སྤྱིར་བཤད་ན།  ཆོས་ལུགས་དང་མཚན་ཉིད་རིག་པ་ནི་མིའི་རིགས་ཀྱི་བསམ་གཞིག་དང་དད་མོས་ཀྱི་ཁྱབ་ཁོངས་ནང་གིསྒེར་སྡེམ་པ་ཆེན་པོ”(巨头)གཉིས་ཡིན་ལ།    མཚན་ཉིད་རིག་པས་བསམ་གཞིག་དང་རྗེས་དཔག་གཙོ་གཞིར་བྱས་ཏེ་གཏན་ཚིགས་རིགས་འདེད་ཀྱི་ལམ་ནས་ཤེས་བྱ།   གཞི་གྲུབ།   དོན་དངོས།   མི་ཆོས་བཅས་ཀྱི་ངོ་བོ་དང་ཡིན་ལུགས་ལ་འཚོལ་ཞིབ་དང་དཔྱད་དཔོག་བྱེད་ཀྱིན་ཡོད་ལ།    ཆོས་ལུགས་ཀྱིས་གཙོ་བོ་བླ་ན་མེད་པའམ་ཡང་ན་རང་བྱུང་ཁམས་ལས་འདས་པའི་སྟོབས་ཤུགས་ཏེ།  དཔེར་ན་གནམ་བདག   དཀོན་མཆོག   ལས་དབང་སོགས་ལ་དད་མོས་བྱས་ནས་མཆོག་གི་གོ་འཕང་ངམ་སྡུག་བསྔལ་མེད་པའི་གནས་ཡུལ་ལ་བགྲོད་ཕྱིར་ལག་ལེན་གྱི་མཛད་སྒོ་རབ་དང་རིམ་པ་སྤེལ་བཞིན་ཡོད།    དེ་བས་མཚན་ཉིད་རིག་པ་དང་ཆོས་ལུགས་གཉིས་ལ་རྣམ་པ་མངོན་སྟངས་སམ།   ནང་གི་འདུ་ཤེས་དེ་ལུས་ངག་གི་སྤྱོད་པས་ཕྱིར་མཚོན་སྟངས་ཀྱི་ཐད་ནས་ཁྱད་པར་མངོན་གསལ་དོད་པོ་ཡོད་པ་སྟེ།    

     མཚན་ཉིད་རིག་པར་དམིགས་བསལ་གྱི་མཛད་སྒོ་མེད་ལ།    ཆོས་ལུགས་ཀྱིས་གསོལ་འདེབས་དང་ཕྱག་འཚལ་བ།   མཆོད་འབུལ།     གནས་རྟེན་སྐོར་བ་སོགས་ཀྱི་མཛད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ནས་ཆོས་ལུགས་ཀྱི་བསམ་འདུན་དང་རེ་སྨོན་དེ་ཕྱིར་མཚོན་པར་བྱེད་ཀྱིན་ཡོད།      མཚན་ཉིད་རིག་པས་བསམ་གཞིག་དང་།    གཏན་ཚིགས་རིག་འདེད་ཀྱི་ལམ་ནས་བྱ་དངོས་ཀྱི་བདེན་མཐའ་དཔོག་རྒྱུ་གཙོ་བོར་འཛིན་གྱིན་ཡོད་པས་བྱ་དངོས་ཀྱི་ཡིན་ལུགས་དང་གྲངས་དབྱེ་གཏན་ལ་འབེབ་པ་ཞིང་།    མིའི་འཚོ་བའི་དམིགས་ཡུལ་དང་བསམ་རིག་གི་སྤུས་ཚད་ཇེ་མཐོར་གཏོང་བ་ལས་ཆོས་ལུགས་ལྟ་བུའི་དམིགས་བསལ་གྱི་མཛད་སྒོ་གང་ཡང་སྤེལ་གྱིན་མེད།     

