འཛམ་གླིང་ཚན་རྟོག་ཚོགས་ཆེན་གྱི་ཚོགས་ཁང་ཆེན་མོ།
གླེང་གཞི།
༢༠༢༣ལོའི་ཟླ༡༠པའི་ཚེས༡༨ཉིན་ནས༢༢ཉིན་བར། “འཛམ་གླིང་ཚན་རྟོག་ཚོགས་ཆེན”(The World Science Fiction Convention)འཚོགས་ཐེངས༨༡པ་དེ་ཉིད་གྲོང་ཁྱེར་ཆེན་པོ་པདྨ་ཅན་དུ་འཚོགས་ཡོད། ཚོགས་ཆེན་འདི་ཉིད་ནི་འཛམ་གླིང་ཚན་རྟོགས་མཐུན་ཚོགས(WSFS)ཀྱིས་གཙོ་སྐྱོང་བྱེད་ཀྱི་ཡོད་པ་དང་། ༡༩༣༩ལོར་ཐེངས་དང་པོ་འཚོགས་པ་ནས་ད་ལྟའི་བར་ཨ་རི་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་ཏུ་ཐེངས༨༠ལ་འཚོགས་འདུག ད་ལོ་ནི་ལོ་རྒྱུས་ཐོག་ཡ་གླིང་དུ་འཚོགས་པ་ཐེངས་གཉིས་པ་དང་(ཐེངས་དང་པོ༢༠༠༧ལོར་ཉི་ཧོང་དུ་འཚོགས་པ་ཡིན།)ཀྲུང་གོར་འཚོགས་པ་ཐེངས་དང་པོ་ཡིན།
ད་ལོའི་ཚོགས་ཆེན་ཐོག་ཏུ་ཉི་ཧོང་དང་། ལྷོ་ཁོ་རེ་ཡ་དང་། ཁེ་ན་ཏ་དང་། རྒྱ་གར་དང་། ཨ་རི་དང་། དབྱིན་ཇི་དང་། འཇར་མན་སོགས་འཛམ་གླིང་རྒྱལ་ཁབ་སུམ་ཅུ་ལྷག་ནས་ཕེབས་པའི་ཚན་རྟོག(Science Fiction)གི་རྩོམ་པ་པོ་དང་། རྩོམ་སྒྲིག་པ་དང་། འཁྲབ་ཁྲིད་པ་སོགས་མི་སྣ་གྲགས་ཅན་བརྒྱ་ཕྲག་ཁ་ཤས་ཕེབས་ཡོད་པ་དང་། ད་དུང་ཚན་རྟོག་ལ་ཐུགས་མཉེས་པོ་ཡོད་པའི་ཤེས་ལྡན་མི་སྣ་སྟོང་ཕྲག་ཁ་ཤས་འདུ་འཛོམས་བྱུང་ཡོད།
གཞན་ཡང་། ཚོགས་ཆེན་གྱི་སྐབས་སུ་ལོ་འདིའི“དགུ་ཚིགས་བྱ་དགའ”(银河奖)དང་“ཧུ་ཀོ་བྱ་དགའ”(Hugo Award)གཉིས་ཀྱང་རིམ་བཞིན་བསྩལ་ཡོད་པ་དང་། སྔ་མ་རྒྱའི་ཚན་རྟོག་བརྩམས་སྒྲུང་(Science Fiction)གི་གཟིགས་བཟོས་ཆེས་ལེགས་ཤོས་དང་། ཕྱི་མ་འཛམ་གླིང་ཚན་རྟོག་རྩོམ་རིག་གི་གཟེངས་རྟགས་ཆེས་ཆེ་ཤོས་ཡིན་ཞིང་། ཚན་རྟོག་རྩོམ་རིག་ལ་མཛད་རྗེས་ཤིན་ཏུ་ཆེ་བའི་ཨ་རིའི་རྩོམ་སྒྲིག་པ་ཧུ་ཀོ • གྷེན་སི་བྷ་ཁི(Hugo Gernsback,1884-1967)ལགས་ཀྱི་དྲིན་དྲན་པའི་ཆེད་དུ་ཁོང་གི་མཚན་ཐོག་ནས་སྤེལ་བ་ཞིག་ཡིན། ད་ལོའི“ཧུ་ཀོ་བྱ་དགའ”ནི་ཨ་རིའི་རྩོམ་པ་པོ་ཁྲི • ཁང་ཧྥེ་ཤུ(T. Kingfisher)ལགས་ཀྱི་ཚན་རྟོག་སྒྲུང་རིང་«ཟྭ་བོ་དང་རུས་པ»(Nettle & Bone)ཞེས་བྱ་བ་གཙོས་པའི་བརྩམས་ཆོས་སྣ་ཁ་བཅུ་ལྷག་ལ་ཕུལ་ཡོད་དོ། །
ཚོགས་ཆེན་འགོ་རྩོམ་པའི་ཡུལ་ངོས།
སྐབས་འདིར་དམིགས་བསལ་ཞུ་བར་བྱ་བ་གང་ཞེ་ན། ང་ཚོ་ཚན་རྟོག་ལ་དགའ་པོ་ཡོད་པ་ཁ་ཤས་(ཁམས་གསེར་ཐིག་དང་། སྒྲོལ། གུས་པ་བཅས་)ཀྱིས་ཟླ་བ་མང་པོའི་གོང་ནས་རེ་ཞུ་ཕུལ་བ་དང་སྟ་གོན་བྱས་པ་བཞིན། ཐེངས་འདིའི“འཛམ་གླིང་ཚན་རྟོག་ཚོགས་ཆེན”ཐོག་ཏུ་བོད་ཡིག་གི་ཚན་རྟོག་བརྩམས་ཆོས་བཤམ་སྟོན་དང་ངོ་སྤྲོད་བྱེད་པའི་སྐལ་བ་བཟང་པོ་ཐོབ་ཞིང་། རྒྱལ་ཕྱི་ནང་གི་དུས་དེབ་ཁང་གྲགས་ཅན་དང་ཚོགས་སྡེ་ཆེན་པོ༤༣ལ་ཚན་རྟོག་བརྩམས་ཆོས་དངོས་སུ་བཤམ་སྟོན་བྱེད་ཆོག་པའི་གོ་སྐབས་བསྩལ་ཡོད་པ་ལས། བོད་ཡིག་ཚན་རྟོག་བཤམ་སྟོན་ནི་ཨང་༤པར་གྱུར་ཡོད་པ་མ་ཟད། ཚོགས་ཆེན་གྱི་གཙོ་སྒྲུབ་དྲ་བའི་ནང་ལ་ཆེད་དུ་བདམས་ནས་བཀོད་འདུག
