ཕྲན་གྱིས་ལོ་ངོ་གསུམ་ཙམ་ལ་རང་སྦྱོང་བྱས་ཏེ་རྩོམ་རིགས་ཀྱི་རྩོམ་ལུས་བྱེ་བྲག་པ་དག་ལ་དགོང་མོའི་དུས་ཚོད་གཅིག་རེ་བེད་སྤྱད་དེ་ཞིབ་འཇུག་གམ་ཉམས་ཞིབ་ཕྱོགས་ཙམ་རེ་བགྱིས་པ་ཡིན་ལ་དེའི་ཁྲོད་ནས་ཕྲན་ལ་དཔྱད་རྩོམ་འབྲི་སྟངས་སྐོར་ལ་བསམ་ཚུལ་རེ་གཉིས་ཤིག་ཞུ་རྒྱུ་འདུག་པས་གཤམ་གསལ།
དཔྱད་རྩོམ་ཞེས་པ་དེ་རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་རྩོམ་ལུས་བྱེ་བྲག་པ་ཞིག་ཡིན་ལ། སློབ་གཉེར་པ་ཞིག་ཡིན་ཕྱིན་རང་གི་རྣམ་དཔྱོད་བེད་སྤྱོད་བྱེད་རྒྱུ་ཧ་ཅང་འགངས་ཆེ་སྟབས་རྩོམ་ལུས་འདི་ལ་བརྟེན་ཏེ་ལེགས་ཉེས་ཀྱི་ཁྲུན་གཅོད་རྒྱུ་ནི་ཐབས་བྱུས་ལེགས་པོ་ཞིག་ཡིན་པར་སྙམ། ལྷག་ཏུ་གླེང་འདོད་པ་ཞིག་ལ་སྔོན་བྱོན་དམ་པ་གོང་མའི་རིང་ལུགས་དང་ལྟ་གྲུབ་རེ་རེ་ནི་སློབ་སྦྱོང་ལ་འབད་པའི་སྐྱེས་བུ་སྒེར་རེ་རེའི་བློ་གྲོས་ཀྱི་ཆུ་གཏེར་བརྡོལ་བྱེད་ཀྱི་མཐུན་རྐྱེན་ཞིག་གམ། ཡང་ན། སློབ་པ་ལམ་གྱི་དཀའ་ཁག་སེལ་བྱེད་ཀྱི་ལམ་ཡིག་ཅིག་གམ་བྱ་ལས་དེར་ཕན་གདག་བྱེད་ཀྱི་སྡོངས་གྲོགས་ཤིག་ཏུ་འགྱུར་དགོས་པར་སྙམ།
མདོར་ན་ཤེས་བྱའི་རྣམ་གྲངས་ལ་འཇུག་བྱེད་ཀྱི་དཔྱད་གཞིའི་ཡིག་ཆ་ཞིག་ཡིན་དགོས་པ་ལས་སྔོན་བྱོན་དམ་པའི་གསུང་སྒྲོས་དེ་སྒྲོག་འདོན་བྱེད་དགོས་པའི་བཀའ་ལུང་གཉན་པོ་ཞིག་དང་། རང་ཉིད་དྲིལ་སྒྲོག་པ་ཁོ་ན་བྱེད་པ་ནི་སློབ་སྦྱོང་རྣལ་མའི་བྱེད་ཕྱོགས་ཤིག་མིན་པར་སེམས་ལ་དུས་རབས་དང་འཚམ་པའི་མནོ་བསམ་འཐེན་སྟངས་ཤིག་ཀྱང་མིན་ལས་ཆེའོ།། དེ་བས་དཔྱད་གསུམ་དག་པའི་བློ་གྲོས་ཀྱི་རལ་གྲིས་ལྟ་ངན་གྱི་མཆན་ལ་བརྡུངས་ཤིང་ཡང་དག་སྣང་བའི་ལམ་གྱི་འོད་དཀར་ལ་འདྲེས་ཏེ། མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དུ་གྱུར་པ་སྟེ་ཆོས་ལུགས་ཤིག་ལ་མཚོན་ན་གྲུབ་མཐའ་གང་དེའི་རྐང་འཛུགས་པའི་བླ་རབས་ལ་ཡར་གཏུགས་པ་དང་དྲི་མེད་རིགས་པའི་རྣོ་དབལ་གྱིས་རང་ལུགས་སྲུང་སྐྱོང་བྱེད་པ་ནི་གནད་འགག་ཆེ་བར་སེམས། འོན་ཏེ། གལ་སྲིད་རིགས་པའི་མཐའ་ལས་འདས་པའམ་ཆོས་ཉིད་ཀྱི་ར་བ་ལས་ཕ་རོལ་ཏུ་ཕྱིན་པ་ཞིག་ཡིན་ཚེ་སྔོན་བྱོན་དམ་པ་མིང་བོ་ཆེ་སུ་ཞིག་གི་གསུང་ཡིན་ཀྱང་དེ་ལ་དོགས་སློང་དང་དགག་སྒྲུབ་བྱེད་རྒྱུ་ནི་སློབ་གཉེར་བ་ཞིག་གི་མ་མཐའི་ཚད་གཞི་རེད། རེད་དེ། དགོན་སྡེའི་སློབ་གཉེར་བའི་ཁྲོད་དུ་དེ་འདྲའི་བློ་སྤོབས་ཅན་དཀོན་ལ། གལ་སྲིད་རེ་འགའ་ཡོད་ཀྱང་དེ་ཚོ་ལྟ་ལོག་པ་དང་དམ་ཉམས་སུ་བརྩིས་ཏེ་མགོ་གནོན་གང་ཐུབ་བྱེད་དོ།།
དཔྱད་བརྗོད་རྩོམ་ཡིག
སྤྱིར་བཏང་དཔྱད་བརྗོད་རིགས་ཀྱི་རྩོམ་ཡིག་ལ་བགྲོ་གླེང་རྩོམ་ཡིག་དང་རིག་གཞུང་དཔྱད་རྩོམ་གྱི་རྣམ་པ་གཉིས་སུ་ངེས་མོད། སྐབས་འདིའི་གླེང་གཞི་ནི་ཕྱི་མ་དེ་ལགས་པས་རང་གི་བསམ་གཞིག་དང་དཔེ་ཀློག་ལས་བྱུང་བའི་ཟིན་ཐོ་རེ་འགའ་འབྲི་བར་བྱའོ།།
