སེ་ལེན། ཁྱོད་སར་ཉི་མ་ནུབ་རི་བརྒལ་ནས་ཡོད་ཚད་མག་མོག་ཏུ་གྱུར་སོང་ངམ། བྲེལ་ཟིང་ཆེ་བའི་མི་ཚོགས་དག་རང་ཁྱིམ་དུ་ལོག་ནས་ཡོད་ཚད་ལྷིང་འཇགས་སུ་གནས་ཨེ་བྱུང་། ངས་མིག་ཟུང་སྒེའུ་ཁུང་ལ་གཏད་ན། ཟླ་འོད་དང་འདྲ་བའི་སྒེའུ་ཁུང་ཐད་ཀྱི་གློག་འོད་དེ་ཙམ་ལས། གཞན་གང་ཡང་མཐོང་ལམ་དུ་མི་འདུག སྒེའུ་ཁུང་འགྲམ་གྱི་གློག་འོད་དེ་ཤིན་ཏུ་གསལ། དེས་ངའི་ནང་སེམས་ཀྱི་སྐྱོ་བའི་སྨུག་སྤྲིན་དག་གཡོ་འགུལ་ཏོག་ཙམ་བཏང་བྱུང་།
སེ་ལེན། ད་སྐབས་ང་རང་ཧ་ཅང་ཁེར་རྐྱང་ཡིན་པ་ཚོར་བྱུང་། ཁེར་རྐྱང་གི་ཚོར་ཤེས་ཡན་པོ་དེ་ནི། གཤོག་པ་ཐོགས་པའི་བྱིའུ་ཞིག་དང་མཚུངས། མཐོངས་ཡངས་ཀྱི་ནམ་མཁའ་རུ་འཕུར་གྱིན། སྐྱོ་སྣང་གི་སྨུག་སྤྲིན་རབ་རུབ། ངའི་ནང་སེམས་ཀྱི་ཞིང་སར་དྲུད་བྱུང་།
སེ་ལེན། ང་ལ་ལྷིང་འཇགས་ཀྱི་གཙང་བོ་ཞིག་ཡོད་ན་སྙམ་བྱུང་། གཙང་བོ་དེའི་ཁར་རང་དབང་གི་ཤ་བ་གཉིས་ཀྱིས་དྭངས་གཙང་གི་རྨི་ལམ་ཞིག་མཉམ་དུ་རྨི་བཞིན། བདེ་སྐྱིད་ཀྱི་འདུ་འཛོམས་ལ་ལན་ཆགས་ཀྱི་ཉེ་ཞོ་མེད་པར། བརྩེ་འདང་གི་རྨི་ལམ་རིང་མོ་དུས་གཏན་ཏུ་རྨི་ན་བསམ་བྱུང་།
སེ་ལེན། ཁྱོད་ཀྱིས་ང་ལ་ཅི་ཞིག་གནང་ཐུབ། དམིགས་པ་མེད་པར་ཅི་ཞིག་གི་ཆེད་དུ་འདུལ་རྒྱུགས་བྱེད་ཀྱིན་པའི་སེམས་པ་འདི། ལན་ཅིག་སྡོད་ཐུབ་ནུས་སམ། སྙིང་ཉེ་གང་དེར་ལ་འགྲོགས་པའི་འཚོ་བ་ལས་གཞན་རྣམས། སྐྱིད་སྣང་གི་ཚོར་ཤེས་དབེན་པའི་གྱོན་པ་འདི་ལན་ཅིག་ཕུད་ཐུབ་ནུས་ཨང་།
སེ་ལེན། ང་སྨྲ་བ་མེད་པར་ལྷིང་འཇགས་ཀྱི་འཚོ་སྙིང་བྲོ་སོང་། ཁྱོད་ཀྱིས་ནུས་མཐུ་གང་ཞིག་གིས། ང་ལ་ལྷིང་འཇགས་ཀྱི་འཚོ་བ་ཞིག་གནང་རོགས། གལ་ཏེ་དེ་ལྟར་ནུས་པ་ཡིན་ན། ངས་ཁྱོད་ལ་བརྩེ་དུང་སྟེར་ཆོག འབྱོར་ཕྱུག་སྟེར་ཆོག སྙན་གྲགས་སྟེར་ཆོག ཐ་ན་གདོས་བཅས་ཀྱི་ལུས་ཕུང་འདི་ཡང་ཁྱོད་ལ་སྟེར་ཆོག ང་ལ་སེམས་པ་ཞིག་གནང་རོགས། ལྷིང་འཇགས་ཀྱི་སེམས་པ་ཞིག་གནང་རོགས། ཅི་ལ་ཡང་རེ་དོགས་མི་དགོས་པའི་སེམས་པ་ཞིག་གནང་བས་འཐུས་སོ།
