ལོ་ཉི་མ་ཡང་སློབ་གྲྭ་ཐོན་སོང་། ཁོ་དེ་སྔོན་བོད་ལྗོངས་སློབ་ཆེན་བོད་སྐད་ཡིག་ཚན་ཁག་དུ་སློབ་སྦྱོང་བྱེད་མྱོང་། ཉི་མ་ནི་ཆུང་དུས་ནས་ཁྱིམ་ཚང་ཁོར་ཡུག་གི་རྐྱེན་པས་བོད་ཡིག་གི་རྨངས་གཞི་ཡག་པོ་ཡོད་སྟེ་མ་གཞི་ཁོ་བུ་བཅོལ་ལ་འགྲོ་མ་མྱོང་འོན་ཀྱང་ལོ་བཞི་ཙམ་ནས་ཁོ་ཚོའི་ཕ་ཡུལ་གྱི་དགོན་པ་ཆུང་ཆུང་ཞིག་ཏུ་ཡི་གེ་འབྲི་ཀློག་དང་སུམ་རྟགས་སོགས་སྦྱང་མྱོང་ཡོད། སློབ་ཆུང་དང་སློབ་འབྲིང་། མཐོ་རིམ་སློབ་འབྲིང་སོགས་སུ་ཡང་ཁོའི་བོད་ཡིག་གི་སྦྱངས་འབྲས་རྩེར་གསོན་ཤ་སྟག་ཡིན། ལྷག་པར་དུ་སློབ་ཆེན་སྐབས་སུ་ཁོས་བོད་ཡིག་ལ་སྦྱངས་བརྩོན་ཆེན་པོ་བྱས་པས་སྐད་ཡིག་བྱང་ཚད་མཐོན་པོ་ཡོད། སེམས་ཕམ་པ་ཞིག་ལ་ཉེ་དུས་སྲིད་གཞུང་གིས་བོད་རིགས་སློབ་མ་བོད་ཡིག་གི་ཐོག་ནས་གཞུང་ཞབས་པའི་ཡིག་ཚད་གཏོང་མི་ཆོག་པ་ཟོས་པས་ཁོའི་ངོས་ནས་བརྗོད་ཚེ་རྒྱའི་སྐད་ཡིག་ནི་སྐད་ཡིག་གཉིས་པ་ཆགས་ཡོད་པས་དེ་ལོའི་ཡིག་རྒྱུགས་ལས་ཕམ།

ཉི་མའི་ཕ་ཡུལ་ལ་སློབ་གསོའི་ལྟ་བ་དམིགས་གསལ་ཅིག་ཡོད་སྟེ་བུ་ཕྲུག་སློབ་གྲྭར་གཏོང་རྒྱུ་ནི་གཞུང་ཞབས་པ་ཞིག་བྱེད་ཐུབ་པ་བྱེད་རྒྱུ་དེ་ཡིན་ལ་ཁོ་ཚོའི་སེམས་པར་ལས་བྱེད་པ་ཡིན་ན་གཞི་ནས་རིག་གནས་ཡོད་པར་བརྩི། ཉི་མ་ནི་ཏག་ཏག་རྒྱུགས་འཕྲོད་མེད། ནམ་རྒྱུན་ཉི་མ་སློབ་གྲྭ་ནས་ལོག་ཡོང་སྐབས་གྲོང་ཚོའི་མི་ཚང་མས་འཛུམ་གྱིས་བསུ། ཡིན་ནའང་། ད་རེས་གཞུང་ཞབས་པའི་ཡིག་ཚད་ལོན་མེད་པའི་དབང་གི་ཁོའི་སྤུན་མཆེད་ཀྱང་ཉུང་དུ་ཕྱིན་པའི་སྣང་བ་ཞིག་ཤུགས་ཀྱིས་སྟེར། ཨ་ཁུ་ཟླ་བ་ནི་ཁོའི་ནང་མི་གཅིག་པུ་དེ་ཡིན་ལ་རྒྱུན་དུ་ཁོང་གཅིག་བུས་ཁྱིམ་ཚང་གི་སྒོ་ཕྱི་ནང་གི་ལས་ཀ་ཚང་མ་བྱེད་ལ་ཉི་མའི་སློབ་ཡོན་དང་འཚོ་བའི་འགྲོ་སོང་ཡང་ཨ་ཁུ་གཅིག་བུས་འགན་ལེན་བྱེད། དེར་བརྟེན་ཉི་མའི་ངོས་ནས་བརྗོད་ཚེ་གནས་ཚུལ་དེ་ཇི་ལྟར་བྱས་ནས་ཨ་ཁུར་བཤད་དགོས་མིན་མི་ཤེས། ཉི་མ་ཁྱིམ་དུ་ལོག་པའི་ཉིན་དང་པོར་ཨ་ཁུ་ནི་ཞོགས་པ་ནས་གྲོང་ཚོའི་མཉམ་ལས་ཁང་གི་ལུག་རྫིར་ཐོན་ཟིན།