དེ་ཡང་ང་ཚོས་དབྱིན་རྒྱ་བོད་གསུམ་གྱི་སྐད་རིགས་སྤྱད་ནས་མཁས་པ་བརྒྱ་ཕྲག་མང་པོའི་མདུན་དུ་བོད་ཡིག་གི་ཁྱད་ཆོས་དང་བོད་ཀྱི་ཚན་རྟོག་བརྩམས་ཆོས་ཀྱི་གནས་ཚུལ་ཞིབ་ཏུ་ངོ་སྤྲོད་ཞུས་པ་ན། ཁོང་ཚོ་ཕལ་མོ་ཆེས་བོད་ཡིག་ནང་ལ་ཚན་རྟོག་གི་བརྩམས་ཆོས་ཡོད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར་བ་དང་། ཁྱད་པར་དུ་འཛམ་གླིང་ཚན་རྟོག་མཐུན་ཚོགས་ཀྱི་ཚོགས་གཙོ་ཆེན་མོ་བྷེན • ཡ་ལོ(Ben Yalow)མཆོག་བོད་ཡིག་ཚན་རྟོག་བཤམ་སྟོན་གླིང་ལ་དངོས་སུ་ཞབས་ཀྱིས་བཅགས་ཏེ་གཟིགས་ཞིབ་གནང་བ་དང་། དེ་བཞིན་དུ་དེང་རབས་ཚན་རྟོག་རྩོམ་པ་པོའི་ཁྱུ་མཆོག་དམ་པ་རོ་བྷེ་ཊི • རྗེམ་ཟི • སོ་ཡེ(Robert James Sawyer)ལགས་ཀྱང་དངོས་སུ་ཕེབས་ནས། ཁོང་གིས“བོད་ལ་ཚན་རྟོག་གི་བྱུང་བ་འདི་འདྲ་ཡོད་པ་ནི་ཧ་ཅང་ངོ་མཚར་ཆེ་བར་འདུག”ཅེས་ཤིན་ཏུ་ཐུགས་དགྱེས་པའི་ཚུལ་མཛད་དོ། །
ཆིན་ཧྭ་སློབ་ཆེན་དང་སི་ཁྲོན་སློབ་ཆེན་གྱི་ཚན་རྟོག་མཐུན་ཚོགས་དབུས་ཀྱི་བོད་ཡིག་ཚན་རྟོག་བཤམ་སྟོན་གླིང་།
འོ་ན་རང་རེ་ལ་ཚན་རྟོག་གི་བརྩམས་ཆོས་གང་དག་ཡོད་ཅེ་ན། གུས་པས་དུས་ཡུན་ཅུང་རིང་པོར་རྒྱུས་ལོན་བྱས་པ་རྣམས་འོག་ཏུ་རིམ་པ་བཞིན་ཞུ་བར་བྱ་སྟེ། ཇི་སྐད་དུ། ལོ་ངོ་ཆིག་སྟོང་གི་སྔོན་ལ་བྱུང་བའི་བོད་ཀྱི་བསྟན་བཅོས་རྙིང་པ«གཟེར་མིག»ལས། “འཇིག་རྟེན་གྱི་ཁམས་ཀྱང་བསམ་གྱིས་མི་ཁྱབ་སྟེ་གྲངས་མང་ངོ༌།།” ཞེས་གསུངས་བ་ལྟར། གནའ་སྔ་མོ་ནས་བོད་ཀྱི་རིག་གནས་སུ་སྲིད་པའི་ཁམས་འདི་ཉིད་མིའི་རིགས་ཀྱི་དབང་པོ་སྒོ་ལྔའི་སྤྱོད་ཡུལ་ལས་འདས་པ་ཞིག་ཡིན་ཞིང་། སྲིད་པའི་ཁམས་སུ་འཇིག་རྟེན་དཔག་ཏུ་མེད་པ་མཆིས་པ་དང་། འཇིག་རྟེན་གཞན་གྱི་སྟེང་དུ་སྲོག་ལྡན་གྱི་འགྲོ་བ་ཡོད་པ་ཁས་ལེན་པར་མ་ཟད། འཇིག་རྟེན་དེ་དག་ལས་ལ་ལ་ནི་ད་ལྟ་རང་ཅག་རྣམས་འཚོ་ཞིང་གནས་པའི་སའི་གོ་ལ་འདིར་ལྟོས་ན་ཤེས་རིག་ཤིན་ཏུ་དར་བའི་གནས་ཡིན་པར་སྨྲ། བོད་ནི་འཇིག་རྟེན་དེ་དག་ཏུ་བགྲོད་པར་རེ་སྨོན་ཆེན་པོ་བྱེད་པའི་མི་རིགས་ཤིག་ཡིན་པ་དང་། བོད་ཀྱི་རིག་གནས་ནི་སྲིད་པའི་ཁམས་ཀྱི་ཉིང་དགོས་འཚོལ་བའི་རིག་གནས་ཤིག་ཡིན།
