སྔོན་​འགྲོའི་གསལ་བཤད།
ཟིན་བྲིས་འདི་ནི་མཁས་པ་རྣམས་ཀྱི་གསེར་ཐང་གི་འཆད་ཁྲིད་འགའ་ཉན་པ་དང་ཆོས་འབྱུང་དང་དེབ་ཐེར་འགའ་བཀླགས་ཏེ་བྲིས་པ་ཞིག་ཡིན། དེ་ལྟར་ཡིན་ནའང་འདིའི་ནང་དུ་མི་སྣའི་ལོ་རྒྱུས་སོགས་ནོར་མེད་པའང་མི་སྲིད་ལ་གལ་ཏེ་ཡོད་ན་ཤེས་རབ་གཟུ་བོར་གནས་པའི་དཔྱོད་ཤེས་ཅན་དག་ལ་བཟོད་བཤགས་བྱས་པའོ། །  འདི་ནི་གཞན་རྗེས་འབྲང་པ་ཙམ་མ་ཡིན་པར་རང་ཉིད་དགེ་ཆོས་ལ་དད་ཅིང་གུས་པའི་མི་ཞིག་ཡིན་ཕྱིར་མཁས་དབང་མཆོག་གི་མཛད་རྣམ་དག་ཤེས་འདོད་སྐྱེས་ཏེ་གསེར་ཐང་ཀློག་ཞོར་དུ་ཟིན་བྲིས་འདི་གྲུབ་པ་ཡིན།  འདི་ནི་ཁྱེད་ཅག་གནང་བའི་ལོ་རྒྱུས་ཀྱི་ཟིན་ཐོ་མིན་ལ་སྐད་ཆ་ཡི་སློབ་གསོ་མིན།  འདི་ནི་བོད་གངས་ཅན་གྱི་མཁས་པ་རྣམས་ལ་ཞུ་མི་ཕོད་དེ་རང་དང་སྐལ་མཉམ་གྱི་བོད་རིགས་སྤུན་ཟླ་རྣམས་ལ་ཕུལ་བའི་སྐད་ཆ་ཉུང་ཙམ་ཞིག་ལས་མ་འདས། ཞེས་གངས་ཀྱི་གྲྭ་བཙུན་མིང་འཛིན་པ་རུས་རྐང་དྭངས་མས་སོ། །
རྫོགས་པའི་སངས་རྒྱས་དང་དབྱེར་མ་མཆིས་པའི་དྲིན་ཅན་རྩ་བའི་བླ་མ་ལ་ཕྱག་འཚལ་ལོ། །
གང༵ས་ཀྱི་རྨི་ལམ་བཞེངས་པའི་འཇིག་རྟེན་དུ། །
གང༵ས་སེང་དཀར་མོའི་ངར་སྐད་འདོན་ཐེངས་ཀྱིས། །
གང༵ས་ཁྲོད་སྲིན་པོའི་གདོང་དམར་དཔུང་སྡེ་ཞེས། །
གང༵ས་ཅན་མེས་དབོན་རྣམ་གསུམ་འདི་ནས་མཆོད། །
དགེ༵་བཅུའི་མངོན་པར་དགའ་བའི་ཞིང་མཆོག་ཏུ། །
འདུ༵ན་ལྗོངས་ལམ་བུར་བགྲོད་པའི་ལོ་ཚིགས་སུ། །
ཆོས༵་སྲིད་དབང་གི་རིགས་ཀྱི་སྙེ་མ་དེ། །
འཕེ༵ལ་མཛད་དམ་པ་མཆོག་དེ་འདི་ནས་དྲན། །
ལོ་ཟླར་སྤྲིན་གྱིས་བསྒྲིབས་པའི་རྗེས་ཤུལ་དུ། །
རིན་བྲལ་ནོར་བུས་བརྒྱན་པའི་གསེར་སྡོང་གི། །
ཟུར་དུ་གངས་ཀྱི་གྲྭ་བཙུན་མིང་འཛིན་པས། །
གཡུ་ཡི་ཕྲ་རྒྱན་འདོགས་པའི་བློ་སྤོབས་སྐྱེས། །
ད་ནི་ཐོག་མར་མཚན་དོན་འཇུག་པར་བྱ་སྟེ་མཁས་དབང་ཁོང་ཉིད་ཀྱིས་རྒྱལ་ཁམས་རྐང་པས་བསྐོར་བ་ཙམ་གྱིས་མ་ཡིན་པར་ཀླད་པ་དང་ཤེས་རབ་ཀྱིས་བསྐོར་བ་དང་དེབ་འདིའི་ནང་དུ་ཕྱོགས་ཞེན་དང་འཁྱོག་བཤད་ཀྱིས་་ཁེངས་པ་མེད་པའོ། ། མཆོད་བརྗོད་དེ་སངས་རྒྱས་ལ་ཕུལ་བའི་ལྟ་སྒོམ་སྤྱོད་གསུམ་གྱི་ལམ་ནས་གྲུབ་པའི་མཆོད་བརྗོད་ཞིག་ཡིན་འདུག་པར་སེམས། ཁ་བ་ཅན་ན་སྔོན་གྱི་སྲོལ་བཟང་ལས། ། འོངས་པའི་ཡ་རབས་རྣམ་འགྱུར་གང་མཐོང་བ། ། འཕགས་ཡུལ་སྐྱེ་བོའི་སྒོ་གསུམ་ཀུན་སྤྱོད་ཀྱི། ། གཟུགས་བརྙན་འཕོས་པའི་རི་མོ་བཞིན་དུ་གནས། ། དེའི་ཕྱིར་གནའ་རབས་མཁས་པའི་གཞུང་ལུགས་ལས། ། དོན་གྱི་རོ་ཉམས་ཚོར་བ་དེ་དག་ལ། ། ལྗོངས་འདིའི་གནས་ཚུལ་ཞིབ་པར་གླེང་བས་ཀྱང་། ། ཐོས་པའི་ཡན་ལག་རྫོགས་ལ་ཕན་མཐོང་ནས། ། མཐོང་ཐོས་དབང་པོའི་ཡུལ་དུ་མ་གྱུར་པར། ། ཁྱིམ་གྱི་མལ་དུ་དཔྱད་པས་མི་ཤེས་པའི། ། ཕྲ་རགས་དོན་གྱི་ཁྱད་པར་ཇི་སྙེད་ཅིག ། རྣམ་གསལ་དཔེ་ཡི་ལམ་ནས་འདིར་བཤད་བྱ། །ཅེས་པ་ནི་བོད་ཀྱི་འགྲོ་ལུགས་འདུག་སྟངས་དེ་རྒྱ་གར་གྱི་སྤྱོད་པ་ལ་བལྟས་བཞག་པ་ཡིན་ན་རི་མོ་བཞིན་དུ་གནས་ཡོད་པ། གོ་སླ་བ་བྱེད་ན་པར་བརྒྱབ་བཞག་པ་ལྟ་བུ་ཞིག་ཡིན་འདུག  དེའི་ཕྱིར་ན་རྒྱ་གར་གྱི་གནས་ཚུལ་ཞིབ་ཏུ་གླེང་བ་དང་།  རྒྱ་གར་གྱི་མཁས་པ་རྒྱན་དྲུག་མཆོག་གཉིས་ཀྱིས་མཛད་པའི་བསྟན་བཅོས་དང་དེའི་འབྲེལ་བ་མཛད་མཁན་བོད་ཀྱི་གནའ་རབས་ཀྱི་མཁས་པ་དག་གི་གཞུང་ལུགས་ལ་དོན་གྱི་རོ་ཉམས་ཚོར་ཐུབ་མཁན་དག་ལ་ཐོས་པའི་ཡན་ལག་རྫོགས་པ་ལ་ཕན་ཐོག་པར་འདོད་དེ་བྲིས་པའོ།།   ཤེས་བྱ་ལ་ལ་ཞིག་བསྡད་དེ་དཔྱད་པའི་སྒོ་ནས་རྟོགས་ཐུབ་པ་ཞིག་དང་ཡང་ཤེས་བྱ་ལ་ལ་མཐོང་ཐོས་ཡུལ་དུ་མ་གྱུར་པར་མལ་དུ་དཔྱད་པས་མི་ཤེས་པ་ཞིག་འདུག་པས་ན་མི་ཤེས་པའི་ཕྲ་རགས་ཀྱི་དོན་ཇི་སྙེད་ཅིག་དཔེ་ཡི་ལམ་ནས་འདིར་བཤད་པར་བྱ་ཞེས་རྩོམ་པ་དམ་བཅའ་བའོ། །  དེ་ཡང་ཆོས་རྒྱལ་སྲོང་བཙན་སྒོམ་པོས་བོད་ཁ་བ་གངས་ཅན་དུ་དམག་དོན་གྱི་ཆ། རིག་ གནས་ཀྱི་ཆ།  ཆབ་སྲིད་ཀྱི་ཆ། ལྷག་པར་དུ་རྒྱ་གར་འཕགས་པའི་ཡུལ་ནས་ཆོས་ལུགས་དེ་བོད་དུ་གདན་དྲངས་པ་སོགས་མཛད་རྗེས་མང་པོ་ཡོད་པ་རེད།   དེ་ནས་བཟུང་སྟེ་སྐྱེ་བོ་ཀུན་གྱིས་རྒྱ་གར་འཕགས་པའི་ཡུལ་ཞེས་པར་དད་གུས་དང་འདུན་པའི་ཤུགས་རྐྱེན་གྱིས་རང་རེའི་མཁས་པ་རྣམ་ཀྱི་རྣམ་དཔྱོད་ཀྱི་འཆར་ཚུལ།  རྩོམ་པའི་སྒྲིག་སྟངས། ཆས་དང་ཆོ་ག་སོགས་ལ་རྒྱ་གར་གྱི་ཤན་གྱིིས་ཁྱབ་ཡོད་འདུག ཐ་ན་མཁསཔ་རྣམས་ཀྱིས་ཚིགས་བཅད་ཞིག་བྲིས་ཡོད་ཀྱང་དེའི་ནང་དུ་རྒྱ་གར་གྱི་རི་ཆུ་མེ་ཏོག་གི་མིང་ཁོ་ན་འོངས་པ།   དེའི་དཔེར་གསེར་ཐང་དུ་གསལ།  ཁོང་ཉིད་ཀྱིས་ས་ཆ་གང་མང་དུ་ཕེབས་ཏེ་མཐོང་ཐོས་དང་བློ་བསྐྱེད་གང་ཡོད་པ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་བྲིས་པ་རེད།  འོན་ཀྱང་འདིའི་ནང་དུ་མ་ཤེས་པ་འོལ་ཚོད་ཀྱིས་ཐག་བཅད་པ་དང་ཁུངས་མེད་པའི་མཚར་གཏམ།  གཞན་གྱི་ངོ་བསྲུང་གི་ཆེད་སོགས་ཀྱིས་མ་འདྲེས་པར་ཤེས་རབ་ཅན་གྱི་བློ་གཟུ་བོ་ཁོ་ནའི་ཆེད་དུ་དཀྱུས་མའི་གླེང་མོ་ལྟར་བྱེད་འདོད་པ ཡིན་འདུག  དྲང་པོའི་ལུགས་སུ་བྱས་ན་མཁས་པ་ཆེ་ཆུང་མང་པོའི་ཐུགས་ལ་མི་དགའ་བ་དང་།  དགེ་ཆོས་ཁོང་རང་ཉིད་ཀྱི་འཚོ་ཐབས་སོགས་ལ་གནོད་པར་འགྱུར་བ་རང་ཡུལ་རང་རྒྱུས་ཡོད་པས་ཤིན་ཏུ་ཤེས་མོད། འོན་ཀྱང་ཅི་ལྟར་བྱེད་ན་བྱེད།  ད་ནི་བྲི་རྒྱུ་ཡིན་པས་སེམས་ཆུང་རྣམས་འཁོན་དུ་མི་འཛིན་པར་ཞུ་གསུངས་པ་འདུག  བླུན་པོ་རྣམས་ངོ་མཚར་བའི་ཧར་གཏམ་ལ་དགའ་ཡང་འདིའི་ནང་དུ་དེ་འདྲའི་ནང་དོན་དང་ངོ་བསྲུང་ཚིག་གིས་བརྩེགས་པ་དག་མེད།  འདིས་དད་པ་ཞིག་སྐྱེ་ཨེ་ཐུབ་མི་ཤེས་བཅས་ཁོང་གི་སྨྲས་འདུག་ལ་དེ་དག་རིང་དུ་སྤངས་ནས་དྲང་པོའི་ལམ་དུ་ཞུགས་ཏེ་བྲི་བར་བྱ་ཞེས་སོ། །དགེ་ཆོས་ཁོང་ཉིད་དགུང་ལོ་སོ་གཉིས་ཤིང་ཕོ་ཁྱིའི་ལོ་ཕྱི་ལོ་༡༩༣༨རྒྱ་གར་དུ་ཕྱིན་པ་དང་ལོ་དེ་སྟོན་པ་འདས་ནས་ལོ་༢༤༧༦ཡིན་འདུག   