རྨི་ལམ་ལས་སད་ཐེངས་རེ
ངས་རང་ཉིད་དངངས་འདར་དང་བཅས་
རྨི་ལམ་གཞན་ཞིག་གི་མཁར་རྫོང་ཉུལ་འགོ་བརྩམས
རྡོ་རྗེའི་གྲུ་གུ་ལས་བརྟན་པའི་མཚན་སྨག་རིང་མོ
བློ་ཡིད་ལས་འགངས་བའི་རྟོག་བཟོའི་སྒྱུ་འཕྲུལ་ལ་གསེར་གྱི་ཞྭ་མོ་བསླེས
རྒྱུད་སྐུད་སྟེང་གི་རྣམ་ཤེས
འཁོར་བའི་གཏིང་རིམ་ནས་སྐར་ཚོགས་ཀྱི་ཕྲ་རྒྱན་ལ་ཤིན་ཏུ་དུངས
བག་ཕེབས་ཀྱི་ཁ་བརླངས་སྟུག་པོའི་ཁྲོད
མི་མཐར་མེད་པའི་རྩྭ་ཐང་དང་གཙང་བོ་ནི་སྐྱུར་དྲི་བྲལ་བའི་གདན་གྱི་མཐར་མ་འོ
དུངས་ཞེན་ཞིག་གམ
ཡང་ན་ རུས་པའི་ཐལ་རྡུལ་དེས་དབང་གིས
གསེར་གྱི་རྒྱབ་ཕིབས་འོག་ནས
ཁ་སང་གི་འཚོ་བ་གླེང
དེ་རིང་ལ་གླུ་བྲོ་བརྡུངས།
སྣང་བའི་ཨ་ཅེ།
ཨ་ཅེ། ཁ་སང་གི་རླུང་བུ་དེ་ལྡང་རྗེས
ང་ལ་དངངས་འཚབས་རབ་ཏུ་སྐྱེས
ཕལ་ཆེ་ཁྱོད་ཀྱང་དེ་ལྟར་ཡིན་ངེས
ཡིན་ཡང ང་ལ་མི་རྟག་པའི་སྒྲུང་མི་འཆད་རོགས
འཁོར་བའི་ཨ་ཅེ ཁ་སང་གི་ཨ་ཅེ
རྩེད་མོ་ཤིན་ཏུ་རྣོ་བའི་དགོང་ཀ་དག་ལ
འཇའ་མཚོན་གྱི་ཞྭ་མོ་བསླེབས་པའི་དངོས་པོ་དག་མཐོང་ཡོང
རྒྱུད་སྐུད་སྟེང་གི་རྣམ་ཤེས་ལ་ངས་རོལ་དབྱངས་འཇམ་པོ་རེ་ཐོས་ཡོང
ཨ་ཅེ ང་ལ་མི་རྟག་པའི་སྒྲུང་མི་འཆད་པ་ཞུ།
ཉི་འོད་ཀློང་གི་སྒྲོལ་མ།
ཉི་འོད་ཀློང་གི་སྒྲོལ་མ
སེར་ཐིགས་སུ་ལྷུང་བ་གང་ཞིག
གོར་ཐིག་ལས་རྒལ་མ་མྱོང་བའི་རི་ཟོམ་གྱི་མི
འཚོ་བའི་རྩུབ་ཤ་དང་འཇམ་ཤ
སྒྲོམ་མའི་ཚོགས་ཤིང་གི་བརྡ་ཡིག
ཨ་ལུང་གི་འཕར་ཁ་ནས
གཡུ་བྱུར་ཡི་གྲང་ངར་དང་ལྷན་ཏུ་རྒས་ལ་ཉེ
ཁྱོད་སར་གཏོང་བའི་མགུར།
དང་པོ།
དྲན་པའི་གཞུར་རྒྱུན་གྱི་ཀློང་ནས
གཙང་བའི་ཁ་དོག་མཚམས་སྤྲིན་གྱི་རྡུལ་ལ་འདྲེས
མིག་གི་འཛིན་ཕྱོགས་ཤིག་གིས་སམ
བསམ་པའི་འཁོར་ཕྱོགས་གང་དེས
ཉི་ཟླ་རྣ་ཆ་རུ་འདོགས་ལམ་ཡང་ཡང་འཆར
སྲིད་པའི་ཨ་ལུང་ནང་གི་འོ་མའི་རྒྱ་མཚོ
སྐྱེ་བ་གཅིག་གི་ཁྲུང་ཁྲུང་གི་གཤོག་ཟུང
གནས་ལམ་གཅིག་གི་གདན་ཐོག་ནས་འཚོལ་ན་སྙམ།
གཉིས་པ།
ཉི་ཟེར་འཇམ་པོ་འདིའི་གདན་སྟེང་ནས
རླུང་བུ་འཇམ་པོ་ཞིག་གི་རྒྱུར་ཕྱོགས་ལ་ངེས་གཏན་མེད་པ
རྩྭ་རྩེའི་ཟིལ་བ་དང་ཟིལ་བའི་འཛུམ་ཟེར
གང་སར་རྒྱུར་བའི་དྲི་བསུང་ལ་ཅི་ཞིག་སྨྲ་འམ
དྲན་གདུང་གི་སྙལ་བའི་རྒུན་ཆང་ཁམ་གང
མི་སེམས་ཀྱི་གཏིང་རིམ་ལ་ཟུག་རྗེས
འཆི་འཕོས་གཞན་ཞིག་གི་མིག་ཆུ་ལ་གསོན་སྟོབས་སྩལ
དམྱལ་བའི་ཁམས་དང་དག་པའི་ཞིང
མི་སེམས་ཕྲོ་མོའི་རྡུལ་དག་གསོགས་མཁན་ནི
ཁྱོད་སར་འཕྱོ་བའི་རྡུལ་སྤར་མོ་གང་གི
ལག་འཇུ་ཅི་ལ་མིན་ཨང་།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4437
དཔྱད་མཆན་སྤེལ།