སེ་ལེན། ངས་ཁྱེད་རང་ངོ་མི་ཤེས་པ་བདེན་ནམ། ཁྱེད་རང་མ་འོངས་པར་ང་དང་ཐུག་འཕྲད་མཆིས་པའི་སེ་ལེན་དེ་ཡིན་ནམ། ངས་ནང་སེམས་ཀྱི་ཞུ་མཆིད་ཁྲི་ཕྲག ཁྱོད་ལ་བཤད་དོན་ག་རེ་ཡིན་ཨང་། དོན་དམ་དུ་ངས་སྙིང་ཐུབ་ཀྱི་བྱམས་པ་དྲན་དྲགས་པས་ཡིན་ནམ།
སེ་ལེན། ཁྱེད་ཀྱི་ནམ་མཁའ་དང་འདྲ་བའི་མིག་ཟུང་དེ་ཡིས་ང་ལ་གཟིགས་རོགས། ངའི་ནང་སེམས་ལ་ལན་ཅིག་གཟིགས་རོགས། ཚོད་ཚོད་ལ་སྐྱོ་སྣང་གིས་འཚེ་བའི་ནང་སེམས་འདི་ལ་ལན་ཅིག་གཟིགས་རོགས། དེ་ཉིད་སེལ་ཐབས་ཀྱི་ནུས་མཐུ་ཞིག་ཀྱང་གནང་རོགས།
སེ་ལེན། མཚན་མོ་འདི་ཧ་ཅང་ལྷིང་འཇགས་ཡིན་དོན། རེ་དོགས་དང་། ངང་སྒུག་བྲལ་བས་ཡིན་ནམ། སྒེའུ་ཁུང་འགྲམ་གྱི་གློག་འོད་དེ་གཡོ་འགུལ་མེད་པར་ལམ་ལམ་དུ་འཚེར་དོན། འབྱུང་འགྱུར་གྱི་འཚོ་བར་ལྟ་གོན་མི་དགོས་པས་ཡིན་ཨང་། ནམ་ཞིག་གི་ཚེ་ན། ངས་སྙིང་སྡུག་དེ་ཡང་། སྒེའུ་ཁུང་འགྲམ་གྱི་གློག་འོད་འདི་དང་མཚུངས་པར། ཉི་མ་རེ་རེ་ཡི་ད་ཚོད་འདིར། རྟག་བརྟན་གྱིས་ངའི་རང་ཁྱིམ་ལ་འཆར་ཏེ། ང་ལ་རྨི་ལམ་དང་འདྲ་བའི་ཉམས་སྣང་གི་འཚོ་བ་ཞིག་སྦྱིན་པར་བྱེད་ཨང་།
ཆ་མི་སྙོམས་པའི་འཇིག་རྟེན་ཞིག་ནས་ཨ་མ་དྲན་པ།
ཨ་མ་ལགས། ཁྱོད་ཀྱིས་ངའི་འཇིག་རྟེན་ལ་གྲང་ལྷགས་ཀྱིས་ཟད་བཞིན་པའི་ཉི་གཞོན་ཞིག་བརྐྱངས་དོན་ཅི། མཐའ་འཁོར་གྱི་མི་ཚོགས་འདི་ཡིས། རང་ཉིད་ཀྱི་དངུལ་ཁུག་བོར་སོང་བ་བཞིན་རྒྱ་མཚོའི་གཏིང་དང་། རི་རབ་ཀྱི་རྩེ། གངས་མཐའ་ཡི་ཀློང་ན། རང་ཉིད་ཁོ་ནའི་དོན་དུ་རྒྱུག་བཞིན་འདུག