ཉི་མ་ཉིན་གང་པོར་ཁྱིམ་དུ་ཨ་ཁུར་ཇི་ལྟར་བཤད་དགོས་མིན་མནོ་བསམ་གཏོང་བཞིན་དངངས་སྐྲག་དང་བཅས་ནམ་མཁའི་ཉི་མ་གང་མགྱོགས་ནུབ་རིར་བཞུད་པར་རེ་སྒུག་བྱས་ནས་བསྡད། ས་རུབ་ལ་ཉེ་བའི་སྐབས་ཨ་ཁུ་གཞི་ནས་ཁྱིམ་དུ་འབྱོར། ཨ་ཁུས་སྐེད་ལ་སྐོར་བའི་སྒྱེ་མོ་གལ་ལེར་ཆུ་ཁྲིའི་སྟེང་དུ་འཇོག་ཉོར་དུ་ཨ་ཙི་ཉི་མའ། སློབ་གྲྭ་བཏང་སོང་ངས།ཞེས་ཟེར་ནས་མུ་འཐུད་སྒྱེ་མོའི་ནང་གི་ཆང་སྣོད་སྟོང་པ་དེ་དང་ཐང་ཁུག་ནག་པོ་སོགས་རིམ་གྱིས་སྟོན་ནསའོ་རེད། རང་ད་སློབ་གྲྭ་ཐོན་གྲའ་མ་རེད་པསཟེར།  ཉི་མས་རེད། རེད། ང་ལོག་ཡོང་བ་ཡིན། ཨ་ཁུ་བཀའ་ལས་ཁག་སོང་། མགྱོགས་པོ་སྡོད། ངས་ཆང་བླུགས་ཡོང་།ཟེར་ཞོར་དུ་ཆང་ཟོམ་ནས་ཆང་སྐྱོགས་གང་བཅུས་ནས་གྱིག་མོལ་ནང་བླུགས། དེ་ནས་ཨ་ཁུའི་ཤིང་ཕོར་ལ་རྩམ་པས་ཡག་སྒྲོན་ཅིག་བརྒྱབ་ནས་ཆང་དྲངས། ཨ་ཁུ་མལ་ཁྲིའི་སྟེང་དུ་བསྡད་རྗེས་འོ་ཡག་བྱུང་། ཟེར་ནས་ཆང་དགའ་སྐྱིད་གཅིག་འཐུང་ནས་ཁྱོད་ཚོ་ཡིག་ཚད་བཏང་སོང་ངས།ཟེར། ཉི་མས་བཏང་སོང་། ཡིན་ནའ་ང་ལོང་མི་འདུགཟེར་ནས་མགོ་སྒུར་རྗེས་གདོང་ཡང་དམར་པོར་གྱུར། ཨ་ཁུས་ཆང་ཕོར་དལ་བུར་ཅོག་ཙེའི་སྟེང་དུ་གཞག་ནས་རང་གི་འདོད་པ་བཞིན་འགྲོ་སོང་ལ་མ་བལྟོས་པར་སློབ་གྲྭར་བཏང་བ་ཡིན། ད་འགྱོད་པ་མེད། གལ་ཡོད་མ་རེད། གཅིག་བྱས་ན་རང་ལ་ལས་དེ་ཡོད་ཀྱི་མ་རེད།ཞེས་ཟེར། སྐབས་འདིར། ཉི་མ་མིག་ཆེར་ལྡང་ནས་ཨ་ཁུས་བཀའ་སྐྱོན་གནང་མེད་པར་ཡ་མཚན་སྐྱེས། དེ་ནས་ཨ་ཁུས་དབུགས་རིང་ཞིག་བཏང་ནསད་རང་ཆེན་པོ་ཆགས་འདུག  ང་ཡང་ལོ་རྒས་འདུག སེམས་པས་འགུལ་ཡང་གཟུགས་པོས་ཅོག་གི་མི་འདུག  རང་ནང་ལ་བསྡད་ནས་གནའ་མ་ཅིག་བླངས་ན་ཡག་པོ་ཡོང་ན་ས་རེདཞེས་སྐུ་རྩེད་དང་བཅས་ཟེར།

