རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཅིའུ་ཅིན་ཧྲན་དུ་ཀྲུང་ཨའི་གཙོ་བདག་གི་མཇལ་འཕྲད་དང་། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་སུམ་ཅུ་པར་ཞུགས་གྲུབ་རྗེས་ཚེས་18ཉིན་གྱི་དགོང་མོ་ཆེད་གཏོང་གནམ་གྲུར་བཞུགས་ནས་པེ་ཅིང་དུ་ཕྱིར་ལོག་གནང་བ་རེད།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་17ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཅིའུ་ཅིན་ཧྲན་ནས་ཞལ་གྱེས་སྐབས། ཅིའུ་ཅིན་ཧྲན་གྲོང་ཁྱེར་གྱི་འགོ་གཙོ་པུའུ་ལི་ཏེ་སོགས་ཨ་རི་ཕྱོགས་ཀྱི་འཐུས་མིས་གནམ་ཐང་དུ་ཕེབས་སྐྱེལ་ཞུས་ཡོད།

གནམ་ཐང་དུ་ཕེབས་པའི་ལམ་བར་དུ་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མ་བཅས་ཀྱི་འཐུས་མི་གཞུང་ལམ་གཡས་གཡོན་དུ་འཛོམས་ནས། དགའ་སྤྲོའི་ངང་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ཏེ་ཞི་ཅིན་ཕིང་ལ་ཕེབས་སྐྱེལ་ཞུས་ཤིང་། ད་ཐེངས་ཀྱི་འཚམས་འདྲི་ཐུགས་གྲ་ལེགས་འགྲིག་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་སོགས་ཕེབས་རོགས་ཞུ་མཁན་ལྷན་དུ་གནམ་གྲུར་བཞུགས་ནས་ཕྱིར་ལོག་གནང་བ་རེད།


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

ཡིག་སྒྱུར། རིན་ཆེན་དབང་འདུས།


 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4256