རིག་གཞུང་དཔྱད་རྩོམ་གྱི་གོ་དོན་དང་ཁྱད་ཆོས།
|
མཚམས་སྦྱོར། |
ཁ་བྱང་། |
|
ཞིབ་འཇུག་སྙན་ཞུའི་ རེའུ་མིག |
གཞུང་དངོས། |
གནད་བསྡུས། སྔོན་འགྲོ། དམིགས་ཡུལ། |
འཆར་གཞི། བྱེད་ཐབས། སྡོམ་ཚིག གྲོས་བསྡུར། མཇུག་སྡོམ། |
|
མཚམས་སྦྱོར། |
ཟུར་ལྟའི་དཔྱད་གཞི། |
|
། ཆེད་ལས་ཀྱི་རང་བཞིན་ལྡན་པ་ཞིག་རེད་འདུག མདོར་དྲིལ་ན་རིག་གཞུང་དཔྱད་རྩོམ་ནི་བགྲོ་གླེང་རྩོམ་ཡིག་ལས་ཚོད་འཛིན་རང་བཞིན་ལྡན་ཞིང་བརྗོད་བྱའི་རྒྱུ་ཆ་རྣམས་རིག་ཚན་དེའམ་དཔྱད་གཞི་དེ་དང་འབྲེལ་ཡོད་ཀྱི་སྒྲུབ་བྱེད་ཀྱིས་ར་སྤྲོད་དགོས་པ་ཡིན། དེ་བས་བགྲོ་གླེང་རྩོམ་ཡིག་དང་རིག་གཞུང་དཔྱད་རྩོམ་གཉིས་ཀྱི་གོ་བའི་ཐད་མ་འཕྱུག་པ་ཞིག་ཅིས་ཀྱང་གལ་ཆེ་བས་དགོན་སྡེའི་ཤེས་ཡོན་པའི་སྡེ་དང་སློབ་ཆེན་སློབ་མ་རེ་འགས་གཟབ་པར་འཚལ་ལོ།།
རིག་གཞུང་དཔྱད་རྩོམ་གྱི་དབྱེ་བ།
3 ཞིབ་འཇུག་བྱ་ཡུལ་གྱི་ཁྱབ་ཁོངས་ནས་བརྗོད་ན་ལོ་རྒྱུས་དང་། ཆབ་སྲིད། མཚན་ཉིད་རིག་པ། དཔལ་འབྱོར། སློབ་གསོ། དམག་དོན། བཟོ་ལས། ཞིང་ལས་ལ་སོགས་པའི་སྐོར་གྱི་དཔྱད་རྩོམ་དང་། རྒྱུན་བཀོལ་གྱི་ཆ་ནས་དབྱེ་ན། བྱེ་བྲག་གི་འབྲི་ཚུལ་མི་འདྲ་བའི་སྒོ་ནས་གསུམ་དུ་འགྱུར་ཏེ། ཞིབ་འཇུག་གི་སྙན་ཞུ་དང་། མཐར་ཕྱིན་དཔྱད་རྩོམ་མམ་སློབ་ཐོན་དཔྱད་རྩོམ། ཆེད་དམིགས་ཞིབ་འཇུག་དཔྱད་རྩོམ་མོ།།
དང་པོ་ཞིབ་འཇུག་སྙན་ཞུ།
ཞིབ་འཇུག་སྙན་ཞུ་ནི་བྱེད་པོ་གང་གིས་དངོས་པོ་གང་རུང་ཞིག་ལ་ཞིབ་འཇུག་བྱས་པའི་གོ་རིམ་དང་གྲུབ་འབྲས་གསལ་བོར་སྟོན་པའི་རྩོམ་ཡིག་ཅིག་ཡིན། ཞིབ་འཇུག་དཔྱད་རྩོམ་ལ་བྱེ་བྲག་ཏུ་ལག་ལེན་སྐབས་སུ་གོ་རིམ་གཉིས་ཡོད་དེ། མཚམས་སྦྱོར་དང་། གཞུང་དངོས་སོ།། 4 རེའུ་མིག་ཏུ་ཕབ་ན། ཞིབ་འཇུག་སྙན་ཞུའི་ཁྱད་ཆོས་སམ་དགོས་པ་ནི་ཚོད་ལྟའི་བརྒྱུད་རིམ་དང་སྡོམ་ཚིག་ཚད་ལྡན་དེ་དག་གཞན་ལ་ཤེས་པར་བྱེད་རྒྱུ་དེའོ།།
གཉིས་པ་མཐར་ཕྱིན་དཔྱད་རྩོམ།
མཐར་ཕྱིན་དཔྱད་རྩོམ་མམ་སློབ་ཐོན་དཔྱད་རྩོམ་ཞེས་པ་ནི་སློབ་གྲྭའི་མཐར་ཕྱིན་དཔྱད་རྩོམ་ལྟ་བུ་དང་སྤྱི་ཚོགས་སོ་སོའི་ལས་སྣེ་པ་དག་མཁས་པའི་སྟེགས་བུར་རྒྱུ་བའི་བརྒྱུད་རིམ་ཞིག་སྟེ། དེ་ལའང་སློབ་རམས་པ་དང་། ཤེས་རམས་པ། འབུམས་རམས་པའི་སློབ་གནས་དཔྱད་རྩོམ་སོགས་རིག་གནས་ཆུ་ཚད་ཀྱི་ཐོབ་ཐང་ངོས་ནས་སམ་ཆེད་ལས་ཀྱི་བགྲང་བྱའི་མང་ཉུང་གིས་དེ་ལྟ་དབྱེ་བ་ཡིན། མཐར་ཕྱིན་དཔྱད་རྩོམ་ལྟ་བུ་ལ་མཚོན་ན་སྔོན་མེད་གསར་གཏོད་དང་། ལྟ་བ་གསར་པ་གདོན་ཐུབ་དགོས་པ་ཡིན། སློབ་ཐོན་དཔྱད་རྩོམ་གྱི་སྤྱིའི་ལག་ལེན་ལ་གཞལ་ན་«ཆེད་དམིགས་དཔྱད་རྩོམ་»་དང་ཕལ་ཆེར་མཚུངས་པས་འོག་ཏུ་གསལ་བས་འདིར་ཡིག་ཚོགས་ལ་འཇིགས་པས་མ་བྲིས་སོ།།
གསུམ་པ་ཆེད་དམིགས་དཔྱད་རྩོམ།
