རྒྱ་གར་དང་རྒྱང་ཐག་རིང་དུ་ཕྱིན་པའི་ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་ནི་རྒྱུན་རིང་ཞིང་གཏིང་ཟབ་པ་ཞིག་ཡིན་རྐྱེན། སུ་དང་གང་གིས་ཀྱང་བརྒྱ་ཁ་གཅིག་ཆོད་ཀྱིས་ནང་ཆོས་ནི་འདི་དང་དེ་ལྟ་བུ་ཞིག་གོ་ཞེས་སྡོམ་ཚིག་འགོད་ཆོག་ཆོག་ཅིག་ག་ལ་ཡིན་སྙམ་ལ།བོད་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེར་གྱུར་པའི་ནང་ཆོས་ཀྱི་གནས་བབ་དེ་རྙོག་འཛིང་ཇེ་ཆེ་ནས་ཇེ་ཆེར་གྱུར་བས་ན། སངས་རྒྱས་ཆོས་ལུགས་དང་འབྲེལ་བའི་སྐད་ཆ་བཤད་མི་སྤོབས་ལ་ཆོས་བཤད་དེ་བས་ཀྱང་རྒྱག་མི་ཐུབ་མོད་ཀྱང་། མཚམས་རེར་རྩོམ་རེ་བྲི་སྐབས་གཞན་ལ་ཕོག་ཐུག་བཟོས་ལོས་འགྲོ་སྙམ་ནས་བཏང་སྙོམས་སུ་འཇོག་པ་དེ་ནི་རྩོམ་མཁན་རྣལ་མ་ཞིག་གི་གཤིས་ཀ་ག་ལ་ཡིན། དེ་ཙ་ན་ད་རེས་ནང་ཆོས་དང་འབྲེལ་བའི་རྩོམ་ཞིག་བྲི་ན་བསམ་རྐྱེན། སྔགས་རྒན་ལྕང་ལོ་ཅན་དང་དགེ་ལུགས་པའི་དགེ་བཤེས་འཇམ་དབྱངས་རྒྱ་མཚོ་རྣམ་གཉིས་དང་ཉེ་སར་བཏུད་ནས་ཆོས་ཕྱོགས་ཀྱི་ཤེས་བྱ་ཙག་ཙིག་རེ་ཟུང་ལ་རྒྱུས་ལོན་རེ་བྱེད་ན་བསམ།
       དུས་ཡུན་ཅུང་རིང་བོ་ཞིག་ལ་འབད་པ་བྱས་བྱས་མཐར། གཞི་ནས་ཁོང་རྣམ་པ་གཉིས་ང་ཡི་ཁྱིམ་ནང་དུ་གདན་འདྲེན་ཞུ་ཐུབ་སོང་། སྔགས་རྒན་ལྕང་ལོ་ཅན་ནི་ཕར་བལྟས་ཚོད་ཀྱིས་གདོང་གནག་ཅིང་གཟུགས་སྟོབས་ཆེ་སྟབས།མགོའི་རལ་བ་དེ་ལ་ལྷག་ཏུ་ནས་ཀྱང་ཁྱད་ནུས་ཁྱད་པར་ཅན་ཞིག་ལོས་ཡོད་སྙམ་པའི་སྣང་བ་སྟེར་ཞིང་། དགེ་བཤེས་འཇམ་དབྱངས་རྒྱ་མཚོ་ནི་ངོ་མདངས་དཀར་ཞིང་གཟུགས་གཞི་དེ་འདྲ་མི་ཆེ་བས་ན། མཐོང་མ་ཐག་ཏུ་ཤིན་ཏུ་ནས་ཀྱང་འདྲིས་སླ་བའི་གྲྭ་བཙུན་ཞིག་ལོས་ཡིན་བསམ་པའི་ཚོར་སྣང་ཞིག་བསྩལ་སོང་། ངས་ཁོང་རྣམ་པ་གཉིས་ལ་རང་ཁྱིམ་གྱི་འགྲུལ་ཁང་དུ་གྲོ་འབྲས་དང་ཞོ་འོ་ཇའི་སྣེ་ལེན་མི་དམན་པ་ཞིག་བྱས་རྗེས། ནང་ཆོས་ཐད་ཀྱི་དྲི་བ་ཞིག་བཏོན་པ་གཤམ་ལྟར་ལགས།