     གཞན་ཡང་མཚན་ཉིད་རིག་པས་དོགས་སློང་དང་དགག་སྒྲུབ་ལ་བསྔགས་སྐུལ་བྱེད་པ་དང་།     ཆོས་ལུགས་ཀྱིས་དད་མོས་ཀྱི་དགོས་གལ་ནན་བཤད་བྱེད་ཀྱི་ཡོད།      མཚན་ཉིད་རིག་པ་བས་བསམ་གཞིག་དང་མཐའ་དཔྱོད་རང་བཞིན་གྱི་དཔྱད་དཔོག་ལ་བརྟེན་ནས་བདེན་དོན་འཚོལ་བ་དང་།    ཤེས་བྱའི་ཡིན་ལུགས་དང་འཇིག་རྟེན་གྱི་ངོ་བོ་དེ་ཉིད་གཏན་ཚིགས་དང་དན་གྲངས་ལ་བརྟེན་ནས་རྗེས་སུ་དཔོག་པར་བྱེད་པ་དང་།     ཆོས་ལུགས་ཀྱིས་རང་བྱུང་ཁམས་ལས་འདས་པའི་སྟོབས་ཤུགས་ལ་དད་མོས་བྱེད་པའི་རྨང་གཞིའི་ཐོག་ནས་གཞི་ལམ་འབྲས་བུ་རྣམ་བཞག་ཀུན་ཁོག་འབུབ་ཅིང་།   དེ་ཡིས་དད་ལྡན་རྗེས་འཇུག་པ་དག་ལ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཆོས་ལུགས་ཀྱི་བསྟན་དོན་ལ་བརྩི་སྲུང་དང་འོས་བསྟུན་བྱེད་དགོས་པའི་བླང་བྱ་འདོན་བཞིན་ཡོད།   

      གཞན་ཡང་མཚན་ཉིད་རིག་པས་བྱ་དངོས་ཀྱི་བདེན་མཐའ་དཔོག་པར་རྒྱུན་ཆད་མེད་པར་དྲིས་ལན་གསར་པ་འཚོལ་ཞིབ་བྱེད་པར་སྐུལ་མ་གཏོང་བ་དང་།     ཆོས་ལུགས་ཀྱིས་གནད་དོན་གང་གི་ཐད་ནས་ཀྱང་གཏན་འཇགས་རང་བཞིན་གྱི་དྲིས་ལན་ཆ་ཚང་བ་ཞིག་སྔར་ནས་འདོན་སྤྲོད་བྱས་ཡོད་པས་ནམ་ཡང་སྔར་ཡོད་ཀྱི་དྲིས་ལན་དེ་ཉིད་བདེན་པར་བཟུང་ནས་ཡིད་ཆེས་ཀྱི་བློ་ཡིས་སྤང་བླང་གི་བྱེད་སྒོ་ལ་འཇུག་དགོས་པར་འདོམས་བཞིན་ཡོད།   དེ་འདྲ་ཡིན་ནའང་མཚན་ཉིད་རིག་པ་དང་ཆོས་ལུགས་གཉིས་ཀྱི་བར་འདྲ་ས་དང་འབྲེལ་བ་ཡང་ཁ་ཤས་ཡོད་ལ།    དེ་གཉིས་ཀས་དོན་དངོས་དང་།    ཤེས་བྱ།   གཏན་ཚིགས།    ཚེ་སྲོག་གི་དོན་སྙིང་བཅས་ཀྱི་ངོ་བོ་དང་ངེས་སྲོལ་ལ་འབྲེལ་བ་ཡོད་པའི་གནད་དོན་ནན་བཤད་བྱེད་ཀྱིན་ཡོད་པ་དང་།    དེ་བཞིན་ཕྱོགས་གཉིས་ཀས་དགེ་བ་དང་།    ཀུན་སྤྱོད་ཀྱི་རིན་ཐང་ལྟ་བ་བཅས་དང་འབྲེལ་བའི་གནད་དོན་ལའང་དོ་སྣང་བྱེད་ཀྱི་ཡོད།    

