དོན་དུ་དེ་ལྟ་མོད། གང་ཡང་མི་ཤེས་ནའང་ཅི་ཡང་ཤེས་མདོག་གི་འཁྲབ་སྟོན་འཁྲབ་རྒྱུར་དགའ་བའི་བོད་ཀྱི་རྩོམ་པ་པོ་རྒན་གྲས་མང་པོ་ཞིག་གིས་འདི་དག་ནི་བོད་ཀྱི་དབྱངས་གསལ་གྱི་གད་སྙིགས་སོ་ཞེས་གཞོན་སྐྱེས་རྩོམ་པ་པོ་དག་གི་དབུ་འཕང་རྡོག་པས་རྫི་བཞིན་འདུག་མོད། གང་དུ་བོད་ཀྱི་དབྱངས་གསལ་གྱི་རྒྱུད་སྐུད་མ་ཆད་པ་དེ་སྲིད་དུ་བོད་ཡིག་གི་བསྟན་པ་དར་ངེས་པའི་ངེས་ཤེས་སྙིང་ལ་འདྲོངས་པའི་ཁོ་བོས་ནི། འདི་དག་ང་ཚོའི་སྤོབས་པའི་འབྱུང་ཁུངས་ཡིན་པ་ཤེས་ཡོད། འདི་དག་ང་ཚོའི་རེ་བའི་ས་བོན་ཡིན་པ་ཤེས་ཡོད།
ལར། རྩོམ་རིག་མི་འདྲ་བ་སྣ་ཚོགས་དག་ལ་བཟང་ངན་གྱི་དབྱེ་བ་རེ་ནི་འབྱེད་དུ་ལོས་ཡོད་རེད། ཀློག་པ་པོ་དག་ལའང་སྙིགས་དོར་བཅུད་ལེན་གྱི་རང་དབང་གཙང་མའི་ཐོབ་ཐང་རེ་ནི་ལོས་ཡོད་རེད། དེ་ལྟ་ནའང་། འདི་དག་ཡོད་ཚད་གངས་རིའི་ཕ་སྐད་མ་ཡིག་གི་གསེར་སྡོང་དམ་པོར་སྲུང་བའི་གསེར་གྱི་ཨ་ལུང་རེ་རེ་ཡིན་པ་དང་། གངས་རིའི་བསྟན་སྲིད་ཀྱི་མཚོ་མོ་ཡུན་གྱིས་སྐྱོང་བའི་དྭངས་གཙང་གི་ཆུ་ཕྲན་རེ་རེ་ཡིན་པའི་ངོས་འཛིན་དེ་ནི། ཁྱོད་རང་བོད་ཡིག་གི་ཀློག་པ་པོ་ཕལ་བ་ཞིག་ཡིན་པའི་ངོས་ནས་ཕྲག་ཐོག་གི་འགན་འཁྲི་བརྗིད་ཏིག་གེ་བ་དེ་ཡིན་པ་བརྗེད་མི་རུང་སྙམ་མོ། །
ངས་གོང་དུ་བསྙད་པ་བཞིན། བརྒྱ་ལོ་ཉེར་གཅིག་པའི་དེ་རིང་གི་ལོ་ཟླ་ནི། བོད་ཀྱི་རྩོམ་རིག་གི་ཚ་རླབས་མཁའ་རུ་འཕྱུར་བའི་དུས་ཚོད་དེ། ཏག་ཏག་དུས་ཚོད་འདིས་ནི། རྩོམ་རིག་ནི་ཐོག་མར་མི་ནས་འགོ་བརྩམས་ཤིང་མཐར་ཡང་མི་ནས་མཇུག་བསྡུ་དགོས་པའི་གནས་ལུགས་གསལ་བོར་བསྟན་པ་སྟེ། ལོ་རྒྱུས་ཀྱི་འགོ་ཁུངས་ཡར་ལ་དེད་ན་བོད་ཀྱི་རྩོམ་རིག་གི་ཆུ་རྒྱུན་རིང་མོའི་བཞུར་ཚད་དེ་གང་ཞིག་ལ་ཐུག་ཡོད་མེད་བརྗོད་པའི་རྔོ་ང་ལ་མེད་མོད། གང་ལྟར། ལྟོས་འཇོག་གི་ཆ་ནས་བཤད་ཚེ། བོད་ཀྱི་རྩོམ་རིག་གི་བསྟན་པ་གང་འཚམས་ཀྱིས