       ‘ང་ཚོའི་ནང་བསྟན་ཆོས་ལུགས་ལ་མཚོན་ནས་བཤད་ན། སྟོན་པ་གཅིག་གི་ལུགས་ལ་བསྟན་པ་གཅིག་ལས་མེད་ན།བསྟན་པ་གཅིག་གི་ཁམས་སུ་གྲུབ་མཐའ་སྣ་མང་དབྱེ་དགོས་དོན་གང་ཡིན་ནམ།’
       གུས་པས་བཏོོན་པའི་དྲི་བ་འདི་ཉིད་འགད་རྫས་ནུས་ལྡན་ཞིག་ཁོང་རྣམ་པ་གཉིས་ཀྱི་དཀྱིལ་དུ་གཡུགས་པ་ལྟར་ནུས་པ་བླ་ལྷག་ཐོན་སོང་བས། ཁོང་གཉིས་ལ་ལྟ་བ་དང་བསམ་ཚུལ་མི་གཅིག་པ་ཇི་སྙེད་ཅིག་འཕྲོ་རིམ་འཕྲོར་བྱུང་བ་དག་ལ་བློ་དམན་ངས་ནི་ཇི་ལྟར་ཡིན་མིན་གྱི་བརྡར་ཤ་གཅོད་དམ།སྔགས་རྒན་ལྕང་ལོ་ཅན་ལྟར་ན་གྲུབ་མཐའ་སྣ་མང་ཕྱེ་དོན་རྩ་བ་ཉིད་ནས་མེད་མོད་ཀྱང་།ཞྭ་སེར་བསྟན་པའི་སྲོལ་ལུགས་དེ་ནི་གསར་དུ་བྱུང་བའི་ཆོས་ལུགས་ཀྱི་རྣམ་པ་གསར་བ་ཞིག་ཡིན་པ་ལས། སྔར་བོད་ལ་ཞྭ་མོ་སེར་བོ་གྱོན་པའི་ཆོས་ལུགས་པའི་སྡེ་ཁག་ཅིག་མེད་རབས་དང་།རྗེ་ཙོང་ཁ་པ་ཉིད་མཁས་པ་ཆེན་པོ་ཡིན་ཡང་།བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་འབྱུང་འགྱུར་གྱི་ཤི་གསོན་ཆགས་འཇིག་ལ་ཐུགས་བསམ་བཞེས་མ་ཐུབ་ཚུལ་གླེང་བ་ན།དགེ་བཤེས་འཇམ་དབྱངས་རྒྱ་མཚོ་ཡང་ཁ་རོག་གེར་ག་ལ་འདུག་སྲིད་དེ། མི་སྲིད་པ་ནི་ང་དང་ཀློག་པ་པོ་ཡོངས་ལ་གསལ་ཆ་ལོས་ཡོད།
       ཁམས་གསུམ་འགྲོ་བའི་མགོན་པོ་རྗེ་ཙོང་ཁ་པ་མཆོག་ཅིའི་ཕྱིར་དུ་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་འབྱུང་འགྱུར་ལ་གནོད་མཁན་གྱི་གཏེ་བོ་ཞིག་ཏུ་གྱུར་པ་རེད། ཞྭ་སེར་བསྟན་པའི་སྲོལ་འབྱེད་ཀྱི་ལོ་རྒྱུས་ཀྱི་རྒྱུན་ཐག་དེ་ཉིད་རྙིང་མ་བའི་དར་ཡུན་དང་གཤིབ་སྡུར་བྱེད་ཐབས་མེད་ཀྱང་། རྙིང་མ་བའི་སྡེ་ཁག་འདི་ཡང་ཐོག་མ་ཉིད་ནས་གནས་པ་ཞིག་ག་ལ་ཡིན།ཆུ་འགོ་གངས་དང་ཆུ་རྔ་རྒྱ་མཚོ་ཞེས་པ་ལྟར་ཆོས་ཀྱི་གྲུབ་མཐའ་སོ་སོ་ལ་སོ་སོའི་ཡོང་ཁུངས་སམ་འགོ་རྩོམ་ས་ཡོད་པ་རེད། དེ་བས་ཞྭ་སེར་ཅོད་པན་འཆང་བའི་ལུགས་འདི་ཡང་དུས་ཀྱི་ཐད་ནས་ཅུང་དར་འཕྱི་ཡང་།སངས་རྒྱས་ཀྱི་བསྟན་པ་ལ་གནོད་དུ་འགྲོ་བ་ཞིག་ག་ལ་ཡིན། དེ་ལ་ཁྱེད་ལྕང་ལོ་ཅན་ནས་དཀྱེལ་ཡངས་ཀྱི་བསམ་པ་རེ་འཛིན་རོགས་བགྱིས།དེ་མིན་ན་ཁྱེད་རང་དགེ་ལུགས་པའི་ལུགས་ལ་མི་དགའ་དོན་ཅི་ཡོད། དེང་སང་དད་ལྡན་མང་ཚོགས་མང་ཆེ་བ་ཞིག་དགེ་ལུགས་པ་ལ་དད་པས་ཨེ་རེད་དམ།དགེ་བཤེས་འཇམ་དབྱངས་རྒྱ་མཚོ་ཡི་གསུང་སྐད་ལྷོད་ལ་བབས་ཡོད་པ་ལྟར་སྣང་ཡང་། སྐད་ཆའི་ཁྲོད་དུ་ཅུང་མི་དགའ་བའི་རྣམ་འགྱུར་ཞིག་མངོན་འདུག་པ་ནི་མངོན་སུམ་འཁྲུལ་མེད་རེད།
       སྔགས་རྒན་ལྕང་ལོ་ཅན་གྱིས་རང་གི་མགོའི་རལ་བ་དེ་ལ་ཕྱག་གིས་བྱིལ་བྱིལ་ལན་འགར་གནངས་རྗེས་མུ་མཐུད་དུ་གསུང་མཆིད་ཀྱིི་སྨྲ་སྒོ་འབྱེད་འགོ་བརྩམས་སོང་བ་སྟེེ།དགེ་བཤེས་ལགས།ཉིད་ཀྱིས་རྙིང་མ་བའི་ཐེག་པ་རིམ་དགུ་ཡི་གྲངས་འདྲེན་ཙམ་ལས་ཐེག་པ་རིམ་དགུ་ཡི་ཁྱད་ནུས་རེ་རེ་བཞིན་སྤྱོད་ཤེས་ཐུབ་བམ།དེ་ཡང་གསར་མ་བ་རྣམས་ལ་མཚོན་ན། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་མན་ཆད་ནས་གསང་སྔགས་ཀྱི་རྒྱུད་བོད་དུ་བསྒྱུར་བའི་སྲོལ་འཛིན་པ་ཙམ་ལས།ཤེས་རབ་སྟོང་པ་ཉིད་དང་ཐབས་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། གསང་ཞིང་སྦས་པས་འགྲུབ་ལ། སྣོད་མིན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་གསང་སྔགས་ཞེས་པའི་སྣོད་ལས་འདའ་ཐུབ་ཀྱིན་མེད་པ་མ་ཡིན་ནམ། དེ་བས་དད་ལྡན་པའི་མང་ཉུང་ལ་ལྟོས་ཏེ་ལུགས་ཀྱི་བཟང་ངན་མ་དགར་རོགས།གཙོ་བོ་ཁྱད་ནུས་དང་ཕན་ནུས་ཡོད་མེད་ལ་རག་ལས་པ་རེད། ལུགས་གང་ལ་ཁྱད་ནུས་དང་ཕན་ནུས་ཡོད་ན་མཐར་ཐུག་དེ་ལ་རྒྱལ་ཁ་འཐོབ་འགྲོ་བ་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་མ་རེད་དམ།
       གུས་པས་ཁོང་རྣམ་པ་གཉིས་འདི་ག་རང་ཁྱིམ་དུ་གདན་འདྲེན་ཞུས་ནས་ནང་ཆོས་རིག་པའི་སྐོར་ནས་རྒྱུས་ལོན་རེ་བྱེད་བསམ་པ་ཡིན་མོད་ཀྱང་། མཐའ་མཇུག་ཆེད་དུ་ཁོང་རྣམ་པ་གཉིས་ལ་རྩོད་པ་རྒྱག་སའི་གར་སྟེགས་ཤིག་བསྐྲུན་པ་ལྟར་སྣང་བས།སེམས་སུ་ཅུང་དོགས་མི་བདེ་བར་གྱུར་ཏེ་མྱུར་དུ་ཁོང་གཉིས་ལ་བར་འདུམ་བྱེད་པ་ལྟ་བུའི་གཏམ་རེ་མི་བཤད་ཐབས་མེད་དུ་གྱུར་ཞིང་། ཅི་ནུས་ཀྱིས་ཕན་ཚུན་ལ་དགག་རྒྱག་རྐྱང་རྐྱང་མ་ཡིན་པར་ཕན་ཚུན་ལ་དང་ལེན་ཡང་བྱེད་ཐུབ་པའི་བགྲོ་གླེང་གི་རྣམ་པ་ཡི་གར་འོང་བ་ཞིག་ཆགས་པར་བརྩོན་ལེན་བྱས་པ་ཡིན། ངས་བསམ་ན་ད་ཆ་ང་ཚོར་དགག་རྒྱག་གི་སྙིང་སྟོབས་མཁོ་བ་མ་ཟད།དང་ལེན་གྱི་སྙིང་སྟོབས་དེ་བས་ཀྱང་མཁོ་བ་མ་རེད་དམ།
       ཁྱེད་རྣམ་པ་གཉིས་ཀྱིས་ང་ལ་ཐད་ཀར་དུ་ལན་བཏབ་པས་འཐུས། ཕྲན་ཆུང་ངས་དངོས་ནས་ང་ཚོའི་ནང་བསྟན་ཆོས་ལུགས་ལ་མཚོན་ནས་བཤད་ན། སྟོན་པ་གཅིག་གི་ལུགས་ལ་བསྟན་པ་གཅིག་ལས་མེད་ན། བསྟན་པ་གཅིག་གི་ཁམས་སུ་གྲུབ་མཐའ་སྣ་མང་དབྱེ་དགོས་དོན་ཅི་ཡིན་པ་ཤེས་ན་འདོད། མ་གཏོགས་གྲུབ་མཐའ་གང་ཞིག་མཆོག་མིན་དང་གང་ཞིག་ལ་ཁྱད་ནུས་འབུར་དུ་ཐོན་པ་ཡོད་མེད་དེ་གཙོ་བོ་མ་རེད་སྙམ།ཨ་རིའི་དམངས་གཙོ་ཏང་དང་སྤྱི་མཐུན་ཏང་གཉིས་ཏང་ཁག་གཉིས་ཡིན་པ་མ་ཟད། སྤྱིར་བཏང་དུ་དམངས་གཙོ་ཏང་གིས་དབུལ་ཁྱིམ་དང་སྤོ་འབངས་(移民)སོགས་དམའ་རིམ་སྤྱི་ཚོགས་སུ་གནས་པའི་མི་མང་བོ་ཞིག་གི་ཁེ་ཕན་མཚོན་ཞིང་། སྤྱི་མཐུན་ཏང་གིས་མ་རྩ་ཅན་དང་འབྱོར་འབྲིང་གྲལ་རིམ་གྱི་ཁེ་ཕན་མཚོན་ཟེར། འོན་ཏེ་གལ་ལ་ཐུག་དུས་ཏང་ཁག་གཉིས་ཕན་ཚུན་ལ་གུ་ཡངས་དང་མཐུན་སྒྲིལ་ཆེ་རབས་བཤད། འོ་ན་ང་ཚོ་ནང་བ་པ་རྣམས་ཀྱིས་ཀྱང་གྲུབ་མཐའ་དང་གྲུབ་མཐའི་བར་དུ་ཕན་ཚུན་གུ་ཡངས་ཀྱི་བསམ་སྦྱོར་དང་མཐུན་སྒྲིལ་གྱི་རྡོག་རྩ་གཅིག་ཏུ་སྒྲིལ་ན་ཅིས་མི་ཆོག ཡང་གཅིག་བཤད་ན།གུས་དམན་ངས་བལྟས་ན་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་རེ་རེ་ལ་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་ཐ་དད་པ་རེ་ཡོད་ཁོ་ཐག་ཡིན་རྒྱུ་རེད། དེ་བས་ན་རྣམ་པ་གཉིས་ཀྱིས་ཀྱང་གུ་ཡངས་པོ་དང་སེམས་ལྷོད་པོའི་སྒོ་ནས་ཁ་བརྡ་བགྲོ་གླེང་རེ་བྱེད་པའི་རེ་བ་ཆེ།
       བར་འདུམ་བྱེད་པ་ལྟ་བུའི་གོང་གི་བསམ་ཚུལ་དེ་ལ་ནུས་པ་ཐོན་སོང་། སྔགས་རྒན་ལྕང་ལོ་ཅན་ཡིན་ན་འདྲ། དགེ་བཤེེས་འཇམ་དབྱངས་རྒྱ་མཚོ་ཡིན་ན་འདྲ། གཉིས་ཀའི་སུ་ཡིན་ན་ཡང་ཕྲན་ཆུང་ངས་གོང་ལྟར་བཤད་པའི་སྐད་ཆ་དེ་དག་ལ་མཉན་རྗེས་ཕན་ཚུན་གྱི་གདོང་ལ་བལྟ་ཙམ་བྱས་ཤིང་། དེ་ནས་ཤིན་ཏུ་ནས་ཀྱང་གུ་ཡངས་པོའི་སྒོ་ནས་མུ་མཐུད་དུ་རང་རང་གི་ལྟ་ཚུལ་བྱོ་འགོ་བརྩམས། སྔགས་རྒན་ལྕང་ལོ་ཅན་ན་རེ།ནང་བསྟན་གྱི་འཕེལ་འགྱུར་དང་དར་སྤེལ་ངོས་ནས་བསམས་ན། གྲུབ་མཐའ་སྣ་མང་གི་རྣམ་པ་ནི་སྟོན་པ་མཆོག་མྱ་ངན་ལས་འདས་རྗེས་ཀྱི་བཀའ་བསྡུ་རིམ་པ་གསུམ་ལ་འབྲེལ་བ་ཏན་ཏན་ཡོད་པ་ཞིག་རེད་སྙམ།བཀའ་བསྡུ་རིམ་པ་གསུམ་ལས་བྱུང་བའི་གྲུབ་མཐའ་དེ་དག་ནི་རྩ་བ་གཅིག