འོན་ཀྱང་། ཨ་མ་ལགས། ཁྱོད་ཉིད་དེ་ལས་ལྡོག་སྟེ། བུ་ཆུང་ང་ལ་དྲོ་འཇམ་གྱི་གནས་མལ་ཞིག་བཙལ་ཆེད་ལྷ་ཆེན་ལ་ཕྱག་མཆོད་དང་དཔོན་ཆེན་ལ་གུས་འདུད་ཞུས་ནས། བུ་ཆུང་ང་ལ་གྲང་ངར་ལས་ལྡོག་པའི་བདེ་གྲོང་གི་མཁར་རྫོང་ཞིག་འཛུགས་དོན་ཅི་ཡིན། ཨ་མ་ལགས། དྲིན་ལྡན་གྱི་མ་ཡུམ། སྒེག་ཉམས་ཀྱིས་ཕྱུག་པའི་ལང་ཚོ་འདི་ཉིད་ང་ཡི་དོན་དུ་རྒས་ཤིང་ཉམས་པར་གྱུར། ནག་ནོག་གི་སྐྲ་ལོ་དེ་ཡང་ང་ཡི་དོན་དུ་དཀར་པོར་གྱུར་འདུག
སྙིང་རྗེ་ཡི་གཤིས་སུ་གྲུབ་པའི་ངའི་འཇིག་རྟེན་ལ་འོད་སྣང་སྦྱིན་མཁན་གྱི་ཨ་མ་ལགས། ཁྱོད་ལ་མཚོན་ན་རྨི་ལམ་ལས་ལོགས་སུ་གྱེས་པའི་འཚོ་བ་དག་ནི། བུ་ཆུང་ངའི་དོན་དུ་དཀའ་སྡུག་གི་འཚོ་བ་ཁོ་ན་ཡིན་ངེས། བུ་ཆུང་ངའི་དོན་དུ་ཡོད་ཚད་ཇི་ལྟར་ཟད་པའང་མ་ཤེས་པར་ཁྱོད་ཀྱི་སྐྲ་ལོའི་ཁ་དོག་དེ་དཀར་པོར་གྱུར་ནས་ན་ཚོད་མཐོ་རུ་སླེབས་སོང་། ད་དུང་ཡང་དངུལ་མདོག་གི་ཟླ་བ་མཁའ་དབྱིངས་ནས་ཚེས་པ་ལྟ་བུའི་འཛུམ་དམུལ་དམུལ་གྱི་ངོ་གདོང་དེ་མ་ཉམས་པར་ང་སར་གཏད་འདུག ཨ་མ་ལགས། ཁྱོད་ཀྱི་གཞོན་པའི་ལོ་ཟླ་ནི་འཇའ་ཚོན་བཞིན་ཡལ་ན་ཡང་། བྱམས་བརྩེའི་ཨུཏྤལ་དམར་པོ་ད་དུང་མ་ཉམས་པར་ཇེ་ཡག་དང་ཇེ་མཛེས་རེད། འཁོར་བ་མྱ་ངན་གྱི་ཐང་ཆེན་འདི་ཉིད་སྐད་ཅིག་ཉིད་ལ་ཁ་དོག་སྣ་ལྔ་རུ་གྱུར་ན་ཡང་། ཨ་མ་ཁྱོད་ཀྱི་ཐུགས་བརྩེ་ནི་འགྱུར་བའི་རང་བཞིན་མེད་པར་ང་ལ་རྣམ་ཀུན་ཏུ་སེམས་ཁུར་དང་ཐུགས་རྗེས་གཟིགས་ཡོད། དྲིན་ལྡན་གྱི་ཨ་མ་ཁྱོད་ནི་བུ་ཆུང་ངའི་འདི་ཕྱི་ཡི་སངས་རྒྱས་འཁྲུལ་མེད་དེ་ཡིན། ངས་རྣམ་པ་ཀུན་ཏུ་ཁྱོད་ལ་གསོལ་བ་འདེབས་ཀྱིན་ཡོད།
ཨ་མ་ལགས། ཟླ་དགུར་དྲིན་གྱིས་བསྐྱངས་པའི་མ་ཡུམ། ངས་ཁྱོད་ཉིད་དྲན་བཞིན་ཡོད། སྨྲ་བསམ་བརྗོད་འདས་ཀྱི་སྐད་ཆ་ཞིག་བཤད་ན། མཐའ་མེད་པའི་འཇིག་རྟེན་འདིར་གཞོན་དུས་ཀྱི་བརྩེ་དུང་ལ་མགོ་བོ་འཁོར་བཞིན་པའི་མི་ཚོགས་འདི་ལན་ཅིག་མཐོང་དུས། ངས་ཨ་མ་ཁྱོད་ཀྱི་བརྩེ་བ་དེ་བརྩེ་བ་ཡིན་པ་གཞི་ནས་ཤེས་སོང་། མི་ཚོགས་འདི་ཡི་བརྩེ་དུང་ལ་ཞེན་ཁ་ལོག་སོང་། གྲུ་ཁུག་ལ་གྲུ་ཁུག་བཞག་ནས་འགྲོ་བཞིན་པའི་གཞོན་པ་འདི་ཚོའི་བརྩེ་དུང་ནི། སྐྱེ་གཟུགས་དང་ཁ་མཁས་མིན་ན་ཐོབ་སྐལ་མི་འདུག