་ན་ཟུག་གི་བརྡ་རྟགས་ཡིན།
འཆི་ཁའི་ལག་བརྡ་དམར་པོ་ཡིན།
དོན་དུ་འཁོར་བའི་ཉི་ནུབ་ཡིན།

འཁྲུལ་སྣང་ཞིག
ངོ་ཤེས་པ་ནས་འཁྲུལ་སྣང་ཤེས།
འཁྲུལ་སྣང་གི་དབུ་བཟུང་ཞིང་།
འཁྲུལ་སྣང་གི་མཇུག་བསྡུ་དགོས་བྱུང་།
འཁོར་བའི་རི་རབ། འཁྲུལ་སྣང་གི་ངོ་བོ།
སྐྱེ་འཆི་ཡང་འཁྲུལ་སྣང་གི་སྒྱུ་མའི་མེ་ལོང་།
ཨ་ཨ་གང་ཞིག་ནས་འཁྲུལ་སོང་བ་དང་།
གང་ཞིག་ནས་རང་ངོ་ཤེས་པའི་ལམ་བུ་རྙེད།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4464