་པའི་སྡོང་བོ་གཅིག་གི་ཡན་ལག་རེ་རེ་དང་འདྲ་བས་ན། བོད་ཀྱི་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོར་རྩ་བའི་ཆ་ནས་མི་མཐུན་པའི་ཆ་ཅི་ཡང་ཡོད་པ་མ་རེད། དེའི་རྐྱེན་གྱིས་ང་ཚོའི་བར་དུ་གུ་ཡངས་ཀྱི་བསམ་བློ་དང་མཐུན་སྒྲིལ་གྱི་སྦྱོར་བ་དགོས་ཟེར་བ་ནི་ངོ་མ་དོན་དང་མཐུན་པ་ཞིག་རེད།དགེ་བཤེས།ད་ཅི་ང་རང་རླུང་ཅུང་ལངས་པར་བཟོད་གསོལ་ཞུ་ཞེས་གདོང་ལ་བཅོས་མིན་གྱི་འཛུམ་ཞིག་ལངས་པ་ན། ཁང་མིག་འདིའི་ནང་གི་བྱ་དངོས་ཡོད་ཚད་སྐད་ཅིག་དེ་ཉིད་དུ་ལྷིང་ཞིང་འཇགས་པར་གྱུར་པ་ལྟར་ཡོད་ཚད་ལྷོད་ལ་འབབ་ཐུབ་པར་གྱུར་བ་མ་ཟད།ང་ཡི་ལུས་སེམས་ཡོངས་སུ་ཁམས་དྭངས་ཤིང་བག་དྲོ་བའི་ཚོར་སྣང་སྐྱིད་པོ་སྐྱིད་པོ་ཞིག་གིས་བརྟས་པར་གྱུར།
       དགེ་བཤེས་འཇམ་དབྱངས་རྒྱ་མཚོས་ཀྱང་ཡིད་དུ་འོང་བའི་འཛུམ་མདངས་ཤིག་སྟོན་ཞོར་གསུངས་རྒྱུར། དངོས་ནས་དེ་འདྲ་རང་རེད། ང་ཚོ་ནི་རྩ་བ་གཅིག་ཏུ་གནས་པའི་སྡོང་བོ་གཅིག་གི་ཡན་ལག་རེ་རེ་དང་འདྲ། ལྷག་པར་དུ་རྒྱལ་བའི་བསྟན་པ་འདི་ཉིད་དར་སའི་ས་ཁོངས་ཀྱི་ངོས་ནས་དབྱེ་འབྱེད་བྱས་པའི་བྱང་བརྒྱུད་ནང་བསྟན་དང་ལྷོ་བརྒྱུད་ནང་བསྟན་ཞེས་གཉིས་ཡོད་པ་ལས། ལྷོ་བརྒྱད་ནང་བསྟན་གྱི་བཤད་ལུགས་ལ་གྲུབ་མཐའ་བཅོ་བརྒྱད་དུ་དབྱེ་རྒྱུ་ཡོད་པར་བཤད། ཡིན་ནའང་གྲུབ་མཐའ་ཕན་ཚུན་བར་དགོངས་དོན་ཁས་མི་ལེན་པ་མེད་ལ། གསུང་རབ་ཏུ་ཡང་གསེར་གྱི་འཁར་བ་དུམ་བུ་བཅོ་བརྒྱད་དུ་སོང་ཡང་ཚང་མ་གསེར་ཡིན་པ་འདྲ་འདྲ་ཡིན་ཞེས་དཔེ་འཇོག་ཡོད་པས་ན།ང་ཚོའི་གྲུབ་མཐའ་རེ་རེ་ནི་དུམ་བུ་དང་དུམ་བུར་བགོས་པའི་གསེར་གྱི་འཁར་བ་ཞིག་གི་ཆ་ཤས་རེ་རེ་དང་ཅིས་མི་མཚུངས། ཡིན་ཕྱིན། གྲུབ་མཐའ་ཕན་ཚུན་བར་ལ་དཀྱེལ་ཡངས་ཀྱི་བསམ་སྦྱོར་མཁོ་ལ། གྲུབ་མཐའ་ཚང་མའི་འགོ་ཁུངས་གཅིག་ཡིན་པ་མ་ཟད་མཐར་ཐུག་གི་དམིགས་ཡུལ་དང་འབབ་ས་ཡང་གཅིག་ཡིན་པའི་འདུ་ཤེས་ཡོད་རྒྱུ་དེ་གལ་ཆེ་བར་འདོད།
