ཤེས་རབ་མགྱོགས་པོར་གློག་སྒྲོན་གྱི་གམ་དུ་རྒྱུག་ཅིང་། གསལ་ཤིང་དྭངས་བའི་འོད་དེར་བལྟས། ཁོ་རང་འདི་ལྟར་འོད་ལ་དགའ་ཞིང་། འོད་ཟེར་ཡོད་པས་ཕ་མ་དང་ཕུ་ནུ་ཡང་རེ་ཞིག་བརྗེད་འགྲོ། ཁོའི་སླད་མ་འདྲེས་པའི་མིག་ཟུང་གཉིས་ནི་སྙིགས་མ་ཡོད་ཚད་གཏིང་དུ་ཚོགས་པའི་ཆུ་ཤེར་ཕོར་གང་དང་འདྲ། འོད་ཟེར་གྱི་ངོགས་ནས་ཤེས་རབ་ཀྱིས་ཅི་ཞིག་མཐོང་གིན་ཡོད་སུས་ཀྱང་མི་ཤེས་ན་ཡང་། ཤེས་རབ་ཀྱིས་འོད་ཟེར་དེ་ནི་ཁོའི་མིག་ཟུང་ནས་ཕུགས་བསམ་གྱི་ཁྲོད་ལ་བཞེངས་བཞིན་འདུག ཤེས་རབ་ཀྱིས་གློག་སྒྲོན་དེར་གཡོ་བ་མེད་པར་བལྟས་ཀྱིན་བལྟས་ཀྱིན། ཁོས་མི་ལ་ལ་དྲན་ཡོང་ལ། ཁོང་ཅག་གིས་གློག་སྒྲོན་གྱི་ཁྱད་ཆོས་དང་སྐྱོན་ཆ་གླེང་མྱོང་།

ཨ་ཁུ་ཉི་མས་བཤད་རྒྱུར། “གློག་སྒྲོན་ནི་ངོ་མ་ངན་རྩོབ་སྤྱད་ཅིག་རེད། གནའ་དེང་མ་མར་མེའི་འོད་ངོགས་སུ་འདུས་ན། ཟས་ཟ་ལམ་དང་རྡོག་ལམ་རིག་ནས་འདུག ད་ལྟ་གློག་སྒྲོན་དར་སོང་ན། ངོ་མ་དཀར་ནི་དཀར་ཁུ་མོད། གློག་ཆད་རྗེས་སྒྲོན་མེའི་འོད་ཀྱིས་ཐ་ན་མི་ཞིག་གི་གདོང་ཡང་གསལ་བོར་མི་མཐོང་བ་ཞིག་ཏུ་བྱས་འདུག ངོ་མ་ངན་བཙོག་པ་རྩབ་འདུག”ཨ་ཁུ་ཉི་མས་གློག་སྒྲོན་ནི་ངན་རྩོབ་སྤྱད་ཅིག་ཡིན་པར་གླེང་རྗེས། ཁོའི་ཁ་གཏད་ཀྱི་རྣམ་དགའ་ལ་ཕོག་ཐུག་ཆེ་ཞིག་བཟོས་སོང་བ་བཞིན། དེ་མུར་ཁོང་དགོད་ཅིག་བྱས་ཤིང་། ལུས་པོ་གཡས་གཡོན་ལ་ཏོག་ཙམ་འགུལ་རྗེས་བཤད་རྒྱུར།

“སྔོན་ཆད་ཀྱི་མར་མེ་ལ་ཁྱད་ཆོས་ཅི་ཡོད། དེ་ལ་བལྟས་ཏེ་གློག་སྒྲོན་དག་གི་ལོས་དགའ། མ་མཐའ་ཡིན་ཡང་ཕྱིར་མུན་རུབ་ཀྱང་། ཁང་བའི་ནང་དུ་ཉི་མ་ཤར་བ་བཞིན་དཀར་སང་ངེར་ཡོད་རེད། ངོ་མ་སྟབས་བདེ་རེད། ངན་རྩོབ་ཟེར་བ་ནི་གློག་སྒྲོན་་ལན་པ་ག་ལ་ཡིན། ཡོད་ཚད་ང་ཚོ་རང་གི་མིག་ཟུང་མ་འགྲིག་པ་རེད།”རྣམ་དགའི་སྐད་ཆར་ཉན་ན་གློག་སྒྲོན་ནི་ཁོ་རང་གིས་གསར་གཏོད་བྱས་པ་ལོས་ཡིན་འདོད་ཡོང་།  

གློག་སྒྲོན་གྱི་འོད་ངོགས་ནས་འབུ་མེ་ལྕེབས་ཤིག་ཡར་འཕུར་མར་འཕུར་བྱས་ཤིང་། འབུ་མེ་ལྕེབས་དེས་ཤེས་རབ་ཀྱི་བསམ་གཞིག་ཐམས་ཅད་ཀྱི་རྒྱུན་བཅད་པར་མ་ཟད། ཤེས་རབ་ཀྱིས་གློག་འོད་ལ་ལྟ་སྐབས་ཀྱི་གེག་ངོ་མ་ཞིག་གམ། ཡང་ན་ཁོ་ལ་ཚོད་མེད་པར་སུན་སྣང་བཟོ་ཡོང་། ཤེས་རབ་ཀྱིས་འབུ་མེ་ལྕེབས་ལག་པ་གཉིས་ཀྱི་བར་ནས་བཟུང་ཞིང་སྒེའུ་ཁུང་གི་ཕྱི་རོལ་ཏུ་བཏང་། ཡིན་ན་ཡང་འབུ་མེ་ལྕེབས་ཡང་ནས་ཡང་དུ་ཕྱིར་གཡུག་སའི་གནས་དེ་ནས་ནང་དུ་འཕུར་ཡོང་སྟེ། ཡང་ནས་ཡང་དུ་ཁོ་ལ་བར་ཆད་ཤ་སྟག་བྱེད། ཤེས་རབ་ཀྱིས་སླར་ཡང་འབུ་མེ་ལྕེབས་ཤིག་སྒེའུ་ཁུང་གི་ཕྱི་རོལ་ཏུ་འཕངས་ཏེ་ཕྱིར་གློག་སྒྲོན་ལ་གཏད་ནས་ཡོང་། ཁོ་གློག་སྒྲོན་གྱི་འགྲམ་ལ་མ་བསླེབ་གོང་ལ་ཁ་པར་སླེབ་པའི་འདར་སྒྲ་ཞིག་གྲག་བྱུང་ལ། དེ་དང་ལྷན་དུ་ཞི་འཇམ་ཡང་ཡིན་ལ་དྲག་པོ་ཡང་ཡིན་འདྲའི་སྒྲ་དབྱངས་ཤིག་གྲག་བྱུང་། སྒྲ་དབྱངས་དེས་ཤེས་རབ་ལ་རེ་ཞིག་གློག་སྒྲོན་བརྗེད་དུ་བཅུག ཁོས་མགོ་བོ་ཐབ་ཀའི་འགྲམ་དུ་འཁོར་བ་ན། ཁོའི་ཨ་ཅེ་གཡང་མོས་རུམ་ལ་ལག་མྱོང་བྱ་བཞིན་ཁ་པར་དེ་ཕྱི་རུ་འདོན་ཐབས་བྱེད་ཀྱིན་འདུག ཁོ་མོས་ཁ་པར་བླངས་ཤིང “ཝེ” ཞེས་ལན་སྟེར་མགོ་བརྩམས་སོང་།