ཉིན་འགའི་རྗེས་ལ་ཨ་ཁུ་དང་ཉི་མ་གཉིས་ཞིང་ཁའི་ནང་སྟོན་ཏོག་བསྡུ་བར་ཕྱིན། ཞོགས་པ་ཉི་མ་འཆར་མཚམས་སུ་མི་ཞིག་ཞིང་ཁའི་ལམ་ཟུར་བརྒྱུད་ནས་ཁོ་གཉིས་ཀྱི་ཕྱོགས་སུ་ཡོང་གིན་འདུག ཉི་མའི་འོད་མདངས་ཀྱི་ཁྲོད་དུ་ཁོའི་སྐྲ་ནི་དམར་མདངས་ལྡན་ལ་རྣ་བར་སྡོམ་རྟགས十字架ཆ་གཉིས་བཏགས་འདུག་ལ་གདོང་གཤིས་ཅུང་ནག་ཅིང་མཆུ་གཏོ་ནི་དམར་སྨུག་ཏུ་འགྱུར་འདུག  ལུས་ལ་ཚ་རུའི་ཕྱུ་པ་ཞིག་གྱོན་པར་བལྟས་ན་ཕལ་ཆེར་འབྲོག་པ་ཅིག་མིན་ནམ་སྙམ། ད་དུང་རྫི་དོར་མ་རལ་པ་ཞིག་ཀྱང་གྱོན་འདུག་ལ་ཅུང་སྙིང་པར་འགྱུར་བའི་“NK”རྟགས་ཅན་གྱི་ལྷམ་ཞིག་ཀྱང་གྱོན་ཡོད་པ་མ་ཟད་ལག་ཏུ་ཕག་པ་རྟགས་ཅན་གྱི་རྫས་ཤོག་ཆག་པ་ཞིག་ཀྱང་ཁྱེར་འདུག་པས་ང་འབྲོག་པ་རྩྭ་སློང་མཁན་ཅིག་ཡིན་པ་ཚོད་དཔག་ཐུབ་བྱུང་། ཁོས་ཨ་ཟླ་བ། མ་འཇལ་ཡུན་རིང་།ཞེས་ཟེར། ཨ་ཁུས་ཀྱང་ཐེ་ཚོམ་དང་བཅས་ཁྱེད་རང་། ཁྱེད་རང་། འོ་རེད་རེད། མིག་དམར་རེད། ངས་དྲན་གསོས་སོང་། ག་པར་འགྲོ་སྐྱའ།ཞེས་མཚམས་འདྲི་ཞུས། ཁོས་ཀྱང་ཡིན་ཡིན་ང་ཡིན། ཨ་ཁུ་ད་ཕྱུགས་རིགས་ལ་སྟེར་རྒྱུའི་བཟའ་རྩྭ་འགའ་སློང་བར་ཡིན།  ཨ་ཁུས་ཀྱང་ཅུང་གནང་རོགས།ཞེས་ལན་རྒྱབ། མཚམས་འདིར་ཨ་ཁུས་ད་ལོ་ལོ་ཏོག་དེ་འདྲ་ཡག་པོ་རང་བྱུང་མ་སོང་། མང་པོ་ཡོང་བ་མིན་འདུག དགོངས་པ་མ་ཚོམ་ཨའ། དེ་ནས་རྫས་ཤོག་གང་རྫོབ་དང་།ཟེར་སོང་བས་ཕལ་ཆེར་ངོ་ཤེས་རྙིང་པ་ཅིག་ཡིན་ལུགས་འདུག ཁོས།འོ་བཟང་། ཨ་ཟླ་བ་ཐུགས་རྗེས་རང་ཆེཟེར་ནས་རྫས་ཤོག་ནང་རྩྭ་བླུགས་འགོ་བརྩམས། ཡང་ཨ་ཁུས་མིག་དམར་རང་སྔོན་ལ་རྩྭ་རྫོབ། དེ་ནས་ང་གཉིས་ཡང་ལོག་ཆོག ཆང་འཐུང་བར་ཤོགཟེར་སོང་། ཁོས་ཡོ་ཡོ། ཨ་ཟླ་བ།ཞེས་ལན་རྒྱབ་ནས་རྩྭ་རྫོབ་པར་བྲེལ། ཅུང་མ་གོར་བར་ང་ཚོ་གསུམ་ཁྱིམ་དུ་ལོག་པ་ཡིན། ལམ་བར་དུ་ཁོ་གཉིས་ཀྱི་ང་སློབ་གྲྭ་ལོན་ཡོད་མེད་དང་ལོ་འདིའི་གནམ་གཤིས། འབྲོག་པའི་ཕྱུགས་རིགས་ཀྱི་གོང་ཚད་སོགས་གླེང་སྣ་ཚོགས་བྱས་སོང་། དེ་ནས་ཁྱིམ་དུ་སླེབས་རྗེས་ཨ་ཁུས་ཡར་ཤོག་དང་།  ཡར་ཤོག་དང་།ཟེར་ཞོར་དུ་ཞིས་ཅིན་ཕིང་གིས་གནང་བའི་ཕོར་པ་ཞིག་ལ་རྩམ་པའི་ཡག་སྒྲོན་རྒྱབ་ནས་ཆང་བླུགས་རྗེསམིག་དམར་ང་གཉིས་རྒྱུན་རིང་པོ་ཐུག་མ་བྱུང་ངའ། གཟའ་འཁོར་གཅིག་ཡིན་དའ།ཟེར་ནས་ཨུ་ཚུགས་གིས་ཆང་ཞུས། ཁོས་ཡང་ངོ་མ་ཡུན་རིང་པོ་འཕྲད་མ་བྱུང། ཨ་མ་མ། ཆང་ཁྲལ་ལྕི་པོ་དེ་འདྲ་ཡོད་འགྲོ་བསམ་མ་བྱུང་། ང་སྦག་སྦག་གཏོང་དགོས་པས་གཟའ་འཁོར་མིན། འོ་ན་ཨ་ཁུའི་ངོ་ཆང་རེད། ལྔ་ལྡན་ཡིན་དའ།ཐེངས་འགའ་ཟེར་ནས་གཟའ་འཁོར་གཅིགབཏུང་རྒྱུའི་དང་ལེན་བྱས། མཚམས་འདིར་ཨ་ཁུས་ང་ཞོག་ཁོག་གི་ཚལ་དང་སྤགས་གྲ་སྒྲིག་བྱེད་པར་གཏང་ནས་ཁོ་གཉིས་མུ་འཐུད་ལབ་གླེང་ལ་རོལ།

