ང་ཚོས་མཚན་ཉིད་རིག་པའི་གནད་དོན་བསྡུས་ཤིང་ཆ་མི་ཚང་བའི་ཞིབ་འཇུག་གི་ཚད་རིམ་ཡོངས་སུ་མཇུག་བསྒྲིལ་རན། མཇུག་བསྒྲིལ་བའི་སྐད་ཆ་ལས། ང་ཚོས་ཐོག་མར་མཚན་ཉིད་རིག་པའི་རིན་ཐང་ལ་དམིགས་བསལ་བསམ་གཞིག་བྱ་འོས་ལ། ད་དུང་མཚན་ཉིད་རིག་པའི་ཞིབ་འཇུག་ཐད་ལའང་བསམ་གཞིག་བྱེད་དགོས་པར་འདུག ཚན་རིག་དང་དངོས་མཐོང་དོན་གཉེར་གྱི་ཤུགས་རྐྱེན་འོག གནོད་དང་འཚེ་བ་མེད་ཅིང་ཕན་པའང་གང་ཡང་མེད་པའི་བྱ་དངོས་རིགས་དབྱེ་དང་།ད་དུང་རིག་གཞུང་གི་དགག་སྒྲུབ་དང་མ་འབྲེལ་བ་དག་ལ་བསྡུར་ནའང་། མཚན་ཉིད་རིག་པར་དམིགས་བསལ་དགེ་མཚན་མ་མཆིས་ཞེས་མི་མང་པོས་དོགས་སློང་བྱེད་ངེས། དེ་ལྟའི་དངོས་ཡོད་དོན་གནས་ལ་བསམ་བློ་འཁོར་ཡོང་དུས། གནད་དོན་དེ་ལ་ལྷག་པར་དུ་བསམ་གཞིག་ནན་མོ་བྱེད་དགོས་པ་བྱུང་ཡོད། མཚན་ཉིད་རིག་པ་ལ་དེ་ལྟའི་ལྟ་ཚུལ་ཆགས་པ་ནི། འབྱུང་ཁུངས་གཅིག མི་ཚེའི་དམིགས་ཡུལ་གཞི་རྩ་ནས་འཁྱུགས་སོང་བས་གོ་ལོག་ཐེབས་པ་དེ་རེད། ཡང་ན་གཉིས་ནས་མཚན་ཉིད་རིག་པའི་ལྟ་གྲུབ་ལ་འབད་འབུངས་བྱས་པ་བརྒྱུད་དགེ་བའི་ལས་ལ་གོ་ལོག་ཐེབས་པ་དེ་རེད། གསར་གཏོད་རིགས་མང་བརྒྱུད་དེ། སྐྱེ་དངོས་ཚན་རིག་གིས་རིག་ཚན་དག་ལ་ཐོས་བསམ་གང་ཡང་མ་བྱས་པ་རྣམས་ལ་དངོས་ཕན་བྱུང་པས། དེའི་ཕྱིར་རང་བྱུང་ཚན་རིག་ཞིབ་འཇུག་ལ་མི་མང་པོས་དགའ་བསུ་ཐོབ་པ་རེད། དེའི་རྒྱུ་རྐྱེན་(ཡང་ན་ཆེས་ཐོག་མའི་རྒྱུ་རྐྱེན་)རིག་ཚན་དེས་ཞིབ་འཇུག་པར་ཤུགས་རྐྱེན་བྱས་ཙམ་མ་ཡིན་པར་དེ་ལས་ཀྱང་མིའི་རིགས་སྤྱི་ཡོངས་ལ་ཤུགས་རྐྱེན་ཐེབས་པས་རེད། དེ་ལྟར་བལྟས་ཡོང་ན། དངོས་པོའི་སྤྱོ་སྒོའི་ནུས་པ་མཚན་ཉིད་རིག་པར་དབང་བ་མ་ཡིན་པ་དང་། གལ་ཏེ་མཚན་ཉིད་རིག་པ་སྦྱོང་མཁན་ལས་ལོག་པའི་མིར་མཚན་ཉིད་རིག་པའི་རིན་ཐང་ཡོད་པ་མ་ཟད། མཚན་རིག་པའི་ཞིབ་འཇུག་ལ་རིན་ཐང་གང་དང་ཡོད་པར་གླེང་དགོས་ཚེ། དེ་ལྟའི་རིན་ཐང་ནི་བར་བརྒྱུད་རང་བཞིན་ཡིན་དགོས་པ་སྟེ། མཚན་ཉིད་རིག་པར་ཞིབ་འཇུག་གནང་མཁན་གྱི་ཤུགས་རྐྱེན་ལས་ཐོན་པའི་འཚོ་བའི་འགྱུར་ཤུགས་ལས་ཡོང་དགོས་པ་རེད། གལ་སྲིད་དེ་ལྟ་བུ་ཞིག་ཡོད་ཚེ། མཚན་ཉིད་རིག་པའི་རིན་ཐང་ནི་ཐོག་མར་ཤུགས་རྐྱེན་དེ་དག་ལས་འཚོལ་དགོས།
རེད་དེ་དེ་ལས་གཏིང་ཟབ་པའི་སྒོ་ནས་བཤད་ན། མཚན་ཉིད་རིག་པའི་རིན་ཐང་གཏིང་དཔག་ཟིན་པར་རྟོགས་དགོས་ཚེ། ངེས་པར་དུ་ང་ཚོའི་ཤེས་རབ་ལ་ནོར་འཁྲུལ་དང་གོ་ལོག་བྱུང་བའི་“དངོས་ཕན་པ་”“实用者”ཞེས་འབོད་པའི་མི་རྣམས་ཀྱི་ཕྱོགས་ལྷུང་བསམ་བློ་ལས་ཡོངས་སུ་གྲོལ་དགོས། ཆེས་སྤྱིར་བཏང་གི་གོ་བ་ལེན་སྲོལ་ལྟར་ན། “དངོས་ཕན་པ་”ཞེས་པ་ནི་ཕྱི་དངོས་པོའི་རེ་འདུན་དང་སྲེད་པ་ཆེ་བའི་མི་ལ་གོ་བ་ལེན། ཁོས་མིའི་ལུས་པོའི་དགོས་མཁོ་ཟ་མ་སོགས་ཀྱིས་བསྐངས་དགོས་པ་ཚོར་རྟོག་བྱུང་ན་ཡང་། སེམས་ཁམས་ཀྱི་དགོས་མཁོ་དང་རེ་འདུན་ངེས་པར་དུ་བསྐང་དགོས་པ་གཞི་ནས་བརྗེད་ཟིན། དེ་མཚུངས་མི་ཐམས་ཅད་འབྱོར་ལྡན་པ་རྐྱང་རྐྱང་ལོག་འགྲོ་བའི་དབང་དུ་བྱས་ན་ཡང་། དབུལ་བཀྲེས་དང་ནད་ཡམས་བཅས་ཐམས་ཅད་ཆེས་གཞི་གྲངས་ཉུང་པར་གྱུར་བའི་དབང་དུ་བྱས་ནའང་། རིན་ཐང་ལྡན་པའི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་ལ། སྔར་བཞིན་རྫོགས་མཐའ་མེད་པའི་བྱ་བ་བསྒྲུབ་དགོས་པ་དངོས་ཡོད་དོན་ཐོག་ཏུ་གྱུར་ཡོད། ད་སྐབས་ཀྱི་སྤྱི་ཚོགས་སམ་འཇིག་རྟེན་འདི་ལས་སེམས་ཁམས་ཀྱི་བདེ་སྐྱིད་ཀྱང་ཆེས་མ་མཐའ་ལུས་པོའི་བདེ་སྐྱིད་ནང་བཞིན་གལ་ཆེན་དུ་ལོག་ཡོད། མཚན་ཉིད་རིག་པའི་རིན་ཐང་ནི་སེམས་ཁམས་སམ་ཤེས་རབ་ཀྱི་ཁམས་གཅིག་པུར་ལས་གཞན་གང་ལས་ཀྱང་རྙེད་པ་མེད་ལ། དེ་ལྟའི་དགེ་མཚན་ལ་མཐོང་ཆུང་དང་ཁྱད་གསོད་མི་བྱེད་པའི་མི་རྣམས་ཀྱིས་གཟོད་མཚན་ཉིད་རིག་པར་ཞིབ་འཇུག་བྱེད་པ་ནི་དུས་ཚོད་ཆུས་ཟོས་སུ་གཏོང་བ་མ་ཡིན་པ་ཤེས་རྟོགས་ཡོང་ངེས། གཞན་ཞིབ་འཇུག་གཞན་དག་དང་འདྲ་འདྲ་ཡིན་པའང་རྟོགས་ངེས། མཚན་ཉིད་རིག་པའི་རྩ་བའི་དམིགས་ཡུལ་ཤེས་རྟོག་འཕེལ་བར་བཟུང་ཞིང་། མཚན་ཉིད་རིག་པའི་འཚོལ་སྙེག་བྱ་ཡུལ་ནི་རིག་ཚན་ཆ་ཚང་གི་གཅིག་གྱུར་རང་བཞིན་དང་སྒྲོམ་གཞི་རང་བཞིན་དེ་རེད། མ་ཟད་འབྱུང་ཁུངས་ནི་ང་ཚོའི་དད་མོས་ལ་བཟུང་བའི་གོ་ལོག་དང་འཛིན་སྟངས་ལ་གཞིར་བཅོལ་ནས་དགག་སྒྲུབ་རང་བཞིན་གྱི་དབྱེ་ཞིབ་དང་རྟོག་ཞིབ་བྱེད་པ་དེ་རེད། ཡིན་ནའང་མཚན་ཉིད་རིག་པས་ངེས་བརྟན་རང་བཞིན་གྱི་གནད་དོན་དེ་ལྟའི་དཀའ་གནད་སེལ་ཐབས་ཆེད་དུ་འཚོལ་ཞིབ་བྱེད་པ་བརྒྱུད་དེ་གྲུབ་འབྲས་འབུར་དུ་དོད་པོ་ཐོན་ཡོད་ཅེས་བ་ཤད་པར་མི་རུང་སྟེ། གལ་ཏེ། ཁྱོད་ཀྱིས་གྲངས་རིག་རིག་པ་བ་དང་། གཏེར་རྫས་ཞིབ་འཇུག་པ་དང་། ལོ་རྒྱུས་རིག་པ་བ་བཅས་དང་། ཡང་ན་ཤེས་ཡོན་པ་སུ་དང་གང་ལ་དྲིས་ཀྱང་། ཁོང་ཅག་གི་རིག་ཚན་ལས་ཞིབ་འཇུག་གི་གྲུབ་འབྲས་ཐོན་པའི་ངེས་བརྟན་རང་བཞིན་གྱི་གནས་ལུགས། ཁྱོད་ཀྱིས་མཉན་འདོད་ཚེ། ཁྱོད་ལ་ཐག་ཐོགས་མེད་པར་འཆད་ངེས་རེད། ཡིན་ན་ཡང་། མཚན་ཉིད་རིག་པ་བ་ཞིག་ལ་རིགས་མཚུངས་པའི་དྲི་བ་དྲིས་ཚེ། ཁོང་ཅག་སྦ་གསང་མེད་པ་ཡིན་མོད། ཡིན་ན་ཡང་ཁོང་ཅག་གིས་ཁས་མ་བླངས་རང་བླངས་ཆགས་པ་ནི། ཁོང་ཅག་གི་ཞིབ་འཇུག་དག་ལས་རིག་ཚན་གཞན་དག་དང་འདྲ་བར་ངེས་བརྟན་རང་བཞིན་གྱི་མཇུག་སྡོམ་བྱེད་དཀའ། དེ་ནི་