ལོ་འདིའི་ནང་དུ་ངས་རང་ཉིད་ཀྱི་སེམས་སུ་ཅི་ཞིག་དྲན་པ།ཅི་ཞིག་ཚོར་བ།ཅི་ཞིག་ལ་བསྙེགས་པ།ཅི་ཞིག་ལ་ཡང་ཡང་འཁོར་གྱིན་པ་བཅས་ལ་བག་ཡོད་ཅུང་ཙམ་བྱས་ནས་བསྡད་པ་ཡིན།  མ་གཞི་ང་རང་བག་ཡོད་བྱེད་རྒྱུ་དེ་ཙམ་དགའ་པོ་མི་འདུག་མོད།འོན་ཀྱང་ད་ནི་ལོ་ལོན་པས་ཡིན་ནམ།བསམ་བློ་བྱང་པས་ཡིན་ནམ།འགན་ཁྲི་བབས་པས་ཡིན་ནམ་ཅི་ཡིན་ཆ་མི་འཚལ་པར་བདག་གི་སེམས་གཤིས་དེ་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་འདུག  དེ་ནི་ཕལ་ཆེར་ལོ་འདིའི་ནང་གི་འགྱུར་བ་ཆེ་ཤོས་མིན་འགྲོ་སྙམ།   སྤྱིར་ནས་བཤད་ན་མི་ཚེ་ཟེར་བ་དེ་དེ་ལྟར་འགྱུར་བཞིན་པའི་བརྒྱུད་རིམ་ཆ་ཚང་མིན་འགྲོ།

ལོ་འདིར་ན་ནིང་དང་མ་འདྲ་བ།གཞེས་ནིང་དང་མ་འདྲ་བ།སང་ལོ་དང་མ་འདྲ་བ་བཅས་ཇི་ལྟར་བཙལ་བར་དགོས་པ་མི་འདུག་ལ།དེ་ལ་བཤད་འགྲེལ་ཡང་བྱེད་འདོད་མེད།

མ་གཞི་བདག་ལ་བློ་ཉེ་བའི་གྲོགས་པོ་ཁ་ཤས་ལས་མེད་ཀྱང་།དེ་དག་ལས་ཕལ་ཆེ་བས་རང་རང་གི་མི་ཚེ་ལ་ཐག་གཅོད་ཐིག་སྡོམ་བྱས་ཏེ།འགའ་ཤས་ཀྱིས་ནག་མོ་རེར་བཞག་ནས་ཁྱིམ་གཞིས་བཙུགས་ཏེ་བྱིས་པ་སྙིང་རྗེ་མོ་རེར་སྐྱེས་འདུགའགའ་རེ་རང་སེམས་ལྷོད་ལ་བཞག་ནས་དགོན་པའི་ལྕགས་ར་ནང་དུ་ཚུལ་ཁྲིམས་ཀྱི་དྲི་དང་འགྲོགས་ནས་འཚོ་བ་སྐྱེལ་གྱི་འདུག  དེ་དག་གང་ཡིན་ན་དགའ་དགོས་པ་ཞིག་ཡིན།མི་ཚེ་གཅིག་གི་ནང་ལ་རང་རང་གི་ཚེ་གཅིག་ལ་དོན་བྱ་ཐམས་ཅད་མགོ་མཇུག་ཡོད་པར་ཆགས་པ་ནི་དེ་འདྲ་ལས་སླ་མོ་ཞིག་མ་རེད་མོད།ངའི་མི་ཚེ་ནི་འདི་ལྟར་ཚར་འགྲོ་སྙམ་པའི་ངེས་ཟིན་མག་མོག་ཙམ་ངེས་བརྟན་དུ་གྲུབ་ཡོད་པར་ངེས་པས་དགའ་བཞིན་ཡོད།ལོ་འདིའི་ནང་དུ་གྲོགས་པོ་ཁོང་ཅག་དང་ལྷན་དུ་ཁ་བརྡ་ཡང་མང་པོ་བྱ་རྒྱུ་བྱུང་།ཁོང་ཅག་དང་ང་ཉིད་བར་ལ་མི་འདྲ་བའི་ཁྱད་པར་མང་པོ་ཞིག་འབྱུང་བཞིན་པའི་སེམས་ཚོར་ཡང་ཡང་བྱུང་།འདི་ཡག་དང་འདི་ངན་ཞེས་བརྗོད་རྒྱུ་མེད།རེད་དེ་ང་ཚོ་སོ་སོ་ལ་བསམ་བློ་གཏོང་ཕྱོགས་མི་འདྲ་བ་འདི་ལྟར་ཡོང་བ་ནི་འཕེལ་རྒྱས་ཤིག་ཏན་ཏན་རེད་བསམ་གྱི་ཡོད།གྲོགས་པོ་ཚོས་ཁྲོད་ན་ངའི་ལས་སྟངས་དང་བསམ་སྟངས་འགྲོ་སྟངས་བཅས་ལ་མནོ་བསམ་ཡང་ཡང་བཏང་ནས་ཅི་འདྲའི་ཁེ་མཚར་བ་ལ་ཨང་སྙམ་མཁན་མང་དག་ཡོད་པ་འདྲ།དེའང་ཁག་མེད་པ་འདྲ།ང་ནི་འདི་ཆོབ་ཚ་ཞིང་བསྟན་བཤིག་ཚ་བ་ཞིག་རེད་ཤག   ཧ་ཧ་ཧ་ཧ་ཧ།དགོངས་པ་མ་འཚོམས་ཨ།

ང་རང་མཚོན་ན་ལོ་འདི་ལ་སྤྱི་སྡོམ་བྱེད་པའི་རིན་ཐང་ཐུན་སྣང་པ་ཞིག་མེད་ངེས།ཡོད་སྙམ་གྱིན་བྲི་ཡི་ཡང་མེད།དེ་བས་ཀློག་པ་པོ་དག་གི་དུས་ཚོད་དམ་འཛིན་ཆེད་ཀློག་པར་མ་གནང་།གལ་ཏེ་ཁྱོད་ཁོམ་དྲགས་ཚེ་ཚར་གཅིག་ཀློག་ན་ཁྱོད་ལ་མཚར་སྣང་མི་འདྲ་བ་ཞིག་སྟེར་སྲིད།ཧ་ཧ་ཧ་ཧ།  ལོ་རེ་རེ་རྗེས་ནས་ལོ་མཇུག་སྤྱི་སྡོམ་ཞིག་འབྲི་བའི་གོམས་སྲོལ་ཞིག་ཡོད།འདི་ལྟར་རྒྱུན་སྐྱོང་ནས་ལོ་ཡང་མང་པོ་འགོར་སོང་།གོམས་གཤིས་འདི་ཅི་ཞིག་གི་ཆེད་དུ་རྒྱུན་སྐྱོང་དགོས་སམ་ཞེས་བདག་ལ་དྲི་བ་འདོན་སྐབས་དྲན་ཡོང་བ་གཅིག་ལས་མེད།དེ་ནི་ང་རང་ད་ལོ་གཅིག་ལ་མ་ཤི་བར་འཇིག་རྟེན་འདིར་ལྷགས་སོང་ཞེས་བརྗོད་རྒྱུ་ལས་གང་ཡང་མེད།ཡང་མི་མང་པོ་ཞིག་ལ་ང་ཤི་མི་འདུག་ཅེས་བརྡ་གཏོང་བའི་ཆེད་དུ་བྲི་ཡི་ཡོད་ཅེས་བརྗོད་ངེས་རེད།ང་ཚོ་གསོན་པ་དོན་གྱིས་འཆི་བར་སྒུག་པའི་བརྒྱུད་རིམ་བསགས་པ་ཙམ་རེད་འདུག  བརྒྱུད་རིམ་དེ་ལ་མཛེས་སྡུག་དང་སྐྱུར་བ་ཁ་བ་དུ་མས་སྣེ་འཛིང་གིན་པ་མ་ཡིན་ནམ།དེ་འདྲ་རེད་དམ།

ལོ་འདིར་ངས་བདག་གི་སེམས་ངོ་ལ་ཡང་ནས་བསྐྱར་དུ་ཞིབ་རྟོག་བྱས་པ་ཡིན།ངའི་སེམས་པ་ཇེ་ཆུང་ལ་འགྲོ་བཞིན་འདུགདེ་ནི་ཅི་ཞིག་གི་རྐྱེན་བྱས་པ་མ་ཤེས་ལ།མཚམས་མཚམས་སུ་རྒྱུ་རྐྱེན་མེད་པར་བདག་གི་ནང་སེམས་ལ་བཞག་པའི་དྲན་ཤེས་ཐམས་ཅད་ཀྱང་སྣང་མེད་དུ་བཞག་འོང་སྙམ་པའི་དོགས་པའང་མང་དག་བྱུང་།ད་དུང་ད་བར་དུ་སྲུང་བའི་དམ་ཚིག་དང་སེམས་གཤིས་དག་ལ་འགྱུར་བ་འགྲོ་གྲབས་བྱེད་ཀྱི་འདུག  དེ་དག་ལ་གཞི་ནས་དགའ་པོ་མེད་ཀྱང་།  དུས་ཚོད་ཀྱིས་ཁྱོད་ལ་དུག་ཟས་སྤྲད་པ་ཇི་བཞིན་ནང་སེམས་ཀྱི་ཁོར་ཡུག་མང་པོ་ལ་སྦྱོར་བ་དང་གཏོར་བཅོམ་མང་དག་བྱུང་ཡོང་།  དེ་ནི་ནར་སོན་གི་བརྡ་རྟགས་ཤིག་གམ་རྒུད་པའི་མཐའ་རུ་དེད་པའི་བརྡ་མཚོན་གང་ཞིག་ཡིན་མིན་ང་ལ་ཅི་ཆ་མི་འདུགང་རང་ཆུང་དུས་ནས་དཀའ་སྡུག་མང་པོ་དང་དུ་བླངས་ཤིང་།  སྤྱིར་བཏང་གི་མི་ལ་ཐུག་མ་མྱོང་བའི་དོན་དག་གནད་དོན་མང་པོ་མགོ་རུ་བྱུང་སྟབས།ང་ལ་དམིགས་བསལ་དཀའ་ལས་སྐབས་ཀྱི་བཟོད་སྲན་ཆེན་པོ་ཞིག་འདུག  ད་ལོ་ལྷག་པར་བཟོད་སྲན་གྱིས་དོན་དག་མང་པོ་སྣང་མེད་དུ་འཇོག་པའི་གོམས་གཤིས་ལ་སྦྱོང་བརྡར་བྱས་ཀྱང་།དེ་ནི་དེ་ལྟར་ལས་སླ་བོས་ལོབ་ཡོང་བ་ལ་ནས་མ་རེད།