“བདེ་མོ་ཡིན་ནམ།”གཡང་མོའི་ཁ་པར་ལས་ལན་ལྡོན་མཁན་ནི་རྣམ་དགའ་ཡིན་ལ། ཁོའི་གསེང་བོར་གྱུར་བའི་སྐད་དེ་དང་མཉམ་དུ། རླངས་འཁོར་གྱི་དུང་སྒྲ་དང་འཕྲུལ་ཆས་ཀྱི་འུར་སྒྲ་སྣ་ཚོགས་ཡང་ཡང་གྲག་བཞིན་པ་ཐོས་ཐུབ། “ད་བར་ང་ཧྲང་ཧེ་ན་ཡོད།”རྣམ་དགས་མ་དྲིས་པའི་ལན་ཞིག་འདེབས་ཀྱིན། ཁ་པར་གྱི་པར་མིག་སྒེའུ་ཁུང་ཁྲི་སྟོང་མང་པོ་ན་འཆར་བའི་གློག་འོད་སྟོང་ཕྲག་མང་པོ། སྲང་གི་གློག་དང་རླངས་འཁོར་གྱི་མདུན་གློག མདོར་ན་གློག་གི་འཇིག་རྟེན་དུ་གྲུབ་པའི་གྲོང་ཁྱེར་དེའི་ཕྱོགས་སུ་བསྐོར། རྣམ་དགའི་ལུས་སུ་ཕུ་ཐུང་དཀར་པོ་ཞིག་གྱོན་ཞིང་། སྐྲ་མདོག་ལ་དམར་ཞད་ཏོག་ཙམ་བསྲེས་འདུག ཁོའི་གདོང་ལ་བཅོས་པའི་མདངས་ཤིག་ཤར་ཞིང་། ཡང་བསྐྱར་པར་མིག་རང་སར་བསྐོར་ཏེ། “ད་ལྟ་ང་ཐག་རིང་ན་ཡོད། འདི་རུ་ལས་ཀ་ལས་བཞིན་ཡོད། གནམ་གཤིས་དྲོ་ཁུ། ཡང་གཅིག་བཤད་ན་ད་ལྟ་ང་རྒྱང་རིང་དུ་སྙེགས་ཟིན་”ཟེར། སྐབས་དེར་ཤེས་རབ་ཀྱིས་གློག་སྒྲོན་བསྐྱུར་ཏེ་ཁ་པར་གྱི་འགྲམ་དུ་བསླེབས་ཟིན། ཁོས་རྣམ་དགའི་ཅུང་ཙམ་སྒུར་བའི་གདོང་བ་དང་། འཕྲ་ཞིང་རིང་བའི་སྣ། གོར་ཞིང་ཆེ་བའི་མིག་གཉིས། ད་དུང་ཆེས་ཁྱད་ཆོས་ཡོད་པ་ནི་ཤིན་ཏུ་ཆུང་བའི་ཁ་དེ་རེད། ཁོས་རྣམ་དགའི་གདོང་གི་ཉམས་འདི་དག་ལས་ཨ་ཁུ་ཉི་མ་དང་ཧ་ཅང་འདྲ་བའི་ཆ་ཞིག་རྙེད་ཡོང་བཞིན་འདུག

ལོ་འདིའི་ལོ་མགོར་ཨ་ཁུ་ཉི་མས་རྣམ་དགར་ཇི་ལྟར་ཁ་བརྡ་བྱས་ཀྱང་རྣམ་དགས་གང་ལ་ཡང་མ་ཉན་པར་གྲོང་ཁྱེར་དུ་བཞུད། ཨ་ཁུ་ཉི་མ་ནི་ཕྱུག་ལ་འདང་བརྩིས་ཆེ་བས། ཁོས་རང་ཉིད་ཀྱིས་ཚེ་སྟོད་བསགས་ཡོང་བའི་སྒོ་ཕྱུགས་དག་རང་གི་བུ་རྣམ་དགས་རྒྱུན་བསྐྱངས་ཏེ་འཚོ་སྐྱོང་བྱ་རྒྱུའི་རེ་བ་བཅངས། རྣམ་དགའ་རྫོང་ཐོག་ལ་སོང་ཞིང་ཕྱིར་བསླེབས་པའི་ནུབ་མོ་དེར། ཨ་ཁུ་ཉི་ས་ལག་ནང་གི་ཕྲེང་བ་བྱུག་གིན་རྣམ་དགར་བཤད་རྒྱུརད་ནི་ཁྱོད་རང་ཕོ་ལོ་ཉི་ཤུ་རྒྱབ་ཏུ་བསྐྱུར་བའི་གསར་བུ་ཞིག་ཏུ་གྱུར་ཡོད་པས། ཨ་ཕས་ཚེ་སྟོད་ལ་དཀའ་སྡུག་གིས་བདག་བྱས་ཡོང་བའི་སྒོ་ཕྱུགས་རྣམས་འཚོ་སྐྱོང་ཡག་པོ་ཞིག་བྱ་དགོས། ང་ནི་ད་ལྟ་ལ་ཁའི་ཉི་མ་རེད།” ཅེས་སྒོ་ཕྱུགས་བདག་སྐྱོང་དགོས་པའི་སྐད་ཆ་མང་པོ་བཤད་མོད། རྣམ་དགའ་དོན་དེར་ལར་ནས་འཐད་ཀྱིན་མི་འདུག་པས། ཁོས་ལག་ནང་གི་ཁ་པར་དེའི་ནང་དུ་གཡོ་བ་མེད་པར་བལྟས་འདུག་ན་ཡང་ཁ་ནས་བཤད་རྒྱུར “ཨ་ཕ། ངས་དེ་ལྟར་བྱ་ཐུབ་རྒྱུ་མ་རེད། དེ་རིང་རྫོང་ཐོག་ནས་ངའི་གྲོགས་པོ་ཞིག་དང་ང་གཉིས་ཐག་རིང་དུ་འགྲོ་བའི་གྲོས་བཞག་ཡོད། ཉིན་འགའི་རྗེས་སུ་ང་གྲོང་ཁྱེར་དུ་བུད་འགྲོ། ཚེ་གང་བོར་འབྲོག་ཡུལ་ནས་བསྡད་ན་དོན་སྙིང་ངོ་མ་མེད་ཀི  དེ་ལ་བལྟས་ཏེ་གྲོང་ཁྱེར་ནས་ཞོར་ལས་གཉེར་ན་དེའི་བཟང་ཀི”ཟེར། ཨ་ཁུ་ཉི་མས་རྣམ་དགའི་སྐད་ཆ་དེ་ཐོས་རྗེས་དལ་གཅིག་ལ་སྨྲ་བ་མེད་པར་གྱུར་ན་ཡང་། རྣམ་དགའི་སྐད་ཆ་དེ་ཡིས་ཁོའི་སེམས་ཀྱི་རེ་བ་ཐམས་ཅད་མུན་ནག་ཏུ་མདའ་འཕངས་བ་བཞིན་རེ་ས་གཅིག་ཀྱང་མེད་པར་བྱས