འོག་ཏུ་རྒྱབ་རབས་འཆད་པའི་སྐབས་སུ་ཡང་སྟོན་པ་འདས་པའི་ལོ་འདི་ཉིད་གཞི་བཟུང་བར་བྱའོ་ཞེས་ཀྱང་སྨྲས་སོ། །    ཁོང་ཉིད་ཆུང་དུས་སུའང་རྒྱ་གར་དུ་འགྲོ་འདོད་ཀྱི་བསམ་པ་ཡོད་པ་དང་།   དབུས་སུ་ཕེབས་ནས་འབྲས་སྤུངས་སུ་ལོ་བདུན་ཙམ་བཞུགས།  དེ་སྐབས་ཤིག་ན་རྒྱ་གར་གྱི་པཎྜིཏ་ར་ཧུ་ལ་བོད་དུ་ཕེབས་ནས་དེ་དང་ཐོད་ཐུགས་པར་བྱུང་།  དེ་ནས་ཁོང་གཉིས་གནས་སྐོར་འགྲོ་ཞོར་དུ་ར་ཧུ་ལའི་མདུན་ནས་ལེགས་སྦྱར་བསླབ་རྒྱུའི་འགོ་བརྩམ་པ་རེད།  ར་ཧུ་ལས་ཀྱང་བོད་སྐད་ག་ལ་གང་ཙམ་རེ་ཤེས་ཀྱིན་འདུག  འཕན་ཡུལ་ནི་ལྷ་སའི་ཐག་ཉེ་བ་ཞིག་ཏུ་འདུག་སྟེ་ཡུལ་དེར་བཀའ་གདམས་པའི་གདན་ས་མང་ཆེ་བ་ཞིག་འདུག  བཀའ་གདམས་པའི་དགོན་པ་དེར་མཆོད་རྟེན་མང་པོ་ཡོད་པ་དང་རྒྱ་གར་དུ་ནཱ་ལེན་དྲའི་དགོན་ཤུལ་དུའང་མཆོད་རྟེན་གྲངས་མང་འདུག་པས་སྔོན་གྱི་སྲོལ་དེ་ག་རང་ཡིན་འདུག་སྙམ་པའི་ཚོར་བ་སྟེར་ཞེས་གསུང་སྟབས་འདིའི་སྐབས་དགེ་ཆོས་ཀྱིས་རྒྱ་གར་ཕྱིན་ཟིན་པའི་རྗེས་སུ་གསེར་ཐང་བྲིས་པ་ཡིན་པ་ཤེས་ཐུབ།  དགོན་སྡེ་དེ་དག་ལས་རྙིང་ཤོས་ནི་རྒྱལ་ལྷ་ཁང་དེ་ཉིད་ཡིན་པ་དང་།  དེ་ནི་འགོས་༡ལོ་ཙྭ་བ་གཞོན་ནུ་དཔལ་གྱིས་གནས་གཞི་ཆེན་པོ་བཞི་ཞེས་གསུངས་པའི་ཡ་གྱལ་ཏེ།  དེ་བཞེངས་པ་པོ་ནི་བླ་ཆེན་དགོངས་པ་རབ་གསལ་གྱི་དངོས་སློབ་༢ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ཀྱི་༣སློབ་བུ་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ཡིན་པར་འདུག ༡འགོས་ལོ་ཙྭ་བ་གཞོན་ནུ་དཔལ་ནི་རབ་བྱུང་བདུན་པའི་ཆུ་སྤྲེལ་ལོ་ལ་འཁྲུངས་པའི་བཀའ་བརྒྱུད་པའི་ལོ་ཙཱ་བ་གྲགས་ཅན་ཞིག  རབ་བྱུང་བརྒྱད་པའི་མེ་སྤྲེལ་ལོ་ལ་དེབ་ཐེར་སྔོན་པོ་བརྩམས། རབ་བྱུང་བརྒྱད་པའི་ལྕགས་གླང་ལོ་ལ་འདས།  ༢དེབ་སྔོན་དུ། ཀླུ་མེས་བྱོན་པའི་དུས་ཚོད་ནི་ཇོ་བོ་རྗེ་ལྷ་གཅིག་བོད་དུ་བྱོན་པའི་སྔ་རོལ་ལོ་དྲུག་ཅུ་རྩ་བཞི་པོ་དེའི་ཁོངས་སུ་ཀླུ་མེས་དཔོན་སློབ་ཀྱིས་གཙུག་ལག་ཁང་མང་དུ་མཛད་དེ། ས་མོ་བྱ་ཡི༡༠༠༩ལོར་ལ་མོར་འགྱེལ་གྱི་གཙུག་ལག་ཁང་བརྩིགས་ཞེས་གསལ་བ་ལྟར་དུས་སྐབས་དེ་རང་ལ་བྱོན་པར་ངེས།  ༣ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ནི་ཀླུ་མེས་ཀྱི་སློབ་མ་ཀ་བ་བཞིའི་ཡ་གྱལ། རྗེ་འདི་ཉིད་ཡབ་སྣ་ནམ་ཇོ་སྲས་དང་ཡུམ་ཞང་ལྕམ་སྒྲོལ་མའི་སྲས་སུ་བོད་མེ་བྱི༩༧༦ལོར་ཉམས་དགའ་བར་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་ལོར་ར་བ་ཟླུམ་པོར་ཀླུ་མེས་ལས་རབ་ཏུ་བྱུང༌། དེ་རྗེས་ཡབ་ཀྱིས་ར་ཚག་བརྩིགས། དགུང་ལོ་སོ་བདུན་ལོར་རྒྱལ་ལྷ་ཁང་འདི་ཉིད་བཞེངས་པར་གྲགས།  འདི་ནས་ཁོང་གིས་༼དེའི་སྐབས་དར་མས་ཆོས་བསྣུབས་ནས་ལོ་༡༡༣ཙམ་ཡིན་འདུག༽ གསུངས་ཀྱང་འདིའི་སྐབས་ང་ཚོས་དར་མས་ཆོས་བསྣུབས་མ་བསྣུབས་ལ་ཅུང་ཙམ་དཔྱད་པར་བྱ་སྟེ།  དར་མས་ཆོས་བསྣུབས་ཞེས་པའི་ཐ་སྙད་དེ་རྦ་བཞེད་ཞབས་བཏགས་མའི་ནང་དུ་འབྱུང་བ་དང་དེའི་སྔོན་དུ་ཆོས་འབྱུང་དང་དེབ་ཐེར་གང་ལ་ཡང་དེ་འདྲའི་བྱུང་མེད་པ་འདྲ།  དེའི་རྗེས་སུ་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལས་གང་མང་ཞིག་བྱུང་འདུག  ལ་ལས་འདུལ་བའི་བསྟན་པ་མ་གཏོགས་དེ་དུས་གསང་སྔགས་ཀྱི་བསྟན་པ་ཧ་ཅང་དར་བ་ཞེས་གསུངས་སྟངས་འདྲ་མིན་མང་པོ་འདུག  གང་ལྟར་དར་མས་བསྟན་པ་བསྣུབས་མ་བསྣུབས་པ་འདི་རྩོད་གཞི་ཆེན་པོ་ཞིག་རེད།  གོང་གི་མཁས་དབང་ཁོང་ཉིད་ཀྱི་གསུངས་པ་དེ་ཡོངས་གྲགས་ཀྱི་དབང་དུ་གསུང་པ་ཨེ་ཡིན་སྙམ།  ཡང་ན་ཁོང་ཉིད་དེ་ལ་དེ་དུས་ཞིབ་ཏུ་དཔྱད་ཁོམ་མ་བྱུང་པ་ཨེ་ཡིན་ན།  གལ་ཏེ་དེབ་དཀར་མཇུག་སྐྱོང་ཐུབ་ཡོད་ན་དེའི་ནང་དུ་བཀོད་ཡོད་པ་ཤ་སྟག་རེད། དེ་ནི་བསྟན་པ་ཕྱི་དར་སྐབས་ཀྱི་དང་པོའི་གནས་གཞི་གྲས་ཡིན་འདུག   བོད་ཀྱི་བསྟན་པ་སྔ་དར་དང་ཕྱི་དར་ཐོག་མའི་དགོན་པ་བཏབ་ཚུལ་སོགས་རྒྱ་གར་འདྲ་བ་འདུག  རྒྱལ་ལྷ་ཁང་དུ་རྡོ་རིང་ཞིག་འདུག་པ་དང་དེའི་སྐེད་པ་དང་ཤར་ངོས་སུ་ཡིག་འབྲུ་འགའ་རེ་ཡོད་པ་དང་དེ་དག་གསེར་ཐང་དུ་གསལ།   རྡོ་རིང་འདིའི་བཙུགས་མཁན་མི་སྣང་བ་དང་།  འོན་ཀྱང་བཙུགས་པ་ལ་ཞེས་པ་དང་སྒོ་གཉེར་སོ་སོར་བླང་། སོགས་ལ་བལྟས་ན་རྒྱལ་པོ་ཞིག་གིས་བཞེངས་པར་སྣང་གསུངས་འདུག  གལ་ཏེ་འདི་བཙུགས་མཁན་རྒྱལ་པོ་ཞིག་ཡིན་ བཞག་པ་ཡིན་ན་དུས་ཚོད་གོང་བསྒྲིགས་ཏེ་བལྟས་ན་དར་མའི་ཚ་བོ་བཀྲིས་བརྩེགས་དང་དེའི་སྲས་མངའ་བདག་འོད་ལྡེ་སོགས་ཡིན་ཁ་འདུག་ཞེས་གསུངས།   དེ་ནས་མར་འགྲོ་དུས་རི་ཕུག་ཞིག་ཏུ་བཙུན་དགོན་ཞིག་འདུག་སྟེ་དེ་ནི་པ་ཚབ་ལོ་ཙཱ་བའི་གདན་ས་ཡིན་འདུག  པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་མཆོག་ནི། མདོ་སྡེ་དྲན་པ་ཉེར་བཞག་གི་འགྱུར་བྱང་གི་གཤམ་དུ་བྱང་ཕྱོགས་པ་ཚབ་ཀྱི་ཡུལ་དུ་སྐྱེས་པའི་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་དམ་པའི་ཆོས་ལ་གུས་པས་རྒྱ་གར་གྱི་རྒྱལ་པོ་ཕུན་སུམ་ཚོགས་པའི་དཔལ་གྱི་དབང་ཕྱུག་གཞན་པས་ཆེས་མཐོ་བ་དང་ལྡན་པ་རྭ་མ་པཱ་ལའི་རིང་ལ་ཐེག་པ་ཆེན་པོའི་མདོ་སྡེ་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པ་ཞེས་བྱ་བའི་ཤས་ཞིག་འགྱུར་བའི་འགྲོ་ཡོངས་སུ་རྫོགས་པར་བྱས་ནས་བསྒྱུར་བའོ་ཞེས་གསལ།  ཅེས་དུང་དཀར་ཚིག་མཛོད་དུ་གསུངས། འདི་སྐབས་སུ་ཁོང་གཉིས་རྒྱལ་ལྷ་ཁང་ལ་སོགས་པ་ལ་སོང་ནའང་རྒྱ་དཔེ་མཇལ་བའི་ལོ་རྒྱུས་ཤིག་མེད་ཁུ། དེ་ནི་ཅི་ཡིན་པར་མ་ཚོར། དེ་ནས་རྭ་སྒྲེང་དུ་སླེབས།  འདི་ནི་བཀའ་གདམས་ཆོས་ལུགས་ཀྱི་དགོན་པ་དང་པོ། རབ་བྱུང་དང་པོའི་མེ་བྱ་ལོར་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་བཏབ་པ་ཡིན་པ་གྲགས།  