    དེ་ལས་མཚན་ཉིད་རིག་པ་དང་ཆོས་ལུགས་གཉིས་འགལ་ཟླ་ཡིན་ནམ་མཉམ་འདྲེས་ཡིན་ཞེ་ན།    དེ་ནི་གཙོ་བོ་ལོ་རྒྱུས་དང་།   རིག་གནས།   མི་སྒེར་བཅས་ཀྱི་རྒྱབ་ལྗོངས་མི་འདྲ་བར་རག་ལས་ཡོད་ཅིང་།    མཚན་ཉིད་རིག་པ་བ་དང་ཆོས་ལུགས་ཀྱི་གཙོ་འཛིན་ཁ་ཤས་ཀྱིས་མཚན་ཉིད་རིག་པ་དང་ཆོས་ལུགས་བར་གྱི་འདྲ་འབྲེལ་གྱི་ཆ་དང་འཆམ་མཐུན་རང་བཞིན་ནན་བཤད་བྱེད་ཅིང་།     དེ་གཉིས་མཉམ་འདྲེས་དང་ཟུང་འཇུག་གི་ཐོག་ནས་མིའི་རིགས་ཀྱི་བསམ་གཞིག་དང་དད་མོས་ལ་ཁ་གསབ་དང་སྐུལ་འདེད་བྱེད་དགོས་པར་འདོད་པ་དང་།    ཡང་མི་ཁ་ཤས་ཀྱིས་དེ་གཉིས་བར་གྱི་འགལ་བ་དང་ལྡོག་ཕྱོགས་ཀྱི་རྣམ་ཆ་ནན་བཤད་བྱས་ནས་མཚན་ཉིད་རིག་པ་དང་ཆོས་ལུགས་ནི་རང་ཚུགས་རང་བཞིན་གྱི་རིག་ཚན་རེ་རེ་ཡིན་ལ།   དེ་གཉིས་ནམ་ཡང་མཐུན་ཐབས་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད།    

     དེ་ལས་ནང་བསྟན་ཆོས་ལུགས་དང་མཚན་ཉིད་རིག་པའི་འགལ་འབྲེལ་ལམ།   ཡང་ན་ནང་བསྟན་ཆོས་ལུགས་ཀྱི་ཁྲོད་དུ་མཚན་ཉིད་རིག་པའི་ཆ་ག་ཚོད་ཡོད་པའི་ཐད་ནས་ཡིན་ན།  སྤྱིར་དད་ལྡན་མང་ཚོགས་དཀྱུས་མ་དག་གིས་སྒྲུབ་ཀྱིན་པའི་སེམས་ཀྱི་དད་མོས་དང་།   ལུས་ངག་གི་དགེ་ལས་གང་ཞིག་ཡིན་ཡང་མཚན་ཉིད་རིག་པར་གཏན་ནས་འབྲེལ་བ་མེད་ལ།  དཔེར་ན་ཆོས་དད་པ་ཕལ་བ་ཚོས་རང་ངོས་ནས་བསམ་གཞིག་དང་དཔྱད་དཔོག་གང་ཡང་མེད་པར་གཞན་གྱི་ཟེར་སྒྲོས་ཙམ་གྱི་རྗེས་སུ་འབྲངས་ནས་མཆོག་གསུམ་ལ་དད་མོས་དང་།   སྐྱེ་བ་སྔ་ཕྱི་ཡོད་པ་དང་།    ལས་རྒྱུ་འབྲས་མི་བསླུ་བར་ཡིད་ཆེས་ནས་མཐོ་རིས་དང་ཐར་པར་སྙེག་ཕྱིར་ཕྱག་སྐོར་དང་།   གསོལ་མཆོད།  འདོན་ཆོག་སོགས་ལ་ཞུགས་ཀྱིན་ཡོད་པས།    བསམ་བྱེད་དེ་དག་ཚང་མ་རྒྱུ་མཚན་མེད་པའི་བདེན་ཞེན་དང་ཡིན་རློམ་ཙམ་གྱི་སྟེང་ནས་སྒྲུབ་ཀྱིན་ཡོད་རྐྱེན་དད་མང་དཀྱུས་མ་དག་ནི་ནམ་ཡང་ནང་བསྟན་ཁྲོད་ཀྱི་ཆོས་ལུགས་ཀྱི་བསམ་བྱེད་ལ་འཇུག་པ་ལས།  ཆོས་ལུགས་ཁྲོད་ཀྱི་མཚན་ཉིད་རིག་པར་འཇུག་ཐུབ་ཀྱིན་མེད་ལ།   

དེ་བཞིན་ཐོས་བསམ་གྱི་རྟོག་ཞིབ་དང་གཏན་ཚིགས་ཀྱི་ལམ་ནས་དཔྱད་དཔོག་གང་ཡང་མེད་པར་དད་མོས་དང་ཡིད་ཆེས་གཙོ་བོར་བྱས་ནས་སྒོམ་སྒྲུབ་ལ་འཇུག་པའི་བླ་གྲྭ་ལྟ་བུ་ཉམས་ལེན་པ་དག་ཀྱང་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་ཆ་ལ་འཇུག་ཐུབ་ཀྱིན་མེད་པ་རེད། 

      དེ་ལས་གཞུང་ལུགས་ཀྱི་ཆ་ནས་ཡིན་ན་ཚད་མའི་སྐབས་སུ་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་ཀྱི་རྣམ་བཞག་དང་།  དེ་འདྲའི་ཚུལ་གསུམ་རྟགས་ལ་བརྟེན་ནས་རྟགས་ཅན་རྗེས་དཔག་ཚད་མ་སྐྱེ་བའི་རིམ་པ་དང་།   ཚད་མ་དེས་རང་ཡུལ་དུ་གྱུར་པའི་གཞལ་བྱ་ལྐོག་གྱུར་གྱི་བྱ་དངོས་ཁག་ཇི་ལྟར་དཔོག་ཚུལ་བཤད་པ་དག་མཚན་ཉིད་རིག་པའི་ཆ་ཡིན་ལ།     ཡངརྣམ་འགྲེལལསསྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེཞེས་སོགས་ཀྱིས་དགོས་པའི་དོན་ཀུན་མཁྱེན་པའི་སྐྱེས་བུ་ཚད་མའི་རྣམ་བཞག་དང་།   སྐྱེས་བུ་ཚད་མ་དེ་ཡང་རང་རྒྱུ་བསམ་སྦྱོར་ཕུན་ཚོགས་ལས་ཇི་ལྟར་འཁྲུངས་པའི་ཚུལ་དང་།    དེ་འདྲའི་རང་རྒྱུ་བསམ་སྦྱོར་ཕུན་ཚོགས་ལས་འཁྲུངས་པའི་སྐྱེས་བུ་ཚད་མ་དེས་བསྟན་པའི་བདེན་བཞི་བླང་དོར་འཇུག་ལྡོག་གི་རིམ་པ་སོགས་ཐར་བ་དང་ཐབས་ཅད་མཁྱེན་པའི་ལམ་རིམ་རྒྱ་ཆེར་བསྟན་པ་དག་ནི་ཆོས་ལུགས་ཀྱི་ཆ་ཡིན།   

     དེ་བཞིན་ཆོས་དབུ་མའི་སྐབས་སུ་རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ་སོགས་ཐལ་རང་ཐུན་མོང་གི་གཏན་ཚིགས་ལྔ་པོ་ཐལ་འགྱུར་དང་རང་རྒྱུད་རང་རུང་གི་ཚུལ་དུ་བཀོད་པའི་སྒོ་ནས་བསྒྲུབ་བྱ་སྐྱེ་བ་མེད་པ་ལ་སོགས་པའི་ཚུལ་ལས་བརྩམས་ཏེ་དངོས་མཐའ་སྟོང་ཉིད་དང་སྤྲོས་བྲལ་དུ་སྟོན་པ་ནི་མཚན་ཉིད་རིག་པའི་ཆ་དང་།     ཡངའཇུག་པཔ་ལསསྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དངཞེས་སོགས་རྒྱུ་གསུམ་ལ་བརྟེན་ནས་བྱང་སེམས་འཕགས་པ་འཁྲུངས་ཤིང་།  དེ་འདྲའི་བྱང་ཆུབ་སེམས་པ་དེའི་གནས་སྐབས་ཀྱི་ཁྱད་པར་དང་།    ཡང་དག་པར་ལེན་དུ་འཇུག་པའི་སྒོ་ནས་སྟོབས་སོགས་ཡོན་བསྟན་རྒྱ་མཚོའི་བདག་ཉིད་ཅན་གྱི་རྒྱལ་བ་རྫོགས་པའི་སངས་རྒྱས་བསྐྱེད་པར་བཤད་པ་སོགས་ནི་ཆོས་ལུགས་ཀྱི་ཆ་ཡིན།   