དགོང་མོ་དེ་མ་རྩིས་པའི་ཉིན་བཞིའི་རྗེས་སུ་རྣམ་དགས་ཤེས་རབ་ཀྱི་ཨ་ཅེ་གཡང་མོ་འབོད་ཀྱིན་འདུག་ལ། གཡང་མོ་དང་རྣམ་དགའ་གཉིས་ཀྱིས་སྐད་ཆ་ཡུན་རིང་ལ་བཤད་རྗེས། རྣམ་དགའ་རྩྭ་ཐང་འཕྲེད་ཀྱིས་བཅད་པའི་ས་ལམ་སྐྱ་བོ་དེར་ཞུགས་ནས་བུད་སོང་ཞིང་། གཡང་མོ་མིག་མཐའ་མཆི་མས་གང་ནས་ཁྱིམ་དུ་ལོག་བྱུང་། ཤེས་རབ་ཀྱིས་སྐབས་དེའི་རྣམ་པ་ཡིད་ལ་དྲན་པས་གཡང་མོའི་མིག་མཐར་བལྟས་མོད། གཡང་མོའི་མིག་མཐའ་ན་ཡིད་སྨོན་གྱི་མདངས་ཤིག་མངོན་པ་ལས་མིག་ཆུ་དང་སྐྱོ་བ་གང་ཡང་མི་འདུག ཤེས་རབ་ནི་དལ་ཅིག་ལ་རྣམ་དགའ་སྡོད་སའི་གློག་གི་འཇིག་རྟེན་དེར་སྨོན་ཞིང་རེ་ཞིག་ལ་སྟོང་བསམ་གྱི་འཇིངས་སུ་ནུབ།

ཤེས་རབ་སྨྲ་བ་མེད་པར་གཡང་མོའི་འགྲམ་ན་ཡོད་པས་དོགས་མ་བདེ་བ་ཡིན་ནམ། སྐབས་ཤིག་ལ་གཡང་མོས་ཁོའི་མགོ་ལ་ཐལ་ལྕག་གིས་རྒྱབ་སྟེ། “སོང་” ཟེར། ཁོ་རང་དེ་མར་ཨ་ཅེའི་ཐལ་ལྕག་རྗེས་མ་དག་ལ་གཡོལ་གྱིན་གློག་སྒྲོན་གྱི་འགྲམ་དུ་རྒྱུགས། གློག་སྒྲོན་དེ་ནི་སྔར་བཞིན་གསལ་ལ་དྭངས་བས། ཁོའི་ཡིད་སེམས་ལ་མཛེས་སྡུག་མཐའ་ཡས་པ་ཞིག་བསྩལ། གློག་སྒྲོན་གྱི་འོད་ཟེར་ལས་ཁོས་རྣམ་དགའ་སྡོད་སའི་གྲོང་ཁྱེར་དེ་མཐོང་ལ། དེ་ནི་ཡིད་དུ་འོང་བ་ཤ་སྟག་ལས་མི་སྡུག་པ་དང་བློ་མི་འབབ་པའི་ཆ་གང་ཡང་མི་འདུག ཁོས་དལ་མོར་ལག་པ་གློག་སྒྲོན་གྱི་ཕྱོགས་སུ་བརྐྱངས་མོད། མཐར་ཐུག་ཁོའི་ལག་པ་ཤེལ་གྱི་སྒང་བུ་ཞིག་གི་ངོས་སུ་རེག  སྒང་བུ་དེ་ནི་གློག་ཤུགས་ཀྱིས་དྲོད་ལམ་ལམ་དུ་གྱུར་འདུག ཁོས་གློ་བུར་བའི་ལག་པ་ཚ་རེག་ཅིག་ལ་འཕྲད་པས་དེ་མར་ཕྱིར་བསྡུས།