དགོན་པ་དེར་རྒྱ་དཔེ་རེ་ཡོད་པ་ཐོས་ཀྱང་མཇལ་ཁ་མ་གནང་།  ཅིའི་ཕྱིར་ཞེ་ན་ཕྱག་མཛོད་དེས་ར་ཧུ་ལ་མགོ་སེར་གྱི་རིགས་སུ་སྣང་ཡོད་པ་འདྲ།    སྤྱི་ན་ར་ཧུ་ལ་རྒྱ་གར་གྱི་མི་ཡིན་པས་མགོ་སེར་གྱི་རིགས་དང་ནོར་དགོས་ཡ་མེད་ཀྱང་ཡུལ་རྒྱུས་མེད་པས་ན་ཁག་མི་འདུག  འདི་སྐབས་སུ་ཕྱག་མཛོད་དེས་མགོ་སེར་གྱི་རིགས་ལ་ཅིའི་ཕྱིར་དུ་མཇལ་ཁ་གནང་དུ་མ་བཅུག་པ་རེད།  དེ་ནི་ཕལ་ཆེར་ལོ་རྒྱུས་ཀྱིས་སྐྲུན་པ་ཡིན་པ་སྙམ།  རྭ་སྒྲེང་དུ་གླེགས་བམ་མང་པོ་ཡོད་ཀྱང་དེ་དག་ནི་བོད་དཔེ་ཁོ་ན་ཡིན་འདུག  རྒྱ་གར་ནས་རྒྱ་དཔེ་ཏ་ལའི་ལོ་མར་སྟེང་བྲིས་ཡོད་པས་དེ་དག་རྒྱ་དཔེ་མིན་པར་ཆེ་ཆུང་ལམ་ནས་ཤེས་ཐུབ་འདུག  རིམ་གྱིས་ལྷ་སར་སླར་འོངས་ཏེ་རྒྱ་གར་དུ་ཆས། ཧོར་ཟླ་བདུན་པ་ཙམ་ལ་རྒྱལ་རྩེར་སླེབས། དེ་ནས་བྱང་ཕྱོགས་སུ་རྐང་ཐང་དུ་ཉིན་གཅིག་ཙམ་སོང་བ་ན་སྤོས་ཁང་ཚོགས་པ་བྱ་བའི་དགོན་པ་ཞིག་ཡོད་པ་འདུག  འདི་ནི་ཁ་ཆེ་པཎ་ཆེན་དུས་ཀྱི་ཚོགས་པ་བཞིའི་ཡ་གྱལ་ཞིག་ཡིན་འདུག  ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ཀྱི་འཁྲུངས་ལོ་དང་བོད་དུ་ཕེབས་པའི་ལོ་ལ་བོད་ཀྱི་མཁས་པ་འགའ་ཞིག་གིས་བཞེད་པ་མི་འདྲ་བ་ཡོད་ཀྱང་།  དེབ་སྔོན་དུ་པཎ་ཆེན་གྱི་འཁྲུངས་ལོ་རབ་བྱུང་གཉིས་པའི་མེ་ལུག་༡༡༢༧ལོ་ཡིན་པ་དང༌། དགུང་ལོ་བདུན་ཅུ་དོན་བརྒྱད་པ་རབ་བྱུང་གསུམ་པའི་ཤིང་བྱ་༡༢༠༤བོད་དུ་ཕེབས། དེ་ནས་རབ་བྱུང་བཞི་པའི་ཆུ་བྱ༡༢༡༣ལོ་བར་བོད་དུ་བཞུགས། དེའི་ཕྱི་ལོ་ཁ་ཆེའི་ཡུལ་དུ་ཕེབས་ནས་གཞན་དོན་རྒྱ་ཆེན་པོ་མཛད། དགུང་ལོ་དགུ་བཅུ་གོ་དགུ་པ་རབ་བྱུང་བཞི་པའི་ཤིང་བྱ༡༢༢༥ལོར་དགོངས་པ་མྱ་ངན་ལས་འདས་སོགས་གསུངས་འདུག འདི་ཉིད་ནི་བསྟན་པ་ཕྱི་དར་དུས་ཀྱི་བོད་ལ་མཛད་རྗེས་ཆེ་བའི་མི་སྣ་ཞིག་ཡིན་པར་འདུག དེར་གནའ་དུས་ཀྱི་ལྷ་ཁང་རྙིང་མ་ཞིག་འདུག་པ་དེ་ནི་བཙན་པོའི་སྐབས་ཀྱི་མཐའ་འདུལ་གྱི་ལྷ་ཁང་རེད་ཟེར་ཀྱང་དགེ་ཆོས་ཀྱིས་མི་བདེན་པར་སྣང་འདུག  རྟེན་དུ་ཁ་ཆེའི་པཎ་ཆེན་གྱི་ན་བཟའ་སོགས་མང་དུ་ཡོད་འདུག  དེར་ཁ་ཆེའི་པཎ་ཆེན་གྱི་ཆོས་གོས་འདུག་སྟེ་དེ་དང་མཐུན་པའི་ཁ་དོག་ཅན་བྷར་མ་ནའང་ཡོད་པར་འདུག ཆོས་གོས་ཀྱི་ཁ་དོག་གསེར་ཐང་དུ་གསལ།  དེ་དག་ལ་བལྟས་ན་སྔོན་གྱི་དུས་སུ་ཆོས་གོས་སྨུག་པོའི་སྲོལ་འདི་དར་ཁྱབ་ཆེ་བར་སེམས་འདུག ཁ་ཆེའི་པཎ་ཆེན་གྱི་སྐུ་ཆོས་དང་ལྷུང་བཟད། ཞབས་ལྷམ་སོགས་ཀྱི་ཚུགས་ཀ་དང་དབྱིབས་དག་གསེར་ཐང་དུ་གསལ། དེ་ནང་དུ་དགེ་ཆོས་ཀྱིས་ཆེས་ཡིད་འཕྲོག་པ་ཞིག་དེ་ནི་ངོ་མཚར་ཆེ་བའི་དོན་ཡོད་ཞགས་པའི་བྲིས་ཐང་ཡ་མཚན་པ་དེའོ། །  འདི་འདྲའི་རྒྱ་བཟོ་བྲིས་ཞིབ་ཐོན་པ་ཞིག་ད་ལྟ་རྒྱ་བོད་གཉིས་ནའང་མེད་པར་སེམས། དེང་སང་གི་བཟོ་ལུགས་དེ་ཕྱིས་ཕྱིས་སུ་ཡིན་པར་སྣང་།  