      དེ་ལས་ནང་བསྟན་དབུ་ཚད་སོགས་ཀྱི་གཞུང་དུ་མཚན་ཉིད་རིག་པ་དང་ཆོས་ལུགས་ཀྱི་ཆ་གཉིས་སྤེལ་མར་བསྟན་ཡོད་ལ།   ལྷག་ཏུ་དབུ་མརྩ་ཤེསདངཚད་མ་མདོགཉིས་ཀྱི་གཞུང་དུ་མཚན་ཉིད་རིག་པའི་ཆ་བསྟན་པ་མང་ལ།   གཞུང་དེ་གཉིས་ཀྱི་དགོངས་འགྲེལ་གྲགས་ཆེན་དུ་གཏོགས་པའིདབུ་མ་འཇུག་པདངཚད་མ་རྣམ་འགྲེལགཉིས་སུ།  རྩ་གཞུང་ལས་བསྟན་པའི་མཚན་ཉིད་རིག་པའི་རྣམ་གཞག་དེ་དག་གི་ཁར་ཆོས་ལུགས་ཀྱི་ཆ་མང་པོ་ཞིག་གསབ་སྣོན་དང་བསྐྱར་བསྲེ་བྱས་ནས་བསྟན་ཡོད།     དེ་བས་ན་སྤྱི་ལྡོག་ནས་ནང་རིག་དབུ་ཚད་ཀྱི་གཞུང་ལ་རིགས་པས་སྒྲོ་འདོགས་གཅོད་ཀྱིན་འཇུག་པའི་ཐོས་བསམ་པ་དག་ནང་བསྟན་རང་བཞིན་གྱི་མཚན་ཉིད་རིག་པའི་ཆ་འཇུག་པ་ཤུགས་ཆེ་ལ།   གོང་སྨོས་བཞིན་མོས་པ་ཡིད་བྱེད་ཀྱི་ཆོས་དད་པ་ཕལ་ཆེར་ནི་ནང་བསྟན་ལས་ཆོས་ལུགས་ཀྱི་ཆར་གྱུར་བའི་ལུས་ངག་གི་འདུ་བྱེད་འགར་འཇུག་པ་ཙམ་ལས།   མཚན་ཉིད་རིག་པའི་ཆར་གྱུར་པའི་ནང་བསྟན་ལྟ་གྲུབ་ཀྱི་ཕྱོགས་ལ་ངེས་ཤེས་གང་ཡང་འདྲོངས་ཀྱིན་མེད་པས་མཐར་ན་ཁོང་ཅག་གི་དགེ་སྒྲུབ་དང་ཚོགས་གསོག་གི་འདུ་བྱེད་བརྩམས་པ་ཕལ་ཆེར་དེ་དོན་མེད་དོན་ལོག་གི་བསམ་བྱེད་ཙམ་ལས་འདའ་བ་མིན།   

