དཔལ་ལྡན་ཀརྨ་པ་མི་བསྐྱོད་རྡོ་རྗེའི་གསང་བའི་རྣམ་ཐར་ཆུ་ཟླའི་སྣང་བརྙན་བཞུགས་སོ། །

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །

བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་ཤེས་བཞིན་དུ་འཇུག  ཤེས་བཞིན་དུ་གནས། ཤེས་བཞིན་དུ་སྐྱེ་ཟེར་བར་འདུག་ནའང་། ང་ནི་ཐམས་ཅད་བདེ་ལམ་མེ། མའི་ནང་ཁྲོལ་ཐམས་ཅད་ཀྱང་མངོན་བཞིན་དུ་འདུག   ཁོང་སྟོང་གཅིག་ནས་གཅིག་ཏུ་འགྲོ་བ་བཞིན་འདུག  སྐྱེ་བའི་སྡུག་བསྔལ་ཟེར་བ་དེ་ཡང་རྫུན་པ་འདྲ་བསམ་པ་བྱུང་། མ་ལ་སྐྱེས་པའི་དུས་ལ། ས་ཡི་ལྷ་མོ་བརྟེན་མས་ཡུལ་དབུས་ཀྱི་ཕྲང་རས་ཀྱིས་ལྕིབ་ནས་བླང་བའི་སྣང་བ་བྱུང་། ཨ་མའི་ཁོག་པར་གནས་དུས་སུ།  གཟུགས་སྒྲ་དྲི་རོ་རྣམས་ཚོར་ཞིང་འདུག  ལུས་ཅན་ཐམས་ཅད་ཀྱིས་ལུས་ཆགས་ཟེར་བའི་སྒྲ་སྐད་ཅན་དེ། ང་རང་གིས་ནི་ཕྱི་ནང་གཞན་གསུམ་གཅིག་ཏུ་ཤེས་པས། རྣམ་སྨིན་གྱིས་ལུས་ཐམས་ཅད་ཆགས་ལུགས་བལ་བལ་ཡིད་ལ་ངེས་ནས་བྱུང་། ནང་དུ་མེར་མེར་ནུར་ནུར་ཟེར་བ་འདུག་ནའང་། ང་ནི་སྐྱེ་མཆེད་རྩ་རླུང་ཐིག་ལེ་རྣམས་གྲུབ་ཚུལ་སྤྲུལ་པས་སྤྲུལ་པ་འདྲ་བ་འོང་ཞིང་འདུག  །ནང་དུ་གཏམ་བྱས་པ་རྣམས་ཕྱི་རོལ་དུ་གོ་ཟེར་ཏོ།  །སྐྱེས་མ་ཐག་ཏུ་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཡིད་ལ་ངེས་པར་བྱུང་།  སྔར་མཁའ་འགྲོའི་གནས་སུ་ཕྱིན་པའི་དུས་ཀྱིས།  དེའི་བག་ཆགས་ཀྱིས་གར་གྱི་རྣམ་འགྱུར་ཡང་ངེས་པར་བྱུང་བས་གཞན་གྱིས་གར་བྱེད་དོ་ཟེར།  ང་རང་ཡང་ཨ་མའི་ནུ་མ་འཐུང་མ་དགོས་པར།  ཏིང་ངེ་འཛིན་གྱིས་འཚོ་བ་བྱུང་།  ཡུལ་དེའི་གཞི་བདག་དེས།  དེ་རིང་ངམ་ས་ཁྱམ་སྤྱན་འདྲེན་མཁན་འོང་རྒྱུ་ཡིན་ཟེར་བས།  ཕྱི་ཉིན་སླེབ་ནས་བྱུང་།  