ཉིན་གུང་གི་ཁ་ལག་ཟས་གྲུབ་རྗེས་འབྲོག་པ་དེས་ད་འོ་ན་ཨ་ཁུ་ཟླ་བ། ང་འགྲོ་གི་ཡིན། ལམ་ཐག་ཡང་རིང་པོ་ཡོད།ཞེས་ཟེར། ཨ་ཁུས་ཀྱང་འོ་རེད་འོ་ན་ད་སྔ་རིང་ཕྱིན་ན་ཡག་གི་རེད། ངས་མངགས་པའི་དོན་འདི་ཡིན་གཅིག་མིན་གཉིས་སེམས་ལ་འཇོག་རོགས།ཅེས་ཡང་ཡང་མངག་སོང་ལ་ཁོས་ཀྱང་སེམས་ཁྲལ་མ་བྱེད། ང་ལ་བློས་ཁོལ། ཞེས་ཟེར་ནས་སྦག་སྦག་གི་སྒྲ་སྒམ་ནས་ལ་རྒྱའི་གླུ་ཞིག་བཏང་ནས་མཚོན་མདོག་སྣ་ལྔས་རྒྱན་པའི་སྦག་སྦག་དེར་མཆིབས་ནས་བྱ་འཕུར་བ་ལྟར་ཕྱིན་སོང་། ང་དང་ཨ་ཁུ་ཡང་ལས་ཀ་ལས་འཕྲོ་བྱེད་པར་ཐོན།