ལོ་འདིའི་ནང་དུ་ངས་རང་ཉིད་ལ་དྲན་གདུང་གི་ཁུར་པོ་ལྕི་མོར་བརྩེགས་ཏེ་བསྡད་པ་ཡིན།ང་རང་ལོ་ཆུང་པའི་སྐབས་ཀྱི་དོན་དག་ཐམས་ཅད་ཡངཡང་དྲན་གསོ་བྱས་ཤིང་།  བདག་ལ་བློ་སེམས་དཀར་བའི་མི་རྣམས་རེ་རེ་ནས་དྲན་གསོ་བྱས།ད་དུང་བདག་གིས་ཁྲེལ་མེད་བྱས་མྱོང་པའི་མི་དག་ཡང་ཡང་དྲན་གསོ་བྱས།དེ་དག་ཕལ་ཆེ་བ་ད་རུང་འཇིག་རྟེན་འདི་རུ་བསྡད་འདུག  ད་ལོ་ངས་ཆེད་དུ་དགོངས་ཡངས་དང་དམིགས་བསལ་འགྲེལ་བཤད་ཀྱང་ཞུ་ཐུབ་པ་བྱུང་།དེ་བས་མཚམས་མཚམས་ལ་ད་ང་ཤི་སོང་ཡང་འགྱོད་པ་མི་འདུག་སྙམ་གྱི་ཡོད།  ད་ལྟ་སྐད་ཅིག་མ་གཅིག་གི་རྗེས་སུ་ང་རང་ཤི་འགྲོ་ཚེ་ང་རང་ལ་མ་བསྒྲུབ་ཐབས་མེད་ཀྱི་ལས་ཀ་ཕལ་ཆེར་ལུས་མེད།འོན་ཀྱང་བདག་ལ་བློ་ཉེ་བའི་སློབ་མ་དང་གྲོགས་པོ་འགའ་ལ་སྐད་ཆ་ཤ་རུས་ཐུག་པ་ཞིག་བཤད་རྒྱུ་ཡོད།

ད་ལོ་བདག་གི་སྙིང་ཉེ་བའི་ནུ་མོ་ཆེ་བ་ལས་བྱེད་རྒྱུགས་སྤྲད་ཀྱི་ཡོད་པ་རེད།   ནམ་རྒྱུན་མོ་རང་རླུང་རྟ་ཞིག་རྒྱུགས་ན་ཨང་སྙམ་ནས་གསོལ་འདེབས་བྱེད་ཀྱི་ཡོད།མོ་རང་བདག་ལ་མཚོན་ན་དངོས་གནས་སེམས་འཁྲེང་ས་ཆེན་པོ་ཞིག་རེད།སེམས་པ་འཁྲེང་བ་འདི་ནི་བརྩེ་བ་གཙང་མ་ཞིག་ཡིན།ངས་འདི་དག་གི་རྒྱབ་ཏུ་མིས་རྒྱུན་ལྡན་དུ་བསམ་བློར་གཏོང་བའི་གོམས་གཤིས་ཤིག་བསྐུངས་མེད་ལ།ཡང་ན་དེ་ལས་ལོག་པའི་བསམ་བློ་ལོག་པ་གཞན་གང་ཡང་མེད།  གཙང་རྐྱང་གིས་སེམས་ན་ཡོང་བ་ཞིག་རེད།ནུ་མོ་ཆུང་བ་ད་ལོ་མཐོ་རྒྱུགས་ལ་ཞུགས་ནས་སློབ་ཆེན་ལ་འགྲོ་བཞིན་ཡོད་པ་རེད།མོས་ང་ལ་སེམས་དང་བསམ་བློའི་དཀའ་ལས་མང་དག་ཅིག་བཤད་སོང་ལ།ངས་ཀྱང་གང་ཐུབ་ཀྱིས་མོ་རང་ལ་བསམ་ཚུལ་བརྗོད་པ་ཡིན།  ཕན་ཐོགས་ཡོད་མེད་མ་ཤེས་ཀྱང་ང་རང་མོ་རང་གི་བར་ཐག་ཉེ་སར་བཅར་ཐུབ་སོང་བའི་སྣང་བ་ཡང་ཡོང་བྱུང་སོང་།  དེ་དུས་ང་ལ་བརྩེ་བ་ཟེར་བའི་དྲོད་ལམ་མེར་བ་ཞིག་སེམས་ལ་བསླེབས་སོང་།དེ་དངོས་གནས་སྐྱིད་པོ་ཞིག་རེད།འོན་ཀྱང་ལོ་འདིར་བདག་གིས་རང་ཉིད་ལ་ཁྱོད་མུ་ནས་འཚོ་ཞུགས་བྱས་ཏེ་འཚོ་ཐབས་ཤིག་དགོས་པའི་བརྗོད་འདུན་ཡང་ཡང་བྱུང་།དེ་ནི་ད་ལོ་བདག་དང་ནུ་མོ་གཉིས་སྐོར་གྱི་ཁ་བརྡ་དམིགས་བསལ་བ་ཡིན།ནུ་མོ་ཆེ་བ་དང་ལྷན་དུ་ཡང་ཁ་བརྡ་མང་པོ་བྱུང་།  ཁོང་གཉིས་ཀའི་བསམ་བློ་ལ་ཡར་རྒྱས་ཆེན་པོ་བྱུང་འདུག  ང་རང་དུས་རབས་ཀྱི་རྗེས་སུ་ལུས་འདུག་པའི་སེམས་ཚོར་ཡང་སྤྲད་སོང་།དེ་ནི་དགའ་བ་ལ་སྐྱིད་པ་ལ་ཨང་།མ་ཟད་ངས་མོ་གཉིས་ལ་དཔེ་ཆ་མང་པོ་ངོ་སྤྲོད་བྱས་པ་ཡིན།ཕལ་ཆེར་བལྟས་ཡོད་རྒྱུ་རེད།

དེ་ནས་བདག་གི་གྲོགས་པོ་ཚོའི་ཁྲོད་ན་བདག་ལས་ཤེས་ཡོན་འཇོན་ཐང་བསམ་བློ་སྔོན་དུ་བསླེབས་པ་རྐྱང་རྐྱང་ཡོད།དེ་དག་དང་མཉམ་དུ་དུས་ཆད་བྱས་ཏེ་ཁ་བརྡ་མང་ཙམ་བྱུང་།ཁ་བརྡ་དེ་དག་གིས་ཤུགས་བྱས་ཏེ་དཔེ་ཀློག་གི་སྤྲོ་བ་ཕྱུངས་ཏེ།དཔེ་དེབ་རེ་རེ་བཀླགས་རྗེས་དེ་དང་འབྲེལ་བའི་བསམ་གཞིག་ཡང་ཡང་བྱེད་པའི་གོམས་གཤིས་ནན་མོ་ཞིག་ཆགས་སོང་།ལོ་འདིར་བདག་ལ་མཚོན་ན་བགྲོ་གླེང་རྐྱང་རྐྱང་གིས་རྫོགས་པའི་དུས་ཚོད་ཅིག་རེད་ཅེས་བརྗོད་ནའང་ཐལ་མི་ཆེ་སྙམ་པའི་སྤོབས་པ་མཚམས་མཚམས་སུ་ཡོང་གིན་འདུག  མ་ཟད་ད་ལོ་སྔོན་མ་ཇི་བཞིན་སློབ་མ་རྣམས་དང་ལྷན་དུ་དཔེ་ཀློག་དང་།རྩོམ་འབྲི།བསམ་བློ།དེངས་རབས།སྲོལ་རྒྱུན།  ཆོས་ལུགས།མཚན་ཉིད་རིག་པ་ཟེར་ནས་གླེང་མོལ་མང་པོ་བྱུང་ཡོད།དེ་ནི་དངོས་གནས་བཤད་ན་བརྗོད་མི་ཚར་བའི་མཛེས་སྡུག་ཅན་གྱི་གཏམ་རྒྱུད་དག་རེད།