ཅེས་དེར་བཞུགས་པའི་རྒྱ་དཔེའི་དཀར་ཆགས་དག་གསེར་ཐང་དུ་གསལ་ལོ།།      དེ་ནས་ཞ་ལུར་སླེབས།  འདི་ནི་བསྟན་པ་ཕྱི་དར་གྱི་དུས་འགོར་བཏབ་པའི་གྲགས་ཅན་གྱི་དགོན་གནས་རྙིང་ཁུངས་ཤིག་ཡིན་ཏེ། རབ་བྱུང་གོང་གི་ཆུ་ཡོས༡༠༠༣ལོར་སྐུ་ཞང་གྲགས་པ་རྒྱལ་མཚན་གྱིས་སྦྱིན་བདག་མཛད་ནས་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་སློབ་མ་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ཞ་ལུ་གསེར་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས།  ལྕེ་བཙུན་འདི་ཉིད་དབུས་གཙང་མི་བཅུའི་ཡ་གྱལ་ལོ་སྟོན་གྱི་མཁན་བུ་ཡིན་ཞིང་། འདི་ཉིད་ཀྱིས་རབ་བྱུང་དང་པོའི་ལྕགས་འབྲུག༡༠༤༠ལོར་ཞ་ལུ་གསེར་ཁང་ཕྱག་བཏབ་རྗེས་རྒྱ་གར་རྡོ་རྗེ་གདན་ལ་བྱོན་ནས་རྡོ་རྗེ་གདན་པ་ཆེན་པོ་སློབ་དཔོན་ཨ་བྷ་ཡ་ཀ་ར་ལས་སྡོམ་པ་བླངས་ཏེ་ཆོས་མང་དུ་ཞུས་སོགས་དུང་དཀར་ཚིག་མཛོད་དུ་གསལ།  རི་ཕུག་ཞིག་ཏུ་བུ་སྟོན་རིན་པོ་ཆེའི་གཟིམ་ཤག་ཡོད་འདུག  བུ་སྟོན་རིན་པོ་ཆེ་འདི་ཉིད་ནི་རྙིང་མའི་གྲུབ་ཐོབ་ཆེན་པོ་ཞིག་གི་སྲས་ཡིན་པར་གྲགས།  དགོང་ལོ་ལྔའི་ཐོག་ནས་ཡབ་ཀྱི་མདུན་ནས་ཀློག་བསླབ་པ་དང་དེ་ནས་རིམ་གྱིས་བརྡ་སྤྲོད་པ་སོགས་སྦྱོང་། དགོང་ལོ་བཅོ་བརྒྱད་སྟེང་རབ་ཏུ་བྱུང་བ་ཡིན་འདུག   དགོང་ལོ་ཉི་ཤུའི་ནང་དབུས་ནས་གྲྭ་སྐོར་མཛད།  དབུས་ནས་མཁས་པ་ཤཱཀྱ་གཞོན་ནུ་དང་ཁ་རག་བྱང་གཞོན། གཙང་ནས་མཁས་པ་དཔལ་ལྡན་སེང་གེ་དང་། འཇམ་སྐྱ་སོགས་ལུང་རིགས་ཀྱིས་བཏུལ་བས་སྙན་གྲགས་དབུས་གཙང་ཀུན་ཏུ་ཁྱབ། མཁས་པའི་ཁྲོད་དུ་ཕ་སྟོན་པ་ལ་བུའང་སྟོན་པ་བྱུང་འདུག་ཅེས་བུ་སྟོན་ཞེས་པའི་མཚན་ཡང་དེ་ནས་ཐོགས། ཁོང་གི་མཚན་དངོས་ལ་རིན་ཆེན་དོན་གྲུབ་ཞུ་བ་ཡིན་འདུག   ཞིབ་ཏུ་ཤེས་འདོད་ན་རྣམ་ཐར་རྒྱས་པར་གཟིགས།    ཁོང་གི་ཕྱག་དཔེ་འགངས་ཆེན་འགའ་ཡང་གནས་དེར་ཡོད་འདུག  དེ་ནས་རི་ཕུག་ནས་རྒྱ་དཔེ་རྣམས་གདན་དྲངས་ཏེ་མཇལ་ཚེ་དེའི་ཁྲོད་དུ་མཁང་དབང་དགེ་ཆོས་ཀྱིས་པོད་དེའི་ནང་དུ་རྟོག་གེ་འབར་བ་ཆ་ཚང་འདུག འདི་རྩ་བ་ དབུ་མ་སྙིང་པོ་རང་ཡིན་གྱི་འགྲེལ་བ་མ་རེད། ཞེས་གསུངས་འདུག རྟོག་གེ་འབར་བ་ཞེས་པ་ནི་རྒྱ་གར་གྱི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་དབུ་མ་རང་རྒྱུད་དུ་བཀྲལ་བའི་རང་གཞུང་དབུ་མ་སྙིང་པོ་དང་དེའི་རང་འགྲེལ་ཡིན་འདུག  འོན་ཀྱང་དགེ་ཆོས་ཀྱིས་འགྲེལ་བ་མ་རེད་གསུངས་པ་ལ་ཕྲན་གྱིས་ཧ་མ་གོས་བས་དཔྱོད་ལྡན་ཅན་གྱིས་ཞིབ་དཔྱད་པར་བྱ། དེ་བཞིན་དུ་དེའི་ནང་ཡོད་པའི་དཔེ་ལྡེབ་དག་གསེར་ཐང་དུ་གསལ་ལོ། །  གང་ལའང་སྙིང་པོ་མེད་ཟེར་བའི་ངེས་འབྱུང་ཅན་རྣམས་ཀྱི་ཁ་ལ་མ་ཉན་པར་རིག་པར་འཚོལ་བའི་ལམ་དུ་འཇུག་པར་གྱིས་ཤིག་ཅེས་གསུངས། ཚིག་འདི་ཉིད་ཀྱི་གོ་དོན་ལ་ཅུང་ཙམ་འབྲེལ་བར་བྱ་སྟེ།  