མིག་དམར་ནི་ཕོ་ལོ་སུམ་བཅུར་གསོན་པའི་ཁུལ་དེའི་ཕུར་ཡོད་པའི་འབྲོག་པའི་བཟའ་ཡོན་ཅིག་ཡིན། ལོ་ལྟར་ཡུལ་དེའི་ཞིང་པར་རྩྭ་སློང་བར་ཡོང་བས་ཨ་ཁུ་ཟླ་བས་ཀྱང་ངོ་ཤེས། ཁོ་རྒྱུན་དུ་ཤོ་སྦག་དང་རྒྱན་འཛུགས་ལ་དགའ་བས་གོ་ཐོས་ལ་བུ་ལོན་ཆེན་པོ་ཡོད་ཚུལ་འདུག་ལ་ད་དུང་བཟའ་ཟླ་ཨ་ཅག་སྤེན་པ་ལས་གཞན་ཟུར་ཟ་བུ་མོ་ཞིག་ལ་ན་ལེ་གཅིག་ཀྱང་ཡོད་སྐད།

ཉིན་ཞིག  ཁོས་རང་གི་བཟའ་ཟླ་སྤེན་པར་ཨ་ཁུ་ཟླ་བས་མངགས་པའིདོན་ཆེན་དེ་གྲོས་བསྡུར་བྱས། ཁོས་གཉིས་ཀྱི་དོན་ཆེན་བསྒྲུབ་རྒྱུའི་འཆར་གཞི་ཅིག་ཀྱང་གླེང་།

བདུན་གྲངས་འགའི་རྗེས། ཨ་ཁུ་ཟླ་བར་ཁ་པར་ཞིག་སླེབས་སོང་། ཨ་ཁུས་ཁ་པར་བླངས་རྗེས་ཨ། ག་རེ། འོ་ན་སྟབས་ལེགས་སོང་། ཐུགས་རྗེ་རང་ཆེ། ཡིན་ད་ཡིན།ཞེས་ཟེར་ནས་གདོང་ལ་མཛུམ་མདངས་ཀྱི་ཕྱུག ཉི་མ་ཡང་ཡ་མཚན་དང་བཅས་ཨ་ཁུ། གཏམ་བཟང་གང་ཐོས་བྱུང་།ཞེས་སྐུ་རྩེད་ཞུས།

ཨ་ཁུས་ཉི་མ་འདིར་ཤོག་དང་། དོན་ཆེན་ཞིག་ཁྱེད་དང་གྲོས་བསྡུར་བྱེད་དགོས་བསམ་བྱུང་།ཞེས་བཤད། ཉི་མས་གཙང་སྦྲ་བྱེད་མཚམས་གཞག་ནས་མགྱོགས་པོར་ཨ་ཁུའི་འགྲམ་དུ་ཕྱིན།  ཨ་ཁུས་ངང་རྒྱུད་རིང་པོའི་སྒོ་ནས་ད་རང་ཆུང་ཆུང་མ་རེད། ཁྱིམ་བཟོ་ཟིན་རན་འདུག ཡིག་ཚད་མ་ལོན་པར་སེམས་ཁྲལ་མ་བྱེད། ཨ་ཁུ་ཡང་ལོ་རྒས་འདུག དེར་བརྟེན། ཨ་ཁུས་ཁ་སེང་འབྲོག་པ་འདིར་མནའ་མ་ཅིག་འཚོལ་རོགས་བྱོས་དང་བྱས་པས་ཁོས་འབྲོག་ཁུལ་དུ་བུ་མོ་ཤིན་ཏུ་དཀོན་ཚུལ་གླེང་ནས་ཁོ་རང་གི་བུ་མོ་གཅིག་ནས་གཟུགས་བྱད་ལེགས་པ། གཉིས་ནས་ལས་ཀར་བརྩོན་པ་གཅིག་ཡོད་པ་དེ་སྦྱིན་ཡོང་ཟེར། ད་ཆ་བུ་མོ་ཚང་མ་སློབ་གྲྭར་ཕྱིན་ནས་གྲོང་ཁྱེར་དུ་འགྲོ་བ་ལས་འབྲོག་ལས་དང་ཞིང་ལས་འཇོན་མཁན་ཤིན་ཏུ་དཀོན་པས་མནའ་མ་འཚོལ་དཀའ། དོན་འདིར་རང་གི་བསམ་བློ་ཤིག་ཐོངས་དང་ ཟེར། ཉི་མས་ཡ་ཡ།ཞེས་ལན་རྒྱབ་ནས་མུ་འཐུད་གཙང་སྦྲ་བྱས།