རིག་གཞུང་ངམ་རིག་ཚན་གྱི་ཆ་ཤས་འགའ་ལས་ཟོལ་ཡང་བའི་རྣམ་པས་གྲུབ་པ་ཡིན་སྟབས། དེས་བརྐྱེན་ཏེ་རིག་ཚན་ཁག་དེ་དག་ཤེས་བྱ་དངོས་ཐོག་གནད་སྨིན་དུ་མངོན་གསལ་དུ་ཆགས་པ་རེད་ལ། དེ་འདྲ་བ་ཞིག་ལའང་མཚན་ཉིད་རིག་པ་ཟེར་མི་རུང་། མ་ཟད་དེ་ཉིད་ཚུགས་ཐུབ་ལྡན་པའི་ཚན་རིག་གི་རིག་ཚན་ཞིག་ལ་གྱུར་པ་རེད། ད་སྐབས་སྐར་རྩིས་རིག་པའི་ཁྱབ་ཁོངས་ཀྱི་རིག་ཚན་དང་སྐར་རྩིས་རིག་པའི་ཞིབ་འཇུག་ཐམས་ཅད་སྔོན་ཆད་མཚན་ཉིད་རིག་པའི་བྱེ་བྲག་ཏུ་གཏོགས་ལ། དཔེར་ན་ཉའོ་ཏུའུ་གྱི་རླབས་ཆེ་བའི་བརྩམས་ཆོས་《自然哲学的数学原理》རང་བྱུང་མཚན་ཉིད་རིག་པ་དང་རྩིས་རིག་གཞི་རྩིས་རིག་པ་རུ་འབོད་པའི་བརྩམས་ཆོས་ལྟ་བུ་རེད།དེ་མཚུངས་མིའི་རིགས་ཀྱི་སེམས་ཁམས་ཞིབ་འཇུག་ཀྱང་སྔོན་ཆད་མཚན་ཉིད་རིག་པའི་ཆ་ཤས་ཤིག་ཡིན། ད་སྐབས་སེམས་ཁམས་ཞིབ་འཇུག་འདི་ཉིད་མཚན་ཉིད་རིག་པ་ལས་ཟུར་དུ་ལོག་བཀར་བྱས་ཏེ། སེམས་ཁམས་རིག་པའམ་སེམས་ཁམས་ཚན་རིག་ཅེས་འབོད་ཀྱི་ཡོད། དེ་བས་ཁྱབ་ཆེ་བའི་སྒོ་ནས་བཤད་ན། མཚན་ཉིད་རིག་པས་གཏན་སྲོལ་མེད་པའི་རང་བཞིན་ནམ་རྣམ་གཞག་ཏུ་བཤད་པ་འདི་ནི་དོན་དངོས་ལ་མཐུན་པ་ཙམ་མ་ཡིན་པ་དོན་དངོས་གསལ་མཐོང་རེད་ལ། དྲི་གནད་གསལ་ཁ་གཏོད་ནུས་པའི་རིག་ཚན་དག་ནི་ཚན་རིག་གི་ཁྱབ་ཁོངས་སུ་བསྡུས་པ་རེད། ང་ཚོས་མཚན་ཉིད་རིག་པར་འབོད་པ་ནི་གནའ་ནས་ད་བར་དུ་དྲི་གནད་ཀྱི་གསལ་ཁ་གཏོད་ཐབས་བྲལ་བའི་ཚན་ཁག་དག་དམིགས་སུ་བཀར་ནས་གྲུབ་ཡོད་པ་རེད། མ་ཟད་མཚན་ཉིད་རིག་པའི་གཏན་སྲོལ་མེད་པའི་རྣམ་གཞག་འདི་ནི་མཚན་ཉིད་རིག་པའི་ངོ་བོའམ་རང་བཞིན་གྱི་ཟུར་ཙམ་རེད་ལ། ང་ཚོ་རང་ངོས་ནས་བལྟས་ན། མིའི་རིགས་ཀྱི་ཤེས་རབ་ཀྱི་སྟོབས་ཤུགས་དང་ད་ལྟའི་གནས་བབ་གཉིས་ལ་