ད་ལོ་བདག་གི་མི་ཚེ་ནང་གི་འཛིན་བདག་བྱས་པའི་འཛིན་གྲྭ་ཐོག་མ་དེ་མཐར་ཕྱིན་པ་རེད།ཁོང་ཅག་ནི་མི་ལོ་གསུམ་ནས་བཞི་ཡི་བར་དུ་བདག་གི་གྲོགས་པོ་ལྟ་བུའི་སློབ་མ་རྐྱང་རྐྱང་ཡིན།ནམ་རྒྱུན་མཉམ་ཟ།མཉམ་འཐུང་།མཉམ་སྐྱིད།  མཉམ་སྡུག   མཉམ་ངུ་།མཉམ་བགད་བྱས་པའི་གྲོགས་པོའམ་སློབ་མ་དག་ཡིན།ཁོང་ཅག་མཐར་ཕྱིན་དུས་ང་རང་བྱིས་པ་ཆུང་ཆུང་ཇི་བཞིན་ཡང་ཡང་ངུས་པ་ཡིན།ང་རང་མི་ཚེ་འདིའི་ནང་ནས་བསམ་དྲན་ཤེས་པ་ནས་ཐེངས་མང་པོ་ངུས་མ་མྱོང་།ཧ་ཧ་ཧ་ཧ་ཧ།ཁོང་ཅག་ང་ལ་དགའ་པོ་ཡོད་ལ།ང་རང་ཁོང་ཅག་ལ་དགའ་པོ་ཡོད།  མཐར་ཕྱིན་རྗེས་རང་རང་ས་ནས་རང་འགུལ་བསྡད་མེད་པར་ལས་ཀའི་གནས་ལ་འབད་པ་བྱེད་ཀྱིན་འདུགདེ་ནི་དངོས་གནས་དགའ་འོས་པ་ཞིག་རེད།  དེ་མཚུངས་སློབ་མ་ཕལ་ཆེ་བས་ད་དུང་དཔེ་ཀློག་བྱེད་ཀྱི་འདུག  དཔེ་ཀློག་བྱེད་པ་རང་གི་གོམས་གཤིས་སུ་བསྒྱུར་ཐུབ་པར་འབད་པ་བྱེད་རྒྱུ་ཡིན་ཞེས་བརྗོད་ཀྱི་འདུག  དེ་ནི་དེ་ལས་ཀྱང་དགའ་འོས་པ་ཞིག་རེད་དམ།ད་དུང་མང་པོ་འདུག་མོད་འདིར་བཤད་ན་དགོས་མེད་སྨྱོ་བཤད་དུ་ལོག་འགྲོ།ཁོང་ཅག་མཐར་ཕྱིན་པ་དང་མཉམ་དུ་མཐར་ཕྱིར་ཆེད་དེབ་གཉིས་བཏོན་པ་རེད།གཅིག་ནི་རྩོམ་ཡིག་རྐྱང་པས་གྲུབ་ཅིང་།གཅིག་ནི་སློབ་གྲྭའི་ནང་གི་མྱོང་ཚོར་དང་པར་རིས་ཀྱིས་གྲུབ་ཡོད།   ངེད་ཅག་ཐམས་ཅད་ཡིད་མགུ་གངས་ཡོད་པ་ཞིག་ཆགས་འདུག  ད་དུང་ཁོང་ཅག་དང་མཉམ་དུ་མཐར་ཕྱིན་དགོས་པའི་འཛིན་གྲྭ་གསུམ་ཡོད་པས་དེ་ལས་འཛིན་གྲྭ་གཉིས་ཀྱི་དཔེ་དེབ་ཁོང་ཅག་གིས་བསྒྲིགས་པ་རེད།ཁོང་ཅག་གི་དཔེ་དེབ་དེ་གཉིས་ནི་ནང་གི་རྩོམ།ཕྱི་ཡི་ཇུས་འགོད།  བར་གྱི་སྒྲིག་སྦྱོར་སོགས་ཐམས་ཅད་ཁོང་ཅག་གི་དཀའ་ལས་བྱུང་བས་ཁོང་ཅག་སེམས་རབ་ཏུ་མགུ་གང་ཡོད་ངེས་སྙམ།ང་རང་སེམས་ཆུང་བས་ཉལ་ཁང་ནང་བསྡད་ནས་སེམས་ལ་སྤྲོ་སྣང་གི་ཚ་སིག་ཡང་ཡང་བརྒྱབ་མྱོང་།

དེ་དང་མཉམ་དུ་ད་ལོ་བདག་གི་རང་གི་མི་ཚེ་ནང་གི་དཔེ་དེབ་ཐོག་མ་སྒོ་རུ་ཕུད་ཐུབ་སོང་།མ་གཞི་ནས་བཤད་ན་ངའི་དཔེ་དེབ་དེ་ལ་རིན་ཐང་བླ་ན་མེད་པ་ཞིག་ཡོད་ཅེས་བཤད་པའི་སྤོབས་པ་མེད་ཀྱང་།བདག་ལ་མཚོན་ན་དམིགས་བསལ་གྱི་གཅེས་འདང་ཞིག་ཡོད།དཔེ་དེབ་དེ་ཟུར་ལ་བཞག་ནས་ཡང་ཡང་ལྟ་དུས་སེམས་ལ་སྤོབས་པ་སྐྱེ་ཡོང་བ་ཞིག་རེད།ཡང་ན་སྔོན་ཆད་ངའི་སེམས་ལ།རང་གིས་བྲིས་ཏེ་རང་གིས་དཔར་དགོས་པའི་ནན་སྐུལ་བྱས་པའི་དམིགས་དོན་འགྲུབ་པ་ཨེ་ཡིན་སྙམ་ཡོང་།དཔེ་དེབ་འདིའང་བདག་གི་སློབ་མ་ཁོང་རྣམས་གྱིས་བསྒྲིགས་པ་རེད།ཧ་ཅང་བཀའ་དྲིན་ཆེན་པོ་རེད།དཔེ་དེབ་དེ་ནི་གཞི་གྲུབ་སྨྲ་བའི་གྲུབ་མཐའ་ལས་ལྟ་གྲུབ་རང་བཞིན་གྱི་བརྩམས་སྒྲུང་ཞིག་རེད།  དཔེ་དེབ་དེ་ནི་ལས་ངན་ཞིག་རེད་མི་འདུག  སློབ་མ་རྣམས་མང་པོས་བཀླགས་སོང་ལ།བདག་གི་གྲོགས་པོའང་མང་པོས་བཀླགས་སོང་།མདོར་ན་ཀློག་པ་པོ་མེད་པར་ཁེར་རྐྱང་དུ་ལུས་པའི་དཔེ་དེབ་དེ་མིན་པ་འདྲ།ཧ་ཧ་ཧ་ཧ་ཧ་ཧ།  རེད་དེ་དཔེ་དེབ་འདིའི་དམིགས་དོན་ནི་མཚན་སྙན་དང་ཀློག་པ་པོའི་དོན་དུ་མིན་པར་རྩོམ་རིག་འཇུས་པའི་མི་རྐྱང་ཕལ་བ་ཞིག་གིས་སེམས་ངོ་ཕྱིར་བཏོན་པ་ཙམ་ཡིན།དེ་བས་ཁྱབ་སྒྲག་ཐོག་འབད་འབུངས་ཆེར་བྱས་མེད།  དོན་དག་འདི་དག་དྲན་དུས་མི་ཚེ་ཟེར་བའི་སྙིང་པོ་ཅི་ཞིག་ཡིན་པ་ངས་ཤེས་ཀྱི་མི་འདུག  མི་ཚེའི་སྙིང་པོ་འདི་དག་ལྟ་བུའི་དུམ་བུར་ལོག་པའི་དྲན་འཛིན་ནམ་བདག་གིར་འཛིན་པས་འཇོག་དགོས་པ་རེད་དམ།དེ་ནི་ཕལ་ཆེར་མིན་པ་འདྲ།

ལོ་འདིའི་དབྱར་ཁ་བདག་གི་མི་ཚེ་ལ་བཀའ་དྲིན་ཧ་ཅང་ཆེ་བའི་མཁན་པོ་ཀུན་བཟང་འགྱུར་མེད་མདུན་ནས་དབུ་མའི་ཐལ་བཟློག་སྐོར་གྱི་དཔེ་ཁྲིད་ཅིག་ཞུ་བའི་བསྐལ་བཟང་བྱུང་།སྐབས་དེ་དང་བསྟུན་ནས་དབུ་མ་དང་གྲུབ་མཐའི་སྐོར་དཔེ་དེབ་འགའ་ཤས་བལྟས།དེ་མཚུངས་མཁན་པོ་ཁོང་དང་སྤུན་འཇམ་དབྱངས་ཤེས་རབ་གཉིས་དང་ལྷན་དུ་དྲོ་གྲང་ཉི་མ་ལྡེས་ཤིང་སྐྱིད་སྡུག་གི་ཁ་བརྡ་ཤིན་ཏུ་ཞིབ་མོར་བྱུང་།  དེ་ནི་དངོས་གནས་བསམ་པའི་ཡུལ་ལ་མི་ཤོང་བའི་སྐྱིད་སྣང་ཞིག་རེད།དེ་དང་མཉམ་དུ་བདག་གི་ཕ་དགོན་དཀར་པོ་ཟུར་མང་དགོན་ལ་ཡུན་འདུག་བྱུང་པས།ཁོར་ཡུག་འདིའི་མི་སྣ་ཐམས་ཅད་ཆ་མེད་དུ་ལོག་ནས་སེམས་ཚོར་མི་བདེ་བ་མང་པོ་ཞིག་སྤྲད་སོང་།མི་ནི་འགྱུར་ལྡོག་གི་རང་བཞིན་རེད་ལ།མི་ཚེའི་རིན་ཐང་ལའང་འགྱུར་བ་འགྲོ་མི་སྲིད་པ་མིན་པ་འདྲ།  གང་ལྟར་མི་མང་པོས་མིག་ལམ་ནས་ང་ནི་སྨྱོན་པ་རང་ལ་མཐོང་གིན་འདུག  ཧ་ཧ་ཧ་ཧ།  འདི་ཡ་མཚར་བ་ཞིག་ལ་ནས་མ་རེད།ངས་ང་རང་སྨྱོན་པ་ཞིག་རེད་བསམ་གྱི་མེད་ཀྱང་།ཁོང་ཅག་གི་བསམ་བློ་དང་དགའ་ཕྱོགས་དང་ཡོངས་སུ་མི་མཐུན་པའི་འཚོ་བ་ཞིག་ལ་འབད་ཀྱི་ཡོད།དེ་ནི་དུས་རབས་འདིས་ང་ལ་ལྷག་པར་བཞག་པའི་ཁུར་པོ་ཞིག་རེད་ཤག  འོན་ཀྱང་དགའ་འོས་པ་ཞིག་ལ་རང་དགོན་ལ་ཧ་ཅང་འཕེལ་རྒྱས་ཆེན་པོ་སོང་འདུག  རང་དགོན་དང་བྲལ་ནས་ལོ་ངོ་འདི་འདྲ་མང་པོ་སོང་བས་ལོས་ཡིན།གང་ལྟར་ད་ལྟ་བདག་གི་ཕ་དགོན་དཀར་པོ་འདི་ལ་འཕེལ་རྒྱས་དང་འགྱུར་བ་ཤིན་ཏུ་སོང་ཟིན་ཞིང་།ང་ལའང་ཆ་མེད་ཀྱི་སྣང་བ་ཤིན་ཏུ་འཐུག་པོ་ཞིག་སྤྲད་སོང་།  གནས་འདི་ནས་བདག་གི་སློབ་སྦྱོང་ཐོག་མར་མགོ་ཚུགས་ཤིང་ཤེས་རབ་ཅེས་པའི་མིང་ཚིག་འདི་ལ་གོ་བ་གསར་རྙེད་བྱུང་།བདག་ལ་མཚོན་ན་གནས་འདི་དང་གནས་འདི་ནས་འཕྲད་པའི་སྐྱེས་བུ་དག་ནི་བརྗོད་མཐའ་བྲལ་བའི་བཀའ་དྲིན་ཅན་མང་དག་ཅིག་ཡོད།དེ་བས་ད་ལོ་གནས་འདིར་ཡུན་འདུག་བྱུང་ཞིང་གྲོགས་པོ་འགའ་ལའང་ངོ་འཕྲད་བྱུང་བ་ནི་འགྲེལ་དཀའ་བའི་ཚོར་བ་ཁེ་མཚར་བ་ཞིག་རེད།ལོ་འདིར་བདག་གིས་ཟུར་མང་དགོན་པའི་གྲྭ་པ་ཡིན་པའི་མཚོན་རྟགས་སུ་ཟུར་མང་བསྙེན་བརྒྱུད་ཀྱི་དབང་ལུང་གང་འཚམ་ཞིག་ཞུ་བའི་སྐལ་བའང་བྱུང་།འདི་དག་ཐམས་ཅད་བདག་ལ་མཚོན་ན་ད་ལོའི་གྲུབ་འབྲས་སྣ་འདུས་འགའ་ཤས་རེད་སྙམ་པས་བྲིས་པ་ལས་འདི་དང་གན་འགྲུབ་ཡོད་ཅེས་ཁ་ཕོ་བསྒྲགས་པའི་ཕྱིར་དུ་ནི་བྲིས་པ་མ་ཡིན་སྟབས་ཞིབ་བཤད་དགོས་པ་མེད།ཤེས་འདོད་པ་དང་ཚོར་མཁན་རྣམས་ཀྱིས་ནི་འདི་ཙམ་གྱིས་གོ་ངེས་སོ།།

ལོ་འདིར་ང་རང་ཆེས་དགའ་བའི་བོད་ཀྱི་གླུ་པའི་རོལ་ཚོགས་ཏེ་ “ནད་པ་རོལ་ཚོགས་ཚང་གི་ཆེད་བསྒྲིགས་”(རྨ་ཆུ་)གསར་པ་ཞིག་བཏོན་སོང་།དེ་ནི་ང་ལ་མཚོན་ན་དངོས་གནས་སྒུག་ཡུན་རིང་མེད་ན་ཐུང་སྐྱོན་མེད་པའི་སེམས་ཚོར་འདུག  ནད་པ་རོལ་ཚོགས་ཚང་གི་གླུ་དབྱངས་དག་ནི་ཆོས་ཉིད་ཀྱི་རྗེས་སུ་འབྲངས་ཤིང་ཚོར་ཤུགས་ཀྱིས་ངག་ལ་བཀུགས་ཏེ་མི་ཕལ་བའི་དགའ་སྡུག  འཚོ་བའི་སྐྱོ་ཤས།རིག་གཞུང་གི་བདེན་པ།  སྒྱུ་རྩལ་གྱི་སྙིང་སྟོབས།  སེམས་ཚོར་གྱི་གཤིས།རྟེན་འབྲེལ་གྱི་འགྲིག་ཁ།མདོར་ན་ཆོས་ཉིད་ཀྱི་ཀུན་གཞི་ལ་ཕབ་པའི་རི་མོ་ཇི་བཞིན་ངའི་ཤེེས་རབ་ཅན་གྱི་ཁེར་རྐྱང་ལ་འདུག་རོགས་བཟང་པོ་ཞིག་བྱས་མྱོང་།མ་གཞི་ནས་བཤད་ན།རིག་གནས།རིག་གཞུང་།བསམ་བློ།དད་པ།བདེན་པ།གནས་ལུགས་སོགས་ཐམས་ཅད་ནི་མིའི་རིགས་ཀྱི་འཚོ་བའི་འདུ་ཤེས་ཙམ་རེད།འདུ་ཤེས་དེ་ལ་འཕེལ་འགྲིབ་དང་རྡེབ་སིག་བྱུང་བའི་བརྒྱུད་རིམ་ལས་གཏན་ཚིགས་དང་རིགས་ལམ་དུ་མས་ཐབས་བསྩལ་ཏེ་འགྲེལ་བཤད་དུ་མ་བྱས་པ་ལས་རིག་གཞུང་བྱུང་པ་རེད།འོན་ཀྱང་དེ་དག་ནི་དགོས་མཁོ་དབང་གིས་བྱུང་པ་ལས་དོན་མེད་རང་བྱུང་ག་ལ་ཡིན།དེའི་ཕྱིར་འཚོ་ཐབས་ལ་མི་འདྲ་བ་གཉིས་ཡོད་འདུག་སྟེ།གཏན་ཚིགས་དང་སྒྲིག་རིམ་གྱིས་འཚོ་བ་དང་།  རང་ཡན་དང་ཚོར་བས་འཚོ་ཐབས་བྱེད་པ་བཅས་གཉིས་ཡོད་འདུགདེ་བས་དེ་གཉིས་ཟུང་དུ་སྦྲེལ་ཏེ་འཚོ་བའང་ཡོད་པ་རེད།གང་ལྟར་ཇི་ལྟར་བྱས་ཀྱང་འཚོ་བ་ཞེས་པ་ནི་འགྱུར་ལྡོག་ཧ་ཅང་མོད་པའི་ངོ་བོར་གནས་ཤིང་།རྟག་བརྟན་མེད་པའི་གནས་ལུགས་ནང་ཡོད་སྟབས་ཁོང་ཚང་གི་གཞས་ཀྱིས་བདེན་པ་འདི་དང་གནས་ལུགས་ཡང་ཡང་སྟོན་ལ།མཛེས་སྡུག་ལྡན་པའི་མི་སེམས་དང་།སྐྱུག་མེར་བའི་མི་སེམས་དག་རེས་གསལ་རེས་མོག་གིས་ཁྱོད་ལ་སྟོན་པར་བྱེད།དེ་བས་ཁོང་ཅག་གི་གླུ་དག་ཉན་ཐེངས་རེར་བདག་ལ་ཞིབ་ལ་ལྷོད་པའི་དཔེ་དེབ་སྐྱིད་པོ་ཞིག་བལྟས་ཚར་བའི་ཚོར་བ་ཡང་ཡང་སྤྲད་ཀྱི་འདུག  ཁྱེད་ཅག་གིས་དེ་ལྟར་གོ་བ་བླངས་ནས་མཉན་མྱོང་ངམ།

ཟླ་བ་དེ་དག

[ཐོག་མའི་ཟླ་བ་སྒོར་ཞིང་གསལ

ན་ཆུང་དུས་ཀྱི་བརྩེ་དུང་བཞིན

འཕེལ་འགྲིབ་མེད་པའི་བརྟན་ཚུགས་ཀྱིས

ནང་སེམས་ལ་མཚར་སྣང་འཇོག

རྗེས་མར་ཟླ་བ་སྤྲིན་དུ་ཡིབ

དབྱར་ཁའི་གཞུང་གི་ཆར་ཤ་བཞིན

ནམ་འབབ་མེད་པའི་ཐེ་ཚོམ་གྱིས

འཚོ་བའི་ཁྲོད་སྨོན་འདུན་བསྐྱེད

མཐའ་མར་ཟླ་བ་ཚེས་དུས་མེད

སྐུད་པ་ཆད་པའི་ཤོག་བྱ་བཞིན

ཕྱིར་ཡོང་མེད་པའི་སྐྱོ་སྣང་གིས

ཁེར་རྐྱང་ངང་རང་ལམ་བཙལ]