ཉི་མ་དེ་སྔོན་སློབ་ཆེན་སྐབས་དགའ་རོགས་ཞིག་ཡོད། འོན་ཀྱང་། མོ་རང་གཞུང་ཞབས་པའི་ཡིག་ཚད་ལོན་པའི་དབང་གི་ཁོ་གཉིས་སྔ་ས་ནས་འབྲེལ་བ་ཆད་ཟིན། ཡིན་ནའང་ཉི་མས་ད་དུང་ཡོངས་སུ་བརྗེད་མེད་པས་དོན་འདིར་ཅུང་སྐྱོ་སྣང་ཞིག་སྐྱེས་འོན་ཀྱང་ལས་དབང་གིས་རྐྱེན་པས་ཁོའི་བསམ་པར་ཨ་ཁུས་ལོ་དུ་མའི་ནང་ངལ་བ་ཁྱད་སད་ཀྱི་བྱམས་སྐྱོང་གནང་བས་ཁོང་གིས་རེ་བ་ལྡོག་པར་དཀའ་ལ་རང་ཉིད་ཀྱང་འཚོ་བ་དེ་ལྟར་སྐྱེལ་རྒྱུའི་སེམས་ཐག་བཅད་ནས་ཨ་ཁུར་དང་ལེན་བྱས། ཨ་ཁུ་དོན་དེས་རྐྱེན་པས་ནམ་རྒྱུན་ལས་ལོ་བཅུས་ཆུང་དུ་ཕྱིན་པ་ལྟར་ཉིན་ལྟར་ཞོགས་པ་སྔ་པོ་ནས་ལངས་རྗེས་སྒོ་ཕྱི་ནང་གི་གཙང་སྦྲ་དང་ལས་ཀ་སྔ་ས་ནས་སྒྲུབ་གྱིན་ཡོད་ལ་ཉི་མའི་གཉེན་སྟོན་ལ་སྟ་གོན་བྱེད་བཞིན་མིག་དམར་གྱི་གཏམ་ལན་སྒུག་ནས་བསྡོད།

ཉིན་འགའི་རྗེས་མིག་དམར་གྱི་ཁ་པར་རྒྱབ་ནས་སློང་ཆང་ལ་སྒོར་ཁྲི་ལྔའི་རེ་བ་སྟོན། ཨ་ཁུ་ཟླ་བའི་ངོས་ནས་སྒོར་ཁྲི་ལྔ་ནི་གྲངས་ཀ་ཉུང་ཉུང་ཞིག་ག་ལ་ཡིན་ཡིན་ནའང་ཨ་ཁུས་གྱེས་ཚོར་ཆེན་པོས་དང་ལེན་བྱས་རྗེས་སྐད་འཕྲིན་ཐོག་ནས་མིག་དམར་ལ་སྒོར་ཁྲི་ལྔ་བསྐུར། དེ་ནས་མིག་དམར་གྱི་ཁོ་ཚོའི་ལུང་པའི་ལུགས་སྲོལ་ལྟར་བུ་མོའི་ནང་མིས་བུ་མོ་བག་མར་རྫངས་དགོས་ཚུལ་དང་ཚེས་བཟང་དུས་བཟང་ཞིག་གདམས་ནས་གཉེན་སྟོན་གྲ་སྒྲིག་བྱེད་དགོས་ཚུལ་སོགས་གླེང་ནས་ཁོ་གཉིས་ཀྱི་ཉི་མའི་གཉེན་སྟོན་གྱི་མཛད་སྒོ་ཟླ་བ་འདིའི་ཟླ་མཇུག་ཏུ་གཏན་འཁེལ་བྱས།

དོན་དུ་མིག་དམར་གྱི་ཁྱིམ་ལ་ཁོ་དང་ཁོའི་བཟའ་ཟླ་སྤེན་པ་ལས་མི་གཞན་མེད། ཁོ་གཉིས་འབྲོག་པ་ཡིན་ནའང་ནོར་ལུག་མེད་ཅིང་རྒྱུན་དུ་སྲིད་གཞུང་གི་རོགས་སྐྱོར་དང་རྩྭ་ཐང་ཁ་གསབ་ཀྱི་མ་དངུལ་ལ་བརྟེན་ནས་འཚོ་བ་འབུད་ཐབས་བྱེད། ཁོའི་བཟའ་ཟླ་སྤེན་པ་ནི་ཆུང་དུས་གྲོང་ཁྱེར་དུ་ལས་བྱེད་རྒན་གཡོལ་ཞུས་པ་ཞིག་གི་བུ་རྫིརབསྡད་མྱོང་ལ་རྗེས་སུ་མིག་དམར་དང་འཕྲད་ནས་རྩྭ་ཐང་དུ་ལོག་པ་ཞིག་ཡིན།