ནུབ་མོ་དེར་ཤེས་རབ་ཀྱི་རྨི་ལམ་དུ་དང་པོར་མཐའ་ཡས་པའི་ནམ་མཁའ་རྨིས་ཡོང་ལ། དེ་ནས་ནམ་མཁའི་སྐར་མ་དེ་དག་རེ་རེ་བཞིན་གློག་སྒྲོན་རེ་རེར་གྱུར་ཞིང་། གློག་སྒྲོན་དེ་དག་ཤེས་རབ་ལ་གཏད་དེ་བར་སྣང་ནས་ཁ་བ་བཞིན་བབས་ཡོང་། ཁོ་རང་དགའ་སྐྱོ་དཔག་མེད་ཅིག་གིས་བར་སྣང་ནས་ཐུར་ལ་འབབ་ཀྱིན་པའི་གློག་འོད་དེ་དག་གི་ཕྱོགས་སུ་ལག་པ་བརྐྱངས་ཏེགནམ་ལ་ལྡིང་། ཁོའི་ལག་པ་གློག་སྒྲོན་དེ་དག་ལ་འཕྲད་ཙམ་རེ་བྱས་རྗེས་རེ་རེ་བཞིན་མི་སྣང་བར་གྱུར་སོང་བ་རྨིས། ཡིད་ལ་ཡང་ཤར་མ་མྱོང་བའི་རྨི་ལམ་དེས་ཤེས་རབ་་འཇིགས་སྐྲག་ཆེན་པོ་ཞིག་སྐྱེས་པས་མགྱོགས་པོར་གཉིད་ལས་སད། ཁོ་གཉིད་ལས་སད་མ་ཐག་ནམ་ལངས་འདུག་པས། མལ་ལས་ལྡིང་ཞིང་སྒོར་བུད་པ་ན་གནམ་གཤིས་ཧ་ཅང་ཡག་པོ་འདུག་པསརྒྱུ་མཚན་མེད་པར་རི་རྩེར་འགོ་འདོད་སྐྱེས། ཁོ་རང་ཁོང་ཚང་གི་རྒྱབ་ཀྱི་རི་རྩེར་འཛེགས། རི་རྩེར་སླེབ་སྐབས་ཉི་མ་ཕར་ཀའི་རི་རྩེ་དང་ཐག་ཚད་ཅིག་ལ་བསླེབས་འདུག ཁོས་རི་རྩེ་ནས་ཕྱིར་ཕ་ཡུལ་ལ་བལྟས། ཕ་ཡུལ་ནི་ཁོས་རང་ཁྱིམ་གྱི་སྒེའུ་ཁུང་ནང་ནས་མཐོང་བ་དང་གཏན་ནས་མི་འདྲ་སྟེ། ཡངས་བའི་རྩྭ་ཐང་དང་དེར་བཀྲ་པའི་མཛེས་སྡུག་གིརྣམ་པ་རེ་རེས། ཤེས་རབ་དལ་ཅིག་ལ་རྒྱུ་མཚན་མེད་པ་ཕྱིར་འདང་གི་ཁྲོད་དུ་དྲངས། ཁོ་རི་རྩེའི་རྡོ་བ་ཞིག་གི་སྟེང་དུ་ཨོ་ཤ་བཞག་ཅིང་ལག་པ་གཉིས་ཀས་འགྲམ་པ་སྐྱོར་ཏེ་ཕ་ཡུལ་ལ་སྔར་ལས་ཀྱང་ཞིབ་མོ་བལྟས། ཁོས་ཐོག་མར་མཐོང་ཡོང་བ་ནི་མཐོ་དམའ་མི་སྙོམ་པའི་རི་བོའི་ཕྲེང་རྒྱུད་ཡིན་ལ། རི་བོ་དེ་དག་གི་རྩེ་རུ་སྤྲིན་དཀར་ལ་མ་ལིང་རེ་ལྷུན་ཆགས་ཀྱིས་འཁྱིལ་ཞིང་། རི་ངོས་སུ་ཤིང་རིགས་ཀྱི་སྐྱེ་འཕེལ་གྱིས་རི་བོར་ཁ་དོག་གཞན་ཞིག་བསྣན་འདུག རི་ཞོལ་དུ་དལ་འབབ་གཙང་བོ་ཤང་ཤང་གི་འགྲོས་ཀྱིས་བཞུར་འགྲོ་བཞིན་འདུག་ལ། གཙང་བོའི་གཡས་གཡོན་དུ་མདོག་མི་གཅིག་པའི་མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་བཞད་འདུག གང་དུ་བལྟས་ཀྱང་མཛེས་སྡུག་དེ་དག་གིས་རང་བྱུང་ཁམས་ཀྱི་ལྷིང་འཇགས་དང་ཡིད་དུ་འོང་བ་མང་པོ་མཐོང་དུ་བཅུག་ཡོང་ལདེ་ནི་ཡུན་རིང་ལ་མི་འཇིག་པར་གནས་པའི་འཆར་གཞི་སྔོན་ནས་བཀོད་ཟིན་པ་དང་གཉིས་སུ་མི་འདུག ཤེས་རབ་ཕ་ཡུལ་གྱི་མཛེས་སྡུག་དེའི་སྔོན་ནས་གློག་སྒྲོན་ནི་མ་མཐོང་ཐབས་མེད་ཀྱི་མཛེས་སྡུག་ཅིག་ཡིན་པར་སྙམ་པའི་འདུ་ཤེས་དེ་ཡང་རེ་ཞིག་འགག་སོང་། རི་ཞོལ་ནས་ཁྱི་སྐད་འགའ་ཐོས་ཡོང་བས་ཕྱོགས་དེར་བལྟས་པ་ན་ཨ་ཁུ་ཉི་མ་གྱོལ་བཞིན་དུ་ཁོང་ཚང་ལ་གཏད་དེ་འགྲོ་བཞིན་པ་མཐོང་།