ངེས་པར་དོན་གྱི་ངེས་འབྱུང་རྣམ་པར་དག་པ་ཞིག་སྐྱེས་ན་བསམ་གྱིས་མི་ཁྱབ་པ་ཡིན་པས་དེ་ལ་གོ་བ་མ་ཡིན་པར་གང་བྱུང་ཤེས་རིག་གི་ཐོག་ལ་འཁྱོག་བཤད་བྱེད་མཁན་དག་གི་ཁ་ལ་མ་རྒྱུགས་བཅས་པའོ། །   དེ་ནས་ངོར་ཨེ་ཝཾ་ཆོས་ལྡན་དུ་སླེབས།  དེ་ནི་མཁས་གྲུབ་ཆེན་པོ་ཀུན་བཟང་པའི་གདན་ས་ཡིན་འདུག  འདི་ནས་ཀུན་མཁྱེན་གོ་བོ་་རབ་འབྱམས་པ་སོགས་མཁས་པ་མང་དུ་བྱོན།  གོ་བོ་རབ་འབྱམས་པ་འདི་ཉིད་ཀྱིས་ དགུང་ལོ་བཅུ་པ་ས་རྟ་ལོར་སློབ་དཔོན་ཀུན་དགའ་འབུམ་གྱི་དྲུང་དུ་རབ་བྱུང་ཞུས། དགུང་ལོ་བཅུ་དགུ་པ་རབ་བྱུང་བརྒྱད་པའི་མེ་ཡོས་ལོར་མཁན་པོ་དེ་ཉིད་དང༌། རབ་འབྱམས་པ་ཤེས་རབ་དཔལ་སོགས་བསྟེན་ནས་གཞུང་ཆེན་པོ་ལྔ་ལ་སློབ་གཉེར་ལེགས་པར་མཛད། དགུང་ལོ་ཉེར་དྲུག་པ་ཤིང་ཁྱི་ལོར་ངོར་ཨེ་ཝཾ་ཆོས་ལྡན་དུ་བྱོན་ནས་ངོར་ཆེན་ཀུན་དགའ་བཟང་པོ་བླ་མར་བསྟེན་ཏེ་མདོ་སྔགས་ཀྱི་ཆོས་རྒྱུན་མང་དུ་གསན་ནས་ལོ་བཞི་རིང་བཞུགས། འདིར་རྒྱ་དཔེ་པོད་ཆེ་ཆུང་བཞི་བཅུ་ལྷག་བཞུགས་འདུག  ཞིབ་ཏུ་གསེར་ཐང་དུ་གསལ།   དེའི་སྐབས་སུ་དགེ་ཆོས་ཀྱིས་དེར་གནས་པའི་གྲྭ་པ་ཁ་ཤས་ལ་རྩོད་པ་བྱས་ཡོད་པར་སྣང་། རྒྱུ་མཚན་གསེར་ཐང་གི་དེའི་མཚམས་སུ་གྲྭ་པ་ཡོན་ཏན་ཅན་འགའ་ཞིག་གིས་ཞེས་སོགས་གསུངས་འདུག གསེར་ཐང་དུ་གསལ། དེའི་སྐབས་སུ་ཁོང་གིས་ཀྱང་རིགས་པ་ཞིག་འཕེན་པས་ཁོང་ཚོའི་ཁ་རྦད་ཀྱིས་ཆོད་པར་བྱས་འདུག  དེ་ནས་པཎྜི་ཏ་སྨྲི་ཏིས་ལུག་རྫི་མཛད་པའི་གནས་ཤབ་གཞུང་བརྒྱུད་ནས་དཔལ་ལྡན་ས་སྐྱར་སླེབས་འདུག འདི་ཉིད་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་ཡོངས་གྲགས་ཀྱི་མཁས་པ་ཞིག་ཡིན་འདུག་ཅིང་།  དུང་དཀར་ཚིག་མཛོད་དུ། སྨྲི་ཏི་ཛྙ་ན་ཀིརྟི་སྟེ་བོད་སྐད་དུ་དྲན་པ་ཡེ་ཤེས་གྲགས་པ་ཞུ།རྒྱ་གར་གྱི་པཎྜི་ཏ་ཧ་ཅང་མཁས་པའི་སྙན་གྲགས་ཅན་ཞིག་ཡིན་ཞིང་དུས་རབས་བཅུ་པའི་མཇུག་ཏུ་བལ་པོ་ལོ་ཙཱ་བ་པདྨ་རུ་རྩེའམ་རྨ་རུ་རྩེས་པཎྜི་ཏ་​སྨྲི་ཏི་དང་ཕྲ་ལ་རིང་བ་གཉིས་རྒྱ་གར་ནས་བོད་དུ་སྤྱན་དྲངས། ལམ་བར་དུ་ལོ་ཙཱ་བ་ཕོ་བའི་སྐྲན་ནད་ཀྱིས་གྲོངས་ནས་བོད་སྐད་མ་མཁྱེན་པའི་རྐྱེན་གྱིས་གཙང་རྟ་ནག་ཏུ་མི་ཚང་ཞིག་གི་ལུག་རྫི་གནང་། མཐར་ཁོང་གི་སློབ་མ་དཔྱལ་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན་གྱིས་མི་ཚང་དེ་ལ་གསེར་སྦྱིན་ནས་བླུས་ཏེ་སྨན་ལུང་དུ་སྤྱན་དྲངས་ནས་ཆོས་ཞུས། མཐར་མདོ་ཁམས་ལྡན་མའི་ས་ཁུལ་དུ་གདན་དྲངས་ཏེ། འབྲོམ་སྟོན་པ་སོགས་སློབ་མ་ཁ་ཤས་ལ་རྒྱ་གར་སྐད་ཀྱི་སྒྲ་རིག་པ་བསླབས་པ་གནང་། དེང་སང་གི་སྨྲ་སྒོ་མཚོན་ཆ་ཞེས་པའི་གཞུང་དེ་ཡང་སྐབས་དེར་ཁོང་གིས་བརྩམས་པར་གྲགས་ཤིང་། དེ་ནི་སྒྲ་རིག་པའི་བསྟན་བཅོས་ཤིག་ཡིན་པ་དང་། ཕྱི་འབྱུང་གི་མཁས་པ་རྣམས་ཀྱིས་བརྩམས་པའི་སུམ་རྟགས་སོགས་སྒྲ་རིག་པའི་གཞུང་ལུགས་ཁག་ནང་འདིའི་ནང་ནས་ལུང་དུ་མ་དྲངས་ཡོད། འདི་ཉིད་ཀྱི་འགྱུར་མང་པོ་བཀའ་འགྱུར་ནང་བཞུགས་ཤིང་། པཎྜི་ཏ་འདི་ཡན་ཆོད་དུ་འགྱུར་བའི་གསང་སྔགས་ཀྱི་ཆོས་རྣམས་ལ་གསང་སྔགས་རྙིང་མའི་ཐ་སྙད་བྱེད་པ་ཡིན། ཅེས་གསུངས་འདུག  