ཁྱད་པར་ཆེན་པོ་ཤོར་བ་རེད། དེ་མིན་ཚེ་དཀའ་གནད་མང་པོ་ཞིག་ལས་འགའ་རེ་སྟེ། ང་ཚོའི་སེམས་ཁམས་དང་འཚོ་བ་ལ་འབྲེལ་བ་དམ་ཟབ་ཏུ་གྱུར་པ་དག་ནི། བསལ་ཐབས་བྲལ་བའི་དཀའ་གནད་རྐྱང་པ་དེ་ཡིན་ངེས། འཇིག་རྟེན་ལ་གཅིག་གྱུར་གྱི་འདུན་པ་དང་དམིགས་དོན་ཡོད་དམ། ཡང་ན་འཇིག་རྟེན་འདི་གློ་བུར་བའི་སྒོ་ནས་མ་རྡུལ་གྱིས་གྲུབ་པ་ཙམ་ཡིན་ནམ།དྲན་ཤེས་ནི་རྟག་བརྟན་ངོ་བོར་གྱུར་པའི་འཇིག་རྟེན་གྱི་ཆ་ཤས་ཤིག་སྟེ། ཤེས་རབ་ལ་ཚད་དང་མཚམས་མེད་པའི་སྟོབས་ཤུགས་དང་རེ་བ་སྩོལ་གྱི་ཡོད་དམ། ཡང་ན་གོ་ལ་ཆུང་ངུར་ཞིག་ཐོག་གི་སྐད་ཅིག་མའི་དོན་རྐྱེན་འཕྲད་པའི་འབྲས་བུ་ཙམ་རེད་དམ། གནས་འདིར་ཚེ་སྲོག་ངེས་གཏན་མེད་པའི་ངོ་བོར་གྲུབ་ཡོད་དམ། འཇིག་རྟེན་འདི་ཉིད་ལ་དགེ་བ་དང་མི་དགེ་བ་འགངས་ཆེན་ཡིན་ནམ། ཡང་ན། མིའི་རིགས་ཙམ་ལ་དགེ་བ་དང་མི་དགེ་བ་གལ་ཆེན་དུ་ལོག་པ་རེད། གནད་དོན་འདི་དག་ནི་མཚན་ཉིད་རིག་པས་སློང་ཡོང་བའི་དཀའ་གནད་རེད། དེ་ལ་མཚན་ཉིད་རིག་པ་བ་རེ་རེས་ལན་མི་འདྲ་བ་རེ་རེེ་བཏབ་གནང་ཡོད། ཡིན་ན་ཡང་། དཀའ་གནད་སེལ་བཀྲོལ་གྱི་གནད་དེ་ཉིད་ཐབས་གཞན་གང་འདྲ་ཞིག་གི་མངོན་གྱུར་བྱེད་ཐུབ་ན་ཡང་། མཚན་ཉིད་རིག་པས་དཀའ་གནད་སེལ་བཀྲོལ་གྱི་དཀའ་ལན་དེ་དག་བདེན་མཐའ་གང་གིས་ཀྱང་བསལ་ཐབས་མེད། དཀའ་གནད་སེལ་བའི་རེ་སྨོན་ཅི་ཙམ་མག་མོག་ཡིན་ན་ཡང་། མཚན་ཉིད་རིག་པའི་ཆ་ཤས་ཀྱི་དམིགས་དོན་ནི་མུ་ནས་བསམ་གཞིག་གི་སྣེ་ལ་འཇུས་ཏེ་དཀའ་གནད་འདི་དག་བསེད་བཀྲོལ་བྱེད་རྒྱུ་དང་།ང་ཚོ་ལ་དཀའ་གནད་འགངས་ཆེན་རང་བཞིན་དུ་ངོ་ཤེས་སུ་འཇུག་རྒྱུ་དེ་རེད། དཀའ་གནའ་འདི་དག་གི་མདུད་པ་ཁྲོལ་ཐབས་ཡོད་རྒུད་མངོན་འདོན་བྱེད་རྒྱུ་མ་ཟད། ང་ཚོས་འཇིག་རྟེན་འདིའི་ཆོས་ཉིད་ཐད་བསམ་གཞིག་བྱེད་པའི་སྤྲོ་བ་འཕེལ་བར་བྱེད། སྤྲོ་བ་དེ་ནི་ང་ཚོའི་ཐག་ཆོད་ཅིང་གནད་ཟིན་པའི་ཤེས་བྱ་དང་རིག་གཞུང་གིས་ཚད་བཀག་འོག་རྩ་མེད་དུ་འགྲོ་སྲིད།
ད་དུང་མཚན་ཉིད་རིག་པ་བ་མང་པོ་ཞིག་གི་དགོངས་ཚུལ་ལྟར་ན། མཚན་ཉིད་རིག་པས་རྨང་གཞི་རང་བཞིན་གྱི་དཀའ་གནད་ཁ་ཤས་ལ་ངེས་གཏན་རང་བཞིན་གྱི་བདེན་ཁ་སྟེར་ནུས། ཁོང་ཅག་གིས་གསུངས་ན། ཆོས་ལུགས་དད་མོས་ཁྲོད་ཀྱི་ཆེས་འགངས་ཆེ་བ་དག་གཏན་ཚིགས་ལྡན་པའི་དཔྱད་འཇོག་ལ་བརྟེན་ནས་བདེན་ཁ་སྤྲད་པ་དང་། དཔྱད་གཞི་འདི་དག་དཀའ་གནད་ཀྱི་དོན་གནད་སྨིན་པའི་ཕྱིར་དུ། མིའི་རིགས་ཀྱི་ཤེས་བྱ་ལ་དཔྱད་ཞིབ་བྱེད་པའི་དགོས་པ་ཤིན་ཏུ་ཆེ་བར་གསུངས། མ་ཟད་དེ་ལྟའི་ཐབས་སམ་ཚད་བཀག་རང་བཞིན་དུ་གྱུར་པ་ཉིད་ལ་ལྟ་ཚུལ་འདི་འདྲ་བ་ཞིག་བྱུང་ཡོད་དེ། དེ་ལྟའི་ངེས་མེད་རང་བཞིན་གྱི་བརྗོད་དོན་ཞིག་ལ་མཚོན་ན། ཐོག་མར་འོལ་ཚོད་ཀྱིས་ལྟ་ཚུལ་བརྗོད་པ་ནི་ཤིན་ཏུ་ཤེས་རབ་ཞིབ་པའི་དཔྱད་ཚུལ་ཞིག་ཡིན་པ་དང་། གལ་ཏེ་ང་ཚོས་གོང་དུ་ཞིབ་འཇུག་རང་བཞིན་དུ་བརྗོད་པའི་དོན་ཚན་འགས་ང་ཚོ་དོན་གནད་ལོག་ཏུ་ཁྲིད་མེད་ཚེ།ང་ཚོས་ཆོས་ལུགས་དད་མོས་སྐོར་གྱི་མཚན་ཉིད་རིག་པའི་བདེན་དཔང་འཚོལ་བ་ཉིད་མཚམས་མ་འཇོག་ཐབས་མེད་རེད། དེ་བས་ང་ཚོས་དཀའ་གནད་འདི་དག་གི་བདེན་པ་རང་བཞིན་གྱི་ཆ་དེ་དག་མཚན་ཉིད་རིག་པའི་ཆ་ཤས་སུ་བསྙད་བཏགས་མི་རུང་བ་དང་། འདི་ནས་ཡང་བསྐྱར་གསལ་ཁ་བྱེད་དགོས་པ་ལ། མཚན་ཉིད་རིག་པའི་རིན་ཐང་ནི་མཚན་ཉིད་རིག་པའི་ཞིབ་འཇུག་པས་རེག་ཅིང་ཐོབ་བའི་ངེས་བརྟན་རང་བཞིན་གྱི་ཤེས་བྱ་དག་ལ་རགས་ལས་པ་མ་ཡིན་ལ། དོན་དམ་པར་མཚན་ཉིད་རིག་པའི་རིན་ཐང་ནི་ཁྱབ་ཆེ་བའི་སྒོ་ནས་