ཆེད་དམིགས་དཔྱད་རྩོམ་ནི་5 སྤྱི་ཚོགས་ཚན་རིག་ཐད་ཀྱི་བྱེད་སྒོ་སོ་སོ་ནས་དམིགས་ཡུལ་དང་འཆར་གཞི་ངེས་ཅན་ཞིག་གི་སྟེང་ནས་བྲིས་པའི་རིག་གཞུང་དཔྱད་རྩོམ་ལྟ་བུ་ལ་གོ་ཞིང་། དཔྱད་རྩོམ་དེར་རིགས་པའི་ཁུངས་སྐྱེལ་དུ་ལུང་ཚིག་མང་ལ་ཡིག་འབྲུ་ཁྲི་ལྷག་ལས་བརྒལ་བའི་རྩོམ་རིང་ཧ་ཅང་མང་། དཔེར་ན་ཚད་མ་དང་། དབུ་མ་སོགས་དགོན་སྡེའི་ཁྲོད་ཀྱི་དཔྱད་རྩོམ་དག་ཀྱང་རྩོམ་ལུས་འདིའི་ཁོངས་སུ་གཏོགས་པ་ཡིན་མོད། རིག་གཞུང་དཔྱད་རྩོམ་འཐུས་ཚང་ཞིག་གི་ངོས་ནས་བསམ་མནོ་བཏང་ན་སློབ་ཆེན་རེ་འགའི་དཔྱད་རྩོམ་དང་ལྷག་ཏུ་དགོན་སྡེའི་ཁྲོད་ཀྱི་ཤེས་ཡོན་པ་མང་ཤས་ཀྱིས་བྲིས་པའི་དཔྱད་རྩོམ་ལ་ཁས་འཆེ་པ་དག་ནི་རིག་གཞུང་དཔྱང་རྩོམ་དངོས་ཀྱི་གྲལ་དུ་མི་ཚུད་པར་སྣང་། རྒྱུ་མཚན་དགོན་སྡེའི་ཁྲོད་ཀྱི་བརྡ་སྤྲོད་སྐོར་དང་བཀའ་པོད་ལྔའི་གཞུང་དཔྱད་སྐོར་ལ་བྲིས་པའི་དཔྱད་རྩོམ་དག་ནི་དཔྱད་བརྗོད་རྩོམ་ཡིག་ཅིག་གི་ཁོངས་སུ་འདུ་བ་ལས་བྱེ་བྲག་ཏུ་རིག་གཞུང་དཔྱད་རྩོམ་གྱི་ངོས་ནས་ཆེས་མ་མཐའི་ཚད་གཞི་དག་ཀྱང་ཚང་མེད་པས་དཔྱད་རྩོམ་དེ་ནི་བགྲོ་གླེང་རྩོམ་ཡིག་ལ་ངོས་བཟུང་ན་འགྲིག་པར་སྙམ་མོ།།
དེ་བས་བགྲོ་གླེང་རྩོམ་ཡིག་ཅིག་ལ་རིག་གཞུང་དཔྱད་རྩོམ་གྱི་མིང་གིས་བཀླུབས་པ་ནི་ཕྱི་རྫིག་ནང་སྟོང་གི་གཡོ་ཐབས་ཤིག་ལས་ཅི་ཡང་མིན། གལ་ཏེ་རིག་གཞུང་དཔྱད་རྩོམ་ཚད་ལྡན་ཞིག་བྲི་སྙམ་ཚེ་ཐོག་མར་དེའི་སྐོར་ལ་ཉམས་ཞིབ་དང་རྒྱུས་ལོན་སོགས་མདོར་ན་སློབ་སྦྱོང་ཚད་ལྡན་ཞིག་བྱས་ཏེ་ད་གདོད་འཚང་ག་བརྒྱབ་ན་འགྲིག་པར་སྙམ། དེ་མིན་རྩོམ་རིག་གི་གར་སྟེགས་ཕུང་སུམ་པའི་རོ་གཟུགས་ཀྱིས་འགངས་པར་གདོན་མི་ཟའོ།།
བགྲོ་གླེང་རྩོམ་ཡིག་འཐུས་ཚང་ཞིག་གམ་གཅིག་གྱུར་ལ་ཉེ་བར་འཇར་བའི་དེང་རབས་རིག་གཞུང་དཔྱད་རྩོམ་གྱི་སྟེང་ནས་བལྟས་ན་དགོན་སྡེའི་དཔྱད་རྩོམ་འབྲི་སྟངས་«དགག་བཞག་སྤང་གསུམ་»དང་«བརྗོད་བཞག་སྤང་གསུམ་»དུ་གྲགས་པ་གང་དེར་མ་མཐའི་རྒྱུན་ཤེས་ཙམ་ཡང་ཆགས་མེད་པས་དེ་ཚོ་རིག་གཞུང་དཔྱད་རྩོམ་དུ་རློམ་པ་ནི་རང་ཉིད་རྩོམ་རིགས་ལ་བློ་སྦྱོང་ཞན་པའི་དེ་ཉིད་ཕྱི་རུ་མངོན་པའམ་རྩོམ་རིགས་ལ་མཐོང་ཐོས་དབེན་པའི་འབྲས་རྟགས་ཤིག་ཏུ་ཁོ་བོས་མཐོང་སོང་། དེ་བས་སྲོལ་རྒྱུན་གྱི་བགྲོ་གླེང་རྩོམ་ཡིག་རྨང་གཞི་བྱས་ཐོག་དེང་རབས་ཀྱི་དཔྱད་རྩོམ་འབྲི་སྟངས་དཔེ་རུ་བླངས་ན་ལེགས་སྙམ་སྟེ། དེང་རབས་ཀྱི་མ་མཐའི་རྒྱུན་ཤེས་དེ་དག་གིས་རྩོམ་ཡིག་ཚགས་ཇེ་དམ་དང་ཀློག་པ་པོར་ཐུགས་འགན་ལེགས་པོ་རེ་བཞེས་པའི་ཉེར་རྒྱུ་ལགས་པས་རིག་གཞུང་གང་དེ་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དུ་གཤམ་གྱི་རྒྱུན་ཤེས་དག་ལ་བསམ་གཞིག་བྱེད་པར་འཚལ།
6 དཔྱད་རྩོམ་གྱི་སྤྱི་ཁོག