དུས་རབས་བཅུ་གཅིག་པ་ཡས་མས་ཀྱི་«གཟེར་མིག»ལག་བྲིས་མ།
བོད་ཡིག་བྱུང་ནས་ཆེས་མ་མཐར་ལོ་ངོ་ཆིག་སྟོང་བཞི་བརྒྱ་ཙམ་འདས་ཡོད་པ་དང་། བོད་ཡིག་གི་བརྡ་སྤྲོད་དང་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་བྱུང་ནས་ཀྱང་ལོ་ངོ་ཆིག་སྟོང་སུམ་བརྒྱ་ཡས་མས་སོང་ཡོད། དེ་ལྟར། བོད་ཡིག་ནི་ལོ་རྒྱུས་ཀྱི་རྒྱུན་རིང་བ་དང་བརྡ་སྤྲོད་ཕུན་སུམ་ཚོགས་པའི་སའི་གོ་ལའི་སྟེང་གི་ཡིག་རིགས་ཤིག་ཡིན། གནའ་དེང་གཉིས་ཆར་བོད་ཡིག་གི་རྩོམ་རིག་བསྟན་བཅོས་ཤིན་ཏུ་མང་པོ་བྱུང་ཡོད་པ་དང་། དེ་རྣམས་སུ་ཚན་རྟོག་དང་འབྲེལ་བའི་བརྩམས་ཆོས་ཀྱང་མི་ཉུང་བ་འདུག
སྐབས་སུ་བབ་པ་བོད་ཀྱི་ཚན་རྟོག་གི་བརྩམས་ཆོས་བཤད་པ་ལ་བཞི་སྟེ། དང་པོ་སྲོལ་རྒྱུན་ཚན་རྟོག་དང་། གཉིས་པ་དེང་རབས་ཚན་རྟོག་དང་། གསུམ་པ་སྒྲ་སྒྱུར་ཚན་རྟོག་དང་། བཞི་པ་བོད་འབྲེལ་ཚན་རྟོག་བཅས་སོ། །
འཛམ་གླིང་ཚན་རྟོག་མཐུན་ཚོགས་ཀྱི་ཚོགས་གཙོ་ཆེན་མོ་བྷེན• ཡ་ལོ་ལགས།
སྡེ་ཚན་དང་པོ། སྲོལ་རྒྱུན་ཚན་རྟོག་སྲིད་གསུམ་ཟིལ་གནོན།
བོད་ཀྱི་སྲོལ་རྒྱུན་གྱི་བསྟན་བཅོས་དང་རྩོམ་རིག་བརྩམས་ཆོས་རྣམས་སུ་འཇིག་རྟེན་གཞན་གྱི་རྣམ་གཞག་དང་ཚན་རིག་ལག་རྩལ་གྱི་སྐོར་རྒྱས་པར་བཤད་ཡོད། དཔེར་ན། ཨོ་རྒྱན་གླིང་པ(1323-?)མཆོག་གིས་མཛད་པའི«པདྨ་བཀའི་ཐང་ཡིག»ཅེས་བྱ་བར། སྲིད་པའི་ཁམས་འདིར་སྲོག་ལྡན་གྱི་འགྲོ་བ་གནས་བཅས་པའི་འཇིག་རྟེན(དག་ཞིང་)ཤིན་ཏུ་མང་པོ་ཡོད་ཚུལ་གསུངས་པ་དང་། ཁོང་གིས་ཤེས་རིག་དར་བའི་གནས་དེ་དག་རྒྱས་པར་གསུངས་ཡོད།
ཡང་དཔལ་དུས་ཀྱི་འཁོར་ལོའི་རྣམ་གཞག་བསྟན་པའི«དུས་འཁོར་རྩ་རྒྱུད»དང་། «དུས་འཁོར་བསྡུས་བརྒྱུད»དང་། «འགྲེལ་ཆེན་དྲི་མེད་འོད»སོགས་བོད་དུ་དར་བ་ནས་བཟུང་། བོད་ཀྱི་མཁས་པ་དང་རྩོམ་པ་པོ་རྣམས་ཀྱིས“ཤམ་བྷ་ལ”ཞེས་པའི་ཚུར་མཐོང་གི་ཡུལ་ལས་འདས་པའི་འཇིག་རྟེན་གཞན་ཞིག་ཡོད་ཚུལ་བསྒྲུབས་ཡོད། དེ་ལ་རྗེ་བཙུན་སྒྲོལ་བའི་མགོན་པོ(1575-635)མཆོག་གིས་མཛད་པའི«ཤམ་བྷ་ལར་འགྲོ་ཚུལ་གྱི་ལམ་ཡིག»ཅེས་བྱ་བ་དང་། པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས(1738-1780)མཆོག་གིས་མཛད་པའི«ཤམ་བྷ་ལའི་རྣམ་བཤད»ཅེས་བྱ་བ། ཀློང་རྡོལ་ངག་དབང་བློ་བཟང་(1719-1794)མཆོག་གིས་མཛད་པའི«དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་ལོ་རྒྱུས་དང་མིང་གི་རྣམ་གྲངས»ཞེས་བྱ་བ། མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ(1846-1912)མཆོག་གིས