ཆོས་རྗེ་ཀརྨ་པའི་གསུང་ཤོག་ཆོས་རྗེ་རྗེ་བཙུན་པ་ལ་གནང་བ་ལས།

བདག་གིས་བྱས་པའི་ཕར་ཕྱིན་ཊཱིཀ་དེ། དེང་སང་བོད་ན་ཡོད་པའི་གཞན་སྟོང་གི་ཕྱོགས་སུ་བཀྲལ་བའི་རྒྱུ་མཚན་ནི།
{ཞེས་གསུངས་ཤིང་དེའི་རྒྱུན་མཚན་ནི་དེ་ཉིད་ལས།}དཀར་ཇོ་ཐུན་མོང་བའི་ཕྱོགས་ནས་གྲུབ་མཐའ་འཛིན་པ་མང་པོས། ཡུམ་གྱི་དགོངས་པ་གཞན་སྟོང་དུ་འགྲེལ་དགོས་ཟེར་བ་དང་། ལྷག་པར་འཛི་ཀ་ལྷ་མོ། དར་ཐང་གི་མཁན་པོ།  ས་བཟང་མ་ཏི་པཎ་ཆེན་གྱི་སྐྱེ་བས།  གོས་དར་དང་གསེར་དངུལ་ལ་སོགས་པ་ཕུལ་ནས། གཞན་སྟོང་གི་ཕྱོགས་འཛིན་པའི་བསྟན་བཅོས་ཞིག་ཅིས་ཀྱང་དགོས་ཟེར་བའི་ཕྱེད་[ཆེད]དང་།  བདག་གི་བསྙེན་པར་རྫོགས་པའི་མཁན་པོ་རྗེ་ཆོས་གྲུབ་སེང་གེའི་ཞལ་མངའ་ནས་དེ། ཀུན་མཁྱེན་ཇོ་ནང་པའི་དངོས་སློབ། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་བ་དེའི་དངོས་སློབ་གཉག་བུ་པ་བསོད་ནམས་བཟང་པོ། དེའི་དངོས་སློབ་རྣལ་འབྱོར་དབང་ཕྱུག་བསོད་ནམས་སེང་གེ། དེའི་དངོས་སློབ་ཆོས་རྗེ་ཡིན་ཞིང་། རྗེ་དེ་ཉིད་ཇོ་ནང་པའི་གྲུབ་ཐོབ་ཏུ་ཞལ་གྱིས་ཀྱང་བཞེས་པར་འདུག་པས་ཞལ་མངའ་ནས། བདག་ལ་སྤྱིར་ནི། ཇོ་ནང་པའི་བཞེད་པ་དང་འབྲེལ་དགོས་པའི་བཀའ་ལུང་བྱུང་པས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། གྲུབ་མཐའ་འཛིན་དགོས་པ་ཡིན། ཁོ་བོས་ཀྱང་སློབ་དཔོན་ཤཱནྟི་པ་སོགས་བཞེད་པའི་སེམས་ཙམ་པའི་གྲུབ་མཐའ་མང་དུ་བཤད་པ་ཡིན། ཞེས་གསུངས་པ་ལྟར། བླ་མ་རྗེ་ཡི་བཀའ་བསྒྲུབ་པའི་ཕྱིར་ཡིན།  ཞེས་གསུངས་སོ།  །

 

ཀུན་མཁྱེན་བླ་མའི་རྒྱལ་ཚབ་ཀུན་གཟིགས་ཞྭ་དམར་དཀོན་མཆོག་ཡན་ལག་གིས།

རྗེ་གོང་མས་ཀྱང་མཁན་ཆེན་ཆོས་གྲུབ་པའི་དགོངས་པ་བསྐང་ཕྱིར་རྣམ་རྫུན་དབུ་མར་བཀྲལ་བ་ཡིན་གྱི་དགོངས་དོན་མཐའ་ཐུག་ནི་འཇུག་ཊཱིཀ་དང་དགོངས་གཅིག་གི་འགྲེལ་བཤད་དང་ཁྲིད་ཡིག་རྒྱས་སྡུས་ལས་གསལ་བ་རྣམས་ཁོ་ན་མ་གཏོགས་བོད་ཀྱི་ལྟ་གྲུབ་ཕལ་ཆེར་ལ་ནི་རྒྱུ་མཚན་མེད་པར་བཞེད།
ཅེས་ཀརྨ་ལེགས་བཤད་སྒྲ་དབྱངས་ལ་གསུངས་པར་མཁས་གྲུབ་ཆེན་པོ་དྲུང་ཀུན་དགའ་རྣམ་རྒྱལ་གྱིས་ཆོས་འབྱུང་རིན་པོ་ཆེའི་གཏེར་ཆེན་དུ་གསལ།

 

ཀུན་མཁྱེན་བླ་མའི་བུ་ཆེན་ཉི་མ་ལྟ་བུ་དཔའ་བོ་གཙུག་ལག་ཕྲེང་བས།

སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ལས།
ཅི་སྣང་ཚུལ་གྱི་སྐུ་གདུལ་བྱའི་མིག་ཤེས་སུ་བཤད་པ་འདི་རྗེ་བཙུན་ངལ་གསོར་ཡང་བཞེད་པ་མ་ཡིན་ནམ་ཞེ་ན། དེ་ནི་རྗེ་ཉིད་ཀྱི་མཁན་པོ་དཔལ་ཆོས་གྲུབ་སེང་གེའི་བཀས་གཞན་སྟོང་གི་གྲུབ་པ་ཟུངས་ཤིག་ཅེས་བཀའ་བསྩལ་པ་སྒྲུབ་ཕྱིར་ཡུམ་དོན་ཇོ་ཟིའི་ལུགས་སུ་བཀྲལ་བ་ཡིན་གྱི་ངེས་པའི་དོན་མ་ཡིན་ནོ་ཞེས་ཡང་ཡང་བཀའ་བསྩལ་ཞིང་། ཞེས་དང་།

ཆོས་འབྱུང་མཁས་པའི་དགའ་སྟོན་ལས།

ཕྱིས་རྣམ་ཐོས་རི་བོར་བསྙེན་པར་རྫོགས་པའི་ཚེ་མཁན་པོ་ལས་ཚེ་དཔག་མེད་གྲུབ་རྒྱལ་ལྷ་མང་གི་ཚེ་དབང་དང་རྣམ་སྲས་མདུང་དམར་ཅན་ཆོས་སྐྱོང་དུ་ཕུལ་ཞིང་གཞན་སྟོང་གི་བཤད་ཆེན་དུ་མ་མཛད་ནས་ལྟ་བ་འཛིན་དགོས་པར་ཞུས་པ་ལས་ཕྱིས་ཕར་ཕྱིན་ཇོ་ཟིའི་ལུགས་སུ་འགྲེལ་བར་མཛད།   ཅེས་གསུངས་སོ།  །

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4295