ཟླ་བ་ནི་སེམས་ཀྱི་ཟླ་བ།ལས་ཀྱི་ཟླ་བ།ཤ་རུས་པ་གཉིས་ལ་མདུད་ནག་བརྒྱབ་སྟེ་སྲུང་བའི་ཟླ་བ།ཁྱེད་ནི་བདག་གི་འཚོ་བའི་རྟེན་དུ་བཞུགས་རོགས་གནང་།སྐད་ཆ་འདིས་གོང་གི་གླུ་དབྱངས་དེ་ལ་འགྲེལ་བཤད་སྟབས་བདེ་ཞིག་བྱས་ཡོད།གླུ་དབྱངས་འདི་ནི་མཚོན་བྱེད་ཙམ་དུ་བཀོད་པ་ཡིན།འདི་དང་འདིས་མཚོན་པའི་གླུ་དབྱངས་མང་དག་ཅིག་བདག་གི་སྟོང་ཚོ་ཁྲི་ཚོ་བྱས་ཏེ་ཉན་པ་ཡིན།སུན་སྣང་མི་འདུག  ད་ལོ་གསར་དུ་བཏོན་པའི་གླུ་དབྱངས་དག་ལས་རྨ་ཆུ་དང་གཉིད་དུ་ཡུར་བའི་དབྱར་ཁ་སོགས་ཡག་པོ་ཁ་ཤས་འདུག  རོལ་མོ་ཐད་སྔོན་བྱུང་མ་མྱོང་བའི་ཐོད་བརྒལ་ཆེན་པོ་འདུག་སྙམ་སོང་།གཞན་ད་ལོ་ཉན་རྒྱུ་དགའ་བའི་གླུ་གཞས་མང་པོ་བསླེབས་སོང་།  གཡུ་འབྲུག་ཚན་སྡེབ་ཀྱི་གཞས་རྣམས་ཐེངས་དུ་མར་ཉན་ཀྱང་ད་དུང་སུན་སྣང་ཡོང་གི་མི་འདུག  གང་ལྟར་ང་ནི་གླུ་ཉན་རྒྱུ་དཔེ་དགའ་པོ་འདུག  ད་ེནི་དངོས་གནས་བཤད་ན།ངའི་འཚོ་བའི་ངོས་སམ་སྤྲོ་སྣང་གཞན་ཞིག་ཡིན་པ་འདྲ།ང་ལ་ནད་པ་རོལ་ཚོགས་ཚང་གི་གླུ་ཁ་ཤས་ལ་ཕྲན་དཔྱད་སྟབས་བདེ་རེར་འབྲི་བའི་འཆར་གཞི་ཡོད་མོད།ད་ལོ་གཅིག་ཀྱང་འབྲི་རྒྱུ་མ་བྱུང་།ད་ག་ལེར་བྲིས་ཏེ་དཔེ་དེབ་བྱས་ནས་དཔར་ན་ཡག་པོ་ཡོད་ས་རེད།རྩོམ་འབྲི་བ་ཞིག་གི་མིག་དང་རྣ་བ་རྣམ་རྟོག་བསྐྱེད་ནས་གླུ་ལ་རོལ་མྱོང་བྱས་ན་དམིགས་བསལ་ངོ་བོ་གཞན་ཞིག་ཏན་ཏན་ཡོད་ངེས་རེད།

༢༠༢༣ལོ་འདིར་ངས་དཔེ་དེབ་ཁ་ཤས་བཀླག་རྒྱུ་བྱུང་།ང་རང་ལོ་ངོ་ལྔ་དྲུག་གོང་ནས་བཟུང་སྟེ་ལྟ་གྲུབ་མེད་པའི་སྙན་ངག་འབྲི་བར་མི་དགའ་བ་ཆགས་ཤིང་།སྙན་ངག་དང་བརྩམས་སྒྲུང་གང་ཡིན་ན་ལྟ་གྲུབ་ཅན་ལ་ལྷག་པར་དགའ་བ་ཆེན་པོ་ཆགས་སོང་།དེའི་ཕྱིར་དཔེ་དེབ་ཀློག་སྐབས་ཀྱང་ང་རང་གིས་ཆེས་ཉམས་འཇོག་སའང་ལྟ་གྲུབ་སྐོར་གྱི་དཔེ་དེབ་དག་རེད།མདོར་ན་ངས་སློབ་གསོ་གཅིག་གཅིག་དང་བསླབ་བྱ་གཉིས་གཉིས་ངག་རྒྱུན་གསུམ་གསུམ་ཟེར་བའི་ལྟ་གྲུབ་ཀྱིས་སྟོང་པའི་དཔེ་དེབ་ལྟ་མཚམས་བཞག་ནས་ལོ་ངོ་ལྔ་དྲུག་འགོར་སོང་།དེ་བས་ལོས་ཡིན།བལྟས་པའི་དཔེ་དེབ་གྲངས་ཀའང་མར་འགྲིབ།  རྒྱ་ཡིག་དང་བོད་ཡིག་གཉིས་རེས་མོས་ཀྱི་ལྟ་ཡི་ཡོད།ད་ལོ་དམིགས་བསལ་དུ་འཛམ་གླིང་ཤེས་རིག་གི་ལོ་རྒྱུས་སྐོར་ལ་དོ་སྣང་བྱུང་།དེའི་སྐོར་ནས་དཔེ་དེབ་ཁ་ཤས་བལྟས་པ་ཡིན།འོན་ཀྱང་དེ་དག་ལས་ཆེས་བག་ཆགས་ཆེ་ཤོས་ཤིག་ཡོད་པ་ནི་ཕ་ཡུལ་མཇར་མན་ནས་ཡིན་པའི་དེང་རབས་རིང་ལུགས་ཀྱི་སྒྱུ་རྩལ་སྤྱི་ཚོགས་རིག་པའི་སྲོལ་འབྱེད་པ་གྷི་ལའོ་སྲའེ་(格罗塞)ལགས་ཀྱི་བརྩམས་ཆོས་སྒྱུ་རྩལ་གྱི་འབྱུང་ཁུངས་(艺术起源)ཞེས་པའི་དཔེ་དེབ་འདི་རེད།དཔེ་དེབ་འདི་ངས་དུས་ཚོད་རིང་པོ་བེད་སྤྱོད་བྱས་ཏེ་བལྟས་པ་ཡིན།མིའི་རིགས་ཀྱི་སྒྱུ་རྩལ་གྱི་འབྱུང་ཁུངས་ལ་མཚན་ཉིད་རིག་པ་དང་།གོམས་སྲོལ་རིག་གནས།ཆོས་ལུགས་དད་མོས།ལྷ་སྒྲུང་།ཆབ་སྲིད་སོགས་མང་པོ་ཡོད་པ་གསུངས་ཤིང་།དེ་ལས་སྒྱུ་རྩལ་རིག་གནས་ཐོག་མ་ནི་རྒྱན་ཆ་དང་གླུ་གར་རི་མོ་ཡིན་པར་གསུངས།དེ་ལས་རིམ་གྱི་འཕེལ་རྒྱས་ཕྱིན་ཏེ་རིག་གནས་མང་དུ་འཕེལ་བའི་བརྒྱུད་རིམ་གྲ་རྒྱས་སུ་བྲིས་འདུག  གཞན་གཞི་འཛུགས་པའི་དུས་རབས་ཟེར་བའི་དཔེ་དེབ་ཅིག་བཀླགས་ཀྱང་།ལྷ་སྒྲུང་དང་འདྲིས་ཆེས་པས་དེ་ཙམ་མོས་པོ་མ་བྱུང་མཐའ་ཕུད་མེད།

གཞན་ད་ལོ་རྣམ་ཐར་མང་ཙམ་ལྟ་ཐུབ་པའི་སྙིང་ཕུར་བརྡེབས་པ་ཡིན།རྣམ་ཐར་ཁ་ཤས་བལྟ་ཐུབ་སོང་།དངོས་གནས་བོད་ཀྱི་རིག་གནས་ཀྱི་སྙིང་པོ་ཞིག་རྣམ་ཐར་ཁག་གི་ནང་དུ་མར་གྱི་སྣུམ་ཞེད་ལྟར་ཆགས་འདུག  ལོ་རྒྱུས་འདི་འདྲའི་རིང་པོ་ནང་དུ་ང་ཚོས་སྣང་མེད་དུ་བཞག་པའང་སྐྱེས་བུ་རླབས་ཆེན་རྣམས་ཀྱི་རྣམ་ཐར་གྱི་རྒྱབ་ཏུ་ཡོད་པའི་མི་རིགས་རིག་པ་ལྟ་བུའི་སྤྱི་ཚོགས་རིག་པ་ལྟ་བུའི་རིགས་ལམ་དམིགས་བསལ་བ་ཞིག་ཡོད་པ་དེ་ཡིན་པའི་སྣང་བ་ཡང་ཡང་བྱུང་སོང་།