       གསེར་གྱི་འཁར་བ་དུམ་བུ་བཅོ་བརྒྱད། ལ་ལ་ལ་འདི་ནི་དངོས་ནས་དཔེ་འཇོག་ཡིད་དུ་འོང་བ་ཞིག་རེད།གསེར་གྱི་འཁར་བ་དུམ་བུ་བཅོ་བརྒྱད། ལ་ལ་ལ་འདི་རྩོམ་ཡིག་ཅིག་གི་ཁ་བྱང་ལ་མཛའ་ནས་འདུག ངེས་པ་དོན་གྱིས་གྲུབ་མཐའ་རེ་རེའི་གནས་ལུགས་ལམ་སྟོན་གྱི་ཕན་ཡོན་ཐད་ནས་རིན་པོ་ཆེ་གསེར་གྱི་གཟུགས་སུ་བཀོད་ཀྱང་འགལ་བ་མེད་སྲིད།ས་དགེ་བཀའ་རྙིང་གི་གྲུབ་མཐའ་རིས་སུ་མ་ཆད་པར་ཕྱོགས་རེས་ཕྱོགས་འཐེན་གྱི་རྩོད་ཉོག་མེད་པར།ཁྱོད་ཀྱི་གྲུབ་མཐའི་ནང་དུ་ང་ཡི་གྲུབ་མཐའ་དང་ང་ཡི་གྲུབ་མཐའི་ནང་དུ་ཁྱོད་ཀྱི་གྲུབ་མཐའ་ཡོད་པ་ལྟ་བུའི་འདུ་ཤེས་ཡག་པོ་རེ་ཆགས་ཐུབ་ན་ཅི་མ་རུང་། དཔེར་ན་སྔགས་རྒན་ལྕང་ལོ་ཅན་དང་དགེ་བཤེས་འཇམ་དབྱངས་རྒྱ་མཚོ་གཉིས་ལྟ་བུ་རེད།ད་ཆ་ཁོང་རྣམ་པ་གཉིས་ཀྱི་ཁ་བརྡ་བགྲོ་གླེང་ཁྲོད་དུ་རང་གཞན་ཀུན་ལ་ཕན་པའི་གོ་བསྐོན་གསེད་འགྲོལ་གྱི་གནས་ལུགས་དང་བསླབ་བྱ་ཡོད་པ་མ་ཟད། མཚམས་རེར་ཧབ་ཆའི་དིར་སྒྲ་དང་བསྡོངས་པའི་ཀུ་རེ་ཁ་མཚར་གྱི་གཏམ་རེ་ཡང་ཟ་དང་ཟུར་ན་འཆོར་བཞིན་འདུག འདི་ནི་བོད་ཀྱི་རྙིང་མ་བའི་བཙུན་གཟུགས་འཛིན་པ་སྔགས་རྒན་ལྕང་ལོ་ཅན་དང་དགེ་ལུགས་པའི་བཙུན་གཟུགས་འཛིན་པ་དགེ་བཤེས་འཇམ་དབྱངས་རྒྱ་མཚོ་རྣམ་གཉིས་ཀྱི་ཕན་ཚུན་ལ་བཟུང་བའི་རྣམ་འགྱུར་རེད། མ་འོངས་པར་བོད་ཀྱི་གྲུབ་མཐའ་སོ་སོའི་བར་དུ་ཡང་འདི་ལྟ་བུའི་རྣམ་འགྱུར་རེ་རྒྱུན་འཁྱོངས་བྱེད་ཐུབ་པ་ཡིན་ན། སངས་རྒྱས་ཀྱི་བསྟན་པ་ལ་མི་གནོད་པས་མི་ཚད་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་ཞེས་པའི་དཔེ་ལྟར། བོད་ཀྱི་ཡུལ་ལུང་དུ་ཡང་ཡིད་དུ་འཐད་པའི་ཆོས་ལུགས་རིག་གནས་ཀྱི་ཁོར་ཡུག་ཉམས་དགའ་བ་ཞིག་གང་ནས་མི་ཆགས་སམ།