་མཛད་པའི«དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཚིག་དོན་རབ་ཏུ་གསལ་བྱེད་རྡོ་རྗེ་ཉི་མའི་སྣང་བ»ཞེས་བྱ་བ་སོགས་བསྟན་བཅོས་ཤིན་ཏུ་མང་པོར། ཤམ་བྷ་ལའི་ཡུལ་གྱི་བཀོད་པ་ངོ་མཚར་བ་དང་སྐྱེ་འགྲོའི་འཚོ་བ་ཕུན་སུམ་ཚོགས་པ་ཡིན་ལ། མ་འོངས་པར་གནས་གང་གི་སྐྱེ་བོ་སྟོབས་ལྡན་རྣམས་འཇིག་རྟེན་འདིར་དངོས་སུ་འབྱོར་ནས། འགྲོ་བ་མིའི་རིགས་དབང་དུ་བསྒྱུར་འོང་བའི་ཚུལ་བསྟན་ཡོད་པ་མ་ཟད། མིའི་རིགས་དབང་བསྒྱུར་གྱི་ལོ་ཚིགས་དང་བཅས་རྩིས་ཀྱི་སྒོ་ནས་གཏན་ལ་ཕབ་ཡོད།
དེ་ལྟར། བོད་ཀྱི་བསྟན་བཅོས་རྙིང་པ་རྣམས་སུ་ཤམ་བྷ་ལ་དང་། ཟངས་མདོག་དཔལ་རི་དང་། དྷུ་མ་ཐ་ལ་དང་། དྲི་ཟའི་ཡུལ་དང་། སྦས་ཡུལ་དང་། སྲིན་པོའི་ཡུལ་དང་། འོལ་མོ་ལུང་རིང་(«འོལ་མོ་ལུང་རིང་གི་བཀོད་པ་ངོ་མཚར་རྒྱ་མཚོའི་གཏེར»དུ་གསུངས་པ་བཞིན་ནོ།།)སོགས་འཇིག་རྟེན་གཞན་པ་མང་པོ་བྱུང་ཡོད་པ་དང་། ཕྱིས་སུ་མཁས་པ་འགའ་རེས་གནས་དེ་དག་འཇིག་རྟེན་གཞན་མིན་པར་རང་ཅག་འཚོ་ཞིང་གནས་པའི་ས་ལྒང་གི་ཡུལ་གྲུ་ག་གེ་མོ་དག་ཡིན་པར་གསུངས་ཀྱང་། སྔོན་གྱི་བསྟན་བཅོས་མང་པོར་དེ་དག་མི་ཕལ་པ་རྣམས་ཀྱི་དབང་པོའི་ཡུལ་ལས་འདས་པ་ཡིན་པར་བསྟན། མདོར་ན། རང་རེ་ལའང་མེ་ཤོལ•དྷ་སི་མར་ཁི་ཊི(Michel Desmarquet)ལགས་ཀྱིས་བྲིས་པའི«ཧེ་ཡོ་བའི་ལུང་བསྟན»(Thiaoouba Prophecy)དང་ཆ་འདྲ་བ་མང་པོ་ཡོད། འདི་དག་ཚན་རྟོག་བརྩམས་ཆོས་དངོས་མིན་ན་ཡང་། སྲིད་པའི་ཁམས་འཚོལ་ཞིབ་ཀྱི་ཚན་རྟོག་བརྩམས་ཆོས་འབྱུང་བའི་ཉེར་བསྡོགས་སོ། །
༡༩༨༢ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི«གངས་རི་ཤེལ་རྫོང་»གི་བར་རིས།
གཞན་ཡང་། མིའི་རིགས་ལ་ཚན་རིག་ལག་རྩལ་རྒྱ་ཆེན་པོ་མ་དར་བའི་ཡར་སྔོན་དུ་བོད་ཡིག་གི་རྩོམ་རིག་བརྩམས་ཆོས་རྣམས་སུ་ཚན་རིག་ལག་རྩལ་སྐོར་མང་དུ་བརྗོད་ཡོད། དཔེར་ན། དུས་རབས་བཅུ་བདུན་པ་ཡས་མས་སུ་བྱུང་བའི«གངས་རི་ཤེལ་རྫོང་»ཞེས་བྱ་བར། དམག་མི་འགའ་ཞིག་ཐད་འཕུར་གནམ་གྲུར་ཞུགས་ནས་ས་ཐག་རིང་པོར་སོ་ཉུལ་དུ་ཕྱིན་པ་དང་། སླར་ཡང་དམག་མི་བཅོ་ལྔ་ཙམ་གནམ་གྲུར་ཞུགས་ནས་གཡུལ་ལ་ཆས་ཡོད། «མི་རོ་རྩེ་སྒྲུང་»ཞེས་བྱ་བར་ཡང་ཤིང་བཟོ་པ་དང་མགར་པ། ལྷ་བཟོ་པ་བཅས་ཀྱིས་གནམ་གྲུ་བཟོས་ཏེ་རྒྱལ་པོའི་ཕོ་བྲང་གི་རྩེར་འཕུར་སྐྱོད་བྱས་པའི་སྐོར་བརྗོད་ཡོད། (རང་ཅག་གི་མེས་པོ་ཚོས་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ལ་གནམ་གྲུ་བཟོས་ནས་འཕུར་བསྐྱོད་བྱ་དགོས་པའི་རེ་བ་བྱས་ཀྱང་། རང་ཅག་རྗེས་རབས་པ་རྣམས་ཀྱིས་དུས་ད་དུང་ལྕགས་རྟ་ལེགས་པོ་ཞིག་ཀྱང་བཟོ་ཐུབ་ཀྱི་མེད་པ་ནི་ཤིན་ཏུ་ངོ་གནོང་དགོས་པ་ཨང་།) དེ་དང་མཚུངས་པར«གྲུ་གུ་གོ་རྫོང་»དང་«ཁ་ཆེ་གཡུ་རྫོང་»སོགས་སྔོན་ཆད་ཀྱི་སྒྲུང་ཡིག་རྙིང་པ་དང་ལུང་བསྟན་གྱི་ཡི་གེ་མང་པོར་གནམ་གྲུ་དང་། འཕུར་མདའ་དང་། མེ་སྒྱོགས་དང་། མཚོ་གྲུ་དང་། གློག་གི་རིགས་སོགས་དུས་ཕྱིས་སུ་གཟོད་ནས་དར་བའི་ཚན་རིག་ལག་རྩལ་གྱི་དངོས་པོ་མང་པོ་སྔོན་ནས་རྟོགས་བཟོ་བྱས་འདུག
དེང་སང་ཚན་རྟོག་རྩོམ་རིག་གི་སྒྲ་དོག་འཇུག་གི་མཚན་ཉིད་ལྟར་ན། བཤད་མ་ཐག་པའི་བརྩམས་ཆོས་དེ་རྣམས་ཚན་རྟོག་བརྩམས་ཆོས་རྣལ་མར་བགྲང་དཀའ་ཡང་། ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ལ་བོད་ཡིག་ནང་དུ་དེ་ལྟ་བུའི་བརྗོད་བྱ་བྲིས་ཡོད་པ་རིན་ཐང་ཤིན་ཏུ་ཆེ། སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་རྩོམ་འདི་དག་ལས། བོད་ལ་ཚན་རྟོག་བརྩམས་ཆོས་ཀྱི་ཁུངས་བརྟན་པོ་དང་ས་བོན་ཟབ་མོ་ཡོད་པ་མཚོན་ཞིང་། རང་རེ་རྣམས་ཀྱིས་ས་བོན་ལེགས་པོ་དེ་ལ་ཚན་རིག་དང་རྟོག་སྨོན་གྱི་ཆུ་ལུད་དྲོད་གཤེར་འཛོམས་པར་བྱས་ན། བོད་ཀྱི་སྐད་ཡིག་ནང་ལའང་ཚན་རྟོག་གི་འབྲས་བུ་བཟང་པོ་སྨིན་པར་འགྱུར།
ཁེ་ན་ཏའི་ཚན་རྟོག་རྩོམ་པ་པོ་ཆེན་པོ་རོ་བྷེ་ཊི• རྗེམ་ཟི • སོ་ཡེ་ལགས།
སྡེ་ཚན་གཉིས་པ། དེང་རབས་ཚན་རྟོག་འཛམ་གླིང་གཡས་བཞག།
བོད་ལ་དེང་རབས་རྩོམ་རིག་དར་བ་ནས་བཟུང་། སྤྱིར་སྙན་ངག་དང་བརྩམས་སྒྲུང་གཙོས་པའི་རྩོམ་ལུས་སྣ་ཚོགས་ཀྱི་བརྩམས་ཆོས་གསར་པ་འབོར་ཆེན་བྱུང་བ་དང་། བྱེ་བྲག་མཚར་རྟོག་རྩོམ་རིག(Fantasy literature)དང་ཚན་རྟོག་རྩོམ་རིག་བཅས་ཀྱི་བརྩམས་ཆོས་ཀྱང་འགའ་རེ་བྱུང་འདུག དམིགས་བསལ་ཚན་རྟོག་བརྩམས་སྒྲུང་དང་ཚན་རྟོག་སྙན་ངག(Science Fiction Poetry)ཀྱང་བྱུང་དང་འབྱུང་བཞིན་ཡོད། དཔེར་ན། «ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས»སུ་བཀོད་པའི«ཟླ་བའི་གཏམ་རྒྱུད»ཅེས་བྱ་བ་དང་། «ཁ་བ་སྙིང་ལྕགས་ཀྱི་བརྩམས་ཆོས་ཕྱོགས་བསྡུས»སུ་བཀོད་པའི«གནའ་བོའི་བོད་དུ་ལྟ་སྐོར་ལ་སོང་བའི་ཉིན་ཐོ»ཞེས་བྱ་བ་དང་། ༢༠༡༩ལོའི«སྦྲང་ཆར»དེབ་དང་པོར་བཀོད་པའི«ཕྱོགས་ཆ་མེད་པའི་འཇིག་རྟེན»ཞེས་བྱ་བ་གཙོས་པའི་ཚན་རྟོག་བརྩམས་སྒྲུང་རྣམས་དང་། གུས་པའི་སྙན་དེབ«སྣང་ཚོར་རོ་མཉམ»ཞེས་བྱ་བར་བཀོད་པའི«ཁྱིམ»སོགས་ཀྱི་ཚན་རྟོག་སྙན་ངག་ལྟ་བུའོ། ། [དེང་སང་ཚན་རྟོག་སྙན་ངག་དར་རྒྱས་ཆེན་པོ་བྱུང་བའི་ཡུལ་ནི་ཨ་རི་ཡིན་ཞིང་། ༡༩༧༨ལོ་ནས་ཨ་རིའི་ཚན་རྟོག་སྙན་ངག་མཐུན་ཚོགས(SFPA)བྱུང་ཡོད།] ད་དུང་«གངས་དཀར་རི་བོ»སོགས་བོད་ཡིག་གི་དུས་དེབ་དང་སྒེར་དེབ་གཞན་དུ་ཡང་ཚན་རྟོག་བརྩམས་སྒྲུང་རེ་གཉིས་བཀོད་ཡོད་པ་དང་། དེང་སང་བོད་ཡིག་གི་རྩོམ་པ་པོ་རྣམས་ཀྱི་ཁྲོད་དུ་ཚན་རྟོག་རྩོམ་རིག་ལ་འཇུག་མཁན་ཅུང་ཟད་ཇེ་མང་དུ་འགྲོ་བཞིན་འདུག
འོན་ཀྱང་། དྲང་པོར་བརྗོད་ན། དབྱིན་ཇིའི་ཨ་ཅག་མ་རེ•ཤེ་ལེ(Mary Shelley,1797–1851)ལགས་ཀྱིས༡༨༡༨ལོར«ཧྥི་རང་ཁེན་སི་ཊེན»(Frankenstein)ཞེས་བྱ་བའི་ཚན་རྟོག་བརྩམས་སྒྲུང་ཐོག་མ་སྤེལ་བ་ནས་ད་ལྟའི་བར་ལོ་ངོ་ཉིས་བརྒྱ་ལྷག་འདས་ཟིན་མོད། བོད་ཡིག་ནང་དུ་འཛམ་གླིང་ལ་ངོམ་རི་བའི་དེང་རབས་ཚན་རྟོག་བརྩམས་ཆོས་(ལྷག་པར་དུ་སྲ་བའི་ཚན་རྟོག་བརྩམས་ཆོས་)གཅིག་ཀྱང་བྱུང་མེད་པ་དང་། “ཧུ་ཀོ་བྱ་དགའ”བསྩལ་རུང་བའི་བརྩམས་ཆོས་ཤིག་ནི་དེ་བས་ཀྱང་ལྟ་ག་ལ་ཞིག ཐ་ན་སྐུ་ཚེ་གང་པོར་རྩོམ་རིག་གི་ཕྱག་ལས་ཁོ་ན་གནང་བའི་བོད་པ་ཚོའི་ཁྲོད་དུ་ཚན་རྟོག་རྩོམ་རིག་ཅེས་པའི་སྒྲ་ཙམ་ཐོས་མ་མྱོང་བ་ཡང་མང་པོ་འདུག
༢༠༢༣ལོའི“ཧུ་ཀོ་བྱ་དགའ”ཡི་གཟེངས་རྟགས།
སྡེ་ཚན་གསུམ་པ། སྒྲ་སྒྱུར་ཚན་རྟོག་འཇིག་རྟེན་གཡང་སྡུད།
བཙན་པོའི་སྐབས་ནས་ད་ལྟའི་བར་དུ་བོད་ལ་ལོ་ཙཱ་བ་ཆེ་ཆུང་ཆིག་སྟོང་ཉེ་བ་བྱོན་ཡོད། དེ་རྣམས་ཀྱིས་སོ་སོའི་དུས་སྐབས་ཀྱི་སྐད་རིགས་གཞན་གྱི་བརྩམས་ཆོས་བགྲང་ལས་འདས་པ་བོད་ཡིག་ཏུ་བསྒྱུར་འདུག་པ་དང་། ཚན་རྟོག་གི་བསམ་བློའི་རྒྱབ་རྟེན་དུ་གྱུར་པའི་ཚན་རིག་སྨྲ་བའི་དབང་པོ་ཨེན་སི་ཐེན(Albert Einstein,1879–1955)དང་ཧོ་ཀིང་(Hawking,1942–2018)སོགས་ཀྱི་ཚན་རིག་གི་ལྟ་གྲུབ་བསྟན་པའི་གཞུང་འགའ་རེ་ཡང་བོད་ཡིག་ཏུ་བསྒྱུར་ཡོད།
ཉེ་བའི་ཆར་ཚན་རྟོག་སྐོར་གྱི་བརྩམས་ཆོས་ཀྱང་ཅུང་ཟད་བསྒྱུར་དང་སྒྱུར་བཞིན་ཡོད། དཔེར་ན། དེབ་གྲངས་ཉི་ཤུའི་བདག་ཉིད་ཀྱི«ཀྲུང་གོའི་ཕུལ་བྱུང་ཚན་རྟོག་བརྩམས་སྒྲུང་»(བོད་རྒྱ་ཤན་སྦྱར)ཞེས་བྱ་བ་སོགས་ཀྱི་ཚན་རྟོག་དཔེ་དེབ་རྣམས་དང་། དེ་བཞིན་དུ«ཨ་ལིས་ཐ»(Alita: Battle Angel)དང་། «ཡུལ་གྱར་ས་ལྒང་»(流浪地球)དང་། «ལོས་སེ»(Lucy)སོགས་ཚན་རྟོག་གློག་བརྙན་ཡང་ཅུང་མང་པོ་བོད་སྐད་དུ་བསྒྱུར་འདུག འོན་ཀྱང་། རང་རྒྱུས་རང་ལ་ཡོད་པ་ལྟར། རང་རེ་དག་གིས་ཚན་རིག་གི་གྲུབ་དོན་གསར་པ་བསྟན་པའི་གཞུང་དང་ཚན་རྟོག་བརྩམས་ཆོས་གསར་པ་རྣམས་བོད་ཡིག་ཏུ་བསྒྱུར་ཐུབ་ཀྱི་མེད། ཚན་རིག་གི་སྐོར་རེ་འགའ་ཡོད་པ་རྣམས་ཀྱང་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་ཕུན་སུམ་ཚོགས་པ་ཅན་ཤིན་ཏུ་དཀོན།