༡ མིང་འདེམས་སྟངས། དོན་དངོས་མཚོན་པའི་མིང་འདེམས་དགོས་ལ་མངོན་བརྗོད་སོགས་ཀྱིས་སྤུད་མེད་པའི་མིང་སྟེ། ཡིག་འབྲུ་ཉི་ཤུ་ལས་བརྒལ་མི་རུང་། “བརྗོད་བྱའི་ཁྱབ་ཁོངས་ཆེ་དྲག་པས་ཚེག་བར་ཉི་ཤུའི་ནང་དུ་བསྡུ་མ་ཐུབ་ཚེ་ཁ་བྱང་ཟུར་བ་སྣོན་ཆོག་གོ །”
༢ ནང་དོན་གནད་བསྡུས་སམ་གཙོ་གནད། ནང་དོན་གནད་བསྡུས་ལ་ཡིག་འབྲུ་ཉིས་བརྒྱ་ལས་བརྒལ་མི་ཆོག་པར་བཤད་ཅིང་བལྟས་ཙམ་གྱིས་རྩོམ་གྱི་སྤྱི་ཁོག་ངེས་ནུས་པ་ལྟ་བུ་ཞིག་ཡིན་དགོས། དེའང་མི་གཞན་པའི་ཚུལ་གྱིས་བྲི་དགོས་སོ།། ༣ བརྡ་ཆད་གཙོ་བོ། བརྡ་ཆད་གཙོ་བོ་ཞེས་པ་ནི་དཔྱད་རྩོམ་གང་དེའི་གནད་ཚིག་སྟེ་མགོ་མཇུག་ལ་ཚར་མང་པོ་ཐོན་དགོས་པའི་མིང་ལྟ་བུ་ཡིན་ལ་མིང་ཚིག་གསུམ་ནས་ལྔའི་བར་ཡིན།
༤ མིང་འགོད་སྟངས། དཔྱད་རྩོམ་འབྲི་སྐབས་སུ་རྩོམ་པ་པོ་རང་གི་དངོས་མིང་ལས་པིར་མིང་དགོད་མི་རུང་ཞིང་། རང་ཉིད་ངོ་སྤྲོད་དང་ས་གནས། སྦྲག་སྲིད་ཨང་གྲངས་སོགས་སྐུར་དགོས་པར་བཤད་མོད། མཇུག་གི་དོན་ཚན་དེ་དག་ལག་ལེན་སྟེང་ཅུང་ཉུང་བར་སྣང་ངོ་།།
༥ དཔྱད་བྱ་དངོས། དཔྱད་བྱ་དངོས་ལ་ནི་སྲོལ་རྒྱུན་གྱི་བགྲོ་གླེང་རྩོམ་ཡིག་གི་འབྲི་སྟངས་བེད་སྤྱད་ན་ལེགས་སྙམ་སྟེ། དགག་བཞག་སྤང་གསུམ་དང་བརྗོད་བཞག་སྤང་གསུམ་སོགས་བསྒྲུབ་བྱ་དང་སྒྲུབ་བྱེད་། སྒྲུབ་རིམ་སོགས་ལ་ངེས་ཆ་ལྡན་པ་དང་ཚིག་རྒྱན་མེད་པར་རང་བཞིན་གྱིས་གོ་སླ་བའི་ངག་སྤྱོད་པ། ས་བཅད་བགོས་ཤིང་རྩོམ་ཡིག་དེར་དོན་སྙིང་ཅི་འདྲ་ཡོད་མེད་སོགས་བརྗོད་པ་ལ་བྱའོ།།
༦ ལུང་འདྲེན་དང་མཆན།རང་ཉིད་ཀྱིས་དཔྱད་རྩོམ་གང་དེར་རྒྱབ་རྟེན་གྱི་ལུང་འདྲེན་སྐབས་རྩོམ་པ་པོ་དང་དཔེ་ཆའི་མཚན། དཔར་སྐྲུན་ཁང་། དུས་ཚོད། དཔེ་དེབ་ཀྱི་ཉིན་སྲིབ་དང་ཐིག་ཕྲེང་ཡང་མཚོན་དགོས་ཏེ། དཔེར་ན། «ལྷ་བྱའི་»ཤོག་གྲངས་༡༨་པའི་ཐིག་ཕྲེང་༧་པའི་ནང་དུ་གསལ་ཞེས་པ་ལྟ་བུའི་མཆན་འདེབས་དགོས་སོ།། ༧ ཟུར་ལྟའི་དཔྱད་གཞི། རང་ཉིད་ཀྱིས་འབྲི་བཞིན་པའི་དཔྱད་རྩོམ་དེར་མཁས་པ་གཞན་གྱི་དཔེ་དེབ་ཀྱི་ཤན་འདྲེས་ཡོད་པའམ་རྩོམ་ཡིག་དེ་འབྲི་སྐབས་མ་དཔེ་གང་གང་ལ་བལྟས་པའི་དཔེ་ཆ་དག་དགོད་དགོས་པ་ལས། བལྟས་མེད་ཐོས་མེད་ཀྱི་དཔེ་ཆའི་རིགས་གཏན་ནས་འགོད་མི་ཆོག
རྒྱུན་ཤེས་འདི་ནི་རྭ་རྒྱའི་དགེ་རྒན་གྱི་ལིང་འཇིགས་མེད་ལགས་ཀྱིས་གསུངས་པའི་དཔྱད་རྩོམ་འབྲི་སྟངས་སྐོར་དང་དེ་ཟིན་བྲིས་སུ་ཕབ་པའི་པར་ཞིག་ལག་སོན་བྱུང་པས་དེར་དཔེ་བླངས་པ་ཡིན། གྱི་ལིང་འཇིགས་མེད་ལགས་ཀྱིས་ཀྱང་ཉི་ཧོང་གི་མཁས་པ་ཞིག་ལ་ཕུགས་གཏད་ཚུལ་སྨྲས་འདུག ཕྲན་གྱིས་བཟོ་བཅོས་ཅུང་ཙམ་བཏང་ནས་བྲིས་པ་ཡིན། དཔྱད་རྩོམ་གྱི་སྤྱི་ཁོག་གམ་དཔྱད་རྩོམ་འབྲི་སྟངས་སྐོར་གྱི་རྒྱུན་ཤེས་དེ་ཚོ་ནི་མ་མཐར་ཡང་ངེས་དགོས་པའི་དོན་ཚན་འགའ་ལགས་པས། སློབ་སྦྱོང་བྱེད་པའི་མི་བུ་ཡོངས་ལ་གལ་འགངས་ཆེ་བར་སྙམ་མོ།།