ཁོ་རང་རི་རྩེ་ནས་ཡུན་རིང་ལ་བསྡད་རྗེས་རི་རྩེ་ནས་རི་ཞོལ་ཏུ་འབབ་མགོ་བརྩམས། རི་ཞོལ་དུ་འབབ་ཀྱིནཁོའི་སེམས་སུ་འདང་ནུབ་རྣམ་དགས་བཤད་པའི་གྲོང་ཁྱེར་གྱི་འཚོ་བ་དེཤར་ཞིང་། གང་ལྟར་ཡང་ཁོས་ནམ་ཞིག་རང་ཉིད་གྲོང་ཁྱེར་དུ་ལོག་ཅིང་། རྣམ་དགའ་ལྟར་གྲོང་ཁྱེར་ནས་ཕྱིར་རང་གི་ཕ་མ་དང་ཉེ་དུ་སོགས་ལ་ཁ་པར་གྱི་ལམ་ནས་སྐད་ཆ་བཤད་དགོས་སྙམ་པའི་སྟོང་བསམ་རིང་བོ་ཞིག་འཐེན། ཁོས་ད་དུང་གྲོང་ཁྱེར་ནས་གློག་སྒྲོན་ཁྲི་སྟོང་གི་འོད་ངོགས་ནས་འགྲེང་ཞིང་། མཐོ་ཞིང་བརྗིད་པའི་ཁང་རྩེག གཞུང་ལམ་གྱི་དྲ་བ་དང་དེར་བཞུད་ཀྱིན་པའི་རླངས་འཁོར་སྣ་ཚོགས། མདོར་ན་སྐབས་དེར་ཁོ་རང་སྟོང་བསམ་གྱི་འཇིག་རྟེན་ནས་ཕྱིར་མ་བུད་པས་རང་ཉིད་ཇི་ལྟར་ཡུལ་ལ་འབྱོར་བ་ཡང་མ་ཤེས། ཁོ་རང་ཕྱིར་འདང་ལས་སད་རྗེས་ཁོང་ཚང་གི་རུའི་རྒྱབ་ཏུ་འབྱོར་འདུག་ལ། ཁོང་གི་ཁྱིམ་དུ་མི་ཞིག་གིས་སྐད་ཆ་འུར་འུར་བཤད་ཀྱིན་འདུག ཁོས་གོམ་པ་ལེན་མཚམས་བཞག་སྟེ་ཉན་པ་ན། རྣ་བས་ཐོས་ཐུབ་པ་ནི་ཨ་ཁུ་ཉི་མའི་སྐད་རེད། ཨ་ཁུ་ཉི་མའི་སྐད་གདངས་སུ་རེ་ཆད་དང་འཇིགས་སྣང་གི་ཉམས་ཤིག་གསལ་བོར་ཤར་འདུག