བསམ་ཡུལ་ལས་འདས་པ་ཞིག་ལ་མིག་དམར་བཟའ་ཚོ་གཉིས་ཀྱི་ད་རེས་ངན་ཇུས་ཞིག་བཤམས་ཡོད་པ་ནི་མིག་དམར་གྱི་རང་གི་བཟའ་ཟླ་བག་མར་རྫངས་ནས་སློང་ཆང་གི་དངུལ་ཁ་བསླུས་རྒྱབ་རྗེས་རང་ཉིད་ཀྱི་བུ་ལོན་མཇལ་ཐབས་བྱེད་པ་དེ་ཡིན།

གཟའ་སྐར་ཚེས་བཟང་ཞིག་ལ།   ཨ་ཁུ་ཟླ་བས་ཕུ་ལྷ་གཙུག་ནས་མདའ་ཁྱི་གཞོང་བར་ཡོད་པ་གསར་པར་རྗེས། མེད་པ་བྱེ་དོར་སྤུས་གཙང་བྱས་ནས་ཁང་པའི་ལྷ་གཙུག་དར་ཅོག་སྣ་ལྔ་ལྷབ་ལྷུབ་ཏུ་གཡོ་ཞིང་ཁང་པའི་ཕྱི་ངོས་ཀྱི་ཕྱོགས་བཞི་མཚམས་བརྒྱད་དཀར་ཞིང་དྲི་མས་མ་གོས་པའི་ས་དཀར་གྱི་རྒྱན་ཅིང་སྒོ་དང་སྒེའུ་ཁུང་དག་ལ་ཤམ་བུས་ལག་མདང་སྦྲེལ་ནས་ཉི་མའི་གཉེན་སྟོན་ལ་བསུ་བ་བྱེད། ཁང་པའི་ནང་ནས་སྤོས་ཀྱི་དྲི་ངད་ལྡང་ལ་གྱང་ལྡེབས་ཀྱི་མཚོན་རིས་དག་སྔར་བས་གསོན་ཤུགས་ལྡན་ལ་ཆ་སྒམ་དང་ཆུ་ཁྲི་རྫ་ཅོག་སོགས་ལས་མདངས་ཡང་བཀྲ།  རྒྱལ་བའི་སྐུ་གསུང་ཐུགས་རྟེན་དང་ཆེས་ཉེ་བའི་གདན་ཁྲི་ཅུང་མཐོ་བ་ཞིག་གི་སྟེང་འབྲུ་ཡིག་གཡུ་དྲུང་གཡས་སྐོར་ཅིག་འཁྱིལ་ནས་ཡོད་པར་བལྟས་ན་ཉི་མའི་མ་འོངས་པའི་མནའ་མ་ནི་མ་གཅིག་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ཞིག་མིན་ནམ་སྙམ་པའི་དོགས་པ་ངང་གིས་སྐྱེས་ཡོང་།

ཨ་ཁུ་ཟླ་བ་ནི་རྒྱུན་དུ་ལུག་གི་སྤག་ཙག་ལས་བཟོས་པའི་སྟོད་ཐུང་རྙིང་པ་གཅིག་དང་སྣམ་བུའི་དོ་མ་མཐའ་རྒྱན་སྔོན་པོ་རྒྱབ་པ་གཅིག  ཆ་གཅིག་ལ་སྒོར་བཅུ་གྲངས་སྤྲད་པའི་རས་ལྷམ་ཞིག་རྒྱུན་དུ་གྱོན་པས་སྐབས་རེ་ཚ་བ་ཆེ་སྐབས་རྐང་དྲི་ཡང་ཅུང་ཡོད། ཡིན་ནའང་དེ་རིང་དབུ་སྐྲ་སྣུམ་མདངས་ལྡན་ལ་ལོ་ལྔའི་གོང་ལྷ་ས་ནས་ཉོས་པའི་བོད་ཕྱུབ་དཀར་པོ་དེ་གྱོན་འདུག་ལ་ཉི་མའི་མ་དམ་པ་དེས་ཟོས་པའི་བོད་ལྷམ་ཡུ་རིང་དེ་ཡང་གྱོན་འདུག ཉི་མ་ནི་ཕོ་ལོ་ཉི་ཤུར་གསོན་པའི་ཕོ་གསར་ཞིག་ཡིན་པས་རྒྱུན་དུ་ནས་གཙང་སྦྲར་དག་དོད་ཆེ་ལ་དེ་རིང་བཀྲ་ཤིས་པའི་ཉིན་མོ་འདིར་གཟབ་སྤྲོས་སྤྲས་པས་བཅུ་དྲུག་གཞོན་ཤ་རྫོགས།  དེ་ལྟར་ཁོ་གཉིས་ནི་མཐོང་མ་མྱོང་བའི་མནའ་མ་གསར་པ་དེར་སྣེ་ལེན་གྱི་སྟ་གོན་བྱེད་བཞིན་འདུག