ད་ལོ་རྩོམ་རིག་དང་འབྲེལ་བའི་དཔེ་དེབ་ཁ་ཤས་བལྟས་པ་ཡིན།དེ་ལས་དཔེ་དེབ་དམིགས་བསལ་བ་ཁ་ཤས་ལག་སོན་བྱུང་།གཅིག་ནི་མའེ་ལང་ཁའུ་དྷི་(米兰昆德拉)ལ་ལགས་ཀྱི་བརྩམས་སྒྲུང་གི་སྒྱུ་རྩལ་(小说的艺术)ཞེས་པ་དེ་རེད།དཔེ་དེབ་འདི་ནི་རྩོམ་རིག་ལྟ་གྲུབ་དམིགས་བསལ་བ་ཞིག་བཙལ་འདོན་བྱེད་པའི་དཔེ་དེབ་གཅིག་རེད།དཔེ་དེབ་ད་རུང་ཐེངས་ཤིག་བལྟ་བའི་འདུན་པ་འགོག་མེད་དུ་སྐྱེ་ཡི་འདུགསྤྱིར་བདག་ལ་དཔེ་དེབ་གཅིག་ཡང་བསྐྱར་ཀློག་པ་དང་གློག་བརྙན་ཞིག་ཡང་བསྐྱར་ལྟ་བ་ནི་དངོས་གནས་མནར་གཅོད་ཅིག་རེད།འོན་ཀྱང་དཔེ་དེབ་འགའ་རེར་བསྐྱར་ཀློག་བྱེད་པའི་སེམས་ཤུགས་འདུག་ལ།གློག་བརྙན་ཁ་ཤས་ཀྱང་བསྐྱར་ལྟ་བྱེད་པའི་སྣང་བ་འདུག  དེ་བཞིན་ཁོང་གི་དཔེ་དེབ་འདི་ནི་དེའི་གྲལ་གྱི་གཅིག་རེད།དཔེ་འདིར་དེང་རབས་རིང་ལུགས་ཀྱི་བརྩམས་སྒྲུང་གི་དབྱེ་ཞིབ་དམིགས་བསལ་བ་བྱས་འདུག་ལ།གཙོ་བོ་ལྟ་གྲུབ་ཀྱི་སྒོ་ནས་བྱས་འདུགདེ་ནི་དངོས་གནས་དམིགས་བསལ་བ་ཞིག་རེད།དབྱེ་བ་བརྒལ་སྟངས་འདིས་དེངས་རབས་རྩོམ་རིག་བཤད་མཁན་ཐམས་ཅད་འགྲམ་ལྕགས་ཚ་དྲགས་པ་ཞིག་བརྒྱབ་འདུག་སྙམ།གཞན་ཁོང་གིས་ཁ་ཧྥོ་ཁཱ་ཡི་རྨི་ལམ་དང་དངོས་ཡོད་འཐབ་འགྲེལ་འབྲི་ཐབས་དང་།  ཐའེ་ཅའེ་ཧའུ་དྷི་ལགས་ཀྱིས་ཅང་ཤེས་རྟ་ཕོས་མཆོང་བསྐྱོད་ཀྱིས་དཔའ་བོ་རིང་ལུགས་ཀྱི་རྩོམ་རིག་ཡོ་རོབ་གླིང་ནས་འཛམ་གླིང་ཡོངས་ལ་ཁྱབ་པར་གྱུར།དེ་རྗེས་འཛམ་གླིང་ལ་རྩོམ་རིག་སྒྱུ་རྩལ་གྱི་གསོན་ཤུགས་ཆད་པར་གྱུར་པ་འདི་ལོ་རྒྱུས་རང་བཞིན་གྱི་ལྟ་ཚུལ་མི་འདྲ་བ་ཞིག་ལ་མཐོང་།གཞན་ཁོང་གིས་བརྩམས་སྒྲུང་གི་རྗོད་པ་ནི་དངོས་ཡོད་ཀྱི་བྲན་གཡོག་མ་ཡིན་པར་དངོས་ཡོད་ཀྱི་བདེན་པ་དང་འོ་ཆུ་ལྟར་འདྲེས་པའི་ཆོས་ཉིད་ཀྱི་བརྡ་རྟགས་ཡིན་པར་བཤད་པ་དང་།བརྩམས་སྒྲུང་ནང་གི་མི་སྣ་དང་བྱུང་བ་བཅས་ནི་རྩྭ་རྩྭི་ཤིང་སྐྱེས་ཤིང་རྒྱས་པ་ཇི་བཞིན་ནར་སོན་རྒྱུ་ཡོད་ཚུལ་བརྗོད།བརྩམས་སྒྲུང་གི་ཟབ་འཇུག་འདུ་ཤེས་དང་སྒྱུ་འཕྲུལ་གྱི་མཛེས་རྟོག་དག་བག་ཆགས་སད་པའི་གོ་རིམ་ཞིག་ཡིན་པར་བརྗོད་པ་བཅས་ལ་དམིགས་བསལ་ཁྱད་ཆོས་ཐོན་འདུག་པར་མཐོང་ཡོད།དེ་བས་ད་ལོ་རྩོམ་རིག་སྐོར་བལྟས་པ་ལས་དཔེ་དེབ་འདི་དམིགས་བསལ་འོས་སྦྱོར་བྱེད་རྒྱུར་མཐོང་།

བོད་ཡིག་ལས་ད་ལོ་དབུས་པ་བློ་གསལ་གྱི་གྲུབ་མཐའ་འདི་དངོས་གནས་གལ་ཆེན་རེད་སྙམ་སོང་།ཆ་ཚང་བལྟས་མེད།ལོ་གསར་པར་དཔེ་དེབ་འདི་མགོ་ནས་མཇུག་ཏུ་ཞིབ་ལྟ་བྱེད་རྒྱུ་འཆར་གཞི་ཡོད།གྲུབ་མཐའ་འདི་ནི་ད་སྐབས་ལག་སོན་བྱུང་པའི་གྲུབ་མཐའི་བསྟན་བཅོས་ཐོག་མའི་གྲལ་རེད་འདུག་ལ།འདིའི་སྔོན་དུ་བཅོམ་ལྡན་རིག་རལ་གྱི་གྲུབ་མཐའ་རྒྱན་གྱི་མེ་ཏོག་དང་།ཕྱྭ་པ་ཆོས་སེང་གི་གྲུབ་མཐའ་བསྡུས་པ་ཟེེར་བ་ཞིག་ཡོད་སྲོལ་གོ་རྒྱུ་འདུག  འོན་ཀྱང་དང་པོ་དེ་བོད་ཀྱི་གྲུབ་མཐའི་བསྟན་བཅོས་ཐོག་མ་ཡིན་པ་དང་།ཕྱི་མ་དེ་དེང་སང་ལག་སོན་ཕལ་ཆེར་བྱུང་གི་མེད་པ་འདྲ།གང་ལྟར་ང་དང་ངའི་གྲོགས་པོ་ངོ་ཤེས་ཚོ་ཁྲོད་ན་རིག་མཁན་མཐོང་མཁན་མི་འདུག  ཧ་ཧ་ཧ་ཧ་ཧ།ང་ཚོ་ངོ་མ་བཤད་ན་འདི་ལྟའི་གྲུབ་མཐའ་དང་རིག་གཞུང་ལ་མི་ཚེ་གང་པོ་སློབ་སྦྱོང་བྱེད་པའི་སྐལ་པ་ཡོད་པ་ནི་དངོས་གནས་བསོད་ནམས་ངོ་མ་རེད།ད་དངོས་གནས་བསོད་ནམས་ཟེར་བ་དེ་ལ་གཞི་ནས་གོ་བ་བཟང་པོར་ལོན་གྱི་འདུག  ང་རང་ཕོ་ལོ་ཉི་ཤུ་བྱིན་མ་བྱིན་ཙམ་ནས་མགོ་བཟུང་སྟེ་དཔེ་དེབ་དང་རྩ་བ་ནས་ཁ་བྲལ་མ་མྱོང་ཞིང་།དམིགས་ཡུལ་ཕལ་པར་གྱུར་པ་ག་གེ་མོའི་ཆེད་དུ་སློབ་སྦྱོང་བྱས་མ་མྱོང་།ངས་སློབ་སྦྱོང་བྱས་པའི་མི་ཚེ་ནང་དུ་དམིགས་དོན་གཅིག་ལས་མེད།དེ་ནི་ཤེས་པ་འཕེལ་ཏེ་རྨོངས་པ་སེལ་བ་ལས་གང་ཡང་དམིགས་དོན་བྱུང་མ་མྱོང་།དེ་ལྟར་བཤད་ན་མཐོ་བཤད་ལབ་བཤད་དུ་མཐོང་སྲིད་མོད་ངས་དེ་ལྟར་འདོད་ཀྱིན་ང་རྒྱལ་བྱེད་ཀྱི་ཡོད།ད་སྐབས་སློབ་ཁྲིད་བྱེད་སྐབས་ཀྱང་རང་གིས་དགའ་བ་དང་།  མོས་པ།དང་བ་སོགས་ལྡན་པའི་སྒོ་ནས་སློབ་ཁྲིད་བྱེད་ཐུབ་ཀྱི་ཡོད།འདི་དག་ཐམས་ཅད་ནི་བདག་གི་འཛད་མེད་ཀྱི་བསོད་ནམས་དང་།གཞན་གྱི་བཀའ་དྲིན་རེད།དེ་བས་ངས་ནམ་རྒྱུན་གུ་ཡངས་པའི་བསམ་བློ་དང་ཁོར་ཡུག་བསྐྲུན་ཅི་ཐུབ་བྱས་ཏེ་སློབ་སྦྱོང་གི་མཚམས་གཅོད་འདོད་ཀྱི་འདུན་པ་རྩེ་ནས་སྤངས་ཡོད།