རྒྱུ་འབྱོར་དང་དབང་ཆ་མེད་ན་ལོན་རབ་མི་འདུག ཤེས་ཡོན་དང་བསམ་བློ་མེད་ན་མྱོང་རབ་མི་འདུག ཨ་མ་ལགས། ཁྱོད་ཀྱིས་བཅིངས་བའི་བརྩེ་དུང་ནི་དེ་ལས་ལྡོག་སྟེ། རྒྱུ་འབྱོར་དང་དབང་ཆ། ཡག་སྡུག་དང་ཤེས་ཡོན་གང་ཡང་མི་དགོས་པར་མཁའ་དབྱིངས་སུ་ཟླ་འོད་བཞིན་འཆར་ཡོད། ཨ་མ་ལགས། གལ་སྲིད་ཁྱོད་ཉིད་མེད་ན་འཇིག་རྟེན་གྱི་ཚ་ཟེར་དེས་བསྐལ་བ་ཡ་ཐོག་ཞིག་ནས་ང་རང་མེད་པར་བྱས་ཟིན། ང་ལ་ཟླ་འོད་བཞིན་འཆར་བའི་བདེ་དྲོ་འདི་གང་ཞིག་ནས་ཡོང་།
ཨ་མ་ལགས། ཁྱོད་རང་བདེ་མོ་ཡིན་ནམ། ད་ནི་དགུན་མགོ་མ་ཚེས་སོང་། ཨ་མ་ཁྱོད་ཀྱིས་ལུས་ལ་དྲོ་འཇམ་འཚམས་པའི་ལྭ་བ་གྱོན་རྒྱུ་མ་བརྗེད། ཁ་བ་ནི་དལ་གྱིས་སྲིད་པ་འདིར་གཅིག་འཐོར་གཉིས་འཐོར་བྱས་ནས་འབབ་བཞིན་པའི་དུས་མཚུངས་སུ། སེམས་བསམ་པའི་གཏིང་རུམ་ན་ཡོད་པའི་དྲིན་ལྡན་གྱི་ཨ་མ་ལྷག་པར་དྲན་ཡོང་། བུ་ཆུང་ངའི་བདེ་སྡུག་སྐོར་ལ་སེམས་ཁུར་བྱེད་མཁན་གྱི་ཨ་མ་ལགས། ང་ནི་ཕ་ཡུལ་དང་ཁ་བྲལ་ནས་དུས་ཡུན་རིང་བོ་ཞིག་འགོར་སོང་། ཕ་ཡུལ་དང་ཁ་ཐག་རིང་བའི་ཡུལ་གྲུ་འདི་ནས། ངས་དྲིན་ལྡན་གྱི་ཨ་མའི་བཀའ་དྲིན་དང་བྱམས་སེམས་བརྗེད་ཐབས་མེད་པས། ཨ་མ་ཁྱོད་ལ་འཕྲིན་ཡིག་འདི་སྐུར་དགོས་ཐུག་སོང་། ཁྱེད་རང་ཐུགས་བདེ་མོ་བྱོས་དང་བུ་མོ་ང་རང་བདེ་མོ་སྐྱིད་པོ་ཡིན།
2020/ 5/3
མཇུག་མཐའི་གྱེས་བྲལ་དང་འཕྲིན་པ།