     དེའི་ཕྱིར་ནང་བསྟན་ལ་འཇུག་ནའང་མཚན་ཉིད་རིག་པའི་ཆ་ལ་འཇུག་ཐུབ་ན་དེ་ལ་བལྟོས་པའི་གཞལ་བྱ་ཕྲ་རགས་ཀྱི་རྣམ་བཞག་ཇི་བཞིན་རྟོགས་པའི་ངེས་ཤེས་དང་།    ངེས་ཤེས་དེས་དྲངས་པའི་འཇིག་རྟེན་གྱི་ལྟ་བ་དང་།    མི་ཚེའི་ལྟ་བ་གང་འཚམས་རེ་རྒྱུད་ལ་སྐྱེ་ཐུབ་པ་དང་།  དེ་ལས་རང་གི་སྒོ་གསུམ་གྱི་འདུ་བྱེད་དག་ཀྱང་ཡང་དག་མིན་པའི་ཚུལ་ལས་སྡོམ་ཞིང་འཆོས་ཐུབ་པ་ཡིན་ལ།   དེ་ལྟ་མིན་པར་དད་མོས་ལམ་བྱེད་པ་དག་གི་ཆོས་ལ་ཞེན་འཛིན་དང་དགའ་མོས་ཅི་ཙམ་བྱས་ཀྱང་མཚན་ཉིད་རིག་པའི་རང་བཞིན་གྱི་བསམ་གཞིག་གིས་དྲངས་པའི་བདེན་མཐོང་ཤེས་རབ་ཀྱིས་རང་བློ་སྦྱོང་མ་ཐུབ་བ།   ཉོན་མོངས་ཟད་ཅིང་ལས་ཀྱི་རྣམ་སྨིན་དག་པའི་ཆོས་ཀྱི་ཕན་ཡོན་ཡང་དག་པ་ནི་གང་ཡང་འཐོབ་མི་ཐུབ་ལ།   ཇི་སྐད་དུངེས་པས་ཡིད་ཆེས་འདྲོངས་བ་དང་།  །ཐོས་པས་དད་པ་བྱེད་པ་གཉིས།  །ལམ་དང་དེ་ཡི་གཟུགས་བརྙན་བཞིན།  ཞེས་འབྱུང་བ་ལྟར།    གྱང་ངོར་བྲིས་པའི་རི་མོའི་ལམ་ལ་བརྟེན་ནས་གང་དམིགས་པའི་ཡུལ་དུ་བགྲོད་པར་མི་ནུས་པ་བཞིན།   རྨོངས་རློམ་དང་ཡིན་ཞེན་ཙམ་ལ་བརྟེན་ནས་དགེ་སྒྲུབ་ཚོགས་གསོག་གི་བགྱི་བ་གང་མང་རྩོམ་ཁུལ་བྱས་ཀྱང་།    དེས་སེམས་ཀྱི་ཉོན་མོངས་རྣམ་པར་བྲི་བའི་ཞི་ལྷག་གི་བློན་ཡོན་གོང་དུ་འཕེལ་བའམ།    ནང་བསྟན་རང་ལུགས་ཀྱི་ཆོས་སྐད་ལྟར་བཤད་ན།    འཁོར་བ་རྒྱུ་འབྲས་དང་བཅས་པ་རྣམ་པར་སྤངས་པའི་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུ་ནི་ཧ་ཅང་དཀའ་བ་སྟེ།    

    འཁོར་རྩ་བདག་འཛིན་རང་བཞིན་གྱི་མ་རིག་པ་ཡིན་ན།    འཁོར་རྩའི་བདག་འཛིན་ལྡོག་སྟེ་བདག་མེད་མངོན་སུམ་དུ་རྟོགས་པའི་རིག་པ་ཡེ་ཤེས་གོམས་པ་རབ་ཀྱི་མཐར་ཕྱིན་པའི་ཐར་པ་དང་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་མངོན་དུ་བྱེད་པ་ལ།      བདག་འཛིན་གྱི་གཉེན་པོ་ནི་བདག་མེད་པ་ཡི་འཛིན་སྟངས་རིགས་པས་ངེས་པའི་སྒོ་ནས་ཚུལ་བཞིན་གོམས་དགོས་པ་ཡིན་ནདེ་ཡང་མེད་ཚུལ་མ་ཤེས་ན།  །མེད་པར་མོས་པས་མི་ཕན་ཏེ།  ཞེས་འབྱུང་བ་ལྟར།   བདག་མེད་ཀྱི་དོན་ཉིད་མོས་པས་ལམ་དུ་བྱས་པས་ཀྱང་མི་ཕན་ན་བདག་མེད་ཀྱི་དོན་ལ་བློ་ཁ་ཡེ་ནས་ཕྱོགས་མྱོང་མེད་པའི་ལུས་ངག་གི་དགེ་ཆོས་དག་ཐར་པའི་རྒྱུ་རུ་མི་འགྱུར་བ་སྨོས་མ་དགོས་པས་སོ། 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4292