གཞན་བོད་ཡིག་ལས་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་དེ་དཔེ་གལ་ཆེན་རེད་བསམ་སོང་།སྤྱིར་བཏང་མི་ལའི་རྣམ་མགུར་དང་རྣམ་ཐར་ལ་རིགས་མང་པོ་འདུག  ད་སྐབས་རྒྱུགས་ཆེ་བ་གསུམ་ཡོད་པ་བཤད་ཀྱི་འདུག  ངས་གཉིས་ལས་མཇལ་རྒྱུ་མ་བྱུང་།གཅིག་ནི་ཀརྨ་པ་རང་བྱུང་རྡོ་རྗེས་བརྩམས་པའི་རྣམ་ཐར་མཛོད་ནག་མ་ཞེས་པ་དེ་རེད། (བམ་ཀློག)གཉིས་པ་ནི་གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་གྱིས་བརྩམས་པའི་མི་ལའི་རྣམ་མགུར་ཞེས་པ་དེ་རེད།  རེད་དེ་དེ་ལས་ཆེས་སྙན་གྲགས་རྒྱས་ཤོས་ཕྱི་མ་དེ་ཡིན་པ་དང་།ཕྱི་མ་ད་ེལ་བལྟས་ན་དངོས་གནས་ཡིད་དབང་འཕྲོག་པ་ཞིག་ཡིན།ངས་ཞིབ་ལྟ་དཔེ་དེབ་ཀྱང་ཕྱི་མ་དེ་ཡིན།ད་དེའི་ཁྱད་ཆོས་ནང་དོན་སོགས་དབྱེ་ཞིབ་བྱེད་དུ་འདུག་ཀྱང་ཉོག་བཤད་མེད་པར་བྱ།

གཞན་བོད་ཡིག་ཁྲོད་ནས་ཀརྨ་འཕྲིན་ལས་པའི་ཀརྨ་ཤིང་རྟ་འདི་དངོས་གནས་གལ་ཆེན་རེད།མང་ཆེ་བས་ཤེས་བྱ་མཛོད་དམ་ཤེས་བྱ་ཀུན་ཁྱབ་གལ་ཆེན་བརྩིས་ནས་ས་སྒྲོག་གནམ་སྒྲོག་བྱེད་ཀྱི་འདུག་མོད།འོན་ཀྱང་ང་ལ་མཚོན་ཀརྨའི་ཤིང་རྟ་འདི་གལ་ཆེན་དུ་མཐོང་གི་ཡོད།དེ་འགྲིག་མིན་མི་ཤེས།འདིར་རིག་གནས་ཆེ་ཆུང་བཅུ་པོ་ཕལ་ཆེར་འདུས་ཡོད་པ་དང་།ཟབ་གནད་མང་པོ་དམིགས་བསལ་གྱིས་འདུས་ཡོད།ལྷག་པར་དུ་འདི་ལས་གྲུབ་མཐའ་སྐོར་དེ་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་པའི་བཤད་སྲོལ་འདུག  དེ་བས་དམིགས་བསལ་དོ་སྣང་བྱེད་དགོས་པར་མཐོང་།ད་ཅུང་ཙམ་ཉོག་འགྲོ་བའི་སྣང་བ་ཡོང་གི་འདུག

ད་ལོ་དེ་ལྟར་དཔེ་དེབ་སུམ་ཅུ་ཡར་མར་བལྟས་འདུགརེད་དེ་དེ་དག་རེ་རེ་ནས་ངོ་སྤྲོད་བྱས་ན་སྙིང་པོ་ཆེར་མི་འདུག  ཁ་ཤས་དངོས་གནས་བཤད་ཚེ་དུས་ཚོད་འཕྲོ་བརླག་ཙམ་དུ་གྱུར་འདུག  འགའ་རེར་སྐབས་སུ་མ་བབས་པ་འདུག  གང་ལྟར་དེ་ཙམ་གྱིས་ཆོག་པར་ཤོག

འགོས་ལོ་ཙཱ་པ་གཞོན་ནུ་དཔལ་གྱི་ཞལ་ནས།“ད་ངས་ནོར་ཡང་མི་སོགས།  ལུས་ལ་ཤེད་མོང་མེད་པས་དཔོན་ཅིག་ལ་རྟེན་པའི་མི་གཡོག་ཀྱང་མི་ཕེར་བས།  དཔེ་ཆ་ཤོག་གུ་ཁ་ཡར་རེ་ལྟ་བ་འདི་འོང་ཡང་འོང་།  ལེགས་ཀྱང་ལེགས་པར་འདུག་པས་ཐག་རྦད་དེ་བཅད་པ་ཡིན་དུས་ཕྱིས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་སེམས་ཀྱི་ཐག་ཆོད་དེ་ཁོ་ན་ལས་བྱུང་བ་ཡིན།  དེ་ནས་རེས་བརྩོན་འགྲུས་ཆེན་པོ་མ་བརྩམས་པར་སོས་དལ་དུ་ལུས།  རེས་དུམ་རེ་ལྟ་རྟོག་བྱས་ཏེ་སེམས་དེ་གཅིག་པུའི་དྲིན་གྱིས་ཡོན་ཏན་ཐམས་ཅད་བྱུང་བ་ཡིན་པས་ཁྱེད་རང་རྣམས་ཀྱང་ཅི་འོང་ལེགས་པར་སེམས་དགོས་པ་ཡིན་ཞེས་གསུངས་པ་ཇི་བཞིན་ང་རང་གིས་རང་ནུས་ཅི་ལྕོགས་ཀྱིས་སློབ་སྦྱོང་གི་རྒྱུན་སྐྱོང་བའི་བརྒྱུད་རིམ་འདི་ནི་དངོས་གནས་ཡིད་དབང་དགའ་བས་བརྟས་པ་ལགས་སོ།།

ད་ལོ་མི་སྣ་དག་དམིགས་བསལ་བ་ཁ་ཤས་ལ་དོ་སྣང་བྱུང་།  ནུབ་ཀྱི་རྩོམ་པ་པོ་མའེ་ལང་ཁུ་དྷི་ལ་ལགས་ངས་ད་ལོ་གསར་དུ་ངོ་ཤེས་བྱུང་།སྔོན་ཆད་གོ་མྱོང་།འོན་ཀྱང་གྲགས་པ་ཆེས་དྲགས་པས་ང་རང་དེ་ཙམ་ཁོང་གི་བརྩམས་ཆོས་ཀློག་རྒྱུ་སྤྲོ་བ་མ་བྱུང་།ད་ལོ་ཁོང་གི་དཔེ་དེབ་དག་ལ་དགའ་བ་དམིགས་བསལ་སྐྱེས་སོང་།གཉིས་པ་སྔར་བཞིན་མཁས་དབང་དགེ་འདུན་ཆོས་འཕེལ་ལ་འདང་བརྩེ་ཇེ་ཆེར་སོང་འདུག  གཅིག་ནས་ཁོང་གི་སྙིང་སྟོབས་དང་།  ཁོང་གི་རྣམ་དཔྱོད།ཁོང་གི་རིག་གཞུང་གི་བློ་མིག  རིགས་ཤེས་ཀྱི་བུ་འདི་ནི་དངོས་གནས་དགའ་བ་ཇེ་ཆེར་འཕེལ་བ་ཞིག་རེད།དེ་རྗེས་བོད་ཀྱི་ལོ་ཙཱ་བ་འགོས་ལོ་ཙཱ་བ་ཁོང་ཉིད་བོད་བོད་ཀྱི་རིག་གཞུང་ལོ་རྒྱུས་ཀུན་པོ་ལ་བྱས་རྗེས་དམིགས་བསལ་ལྡན་པ་ཡིན་པ་མ་ཟད།ཁོང་གི་ཐུགས་བསྐྱེད་དང་ཐོས་བསམ་གནང་བའི་ངང་ཚུལ་དེ་དངོས་གནས་ཡིད་དུ་འོང་བ་ཞིག་རེད།ང་རང་ཁོང་དད་པ་བླ་ལྷག་ཏུ་འཕེལ་སོང་།རྒྱ་ཡི་མཁས་པ་ཝང་ཏུང་ཡའེ་དང་ལའོ་ཤྲང་གཉིས་ཀྱིས་འཆད་ཁྲིད་དང་ཁ་བརྡ་ལ་མང་ཙམ་ཉན་པས་ཁོང་གཉིས་ཀྱི་བསམ་བློ་དེ་དམིགས་བསལ་པ་ཞིག་ལ་མཐོང་ཡོད།གཞན་རྩོམ་པ་པོ་ཡའེ་ཧྥ་ལགས་ནི་མི་དགའ་ས་རེད་སྙམ།  ད་ལྟ་བོད་ཀྱི་མཁས་པ་ཚོ་ཁྲོད་ན་དགའ་གུས་ཞུ་ས་ཡང་འགའ་རེར་བྱུང་།དེ་ལས་དམིགས་བསལ་མཁས་དབང་དཔལ་ལྡན་ཉི་མ་ནི་ངེས་པར་དུ་དོ་སྣང་བྱེད་དགོས་མཁས་དབང་ཞིག་ལ་མཐོང་སོང་།བོད་དང་རྒྱ་ནག་གི་སློབ་གསོའི་གནས་བབ་ཧ་ཅང་ཛ་དྲག་ཏུ་ལྷུང་པའི་སྣང་ཚུལ་འདིའི་འོག་ནས་ང་ཚོས་ངེས་པར་སློབ་གསོ་རིག་པའི་མཁས་དབང་ཁོང་ལྟ་བུར་དང་དོད་བྱེད་རྒྱུ་གལ་ཆེན་རེད་ལ།ཁོང་གི་སློབ་གསོ་ལྟ་གྲུབ་དེ་ལ་བོད་ཀྱི་རིག་གཞུང་ལ་རྨ་མི་འགྲོ་ཞིང་།དེང་རབས་བསམ་བློ་གསར་པའི་སྣེ་ཁྲིད་ཐུབ་པའི་ཁྱད་ཆོས་འབུར་དུ་ཐོན་འདུག  དེ་བས་ཁོང་ལ་དགའ་བ་ཚད་མེད་བྱུང་།སྙན་ངག་ཐད་བདག་གི་གྲོགས་པོར་བརྩིས་ཆོག་པའི་གྲོགས་པོ་མ་ཎི་དོན་འགྲུབ་བམ་ལྡོག་ལགས་ཀྱི་བོད་རྩོམ་སྙན་ངག་ཡིད་ལ་འགྲོ་འབྲི་བཞིན་འདུག  ནམ་རྒྱུན་ཁོང་གི་རྩོམ་དག་ངས་ཀློག་གིན་ཡོད།མ་ཟད་སྙན་ངག་སྐོར་ཁ་བརྡ་ཐན་ཐུན་བྱས་མྱོང་བ་འདྲ།  གཉིས་པ་རྒྱ་ཡིག་སྙན་ངག་ཀློག་བྱ་སྟེ།བྷོར་ཁཱ་ཧའོ་སྲི་ལགས་རེད།ཁོང་གི་བརྩམས་སྒྲུང་དང་སྙན་ངག་གཉིས་ཀ་དཔེ་ཡག་པོ་འདུག  རྒྱུན་ཀློག་བྱེད་ཀྱི་ཡོད།ཁོང་གི་སྙན་ངག་དག་ལ་དངོས་ཡོད་དང་སྒྱུ་མའི་འཐབ་འགྲེལ་གྱི་ཆ་ཤིན་ཏུ་ཤུགས་ཆེན་པོ་ཡོད།  དེ་བས་ཁོང་གི་སྙན་ངག་ཅུང་གོ་དཀའ་བའི་རིགས་སུ་གཏོགས།མི་སྣ་གསར་ཤེས་སྐོར་ནས་བག་ཆགས་ཟབ་པ་་དེ་དག་ཡིན་པ་འདྲ།