“ཁྱོད་ལ་སྐལ་ཆད་ཟིག ངས་ཁྱོས་གྲོང་ཁྱེར་ནས་བྱ་བ་ཞིག་ལས་མི་ཡོང་བ་སྔོན་ནས་ཤེས་ཡོད།

ཨ་ཁུ་ཉི་མས་ཁ་པར་རྣ་བར་བླན་ཏེ་ཁོང་གིཁྱིམ་ན་ཡར་འགྲོ་མར་འགྲོ་བྱེད་ཀྱིནཁ་པར་ནང་གི་ཕ་རོལ་བོར་སྡིག་དམོད་སྣ་ཚོགས་གཏོང་བཞིན་འདུག ཨ་ཅེ་གཡང་མོས་མགོ་བོ་ནང་དུ་སྒུར་ནས་གོ་རྒྱུད་ན་བསྡད་འདུག་པ་ལས་ཅི་ཡང་བཤད་ཀྱིན་མི་འདུག་མོད།ཁོང་ཚང་གི་ཁྱིམ་མི་གཞན་དག་གིས་ཨ་ཁུ་ཉི་མས་ཅི་ཞིག་བཤད་པར་རེ་སྒུག་བྱེད་པ་བཞིན་ཁོའི་ཁ་རྩར་ཅེར་ནས་མིག་བཙུམ་རྒྱུ་ཡང་ཕལ་ཆེར་བརྗེད་ཟིན་པའི་ཚོད་རེད།

“ཨ་མྱིག་རྫོད། ད་ངས་སྒོར་མོ་ཇི་ལྟར་བསྐུར་དགོས་སམ། སྒོར་མོ་བསྐུར་ཡང་ཁྱོད་ཕྱིར་ཡོང་ཤེས་སམ། ཡང་སྔར་བཞིན་་་“ཨ་ཁུ་ཉི་མས་སྐད་ཆ་བཤད་ནས་མ་ཚར་གོང་ཕ་རོལ་བོས་ཅི་ཞིག་བཤད་བཞག་པ་ཡིན་ནམ། རེ་ཞིག་ཕ་རོལ་བོས་བཤད་པ་དེར་ཉན་འདུག

ཁ་པར་བཞག་རྗེས་ཨ་ཁུ་ཉི་མས་ཁོ་རང་རྫོང་ཐོག་ཏུ་འགྲོ་དགོས་ཞེས་ཁ་པར་གཡང་མོའི་ལག་ཏུ་བཞག་རྗེས་གྱོལ་བཞིན་པའི་གོམ་་ལ་བྲེལ་འཚུབ་ཀྱི་ཉམས་ཤིག་མངོན་ནས་བུད་སོང་། ཁོ་སོང་རྗེས་ཤེས་རབ་ཀྱི་ཨ་ཕས་གཡང་མོར་བཤད་རྒྱུར

“ངས་ཁར་ཉིན་ཁྱོད་རང་ཁོའི་རྗེས་འབྲང་ནས་གྲོང་ཁྱེར་དུ་མ་འགྲོ་ཞེས་བཤད་ཡོད་པ་མིན་ནམ། ད་སོང་ཡོད་ན་ག་འདྲ་ཡིན་རྒྱུ་རེད། ཁོས་འདང་ནུབ་ཁྱོད་ལ་བདག་ཀྱང་ཐུབ་རྒྱུ་མ་རེད། སྒོར་མོ་ཤོར་བ་ཕར་ཞོག ཁྱོད་རང་འཁྱམ་པ་དེ་དག་གི་ལག་ལ་ཤོར་ཡོད་རྒྱུ་རེད།ཅེས་གཡང་མོར་ལེ་བད་བྱེད་པ་འམ་རང་གི་ཚོད་དཔག་ལ་རྒྱལ་ཁ་ཐོབ་སོང་བའི་རྣམ་འགྱུར་ཞིག་སྟོན ཤེས་རབ་ཀྱི་ཨ་མས་ཅི་ཞིག་ལ་འདང་མ་ཕོག་པ་ལྟར།