ཡང་རྡོ་རྗེ་ཕག་མོས།  ཁྱོད་སང་ཉིད་འབོད་མི་འོང་བར་ཡོད་པས་འགྲོ་ནས་གྲགས་ཟེར་བའི་སྣང་བ་བྱུང་།  རི་བོ་ཆེར་སླེབ་ཙ་ན།  སྔར་ངོ་ཤེས་པའི་མི་མང་པོ་དང་འཕྲད་བྱུང་བས།  ཁྱེད་ཀརྨ་པ་ཨེ་ཡིན་ཟེར་མཁན་མང་པོ་བྱུང་། སྟ་ཤོད་ན་ཕྱིན་དུས་རྒན་མོ་འགས་ཡུང་མ་ཁྱེར་བྱུང་བ་ལ།  རྣམ་སྲས་ཀྱིས་ཁྱོད་ལ་གདུལ་བྱ་འདི་ལས་ཆེ་བ་ཞིག་འོང་ཟེར་ཞིང་འདུག  ལར་བླ་མ་ཡི་དམ་གྱི་ཐང་ཀ་མཐོང་དུས།   དེ་རྣམས་ཀྱི་མངོན་རྟོགས་དང་རྒྱུད་ཀྱི་བཤད་པ་རྣམས་ཀྱང་ཡིད་ལ་ངེས་པར་བྱུང་།  ལྷོ་རོང་ཕྱིན་པའི་དུས་རྒྱ་སྟོན་པ་རྣམས་ཀྱིས་རྒྱང་འབོད་བྱེད་པའི་དུས་ཚེ་རབས་སྔ་མའི་བླ་མ་རྣམས་ཡིད་ལ་ངེས་ངེས་བྱུང་།  ཡང་སྒར་ལ་མ་ཕྱིན་བར་སྣང་བ་བདེ་ཆེན་ཡིན་སྙམ་པ་བྱུང་།  སྒར་དུ་ཕྱིན་ནས་སྣང་བ་བདེ་ཆེན་དུ་ཐག་ཆོད་པ་ཞིག་བྱུང་།  ཡང་དེར་ལྷོ་སྟོད་སྨད་ཀྱི་ཡུལ་ལྷ་གཞི་བདག་རྣམས་ཀྱིས། དེ་སྔོན་ཕན་ཁྱེད་ཀརྨ་པ་ཡིན་མིན་ཐེ་ཚོམ་པར་བྱུང་། ད་ནི་ཀརྨ་པར་འདུག་ཟེར་ནས། རྨི་ལམ་ཉིན་སྣང་རྣམས་སུ་གཞི་བདག་ས་ཡ་མང་དུ་བྱུང་བསམ་པའི་སྣང་བ་བྱུང་། ཉིན་གཅིག་སྐྱབས་སྡོམ་བླངས་ཉིན་ཐུབ་དབང་གི་སྐུ་མཐོང་། དེ་ལ་བརྟེན་ནས་བརྟེན་གཡོ་སྣོད་བཅུ་ཐམས་ཅད་ལྷ་སྐུ་རང་བཞིན་དུ་མཐོང་། དེ་ནས་མདོ་ཁམས་སུ་འོངས་བའི་ཚེ། མགོན་པོ་བེར་ནག་ཅན་གྱིས་དར་དཀར་པོ་སྟོང་གསུམ་གྱི་སྟོང་ཆེན་མོ་ཐམས་ཅད་རི་མོར་བྲིས་ནས། འདི་ང་ལ་འཇིག་རྟེན་གྱིས་མེས་པོ་ཚངས་པས་སྐུར་བ་ཡིན་ཟེར་བ་བྱུང་། དེ་ནས་མདོ་ཁམས་སྒང་དུ་སླེབས་དུས། འཇང་རྒྱལ་པོའི་འབུལ་བ་ཁྱེར་བའི་བསུ་བ་ལ་དམ་ཅན་ཐལ་བའི་སྣང་བ་བྱུང་། རྒྱལ་པོ་སྡིག་ཅན་གྱི་རྩར་ཕྱིན་པས། སྡིག་ཆེན་རྒྱལ་པོས་རྒྱུ་འབྲས་ངོ་ཤེས་པ་ཙམ་བྱུང་། དེ་ནས་གྲུབ་ཐོབ་པ་ལ་སེམས་བསྐྱེད་ཆོ་ག་བླངས་ནས། སྔར་བསྐལ་བ་མང་པོའི་གོང་ནས་སེམས་སྐྱེད་པ་དེ་མ་ཉམས་པར་འདུག་བསམ་པ་བྱུང་། གསང་སྔགས་དབང་བསྐུར་ཞུས་དུས་ལྷ་དེ་རྣམས་ཞལ་མཐོང་བར་འདུག དགེ་ཚུལ་གྱི་སྡོམ་པ་བླངས་ནས་བག་མེད་པ་གནས་བྱས་བསམ་པ་མེད། རྡོ་རྗེ་རབ་འབྱོར་གྱི་རྒྱུད་ནས་བཤད་པའི་ས་བཅུ་པའི་གང་ཟག་གི་རྨི་ལམ་ནི་བྱུང་། དེ་ནས་ཕྱག་ཆེན་གྱི་ལུང་ཞུས་ནས་སྒོམ་པས། ད་ལྟ་བར་སྡིག་པ་མི་དགེ་བས་བསླངས་བའི་རྣམ་རྟོག་སྐྱེ་མ་མྱོང་། རླུང་བཅུ་དབུ་མར་ཚུད་དམ་སྙམ་པ་བྱུང་། རྨི་ལམ་འོད་གསལ་གྱི་གནད་ལ་ང་རང་བས་ལྷག་པ་མེད་བསམ་པ་བྱུང་། རྫུ་འཕྲུལ་ལ་སོགས་ཀྱི་ཡོན་ཏན་གནད་ལ་སྤྲོས་པ་ཡིན་ཀྱང་། འགའ་རེས་མཐོང་ཟེར། ལར་ད་ལྟ་ཕན་དྲན་པ་ཏུ་རེ་བ་གཅིག་དང་མ་བྲལ་བ་བྱུང་ངོ་། །བདག་འདྲིའི་ཆོས་བརྒྱད་གྲགས་པའི་ཆུ་གཏེར་ཏུ། །མཐའ་མེད་ཐུ་བས་མི་ཆོས་བླ་མིའི་རྫུན། །ཅི་སྙེད་རྦ་རླབས་མང་པོས་འཁྲུག་ན་ཡང་། །དཀོན་མཆོག་གསུམ་གྱི་མདུན་དུ་མཐོལ་ཞིང་བཤགས། །དྲང་པོར་གྱུར་ནས་དགེ་བ་འདི་དག་གིས། །འགྲོ་ཀུན་ཀུན་མཁྱེན་དབང་པོ་ཐོབ་གྱུར་ཅིག །
ཅེས་པ་འདི་ནི་སྒམ་པོ་མཁན་པོས་བསྐུར་བའི་ངོར། ཀརྨ་པས་རྒྱལ་འཛིན་དུ་སྦྱར་བའོ།། །

༼གསང་བའི་རང་རྣམ་འདི་ད་སྐབས་བཀའ་འབུམ་གྲལ་དུ་མི་བཞུགས་པས་དཔེ་རྙིང་གསར་རྙེད་ཡིན།  རྒྱལ་འཛིན་དུ་མཛད་པས་ཀུན་མཁྱེན་བླ་མ་དགུང་ལོ་བཅུ་བདུན་ཕེབས་པའི་རྗེས་སུ་མཛད་པར་གཅོད་ཆོག་ལ་མ་དཔེ་གཤམ་དུ་བཞུགས་སོ།  །ཡིག་ནོར་འགའ་བཅོས་ཤིང་ཀློག་མ་ཤེས་ནས་བཅོས་ནོར་བྱས་འདུག་མིན་ཁྱེད་ཅག་གིས་དཔྱོད་པར་ཞུ་ཞེས་བན་དེ་འགྲོ་ཕན་གྱིས།༽

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4387