་རྒྱས་པའི་ད་ལྟའི་དུས་ཚོད་འདིའི་བརྒྱུད་པའི་རྒྱུ་ཡང་མཐར་དེད་ན་འགྲོ་བ་མིའི་རིགས་ཀྱི་བསམ་གཞིག་གི་ནུས་པ་ལ་ཐུག་ཡོད་པ་སྟེ། འབྱུང་འགྱུར་དུ་རྩོམ་རིག་གི་བསྟན་པར་དར་རྒུད་ཅི་བྱུང་ཡང་དེ་ཡང་འགྲོ་བ་མིའི་རིགས་ཀྱི་ཤེས་རབ་ཀྱི་འཕེལ་འགྲིབ་ལ་ཐུག་པ་སྟེ། འདི་ནི་འུ་ཚོས་ངེས་པར་དུ་ཤེས་དགོས་པའི་དོན་གྱི་སྙིང་བོ་ཞིག་ཏུ་འཁུམས་སོ། །
མདོར་ན། བོད་ཀྱི་རྩོམ་རིག་གི་རྡུལ་ཕྲན་ཆེ་ཆུང་ཡོད་ཚད། བོད་ཀྱི་དབྱངས་གསལ་གྱི་ཉིང་ཁུ་མཚོན་པའི་བདུད་རྩི་རེ་རེ་ཡིན་པ་དང་། བོད་ཀྱི་དབྱངས་གསལ་གྱི་མུ་ཏིག་བསྟར་བར་བརྒྱུས་པའི་རྩོམ་རིག་ཡོད་ཚད་ཀྱང་བོད་ཀྱི་ཕ་སྐད་མ་ཡིག་གི་ཚེ་སྲོག་རིང་དུ་སྲིང་བའི་གསོས་སྨན་རེ་རེ་ཡིན་པའི་ངེས་ཤེས་ང་ཚོར་ཡོད་ན། དུས་ཀྱི་གཉན་འཕྲང་ན་ལུས་པའི་བོད་ཀྱི་སྐད་ཡིག་རིག་གཞུང་འདིའི་ཆེད་དང་། ཤེས་རབ་དང་བློ་ཁོག་འཛོམས་པའི་མེས་པོ་རུས་པ་ཅན་ཚོའི་རེ་བ་གསོན་པོ་དེའི་ཆེད་དུ། མི་མཐུད་དུ་རྩོམ་རིག་གི་ལམ་ཁར་དྲག་ཏུ་བརྩོན་པའི་ཆོད་སེམས་ཀྱང་ང་ཚོར་ཡོད་ལོས་དགོས་སྙམ།
ང་རང་མི་ཡུལ་དུ་འབྱོར་བའི་མི་ལོ་ཉེར་བརྒྱད་འདིའི་རིང་ལ། རྩོམ་རིག་ཡིད་སོས་པ་ཞིག་འཁྱོངས་མ་མྱོང་ཞིང་། མ་འོངས་པ་ནའང་གཏན་ནས་འཁྱོང་བར་མི་འགྱུར་མོད། ང་རང་སེམས་གཏིང་ནས་རྩོམ་རིག་ལ་བློ་དཀར་མཁན་ཞིག་དང་། རྩོམ་རིག་གི་གཞུང་ལམ་རིང་མོར་ཞེ་འཁྲེང་མཁན་ཞིག་ཡིན་པའི་ངོས་ནས། བོད་ཀྱི་རྩོམ་པ་པོ་དག་གིས་བོད་ཀྱི་རྩོམ་རིག་གི་གཞུང་ལམ་རིང་མོར་ཐུགས་ཡིད་གཅིག་ཏུ་གཞོལ་ནས་བགྲོད་བཞིན་པའི་རྣམ་པ་འདི་ལས་ལྟ་ན་སྡུག་པ་ཞིག་གཞལ་ཡང་མ་མཐོང་ཞིང་། ཀུན་ཏུ་ཡང་མཐོང་བར་ཡང་མི་འགྱུར་རོ། །