ཉིན་འདི་གར། མཁའ་དབྱིངས་སུ་ཉི་མའི་དྲོད་རླབས་མཐོང་རྒྱུ་མི་འདུག་ལ། ཤག་ཤག་ཏུ་འབབ་བཞིན་པའི་ཆར་བ་ནི་རྒྱུན་ཆད་མེད་པར་དུས་ཡུན་རིང་ཞིག་ལ་བབས་སོང་། སྤྲིན་པ་སྨུག་ནག་ཏུ་འགྱུར་བའི་དོ་ཞག སེམས་པ་འདི་ཡང་། ཤག་ཤག་ཏུ་འབབ་བཞིན་པའི་ཆར་ཆུས་བརླན་པ་ཇི་བཞིན། ཧ་ཅང་འཁྱག་ཤུར་ཤུར་དུ་གྱུར། གལ་ཏེ། མཁའ་དབྱིངས་ཀྱི་སྨུག་སྤྲིན་དག་ཡོངས་སུ་ཡལ་ནས། ཉི་འོད་ཀྱིས་ས་གཞི་ལ་བརྩེ་བ་ཕུལ་ཡང་། སེམས་ཚོར་ཞིག་ལ། ངའི་ནང་སེམས་ཀྱི་སྒམ་དུ་ཚུད་པའི་བརླན་གཤེར་དེ་ཅུང་ཙམ་ཡང་བསལ་མི་ཐུབ་པར་སེམས་སོང་། ལྷ་སྒྲོན། དྲན་གདུང་འདིས་མནར་གཅོད་མང་པོ་ཞིག་བཏང་མཐར། ངས་དངོས་གནས་སེམས་པ་འདི་བདེ་བར་གནས་མི་ཐུབ་པའི་ནང་དོན་ཟབ་མོ་ཞིག་རྟོགས་སོང་བ་འདྲ། དངོས་གནས་རྟོགས་སོང་བ་འདྲ། ཁྱོད་རང་དེ་གར་ངའི་ནང་སེམས་ཀྱི་འཇིག་རྟེན་ལ་བདེ་དྲོད་མི་གནང་པར་རིང་སར་བཞུད་དེ། བརྗེད་མི་འོས་པའི་མཛའ་འབྲེལ་གྱི་ལོ་ཟླ་དག་རྡོག་པས་བརྫིས་ཤིང་། སེམས་པ་རྡོ་ལས་སྲ་བའི་སྤྱང་ཁྱུ་བཞིན། མིག་མདུན་གྱི་ལུ་གུའི་གཅེས་སྲོག་ཁྱེར་ནས་ཕྱིར་མིག་ཙམ་ཡང་མི་ལྟ་པར་རིང་སར་བུད་སོང་། ཁྱོད་ཀྱིས་དེ་ལྟར་བྱེད་མི་འོས། བརྗེད་དུ་མེད་པའི་ཁྱེད་རང་། ཁྱོད་ཀྱིས་ངའི་ནང་སེམས་ཀྱི་ནགས་ཀླུང་ལ་བཟོད་མེད་ཀྱི་གདུང་བ་ཁ་བ་བཞིན་བརྩེགས་པར་བྱས་ན་ཡང་། ངས་ཁྱེད་རང་ད་དུང་ཡང་རྨི་ལམ་གྱི་ཞིང་ནས་རྟག་པར་མཐོང་གི་འདུག
ད་ལྟ་ཁྱོད་ཀྱིས་རང་གི་བརྩེ་འདང་གི་ཆར་བ་དེ། མེ་ཏོག་གང་གི་ཕྱོགས་ལ་གཏོང་གི་ཡོད། གཏོང་བཞིན་པའི་མེ་ཏོག་དེ་ནི་སྨིན་ལེགས་རྒྱས་པ་མགྱོགས་སམ། མཚམས་འདིར་ཁྱོད་རང་གློ་བུར་དུ་ངུ་སྐད་རྒྱག་པ་ཡིན། ངུ་སྐད་ཆེན་པོའི་སྒོ་ནས། ནང་སེམས་ཀྱི་བདེ་སྐྱིད་མཐའ་དག་ཁྱོད་ཀྱི་ཕྱོགས་སུ་བཏང་ཟིན་པའི་མཛའ་བོ་ཞིག་ཡིད་ལ་འཁོར་བ་ཡིན། ལག་པ་བྲང་གར་བཞག་ནས་ཕྱི་འདང་ཞིག་བརྒྱབ་ནས་བཤད་ན། མཛའ་བོ་དེས་ཡོད་ཚད་ཁྱོད་ལ་ཕུལ་ཟིན། ཁོས་ཁྱོད་ལ་ཕུལ་ཟིན་གྱི་མཛའ་བརྩེ་རྣལ་མ་དེ་ནི་གཞན་དང་མི་འདྲ་བ་ཞིག་ཡིན་ཏེ། ཁོས་བྱས་བྱས་ལ་ཁྱོད་ཀྱིས་དྲིན་ལན་སློག་མི་དགོས་པ་དེའོ།། ལྷ་སྒྲོན། ཁྱོད་ད་སྐབས་འཁོར་བའི་ཕུགས་ཐག་རིང་མོ་ཞིག་ན་ཕར་དགའ་མ་མྱོང་བའི་སྐྱེས་པ་ཞིག་དང་མཉམ་དུ་གནས་སྡོད་བྱས་ཡོད་དམ། མདོར་ན་དུས་ཚོད་མང་ཤོས་དག