ལོ་འདིར“ཧུ་ཀོ་བྱ་དགའ”ཐོབ་པའི་བརྩམས་ཆོས་རྣམས།
སྡེ་ཚན་བཞི་པ། བོད་འབྲེལ་ཚན་རྟོག་རིགས་དྲུག་ཁྱབ་གདལ།
འཛམ་གླིང་ས་ཕྱོགས་སོ་སོའི་རིགས་གཞུང་བརྩམས་ཆོས་དང་། རྩོམ་རིག་བརྩམས་ཆོས་དང་། གློག་བརྙན་དང་། རོལ་མོ་དང་། རི་མོ་རྣམས་སུ་བོད་དང་བོད་ཀྱི་རིག་གནས་སྐོར་ཤིན་ཏུ་མང་པོ་དྲངས་འདུག་པ་དང་། དམིགས་བསལ་བོད་དང་བོད་ཀྱི་རིག་གནས་དང་འབྲེལ་བའི་ཚན་རྟོག་བརྩམས་སྒྲུང་དང་ཚན་རྟོག་གློག་བརྙན་ཕུལ་དུ་བྱུང་བ་མང་པོ་བྱུང་ཡོད། དཔེར་ན། འཛམ་གླིང་ཚན་རྟོག་བརྩམས་སྒྲུང་གི་ཤིང་རྟ་བ་ཆེན་པོ་དབྱིན་ཇིའི་རྩོམ་པོ་ཨར་ཟིར·ཆལ་ཟི·ཁི་ལ་ཁི(Arthur Charles Clarke,1917-2008)ལགས་ཀྱིས་བོད་ཀྱི་དགོན་པ་དང་གྲྭ་པ་བརྗོད་བྱར་བྲིས་པའི«ལྷའི་མཚན་གྱི་རྣམ་གྲངས་ཐེར་འབུམ་དགུ»(The Nine Billion Names Of God)ཞེས་བྱ་བ་དང་། ཨ་རིའི་དེང་རབས་ཚན་རྟོག་བརྩམས་སྒྲུང་གི་ཁྱུ་མཆོག་ཁེམ·སི་ཊན་ལེ·རོ་བྷེན་སན(Kim Stanley Robinson,1952-)ལགས་ཀྱིས«བར་དོ་ཐོས་གྲོལ་ཆེན་མོ»སོགས་ལ་གཞི་བཅོལ་ནས་མཛད་པའི«འབྲས་དང་ལན་ཚྭའི་དུས་རབས»(The Years of Rice and Salt)ཞེས་བྱ་བ། དེ་བཞིན་དུ་འཛམ་གླིང་ཧྲིལ་པོ་རེ་ཞིག་སྡོད་མི་ཚུགས་པར་བཟོས་པའི་བོད་སྐད་ཅན་གྱི་གློག་བརྙན«འཇིག་རྟེན་འཇིག་པའི་ཉིན་མོ»(Farewell Atlantis)ལྟ་བུའོ། །
བོད་འབྲེལ་གྱི་ཚན་རྟོག་གློག་བརྙན་ཁ་ཤས།
དེ་བཞིན་དུ་རྒྱ་ཡིག་རྩོམ་པ་པོ་དག་གི་ཚན་རྟོག་བརྩམས་ཆོས་རྣམས་ཀྱི་བརྗོད་བྱར་ཡང་བོད་དང་བོད་ཀྱི་རིག་གནས་སྐོར་ཅུང་མང་པོ་ཐོན་གྱི་ཡོད། དཔེར་ན། «དངོས་པོ་གསུམ»(三体)གྱི་རྩོམ་པ་པོ་གྲགས་ཅན་ལིའུ་ཚི་ཞིན(刘慈欣)ལགས་ཀྱི་བོད་མོ་དང་བོད་སྐད་བརྗོད་བྱར་བྱས་པའི«རི་བོ»(山)ཞེས་བྱ་བ་དང་། ཧྥུན་ཞིང་ཁྲེང་ཙི(分形橙子)ལགས་ཀྱི་བོད་ཀྱི་ཡུལ་ལྷ་གཞི་བདག་བརྗོད་བྱར་བྱས་པའི«བཙན་ཁང་»(赞神的宫殿)ཞེས་བྱ་བ་དང་། བསྟན་འཛིན་སྐྱིད(段子期)ལགས་ཀྱི་འཕྲུལ་མི་ཞིག་བོད་ཀྱི་དགོན་པར་འོངས་ནས་རབ་ཏུ་བྱུང་ཞིང་མཐར་སངས་རྒྱས་པ་བརྗོད་བྱར་བྱས་པའི«གྲྭ་པ་དང་འཕྲུལ་མི»(僧侣与机器人)ཞེས་བྱ་བ་ལྟ་བུ་སོགས་སོ། །
དེ་ལྟར། མི་རིགས་གཞན་ཚོས་བོད་ཀྱི་རིག་གནས་བསྔོགས་ཏེ་ཚན་རྟོག་གི་ཕྱག་རྩོམ་ལེགས་པོ་བྲིས་དང་འབྲི་བཞིན་པ་ཡིན་ན། ང་ཚོས་བོད་རང་གི་ཐུན་མོང་མ་ཡིན་པའི“སྲིད་ཁམས་ཀྱི་ལྟ་བ”གཙོ་བོར་བཟུང་སྟེ། ཚན་རྟོག་གི་བརྩམས་ཆོས་ལེགས་པོ་འབྲི་མི་ཐུབ་པ་ཅི་ལགས།