རེད་དེ། འདི་ལྟར་གཅིག་གྱུར་གྱི་ལམ་ལ་ཉེར་སྡོག་བྱེད་སྐབས་སུ་བཟའ་བཏུང་གི་རིགས་དང་ལག་རྩལ་གྱི་སྐོར་འདྲ་མིན་དག་དུས་རབས་ཉེར་གཅིག་པའི་མིས་བཟོས་པ་ལོངས་སུ་སྤྱོད་ཅིང་། ལྷག་ཏུ་ནུབ་ཕྱོགས་པས་གསར་གཏོད་བྱས་པའི་ཅ་ལག་མང་པོ་བློས་མི་ཐོངས་བཞིན་དུ་7“རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་ཏུ་བསྒྲགས།། གསར་བ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས།། ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་བསྒོམས།།”པའི་ལམ་ལུགས་རྙིང་པ་དེར་བཟོ་བཅོས་ཨེན་ཙམ་བཏང་ན་འགྲིག་འདུག་སྙམ། རེད་དེ། དེང་སྐབས་ཀྱི་གནས་བབས་ལ་གཞིགས་ན་ལུས་ཉེར་གཅིག་པའི་མིའི་གྲལ་དུ་སྡོད་བཞིན་དུ་བཙན་གྱིས་འདས་ཟིན་པའི་འཚོ་བའི་ཀློང་ཁོ་ནར་ཞེན་པ་ནི་འགྲིག་དང་མི་འགྲིག་དཔྱད་པའི་གནས་ཤིག་ཏུ་མ་འཁུམས་མོད།
དེ་འདྲའི་མི་བུ་ཡ་མ་བརླ་དག་གི་ངོར་གལ་གང་ཆེ་དང་བསྒྲུབ་དགོས་པ་གང་ཡིན་གསལ་བོར་མ་བཤད་ན་ནམ་ཡང་གདོད་མའི་འཚོ་བ་ལས་ཐར་བའི་གོ་སྐབས་དཀོན་མཆོག་གིས་ཀྱང་གནང་བར་མི་འགྱུར་ལ་གནང་ཡང་མི་ནུས་སོ།།
གནད་བཏུས།
གལ་ཏེ་ཁྱོད་ཀྱིས་ཚད་ལྡན་གྱི་དཔྱད་རྩོམ་ཞིག་འབྲི་སྙམ་ཚེ་ཐོག་མར་དཔྱད་རྩོམ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་འདི་དག་ལྡན་པའི་སྟེང་གཞན་གྱིས་བྲིས་ཤིང་གླེང་མེད་པའི་ལྟ་ཚུལ་གསར་བ་ཞིག་དགོས་ལ། ཡང་ན། གཞན་གྱིས་བརྗོད་པ་དེ་ཚོ་ཁ་མི་གསལ་བ་ཡོད་པ་ལས་དེ་ཚོ་ཁ་ཇེ་གསལ་དང་འཐུས་ཇེ་ཚང་དུ་གཏོང་བ་ལས་དེ་དང་འདྲ་བའམ་དེ་ལས་དཔྱད་པའི་སྟོབས་སྨིན་མེད་ཚེ་དཔྱད་རྩོམ་དེ་འདྲ་མ་བྲིས་ན་བཟང་སྟེ་ཡིག་ལུད་སྤོང་པའི་ངལ་བའི་རྒྱུ་ཙམ་ལས་ཅི་ཡང་མིན་པས་སྤྱི་ཚོགས་དང་ཁོར་ཟུག་ལ་ཕན་ལས་གནོད་པ་ཆེའོ།།
དགོན་སྡེའི་ཤེས་ཡོན་པ་དང་སློབ་ཆེན་སློབ་མའི་དཔྱད་རྩོམ།
གོང་དུ་ཕྱོགས་ཙམ་གླེང་པ་བཞིན་དགོན་སྡེ་དང་སློབ་གྲྭ་ཆེན་མོ་པ་གང་མང་ཞིག་གི་དཔྱད་རྩོམ་དུ་གྲགས་པ་དག་ལས་མང་ཕྱོགས་ནི་ཕྱི་ཚུལ་རིང་ལུགས་ཀྱི་རྩོམ་ཡིག་ཙམ་ལས་དཔྱད་རྩོམ་ཚད་ལྡན་ཞིག་ཏུ་འགྲོ་ཡིན་མེད་པར་སྙམ་སྟེ། དཔེར་ན། དགོན་སྡེ་ཁག་ནས་«བདེན་གཉིས་ཀྱི་སྐོར་ལ་དཔྱད་པ་»དང་། «དོན་གྱི་གཞན་སེལ་ཡོད་མེད་གླེང་བ།» «སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པ།» ལྟ་བུའི་མཚོན་པའི་དཔྱད་རྩོམ་གྱི་གདན་ཐོག་ཏུ་འཚང་གིན་ཡོད་པ་དག་ནི་ནང་དོན་གྱི་ཆ་ནས་བསྐྱར་ཟློས་འབའ་ཞིག་ཏུ་སྣང་ལ་རྗོད་བྱེད་ཀྱི་ངོས་ནས་ཀྱང་ཡིག་ཚོགས་རི་ལྟར་སྤུངས་ཏེ་ཀློག་པ་པོར་ཁག་པོ་བཟོ་བ་ཙམ་ལས་དགོས་པ་ཅི་ཡང་མེད། «སྐྱེ་བ་སྔ་མ་ཡོད་མེད་ཀྱི་སྐོར་ལ་དཔྱད་པ།» ལྟ་བུ་ལ་མཚོན་ནའང་བསྐྱར་ཟློས་འབའ་ཞིག་ཏུ་ཟད་དེ། སྔོན་བྱོན་གྱི་དམ་པ་གོང་མ་དག་གིས་སྒྲུབ་ཚུལ་གྱི་རིགས་པ་བཞིར་གྲངས་ངེས་པར་མཛད་པ་དེ་སླར་ཡང་མ་ཎི་འདོན་འདོན་བྱེད་པ་ཙམ་རེད། ད་དུང་ཞིབ་ཆ་དང་ལྡན་པའི་་རིགས་པ་གསལ་ཐག་ཆོད་པ་དེའང་དེང་གི་སློབ་གཉེར་བ་དག་གིས་ཇེ་ལོད་དུ་སྒྱུར་བཞིན་འདུག
དཔེར་ན་སྐྱེ་བ་སྔ་མ་སྒྲུབ་ཚུལ་ལྟ་བུ་ལ་མཚོན་ནའང་བགྲང་བྱ་དུ་མའི་སྔོན་ནས་སྒྲུབ་བྱེད་ཀྱི་རིགས་པ་བཞིར་གྲངས་ངེས་པ་རུ་མཛད་པར་སྣང་སྟེ། ༡༽ དེ་ཡང་ཚད་མ་རྣམ་འགྲེལ་ལས། སྐྱེ་བ་ཡོངས་སུ་ལེན་པ་ན།། འབྱུང་རྔུབ་དབང་པོ་བློ་དག་ལས།། རང་གི་རིགས་ལ་ལྟོས་མེད་ཅན།། ལུས་ཉིད་འབའ་ཞིག་ལས་སྐྱེས་མིན།། ཞེས་པས་རྣམ་པར་ཤེས་པ་དག་ནི་རང་གི་རིགས་འདྲ་སྔ་མ་ལ་མ་ལྟོས་པར་མི་སྐྱེ་ཞེས་རིགས་འདྲ་སྔོན་སོང་གིས་སྒྲུབ་པ་དང་། ༢༽ ཡང་དེའི་མཇུག་ཏུ། མཚམས་སྦྱོར་བར།། ནུས་ལྡན་མཐོང་བ་གང་དེ་ལ།། ཅི་ཞིག་ཡོད་འགྱུར་གང་མེད་པ།། གང་གིས་ཕྱི་ནས་མཚམས་སྦྱོར་མེད།། ཅེས་པས་ཚེ་འདིའི་སྲིད་པ་ཐ་མའི་བློ་སོགས་སྲིད་པ་གཞན་དུ་མཚམས་སྦྱོར་བ་མེད་པར་མ་གྲུབ་པ་སོགས་ཀྱིས་མྱོང་བ་སྔོན་སོང་གི་རྟགས་ཀྱིས་སྒྲུབ་པར་བྱེད་དོ།། སྒྲུབ་བྱེད་འདི་གཉིས་ལས་དང་པོ་སྐྱེ་བ་སྔ་མ་སྒྲུབ་ཚུལ་དང་རྗེས་མ་དེ་སྐྱེ་བ་ཕྱི་མ་སྒྲུབ་ཚུལ་དུའང་སྨྲའོ།། ༣༽ ཡང་རྣམ་འགྲེལ་ལས། གོམས་ལས་འདོད་ཆགས་སོགས་གསལ་བ།། མཐོང་ཕྱིར་འདོད་རྒྱལ་ཉིད་མིན་ཏེ།། རྒྱུ་མེད་སྐྱེ་བ་འགལ་ཕྱིར་རོ།། ཞེས་པས་གོམས་པ་སྔོན་སོང་གི་རྟགས་ཀྱིས་སྐྱེ་བ་སྔ་མ་སྒྲུབ་ཚུལ་བཤད་ཅིང་གལ་ཏེ་དེ་ལྟར་ཁས་མི་ལེན་པར་རྒྱུ་མེད་ཙམ་ལས་འབྱུང་ན་“རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར།། རྟག་ཏུ་ཡོད་པ་འམ་མེད་པར་འགྱུར།།” ཞེས་གནོད་བྱེད་བརྗོད་ཡོད་ལ། ༤༽ ཡང་། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི།། ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ།། ཅེས་པས་ཉེར་ལེན་སྔོན་སོང་གི་རིགས་པས་སྐྱེ་བ་སྔ་མའམ་འཁོར་བ་ཡོད་པའི་སྒྲུབ་བྱེད་འགོད་པ་ལྟ་བུ་སྟེ་བཞིར་གྲངས་ངེས་པར་བྱས་པ་དེ་གོང་དུ་བཀོད་པ་བཞིན་བསྐྱར་ཟློས་ཡང་ཟློས་འབའ་ཞིག་ཏུ་ཟད་དེ། དེ་དག་ནི་འདི་ནས་ཡར་བརྩིས་པའི་བགྲང་བྱ་ཆིག་སྟོང་བཞི་བརྒྱ་ཡས་མས་ནས་དཔལ་ཆོས་ཀྱི་གྲགས་པས་གཏན་ལ་ཕབ་ཅིང་དེའི་རྗེས་ཀྱི་མཁས་གྲུབ་དག་གིས་ཁ་ཇེ་གསལ་དང་འཐུས་སྒོ་ཇེ་ཚང་དུ་བཏང་གདའ་མོད། དེང་སྐབས་ཀྱི་དུས་འདིར་ང་ཚོས་ནི་རིགས་པ་དེར་རྣོ་སོ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་མོད་ད་དུང་བསྐྱར་ཟློས་ཀྱི་རིག་གཞུང་བསམ་བློའི་ཀློང་དུ་སླར་ཡང་སྐྱ་ཆད་སྔོ་སྡུག་ཏུ་གྱུར་པའི་དཔྱད་རྩོམ་གྱི་མིང་ཡོད་ལ་དོན་མེད་པའི་རྩོམ་ལུད་སྐོར་ཞིག་ལ་ཤི་འཐམ་རོ་འཐམ་བྱེད་ཀྱིན་ཡོད། དྲང་མོར་སྨྲས་ན་དེ་ནི་གཞན་གྱི་དཔྱད་པའི་འབྲས་བུ་བདག་གིར་བྱེད་པའི་འཕྲོག་བཅོམ་གྱི་ལས་ཀ་ཞིག་གམ་རྐུ་