ཆུང་དུས་ཀྱི་མཛའ་གྲོགས་དང་མཉམ་དུ་རྩེད་ར་སྒྲིག་མྱོང་བའི་དུས་སྐབས་ལ་ཤོར་འགྲོ་བཞིན་ཡོད་ད
མ། དེ་དུས་ཁྱོད་ལ་སྐྱིད་སྡུག་གང་ཞིག་གི་འོག་ཏུ་ཡང་། གཞན་ལ་ངོམ་ཆོག་ཆོག་གི་སྐྱོར་ཡ་ཞིག་ཡོད་པ་དྲན་ནམ། མཚམས་འདིར་ཁྱོད་ཀྱིས་ཐལ་མདོག་གི་འཚོ་བ་ལ་གྱེས་བརྡ་བཏང་ནས་ཁོ་རང་འཚོལ་དུ་འགྲོ་ངེས། འོན་ཀྱང་། ཁྱེད་རང་འགྲོ་བ་ཕྱི་དྲགས་པས་ཡིན་ནམ། ཁོའི་བརྩེ་སེམས་ནི་མཁའ་དབྱིངས་སུ་འོད་དུ་འཚེར་ན་ཡང་། ཁོ་རང་འཇིག་རྟེན་གཞན་ཞིག་ལ་སོང་ནས་རིང་ཞིག་རེད་འདུག ད་དུང་། ཁོའི་ཁ་ཆེམས་ནང་དུ་ཁྱོད་ལ་འདི་ལྟར་བྲིས་འདུག
བྲལ་སོང་བའི་ཁྲུང་ཁྲུང་སྐེ་ནག
གཤོག་རྡེབ་གཅིག་གིས་གཙང་བོ་བརྒལ།
གཙང་བོ་དང་འདྲ་བའི་མིག་ཆུ་བརྒལ།
མིག་ཆུ་དེའི་ནང་གི་འཇིག་རྟེན་བརྒལ།
འཇིག་རྟེན་དེ་ཡོངས་སུ་བརྒལ་རྗེས།
སླར་ཡང་གཙང་བོ་བརྒལ།
མིག་ཆུ་དང་འདྲ་ལ་ཚྭ་དྲི་མེད་པ་དག་བརྒལ།
དྲན་ན་གློ་སྙིང་གས་ཡོང་བའི་ཁྱོད་རང་།
ལྡིང་བའི་གཤོག་པར་རྣག་ཁྲག་འཛགས་ཀྱང་།
འཕུར་མི་ཐུབ་པའི་ཟོལ་གྱིས་མྱ་ངན་མི་བྱེད།
བློ་ཉེ་ཉེ་ཞིག་གི་རུམ་ཁ་ན་ཚ་རླབས་འདྲེས་པའི་ཁྱོད་ཀྱིས།
ནང་སེམས་ཀྱི་མཛེས་པ་གང་ཞིག་ཆག་ཉིལ་དུ་བཏང་ནས།
སླར་ཡང་། ལ་མོ་གང་ཞིག་ཏུ་བརྒལ་ནས།
ནང་སེམས་ཀྱི་མཛེས་པ་འཚོལ་དུ་འཕུར་བཞིན་ཡོད།
2022/5/16 ཉིན་བྲིས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4259
2023 ལོའི་ཟླ 11 ཚེས 20 ཉིན། ཕྱི་དྲོ། 9:28
རྩོམ་ཡག་པོ་བྲིས་འདུག །འོན་ཏེ་རྗེས་འཇུག་ག་མཐར་ཤད་བྲིས་ན་དགེ་མཚན་ཆེ་བར་འདུག་སྙམ།