       སྔགས་རྒན་ལྕང་ལོ་ཅན་དང་དགེ་བཤེས་འཇམ་དབྱངས་རྒྱ་མཚོ་གཉིས་ཀྱིས་ཡུན་རིང་བོར་ཁ་བརྡ་བགྲོ་གླེང་བློར་འབབ་པ་ཞིག་གནངས་རྗེས་ཕྱིར་ཕེབས་སོང་། ཁོང་རྣམ་པ་གཉིས་ཕྱིར་ཕེབས་རྗེས་ང་རང་གཅིག་པུ་འགྲུལ་ཁང་གི་ནེམ་ཁྲི་ཞིག་ཏུ་ཀན་རྐྱལ་དུ་ལོག་ཏེ་སྐད་འཕྲིན་སྣོག་འགོ་བརྩམས་པ་ཡིན།མཐུན་སྒྲིལ་གླིང་། མིང་འདི་མཐོང་མ་ཐག་ཏུ་ཚོམས་འདི་ནི་ཅི་འདྲའི་མཐུན་སྒྲིལ་དང་ལྡན་པའི་སྐད་འཕྲིན་གྱི་ཚོམས་ཤིག་ལོས་ཡིན་སྙམ་པའི་སྣང་བ་སྟེར་མོད་ཀྱང་། དོན་དངོས་ནི་དེ་ལྟར་ལྡོག་ཟླར་ལངས་ཡོད་དེ། ཚོམས་འདི་རུ་ཉ་ཉོག་བཅོ་བརྒྱད་རྩོད་མཁན་ཤིན་ཏུ་ནས་ཀྱང་མང་། དེ་རིང་ཡང་སྔར་ལྟར་གཅིག་པ་གཅིག་མཚུངས་རེད། དྲ་མིང་ལ་ཨུ་རྒྱན་ལྷ་ཞེས་བཏགས་ཡོད་པའི་དྲ་གྲོགས་ཤིག་གིས་དགེ་ལུགས་པའི་གྲྭ་རྟ་ནི་མཚན་མཐུན་བཙན་གཡེམ་བྱེད་པ་དང་ཨ་ན་མ་ན་རེད་ཅེས་སྙིང་འཕྱས་སྙིང་ལ་གཟན་པ་ཞིག་གཏོང་བཞིན་པ་ཤེས་འཕྲལ།ང་ཡི་སྔགས་རྒན་ལྕང་ལོ་ཅན་དང་དགེ་བཤེས་འཇམ་དབྱངས་རྒྱ་མཚོ་རྣམ་གཉིས་ཀྱི་ཡིད་དུ་འོང་བའི་ཁ་བརྡ་བགྲོ་གླེང་གི་རྣམ་པ་དེས་བསྩལ་བའི་སེམས་ཁམས་བསོར་མོ་དེ་ཉིད་བཅོམ་པར་བྱས་ཤིང་། སླར་ཡང་བརྩད་ནས་ཚར་རྒྱུ་མེད་ལ་བརྩད་ཀྱང་དགོས་པ་ཆུང་བའི་བོད་ཀྱི་ཆོས་ལུགས་གྲུབ་མཐའ་དག་གི་རྩོད་ཉོག་དེའི་ཆེད་དུ་དངན་པ་རིང་མོ་ཞིག་མི་འཐེན་རང་འཐེན་བྱུང་སོང་ངོ་།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4345