ཐབས་ཀྱི་སྦྱོར་བ་ཞིག་ཡིན་ཤས་ཆེ། དེ་ནི་རྒྱལ་སྤྱིའི་སྟེང་ནས་ཀྱང་རྐུ་འཕྲོག་གི་གྱོད་གཞི་ཚབས་ཆེན་ཞིག་ཏུ་བགྲང་གིན་ཡོད་ལ་རྩོམ་པ་པོ་གང་དེའི་ཁེ་དབང་སྲུང་སྐྱོབ་ཀྱི་སླད་དུ་ལྡབ་གསུམ་གྱིས་སྐྱིན་ཚབ་སྟེར་དགོས་པ་སོགས་རྒྱལ་ནང་དུའང་ནག་ཉེས་ཆེ་གྲས་ཤིག་གི་ཀློང་དུ་འཇོག་ངེས་པས་ཁྲིམས་འགལ་དེ་འདྲ་མི་བྱེད་པར་དཔྱད་པ་རྣམ་དག་སྟེ་རིགས་པ་གསར་བ་ཞིག་གིས་བསྒྲུབ་ན་ལེགས་པར་སེམས། རེད་དེ། གོ་དགོས་པ་ཞིག་ལ་ངས་དེ་ཚོའི་སྐོར་ལ་དཔྱད་རྩོམ་བྲི་མི་དགོས་ཟེར་བ་ལར་ནས་མིན། འོ་ན་ཅི་ཞེ་ན། སྤྱིར་དེ་ཚོའི་སྐོར་ལ་དཔྱད་རྩོམ་འབྲི་བ་ནི་ཤིན་ཏུ་ལེགས་མོད། སྔོན་བྱོན་སྐྱེས་བུ་དམ་པ་དག་གི་དཔྱད་པའི་འབྲས་བུ་ལ་བརྣབ་སེམས་མི་སྐྱེ་བར་སྒྲུབ་བྱེད་ཀྱི་རིགས་པ་གསར་བ་རེ་ཡོད་ཚེ་སྔར་ཡོད་ཀྱི་རིགས་པ་དག་ལའང་ཁ་གསབ་ཡིན་པས་བསྟོད་གླུ་ལེན་པའི་ཡུལ་ཞིག་ཏུ་ཕྲན་གྱིས་ངོས་འཛིན་བྱས་དང་བྱེད་བཞིན་ཡོད། དེ་བས་གང་འདོད་དུ་ཞྭ་མོའི་རིག་གནས་ཀྱིས་གླེང་འདེབས་མི་བྱེད་རོགས་ཞུ། བོད་ཀྱི་མཁས་པའི་ཞལ་རྒྱུན་དུའང་“འཆད་རྩོད་གནས་ལ་མ་ངེས་པ་”ཞེས་ཟེར་པ་ལས་རྩོམ་པའི་ལས་ལ་དེ་ལྟར་སྦྱར་སྲོལ་མེད་པས་སྤྱིར་རྩོམ་རིགས་གང་ལའང་ཞིབ་ཆ་སོགས་ཚད་ངེས་ཅན་ཞིག་ཚང་དགོས་པས་བྱེ་བྲག་ཏུ་དཔྱད་རྩོམ་གྱི་སྐོར་ལ་སྨོས་མ་དགོས་པ་ཞིག་རེད། ཉི་ཧོང་གི་སློབ་ཐོན་དཔྱད་རྩོམ་ལྟ་བུ་ལ་མཚོན་ན་སྒྲུབ་བྱེད་ཀྱི་རིགས་པ་གཙོ་ཆེར་འཛིན་གྱིན་འདུག དཔྱད་རྩོམ་གང་དེར་རྒྱབ་རྟེན་གྱི་ལུང་འདྲེན་སྐབས་སུའང་ལུང་ཚིག་དེར་ལོ་རྒྱུས་ཀྱི་རིན་ཐང་ཡོད་མེད་དང་དུས་ཚོད་ག་ཙམ་འགྱངས་ཡོད་མེད། གཞུང་ཚིག་ཡིན་ནའང་ལྕགས་པར་དང་ཤིང་པར་ལྟ་བུའི་པར་སྐྲུན་ཁང་ལའང་ཚད་དང་ལྡན་མིན་རྟོག་དཔྱོད་བྱེད་དོ།། དེ་བཞིན་བོད་རང་ལ་མཚོན་ནའང་པར་ཁང་གྲགས་ཅན་དུ་མ་ཡོད་དེ་སྣར་ཐང་པར་ཁང་དང་། ཅོ་ནེའི་པར་ཁང་། སྡེ་དགེའི་པར་ཁང་། བླ་བྲང་གི་པར་ཁང་། སྐུ་འབུམ་དགོན་པའི་པར་ཁང་། རྭ་རྒྱ་དགོན་པའི་པར་ཁང་། ལྷ་སའི་ཞོལ་པར་ཁང་ལྟ་བུའི་མཚོན་པའི་པར་ཁང་གང་མང་བྱུང་མྱོང་པས་དཔྱད་རྩོམ་བྲི་ནའང་དཔེ་ཆའི་པར་སྐྲུན་གྱི་ཐད་ནས་པར་ཁང་དེ་ལྟ་བུ་ལས་བྱུང་བའི་ཤིང་དཔར་སྐོར་གྱི་གཞུང་ཚིག་དག་ཚད་ལྡན་དུ་བརྩི་འོས་པ་ལས་གློག་རྡུལ་ཡིག་རིགས་ལ་མཐའ་གཅིག་ཏུ་ཞེན་པར་མི་བྱའོ།། ལྷག་ཏུ་རྒྱ་ཆེ་ས་ནས་བསམ་མནོ་བཏང་སྟེ་དཔྱད་རྩོམ་བྲི་ན་ལུང་ལས་དྲི་མེད་ཀྱི་རིགས་པ་འགངས་ཆེ་སྟེ་ལུང་ཚིག་ཙམ་ནི་ཚོགས་སྡེ་ཞིག་གམ་ཁོར་ཡུག་གི་གནས་བབས་ལ་བལྟས་ཏེ་སྐབས་འགར་ཁས་ལེན་པ་བས་ཚད་མ་ཉིད་དུ་ལྟ་མཁན་སྤྱིའི་ཆ་ནས་དཀོན་པར་སྣང་། རེད་དེ། ལ་ལས་8“གནས་གསུམ་པར་ནི་འཕོ་བ་ན།། བསྟན་བཅོས་ལེན་པ་རིགས་ལྡན་ཡིན།།”ཞེས་པའི་ལུང་ཚིག་དེ་དྲུད་ཡོང་ལས་ཆེ་མོད། དེ་ནི་རིགས་པ་དང་མི་འགལ་བའི་ལུང་ཁས་ལེན་པའི་དོན་ཡིན་པས་མཐར་ཐུག་གི་འབབ་ཚིགས་ནི་རིགས་པ་ཡིན་པར་ཤེས་དགོས་སོ།། དེ་ལྟར་རིགས་པས་ཕྱུག་པའི་དཔྱད་རྩོམ་དེའང་དུས་ཡུན་ངེས་ཅན་ཞིག་གི་ཀློང་ནས་དུས་ཚོད་ཀྱི་འགྲོ་སོང་འདང་ངེས་ཤིག་བཀོལ་དགོས་པར་སྙམ་མོད། འོ་སྐོལ་གྱི་དཔྱད་རྩོམ་འབྲི་མཁན་དག་གིས་ནི་གཟའ་འཁོར་རེ་འགའ་ཙམ་ལས་མི་འགྱང་པར་དཔྱད་རྩོམ་གྲགས་ཅན་རེ་བྲིས་ཚར་འདུག དེ་ནི་ཧ་ཅང་ཡ་མཚར་དགོས་པའི་དོན་ཞིག་ཏུ་འཁུམས་སོང་། འཛམ་གླིང་དུ་སྐད་གྲགས་ཆོད་པའི་སྔོན་ཐོན་རྒྱལ་ཁབ་དག་གི་མཁས་པ་ཚོས་ལོ་ངོ་དུ་མའི་བགྲང་བྱ་ཡུན་གྱིས་འདས་པར་བྱས་ཏེ་དཔྱད་རྩོམ་ཚད་ལྡན་རེ་འབྲི་ཡིན་འདུག དཔེར་ན།སློབ་རམས་པ་དང་། ཤེས་རམས་པ། འབུམ་རམས་པ་ལྟ་བུའི་བསླབ་གནས་ཀྱི་དཔྱད་རྩོམ་ལ་ལོ་ངོ་དུ་མའི་དཀའ་སྡུག་གི་རྔུལ་ཆུ་བསྲེདགོས་པ་ལས་ལོ་གཅིག་ཙམ་དང་ཟླ་གཅིག་གཉིས་ཤིག་གི་འགྲོ་སོང་གིས་འབྲི་ནུས་ཀྱིན་མི་འདུག་གོ ། མདོར་བསྡུས་ན་དཔྱད་རྩོམ་ཞིག་བྲི་ན་གོང་དུ་བཀོད་པའི་མ་མཐའི་ཆ་རྐྱེན་དག་ཅིས་ཀྱང་ཚང་དགོས་སོ།།
ཡེ་ལོའི།2022/1/22 ཉིན་འཕྲི་སྣོན་ཅུང་ཟད་བྱས་ཏེ་གྲུབ་པར་བྱས་སོ།།
«ཟུར་ལྟའི་དཔྱད་གཞི།»
«ཚད་མ་རིག་པ་ནི་རྨོངས་དད་ཀྱི་ལག་ཆ་ཞིག་མིན།» དགེ་རྒན་དོར་ཞིས་མཛད།
«བོད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས།» ཤེས་རབ་བསྟན་དར་གྱིས་མཛད།
«བོད་ཡིག་རྩོམ་འབྲིའི་གཞུང་ལུགས།» བྱམས་པ་ཚུལ་ཁྲིམས་སོགས་ཀྱིས་བསྒྲིགས།
«དཔྱད་རྩོམ།» འགྱན་སངས་རྒྱས་དོན་གྲུབ།
«མཆན་འགྲེལ།»
1 «བོད་ཡིག་རྩོམ་འབྲིའི་གཞུང་ལུགས།»བྱམས་པ་ཚུལ་ཁྲིམས་དང་། བུ་ཚེ་རིང་། དགྲ་འདུལ་བཅས་ཀྱིས་རྩོམ་སྒྲིག་བྱས་ཤིང་། མི་རིགས་དཔེ་སྐྲུན་ཁང་གིས་2014ལོར་པར་དུ་བཏབ་པའི་ལྡེབ་གྲངས་155ཐིག་ཕྲེང་དང་པོར་གསལ་ལོ།།
2 གྱི་ལིང་འཇིགས་མེད་ལགས་ཀྱི་འཆད་ཁྲིད་ཅིག་ལས་བཤུས།
3 གོང་དུ་བརྗོད་པའི་«བོད་ཡིག་རྩོམ་འབྲིའི་གཞུང་ལུགས།»ཀྱི་ཤོག་ངོས་158ཐིག་ཕྲེང་དགུ་པར་གསལ།
4 «བོད་ཡིག་རྩོམ་འབྲིའི་གཞུང་ལུགས།»ཀྱི་ལྡེབ་མ་159པར་གསལ།
5 «བོད་ཡིག་རྩོམ་འབྲིའི་གཞུང་ལུགས།»ཀྱི་ཤོག་ངོས་160 པར་བཀོད་འདུག
6 ཆ་རྐྱེན་འདི་དག་ནི་གྱི་ལིང་འཇིགས་མེད་ལགས་ཀྱིས་ཉི་ཧོང་གི་མཁས་པ་ཞིག་ལ་དཔེ་བླངས་ཏེ་གསུངས་པར་བཤད་དོ།།
7 «དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་ཕྱོགས་བསྡུས།»ཁ་ཚུབ་དཀར་པོ་ལས་ཤག་གིས་2019ལོར་པར་སྐྲུན་བྱས་པའི་«རྒྱལ་ཁམས་བསྐོར་བའི་སྣང་ཚུལ་»ཞེས་པ་ལས་ཁོལ་དུ་ཕྱུང་། ཤོག་ངོས་38པའི་སྟེང་དུ་ཡོད།
8 ཚད་མ་རྣམ་ངེས་ཀྱི་ལུང་ཚིག་ཅིག
བདུད་དཔེ་ཚོགས་རྩོམ་སྒྲིག་ཁང་།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4339
དཔྱད་མཆན་སྤེལ།