དཔལ་ལྡན་ས་སྐྱ་འདིའང་གནས་ཁྱད་པར་ཅན་ཞིག་ཡིན་འདུག་སྟེ། འདི་ཕྱག་བཏབ་པ་པོ་ནི་འཁོན་དཀོན་མཆོག་རྒྱལ་པོ་ཡིན་འདུག  ཁོང་ནི་གསང་སྔགས་བསྟན་པའི་སྟེང་གསང་སྔགས་གསར་རྙིང་གི་དཀྱོགས་མཚམས་ཤིག་རེད།  ཅིའི་ཕྱིར་ཞེ་ན་ཁོང་གི་ཡབ་དང་གཅེན་པོ་གཉིས་ནི་གསང་སྔགས་རྙིང་མའི་རྣལ་འབྱོར་པ་དང་གྲུབ་ཐོབ་ཆེན་པོ་ཡིན་འདུག  ཁོང་དགོང་ལོ་ཆུང་དུས་སྐབས་གསང་སྔགས་རྙིང་མ་སྦྱོང་བ་དང་ཕྱིས་སུ་ཡབ་ཀྱིས་དེང་སང་འབྲོག་མི་ལོ་ཙཱ་བ་མཁས་པས་དེའི་སར་རྒྱུགས་ཅིག་གསུངས་པ་ལྟར་འབྲོག་མིའི་དྲུང་དུ་ཕེབས་ཏེ་གསང་སྔགས་གསར་མ་དང༌། ལམ་འབྲས་མན་ངག་དང་བཅས་པ་ཆ་ཚང་བར་གསན་ནས་སློབ་མའི་གཙོ་བོ་ལྔའི་གྲས་སུ་གྱུར།   དགུང་ལོ་བཞི་བཅུ་པ་རབ་བྱུང་དང་པོའི་ཆུ་གླང༡༠༧༣ལོར་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ཕྱག་བཏབ།   དེ་ནས་དགེ་ཆོས་ཁོང་རྣམ་གཉིས་གནས་དེ་ནས་པོད་ཆེ་ཆུང་གང་མང་དུ་མཇལ།  དེ་དག་གསེར་ཐང་དུ་གསལ།  སྣ་ཐང་དུ་རྒྱ་དཔེ་གཅིག་ཀྱང་མ་རྙེད།  དེར་ངོ་མཚར་ཆེ་བ་ཞིག་ཡོདཔ་ནི་རྡོ་ནག་དང་ཙནྡན་དཀར་པོ་ལས་བྱས་པ་ཁ་ཐོར་ཆ་གཉིས་འདུག  རྡོ་ཡི་དེ་རྒྱ་གར་ནས་འཁྱེར་ཡོང་བ་བདེན་ཅིང་།  ཤིང་དེ་ནི་འཆིམས་ནམ་མཁའ་གྲགས་པའམ་འཆིམས་འཇམ་པའི་དབྱངས་ཀྱི་ཞལ་བཀོད་བཞིན་རྒྱ་ནག་ནས་བཟོས་པ་ཡིན་འདུག  དེ་ནས་རིམ་གྱིས་བལ་ཡུལ་དུ་སླེབས།  བལ་ཡུལ་དུ་མི་གྲངས་ཕྱེད་ཀ་བོད་ཀྱི་རིགས་སུ་གཏོགས་པར་མ་ཟད་མིང་ཁ་ཤས་ཀྱང་བོད་སྐད་ཀྱི་ལམ་ནས་བཏགས་ཡོད་འདུག  མིང་དག་གསེར་ཐང་དུ་གསལ།   སྲོང་བཙན་སྐུ་སྨད་ཙམ་ལ་བལ་ཡུལ་ནི་བོད་ཀྱི་མངའ་ཁོངས་ཡིན་པར་འདུག དེབ་དཀར་དུ།    བལ་རྒྱལ་ན་རེནྡྲ་དེ་བ་དང་ཤཱི་ལ་དེ་བ་གཉིས་ཀྱིས་བཙུགས་པའི་རྡོ་རིང་དུ། དུས་དེར་བོད་ལ་ཁྲལ་འཇལ་དགོས་པ་སོགས་ཀྱི་གནས་ཚུལ་བཀོད་པ་ཡང་སོགས་གསལ་་བས་དེ་དག་བལྟས་ན་བལ་ཡུལ་བོད་ཀྱི་མངའ་འོག་ཏུ་ལོམཡུན་རིང་བསྡད་པར་སྙམ།  དེ་ནས་ཁོང་གཉིས་བལ་ཡུལ་རྒྱལ་པོ་དང་མཇལ། འདི་ཉིད་བལ་བོའི་རྒྱལ་པོའི་བླ་མ་མུ་སྟེགས་པཎྜི་ཏ་ཧེམ་རཱ་ཛ་སྟེ། བོད་སྐད་དུ་གསེར་རྒྱལ་བྱ་བ་དེ་ཡིན་འདུག   འདི་ཉིད་ནི་ཤིན་ཏུ་མཁས་ཏེ་བལ་ཡུལ་དུ་མུ་སྟེགས་པ་དར་བ་དང་ནང་པ་བ་ཉུང་ངུ་མཆིས་པ་ཡང་ཁོང་གིས་རེད་གསུངས་འདུག   ཞེས་ཐོག་མར་ལྷ་ས་ནས་ཕེབས་ཐོན་མཛད་པའི་ཚུལ་གྱི་ཟིན་བྲིས་ཉུང་བསྡུས་འདི་རྫོགས་སོ། །

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4265