མུན་ནག་གི་དཔའ་རྟུལ་བོད་ཡིག་གི་འཇིག་རྟེན་དུ་བྱོན་པ།
མདོར་ན། མི་རིགས་ཤིག་ལ་ཚན་རིག་ལག་རྩལ་ཕུན་སུམ་ཚོགས་པ་དར་བ་ལ་ཐོག་མར་ཚན་རྟོག་བརྩམས་ཆོས་མང་པོ་འབྱུང་དགོས་ཤིང་། མིའི་རིགས་ཀྱི་ད་ལྟའི་ཚན་རིག་ལག་རྩལ་ཕལ་ཆེ་བ་ཞིག་སྔར་གྱི་ཚན་རྟོག་བརྩམས་ཆོས་རྣམས་ལས་བྱུང་བ་ཡིན། དེ་ནི་རྗོལ་སི•ཧྥེན(Jules Verne,1828–1905)སོགས་ཀྱི་གསུང་རྩོམ་བཀླགས་པས་ཀྱང་ཤེས་ཐུབ་པར་འདུག
དུས་རབས་འདིར་མི་རིགས་ཤིག་ལ་ཚན་རྟོག་བརྩམས་ཆོས་ལེགས་པོ་ཡོད་མེད་ནི་མི་རིགས་དེ་དང་དེའི་སྐད་ཡིག་འཕེལ་རྒྱས་སུ་སོང་ཡོད་མེད་ཀྱི་རྟགས་མཚན་ཆེན་པོ་ཞིག་ཏུ་གྱུར་འདུག དེའི་ཕྱིར། ང་ཚོ་“འཛམ་གླིང་ཚན་རྟོག་ཚོགས་ཆེན”གྱི་དབུས་སུ་འགྲེངས་ཏེ། ཁ་བ་རི་པའི་སྐད་ཡིག་ནི“ཆོས་སྐད”ཁོ་ན་ཙམ་གྱི་ཉེར་སྤྱོད་མིན་པར། སྐད་ཡིག་འདི་ཉིད་ཚན་རྟོག་སྨྲ་བ་ལའང་ཐོགས་པ་མེད་ཅེས་མགྲིན་པ་གཟེངས་སུ་བཏེགས་ནས་འཛམ་བུའི་གླིང་ལ་བསྒྲགས་པ་ལགས་སོ། །
༢༠༢༣ལོའི་ཟླ་བ༡༠པའི་ཚེས༢༢ཉིན་བྲིས།
༢༠༢༣ལོའི་ཟླ་བ༡༠པའི་ཚེས༢༦ཉིན་བཅོས།
བོད་ཀྱི་ཚན་རྟོག་བཤམ་སྟོན་བྱེད་པའི་གནས་འདི་ནི། ཐེངས་འདིའི་འཛམ་གླིང་ཚན་རྟོག་ཚོགས་ཆེན་སྟེང་གི་ངའི་ཡིད་དབང་ཆེས་འཕྲོགས་པ་ཞིག་གོ །
——ཧན་སུང་།(@韩松) 2023.10.22
བོད་ཀྱི་ཕོ་གསར་ཞིག་གིས་ངང་རྒྱུད་རིང་པོའི་སྒོ་ནས་ངོ་མཚར་སྐྱེ་བའི་ལྟད་མོ་པ་རྣམས་ལ་བོད་ཡིག་གི་ཚན་རྟོག་ལོ་རྒྱུས་ངོ་སྤྲོད་བྱེད་ཀྱི་འདུག་ཅིང་། སྣང་ཚུལ་དེ་ནི་སྔར་འཇར་མན་དུ་འཛམ་གླིང་ཚན་རྟོག་ཚོགས་ཆེན་འཚོགས་པའི་སྐབས་ཀྱི་རྣམ་པ་དང་ཤིན་ཏུ་འདྲ་པོ་འདུག
——«ལྷོ་ཕྱོགས་གཟའ་མཇུག»(南方周末) 2023.11.05
ང་ཚོས་བོད་ཡིག་ཚན་རྟོག་བཤམ་སྟོན་བྱེད་མཁན་གདན་ཞུ་བྱས་ཏེ། ཚན་རྟོག་དན་གྲངས་དྲ་བར་བོད་ཡིག་གི་པར་གཞི་ཞིག་བཟོ་འོས་པ་དང་། དེར་བོད་ཡིག་ཇི་ལྟར་འཇུག་ཚུལ་སོགས་གླེང་མོལ་བྱས་ཤིང་། དེ་ནི་ཐེངས་འདིའི་ཚོགས་ཆེན་སྟེང་གི་ཆེས་ངོ་མཚར་སྐྱེ་འོས་པ་ཞིག་དང་སྔར་མ་བྱུང་བའི་ཁྱབ་ཁུངས་གསར་པ་ཞིག་རེད།
——«ཚན་རྟོག་ཀུན་འདུས།»(科幻百科) 2023.11.15
ཐེངས་འདིའི་ཚོགས་ཆེན་སྟེང་གི་ཚན་རྟོག་བཤམ་སྟོན་ཐམས་ཅད་ལས། མི་རྣམས་ལ་བག་ཆགས་ཆེས་ཟབ་མོ་བཞག་པ་ནི་བོད་ཀྱི་ཚན་རྟོག་བཤམ་སྟོན་གྱི་གནས་སོ། །
——«ལྗིད་ཤུགས་ཆུང་བའི་ཚན་རྟོག»(零重力科幻) 2023.11.15
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4303
དཔྱད་མཆན་སྤེལ།