མིག་དམར་གྱིས་ཀྱང་ཚ་རུའི་སློག་པ་གསར་པ་ཞིག་གྱོན་ནས་ཨ་ཁུས་མངགས་པའི་བུ་མོ་བསུ་མཁན་སྒུག་ནས་ཡོད། ཁོའི་བཟའ་ཟླ་ཨ་ཅག་སྤེན་པ་ནི་ཆུང་དུས་ནས་གྲོང་ཁྱེར་དུ་འཚར་ལོངས་བྱུང་བས་རྣམ་པ་མཛེས།  མིག་དམར་གྱི་རང་གི་མནའ་མར་དེ་སྔོན་ཁོ་གཉིས་གཉེན་སྟོན་སྐབས་ཀྱི་གཟབ་སྤྲོས་གཡོགས་ནས་ཤབ་ཤུབ་ཀྱི་ཁ་ཏྭ་འགའ་བྱས་རྗེས་ཆང་འཐུང་ཉིན་བདུན་གྱི་ཞོགས་པའི་ཆུ་ཚོད་ལྔ་པར་ངས་སླེབས་པ་བྱས་ཆོགཞེས་བཤད། ཁོ་མོས་ཀྱང་འོ་ཡ་ཡ། …མཚམས་འདིར་སྦག་སྦག་ཞིག་སྦག་སྦག་སྦགཞེས་ཁོའི་ཁྱིམ་དུ་འབྱོར་སོང་བས་མནའ་མ་བསུ་མཁན་ཡིན་པ་ཐག་གི་ཆོད། མིག་དམར་གྱི་ཅུང་དངངས་འཚབ་དང་བཅས་ནང་དུ་བསུས་ནས་རྒྱ་མར་གསུབ་པའི་ཇ་གསུས་མ་དྲངས་རྗེས་མུ་འཐུད་ལབ་གླེང་བྱས། ཁོའི་མནའ་མ་ནི་ཅུང་ངོ་ཚ་བའི་ཚུལ་གྱིསཨ་ཕ། ང……ཞེས་མགོ་སྒུར་ནས་བསྡད།

དེ་ནས་བག་མ་བསུ་མཁན་དེས་ད་དུས་ཚོད་སྔ་པོ་མ་རེད། ང་གཉིས་ཐོན་རན་འདུགཟེར་ནས་སྦག་སྦག་གློག་སྦར། མིག་དམར་གྱིས་ཀྱང་བུ་མོ་མི་གོ་འགྲིམ་པ་སྔ་ནས་ད་བར་ཡིན་པས་སྐྱོ་མི་དགོས་ཞེས་སེམས་གསོ་བྱེད་ཁུལ་བྱས། མོས་ཀྱང་ཨ་ཕ། ཨ་ཕ།ཞེས་འཁྲབ་ནས

ཉིན་བདུན་གྱི་རྗེས་མིག་དམར་གྱིས་རང་གི་བཟའ་ཟླ་སླར་ཁྱིམ་དུ་བསུས་ཡོད་ཅིང་ཁོ་གཉིས་གཅིག་གིས་གཅིག་ལ་བལྟས་ནས་ཧཧཧཧཧ……

ཁོ་ཚོའི་ཤང་མངགས་གཏོང་ཁང་གི་རུ་དཔོན་གྱི་ད་དུང་མིག་དམར་ལ་འབྲི་གཡག་གཉིས་ཀྱི་རིན་པ་ཆད་ནས་ཡོད།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4372