བོད་ཀྱི་ན་གཞོན་དག་གིས་རྩོམ་ཡིག་བྲིས་པ་ནི་ཁ་མ་སོས་པས་བྲིས་པ་མ་རེད་ལ། དུས་ཚོད་དང་ཉི་མ་འགྲོ་ཆེད་དུ་བྲིས་པའང་མིན་ཏེ། ཡིན་རྒྱུ་ནི། རང་གི་གདུང་སེམས་དང་བསམ་ཚུལ་གླུ་རུ་བླངས་པ་ཙམ་སྟེ། ཁྱེད་ཚོས་རྩོམ་ཡིག་བྲིས་པ་ནི། དུས་ཚོད་དང་ཉི་མ་འགྲོ་ཆེད་དུ་བྲིས་པའོ་ཞེས་ལྟར་སྣང་བཅོས་མའི་རྫུ་བག་འཁྲབ་མཁན་དག་གིས་ནི། ལོང་བས་གླང་ཆེན་གྱི་རྔ་མ་འཇལ་བའི་སྐྱོ་གར་འཁྲབ་པ་རང་སྟེ། འདི་དག་ལ་ལུང་རིགས་ཀྱི་རྩོད་ལན་གང་ཡང་མེད་ལ། རྩོད་ལན་བྱེད་དགོས་པ་ཞིག་ཏུའང་མ་མཐོང་ངོ་། །
མང་པོ་ཞིག་གིས། རྩོམ་རིག་གི་ཁ་གཏོད་ས་དེ་སྤྱི་ཚོགས་ལ་དགག་སྒྲུབ་བྱ་བ་ལས་ཀྱང་། མི་དང་མིའི་བར་དང་། མི་དང་རང་བྱུང་ཁོར་ཡུག་གི་འབྲེལ་བ་དང་། ཡང་ན་མཐར་ཐུག་གི་གནས་ལ་དཔྱོད་པ་ལྷུར་ལེན་པ་སོགས་མདོར་ན་སྤྱི་ཚོགས་ལས་མི་རང་མཚན་པ་རང་ལ་ཁ་གཏོད་པ་ནི་རྩོམ་རིག་གི་གཞི་རྩའི་དམིགས་ཡུལ་ཡིན་ཞེས་བསྒྲགས་པ་དང་། ཁ་ཅིག་གིས། རྩོམ་རིག་ནི་དགག་སྒྲུབ་ཀྱི་ཆེད་ཡིན་པ་དང་། དགག་སྒྲུབ་ནི་མཚང་འབྱིན་གྱི་ཆེད་དུ་ཡིན་པ་སྟེ། རྩོམ་རིག་གི་གཞི་རྩའི་ལྟ་གྲུབ་ནི་དགག་སྒྲུབ་ལ་ཐུག་ཡོད་པར་བསྒྲགས་པ་སོགས་རྩོམ་རིག་གི་གཞི་རྩའི་དམིགས་འབེན་ངོས་འཛིན་སྟངས་དེ་སྣ་ཚོགས་པ་ཞིག་བྱུང་ཡོད་ནའང་། རྩོམ་རིག་སྤྱིའི་གཞི་རྩའི་ཁ་ཕྱོགས་དེ་འདི་འདྲ་ཞིག་དགོས་ཞེས་སུས་ཀྱང་ཐིག་བརྡབ་མི་ཐུབ་པས་ན། བོད་ཀྱི་རྩོམ་པ་པོ་དག་གིས་རང་ཅག་ལ་ཡབ་མེས་ཚོས་དྲན་པའི་རྟེན་དུ་ཕུལ་བའི་དབྱངས་གསལ་གཉིས་ཀྱི་སྲོག་གི་གཟུངས་ཞུགས་པའི་རྩོམ་ཡིག་རེ་བྲི་ཐུབ་ཚེ། གཞི་རྩའི་ལྟ་གྲུབ་ཀྱི་ཆ་ནས་ཁ་གང་དུ་བསྐོར་ནའང་ང་ལ་ནི་བསམ་ཚུལ་རྟ་རྔ་ཙམ་ཡང་མེད་དོ། །
རྩོམ་རིག་གི་བགྲོད་ལམ་རིང་མོར་འཇུག་པའི་མི་ཚེའི་ཐོག་མཐའ་བར་གསུམ་ཀུན་ཏུ། དུས་ཚོད་དང་མི་སྣ། འཁོར་ཡུག་དང་སྤྱི་ཚོགས་སོགས་ཀྱིས་སྒོ་ཀུན་ནས་འགལ་རྐྱེན་དང་གནོན་ཤུགས་མི་ཉུང་བ་ཞིག་སྤྲད་ཅིང་སྤྲད་འགྱུར་ཡིན་པ་ནི། ལམ་འདིར་ཞུགས་ཚར་བ་ཡོངས་ཀྱིས་ཀུན་གཞིའི་བག་ཆགས་ཀྱི་ལྟེབ་ན་མི་བརྗེད་པའི་གསོས་སུ་བཏབ་ཡོད་ངེས་ལ། དེ་ནི་ལམ་འདིར་གཞུག་འགྱུར་གྱི་མི་བུ་ཀུན་གྱིས་ཀྱང་ཆེས་ཐོག་མར་ངེས་དགོས་ཤིང་བརྒྱུད་དགོས་པའི་འགག་འཕྲང་རིང་མོ་ཞིག་ཀྱང་ཡིན་མོད། རྣམ་པ་གཅིག་ཏུ་ན། རྩོམ་རིག་གི་གཞུང་ལམ་རིང་མོའི་ནང་གི་དཀའ་ཁག་གཞན་དག་དང་བསྡུར་ཚེ་དེ་དག་ནི་ཅི་ཡང་ཡིན་མི་སྲིད་དོ། །
རྩོམ་རིག་བྱིངས་ཀྱི་ངོས་ནས་བལྟས་ཚེ། གནའ་རབས་དང་དེང་རབས། གནའ་རབས་སྔ་མའི་རིང་ལུགས་དང་གནའ་རབས་ཕྱི་མའི་རིང་ལུགས། དེང་རབས་སྔ་མའི་རིང་ལུགས་དེང་རབས་ཕྱི་མའི་རིང་ལུགས་སོགས་ཀྱིས་མཚོན་རིགས་ཚན་མང་པོ་བགྲང་དུ་ཡོད་པ་དང་། བྱེ་བྲག་བོད་ཀྱི་རྩོམ་རིག་གི་ངོས་ནས་བལྟས་ཚེའང་། གདོད་མའི་རྩོམ་རིག་དང་། བཙན་པོའི་དུས་ཀྱི་རྩོམ་རིག སིལ་བུར་འཐོར་བའི་དུས་ཀྱི་རྩོམ་རིག་སོགས་རིགས་ཚན་མང་དུ་བགྲང་རྒྱུ་ཡོད་པ་ནི་རྩོམ་རིག་ཆེད་མཁས་པ་དག་གི་བློ་གྲོས་ཀྱི་མངའ་ཐང་ཡིན་པ་ལས། ང་ལ་ནི་དེ་དག་བརྗོད་པའི་ལྕེ་གང་ཡང་མི་ཐོགས་ཏེ། ང་ནི་མ་གཞི་ནས་དུང་ཞེན་གྱི་བློས་བསླངས་ཙམ་གྱིས་རྩོམ་རིག་ལ་འཇུག་མཁན་དེ་ཡིན་པས་སོ། །
དེ་ལྟ་ནའང་། ངས་རྣམ་ཀུན་ཏུ། རྩོམ་རིག་གླེང་བ་དང་རྩོམ་གྱི་རིག་གཞུང་གླེང་བ། དེ་བཞིན། རྩོམ་རིག་ཤེས་པ་དང་། རྩོམ་གྱི་རིག་གཞུང་ཤེས་པ་དག་ནི། རིགས་ཚན་མི་འདྲ་བ་གཉིས་སུ་བགོ་བཞིན་ཡོད་པས། རྩོམ་གྱི་རིག་གཞུང་གླེང་སྐབས་གནའ་རབས་དང་དེང་རབས་སོགས་ཀྱི་ས་མཚམས་འབྱེད་པ་ནི་དགོས་གལ་ཆེ་ནའང་། རྩོམ་རིག་གླེང་སྐབས་འདི་དག་ནི་མ་གླེང་ཐབས་མེད་ཅིག་དང་མ་ཤེས་ཐབས་མེད་ཅིག་ནི་མིན་པར་སྙམ་སྟེ། རྣམ་པ་གཅིག་ཏུ་ན། རང་གིས་མ་ཤེས་པའི་རྒྱུ་མཚན་ཙམ་གྱིས་ཡིན་ཀྱང་སྲིད་དོ། །
༢༠༢༣.༢.༢ ཉིན་སྔར་ཅུང་ཙམ་རྨང་བཏིངས་པ་ཞིག་སྣོན་ཕྲི་དང་བཅས་མཇུག་གྲུབ་པར་བྱས་སོ། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4456
དཔྱད་མཆན་སྤེལ།