རྩོམ་འབྲིའི་ཐད་ཆུ་ཁོལ་དང་རྒྱ་ཇ་ཁོ་ཧྥེ་བཅས་འཐུང་གིན་ད་ལོ་དལ་ལྷོད་ཁུ་སིམ་གྱིས་རྩོམ་བྲིས་པ་ཡིན།འུར་འུར་ཟིང་ཟིང་དུ་ནང་ཆེར་མ་ཞུགས།དེ་ངའི་གནས་བབ་ལ་ཧ་ཅང་འཚམ་པོ་ཡང་འདུག  མ་གཞི་སྔོན་དང་བསྡུར་ན་རྩོམ་གྱི་བྲིས་གྲངས་ཇེ་ཉུང་དུ་གཏོང་ཡོད་ལ།བྲིས་པ་ཐམས་ཅད་ག་ལེར་ཁུ་སིམ་མེར་ཉར་ཚགས་བྱེད་པ་ལས་དུས་དེབ་སོགས་ཕྱི་རུ་འགྲེམ་པའི་སྤྲོ་བ་དེ་ཙམ་མི་འདུག  དེ་བས་རྩོམ་བྲིས་པ་དག་ལས་རང་ཉིད་ཡིད་ཚིམས་པ་ཁ་ཤས་ལས་མ་བྱུང་།མ་གཞི་རྩོམ་འབྲིའི་ལས་ཟེར་བ་དེ་འདྲ་ཞིག་ཡིན་འོས་པའི་ཚོར་སྣང་བྱུང་།ད་ལོ་སྙན་ངག་ཉུང་ཙམ་དང་།  བརྩམས་སྒྲུང་ཁ་ཤས་ཤིག  ལྷུག་རྩོམ་གཅིག་གཉིས་ཙམ།  གཙོ་བོར་བརྗེ་ཐོ་མང་ཙམ་བྲིས་པ་ཡིན།དེ་ནི་དངོས་གནས་བཤད་ན་འགྱུར་ལྡོག་ཆེན་པོ་རེད་ཤག  ཧ་ཧ་ཧ་ཧ།མི་མང་པོའི་སེམས་ལ་འགྲོ་མི་སྲིད་པ་ཞིག་རེད།གཞན་ལོ་ཙཱ་ཅུང་ཙམ་ཐུབ་སོང་ཟེར་ན་ཆོག་པ་འདྲ་ལ་མི་ཆོག་པ་ཡང་འདྲ།གང་ལྟར་ལོ་ཙྭའི་ཐད་དུས་ཚོད་ཅུང་ཙམ་བཀོལ་ཅི་ཐུབ་བྱས་པ་ཡིན།དེ་བས་ལོ་ཙྭ་པ་རྣམས་ཀྱི་རྣམ་ཐར་རེར་ཀློག་ཨེ་ཐུབ་སྙམ་པའི་འདུན་པ་ཤུགས་ཇེ་དྲག་སོང་འདུག

ཧ་ཧ་ཧ་ཧ་ཧ།       ད་དེ་ལྟར་ཐོན་ཡོང་དུས་མི་ཚེ་སྙིང་པོ་ཟེར་བ་ཞིག་གཞི་ནས་བོར་སོང་།མི་ཚེ་ཟེར་བ་འདི་ནི་བརྒྱུད་རིམ་ཆུང་ཆུང་ཞིག་རེད།བརྒྱུད་རིམ་འདིའི་ནང་དུ་མཚམས་མཚམས་སུ་ནུད་དེ་འགྲོ་དགོས་ལ།མཚམས་མཚམས་སུ་ངུ་བཞིན་ཆས་དགོས།རེད་དེ་མི་ཚེ་ལ་སྙིང་པོ་འདུག་གམ།གང་ན་འདུག  གང་འདྲ་ཞིག་ལ་མི་ཚེའི་སྙིང་པོ་ཟེར་རམ་ཞེས་རང་ལ་ཚུར་ཁ་འཁོར་ཏེ་ཅོ་འདྲི་ཚ་ནན་ཞིག་བྱས་ཚེ་ངས་དངོས་གནས་ལན་འཕྲོད་ཐབས་མི་འདུག  ལོ་གཅིག་གི་རིང་ལ་ངས་མི་ཚེ་སྙིང་པོའི་སྐོར་ལ་བསམ་བློ་ཡང་ཡང་བཏང་ལ།མི་ཚེ་ཟེེར་བའི་དུས་ཚོད་ཀྱི་སྦྲུལ་ཤུབས་འདི་ལ་ནན་ཞིབ་ཀྱིས་ཡང་ཡང་རེག་པ་ཡིན།མཇུག་མཐར་ང་ལ་ལན་དུ་གྱུར་པ་སྟེ།མག་མོག་གི་སྣང་བ་གཅིག་བྱུང་།དེ་ནི་མི་རྣམས་ནམ་རྒྱུན་ཆེས་ཡག་པའི་འཛུམ་མདངས་དང་རྣམ་འགྱུར་ཕྱི་ལ་བཏོན་ནས་འཆམ་འཆམ་དུ་འགྲོ་ལ།རང་གི་ཆེས་མཛེས་པའི་བྱད་གཟུགས་ཕྱི་རུ་མངོན་ཆི་ཐུབ་བྱེད།རེད་དེ་མི་སེམས་རེ་རེ་ནི་ལྕགས་ཀྱི་གཟེབ་ལ་བཅུག་པའི་ཉམ་ཆུང་གི་བྱེའུ་རེ་རེ་བཞིན།  གྲོང་ཁྱེར་གྱི་འུར་ཟིང་དང་ཆོམ་མེས་སྦྲིད་དུ་བཏང་པའི་ནད་པ་ཇི་བཞིན་ཧ་ཅང་སེམས་ལ་གཟེར་བ་ཞིག་རེད་འདུག་ཅེས་པ་དེ་རེད།  ཁྱེད་ཀྱི་སེམས་ལ་དེ་ལྟའི་སྣང་བྱུང་སོང་ངམ།ལོ་འདི་ཁྱོད་སྐྱིད་པོ་བྱུང་ངམ།གྲོགས་པོ་ལགས།

ལོ་གསར་པར་ང་ལ་མི་ཚེ་སྙིང་པོ་སྐོར་གྱི་གོ་རྟོག་གསར་པ་ག་ཚད་འཕེལ་སྲིད་དམ།འཕེལ་སྲིད་དམ།  སྲིད་ཚེ།  ང་ཚོ་ལྷན་དུ་མཉམ་བསྐྱོད་བྱེད།  བཀྲ་ཤིས་བདེ་ལེགས།

[ མཆན། ང་ནི་མ་གཞི་ནས་ཅི་ཡང་ཤེས་མཁན་ཞིག་མིན་པའི་ཁར།བསམ་བློ་གཏོང་བ།  དཔེ་ཀློག་བྱེད་པ།  རྩོམ་འབྲི་བ་སོགས་ལའང་ལེ་ལོ་ལྗིད་པོར་ཆགས་པ་ཞིག་ཡིན་སྟབས།  ངས་བྱས་པའི་འབད་པ་འདི་དག་ཅི་ཡང་མིན་པ་བདག་ལ་ཡིད་ཆེས་ཡོད།འོན་ཀྱང་འདི་ནི་འཚོ་ཐབས་ཙམ་ཡིན་པ་འདྲ།  མ་ཤི་བའི་བརྡ་ཐབས་ཙམ་ཡིན་པ་འདྲ།  དེ་བས་བློ་གྲོས་དང་ལྡན་པའི་གྲོགས་པོ་རྣམས་ཀྱིས་བློ་འཆར་མང་ཙམ་འདོན་པའི་རེ་བ་ཡོད།ཐུགས་རྗེ་ཆེ།

 

༢༠༢༤ལོའི་ཟླ་བ་༡པའི་ཚེས་༥ཉིན་རྒྱ་ནག་ཁྲིའུ་ཏུའུ་དཔེ་མཛོད་ཁང་ག་གེ་མོ་ཞིག་ཏུ་གྲུབ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4406