“ཞི་ལུ་དེ་ངོ་མ་མྱོས་སོང་ནི་རེད་དམ། ཁོས་ལས་ཀ་ལས་ཟིན་རྗེས་ཁྱིམ་ནས་མི་སྡོད་པར། ཅིའི་ཕྱིར་འགྲོ་མི་ཤེས་བཞིན་དུ་ཕྱི་རོལ་ཏུ་སོང་བ་ཡིན་ནམ། ཆ་རྒྱུས་མེད་ན་རྒྱུ་མཚན་མེད་པར་ཕྱི་རོལ་ཏུ་སོང་ན་སྒོར་མོ་བཅོམ་པ་ཕར་ཞོག  རང་གི་སྲོག་ཀྱང་མི་ཐར་ན་ཡང་ཁྲིག་ཁྲིག་ཡོད་རྒྱུ་མ་རེད།ཅེས་བཤད་པ་ན། གཡང་མོས་མགོ་ཡར་བཀྱགས་ཏེ་“ཁོ་རང་གྲོང་ཁྱེར་ཡོངས་ཀྱི་གློག་སྒྲོན་ལ་ལྟ་རུ་སོང་བ་ཡིན་ཟེར། ཕལ་ཆེར་ལམ་ནས་མགོ་འཁོར་ཏེ་ཕྱིར་ཡོང་མ་ཤེས་པར་གཞན་གྱིས་མགོ་གཡོག་སོང་བ་ཡིན་རྒྱུ་རེད”ཅེས་བཤད་སོང་།

གཡང་མོས་སྐད་ཆ་དེ་བཤད་སྐབས་ཤེས་རབ་ཀྱི་སེམས་ལ་གློ་བུར་འདར་སིག་ཅིག་རྒྱབ་ཅིང་། ཁོས་རང་གིས་དགོང་རེ་བཞིན་མཚམས་མི་ཆད་པར་བལྟས་ཏེ་སྟོང་བསམ་སྣ་ཚོགས་སེམས་སུ་བསྒྲིགས་མྱོང་བའི་གློག་སྒྲོན་དེར་བལྟས་པ་ན། དེ་ནི་ཉི་མ་དཀར་དཀར་ལ་ཅི་འདྲའི་ཉམ་ཆུང་བ་ཞིག་རེད་ཨང་། ཉིན་དཀར་གློག་སྒྲོན་དེ་ནི་བྱེད་ལས་མེད་པའི་དངོས་པོ་ཞིག་ཏུ་གྱུར་འདུག

ཤེས་རབ་ཀྱིས་དེ་ལྟར་འདོད་པ་ལས་ཁོས་དོ་ནུབ་ནས་བཟུང་གློག་སྒྲོན་ལ་མི་ལྟ་འདོད་པའི་བསམ་བློ་ཞིག་རྩ་བ་ནས་སྐྱེ་བཞིན་མི་འདུག་ལ། དེ་ལས་ཀྱང་སྔར་བཞིན་མ་འོངས་པར་ཁོ་རང་ཐག་རིང་དུ་འགྲོ་དགོས། དཔེར་ན་རྣམ་དགའ་བུད་སོང་བའི་གྲོང་ཁྱེར་དེ་ལྟ་བུ་ཞིག་ཏུ་བསམ་བཞིན་འདུག

སྐབས་དེར་བར་སྣང་གི་ཉི་མ་ཅི་ཞིག་གིས་བློ་སེམས་མ་ཁེངས་བ་བཞིན། ནུབ་ཀྱི་རི་རྩེར་གཏད་དེ་ཤེས་རབ་དང་ཁ་ཐག་གཅོད་ཀྱིན་འདུག

2021/ 10/ 8 མཚན་མོར་ཕ་ཡུལ་ནས་གྲུབ།

2023/ 11/ 20 མཚན་མོར་སྐྱེ་དགུ་མདོ་ནས་བཅོས།

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4319