ངེས་བརྟན་མེད་པའི་རང་བཞིན་གྱི་ངོ་བོར་གནས་ཡོད་ལ། མཚན་ཉིད་རིག་པའི་བག་ཆགས་སྔོན་དུ་མ་སོང་བའི་མི་ཞིག་གི་ཚེ་གང་པོ་ནི་ཕྱོགས་ལྷུང་གི་སྒྲོམ་གཞི་ནང་དུ་བཙོན་ལ་ཚུད་པའི་བརྒྱུད་རིམ་ཞིག་རེད། ཕྱོགས་ལྷུང་གི་བསམ་བློ་དེ་དག་ནི་རྒྱུན་ཤེས་རང་བཞིན་གྱི་ཤེས་བྱ་དང་། དུས་རབས་དེ་དང་མི་རིགས་དེའི་གོམས་གཤིས་རང་བཞིན་གྱི་ངོས་འཛིན་ལས་བྱུང་བ་རེད་ལ། ཡང་ན་གཟབ་ནན་དང་ཞིབ་ཚགས་ཀྱི་དཔྱོད་ཤེས་ཀྱིས་སེམས་ཁོངས་སུ་རྒྱས་བཏབ་པ་མ་ཡིན་པའི་དད་མོས་སམ་ཚོར་བ་ཙམ་ལས་བྱུང་བ་རེད། དེའི་རིགས་ཀྱི་མི་ཞིག་ལ་མཚོན་ན། འཇིག་རྟེན་ནི་ངེས་བརྟན་དང་། མཐའ་ཡོད་པ། རྟོགས་སླ་བའི་ཤེས་བྱ་ངོ་བོར་གནས་ཡོད། རྒྱུན་ལྡན་རང་བཞིན་གྱི་བྱ་དངོས་ཀྱིས་གནད་དོན་དཀའ་གནད་བཟོ་མི་སྲིད། བློ་ལ་མ་ངེས་པའི་གཏན་ཚིགས་ལ་ནན་ཞིབ་མེད་པའི་རྒོལ་བ་སྤྲད་ངེས། དེ་མཚུངས་སུ་མཚན་ཉིད་རིག་པའི་བསམ་གཞིག་བྱས་ཚེ། ང་ཚོས་མགོ་བརྗོད་དུ་བཤད་མ་ཐག་པ་ལྟར། ཆེས་རྒྱུན་ལྡན་རང་བཞིན་དུ་ཇི་ལྟར་གནས་ཀྱང་། དཀའ་གནད་ཁ་ཤས་དོགས་པའི་ངོ་བོའི་སྒོ་ནས་སློང་སྲིད། མ་ཟད་དཀའ་གནད་དེ་དག་ལ་ཆ་མི་ཚང་བའི་བསེད་བཀྲོལ་ཙམ་བྱེད་སྲིད།
མཚན་ཉིད་རིག་པས་ང་ཚོ་ལ་གཏན་ཚིགས་ངེས་སྲོལ་གྱིས་དཀའ་གནད་ཐམས་ཅད་ལ་ལན་ཡང་དག་པ་འཕྲོད་པའི་ངེས་པ་མེད་ཀྱང་། ཡིན་ཡང་སྒྲུབ་ཐབས་མང་པོ་ཞིག་གམ་བསེད་བཀྲོལ་གྱི་ཐབས་མང་པོ་ཞིག་མངོན་འདོན་བྱེད་ངེས། དེ་ལྟའི་སྒྲུབ་ཐབས་དེ་དག་གི་ང་ཚོའི་བསམ་གཞིག་གི་ནུས་པ་དང་བསམ་བློ་རྒྱ་ཆེ་རུ་གཏོང་བ་དང་། ང་ཚོ་ཡུལ་སྲོལ་གོམས་གཤིས་དང་སྲིད་གཞུང་བཙན་པོའི་འཆིང་རྒྱ་ལས་གྲོལ་ཐུབ། དེ་བས་དངོས་པོ་ཐ་དག་གི་གནད་ལས་མཚན་ཉིད་རིག་པས་ངེས་པའི་གཏན་སྲོལ་ཉ་ཕྲ་རུ་བཏང་ཡོད་ཀྱང་། ངོ་བོའམ་རང་བཞིན་གྱི་ཆ་ལ། མཚན་ཉིད་རིག་པས་ང་ཚོ་ཤེས་རྟོགས་ཆེ་རུ་འཕེལ་དུ་བཅུག་ཡོད། མཚན་ཉིད་རིག་པས་རང་དབང་ངང་བསམ་གཞིག་གི་རྒྱ་ལ་ཞུགས་མ་མྱོང་པའི་མིས་འོལ་ཚོད་སྡོམ་ཚིག་དག་གཙང་དག་བྱེད་ཆོག མ་ཟད་ཐོས་བསམ་གང་ཡང་སྔོན་དུ་མ་སོང་བའི་སྒྲུབ་ཐབས་ཀྱིས་ཆ་ཡོད་དུ་ལྡན་པའི་དངོས་པོ་དག་མངོན་འདོན་བྱས་ཏེ་ང་ཚོའི་ཤེས་འདོད་ཀྱི་འདུན་པ་མཐོ་རུ་གཏོང་ཐུབ། གཏིང་དཔག་དཀའ་བའི་གཏན་སྲོལ་མངོན་འདོན་བྱེད་ཐུབ་པ་མ་ཟད། གཞན་མཚན་ཉིད་རིག་པ་ལ་ད་དུང་རིན་ཐང་ཞིག་ཡོད་དེ། (དེ་ཉིད་ཆེས་རྩ་བའི་གྱུར་པའི་ཁྱད་ཆོས་ཀྱང་ཡིན་སྲིད། ) དེ་ནི་མཚན་ཉིད་རིག་པའི་སྟོབས་སམ་རྒྱ་ལས་བསམ་གཞིག་གི་ནུས་པ་སྟེ། དེ་ལྟའི་ནུས་པས་མིའི་རིགས་ཀྱི་གུ་དོགས་པའི་མི་སྒེར་བསམ་བློ་ལས་ཡོངས་སུ་ཐར་བར་བྱེད་ཐུབ་ཅིང་། མིའི་རྩ་བར་གྱུར་པ་སྟེ་རང་གི་འཚོ་བ་སྒེར་འཛིན་ནམ་བདག་གིར་འཛིན་པའི་ཁྱབ་ཁོངས་སུ་བཅུན་པའི་བསམ་བློ་གཞི་མེད་དུ་བསྒྱུར་སྲིད། ( དེ་རུ་རང་གི་ཁྱིམ་མི་དང་གྲོགས་པོ་སོགས་འདུས་སྲིད། )ཡིན་ན་ཡང་འཇིག་རྟེན་པ་ཕལ་ཆེ་བས་འདི་ཉིད་ལ་དོ་སྣང་མེད། དེ་ལྟར་མིན་ཚེ་མཚན་ཉིད་རིག་པ་ནི་རྩ་བའི་འདུན་པར་རོགས་རམ་དང་བར་ཆད་གང་རུང་དུ་འགྱུར་ངེས་རེད། དེ་ལྟ་བུའི་འཚོ་གནས་སུ་ཚད་བཀག་དང་རྒྱུགས་ཆེ་བའི་བྱ་དངོས་ཤིག་གྲུབ་ཡོད། དེ་དང་བསྡུར་ན་མཚན་ཉིད་རིག་པའི་འཚོ་བ་ནི། ལྷིང་འཇགས་དང་རང་དབང་གི་ངོ་བོར་གནས་ཡོད་ལ། མི་སྒེར་གྱི་སྒེར་སེམས་ཀྱིས་གྲུབ་པའི་འཇིག་རྟེན་ནི་ཧ་ཅང་གུ་དོགས་པོར་ཆགས་ཡོད། དེ་ནི་རླབས་ཆེན་དང་སྟོབས་ཆེ་བའི་ཁམས་སུ་ཆགས་པར་གྱུར་ཏེ། འཇིག་རྟེན་འདི་ཉིད་ཀྱིས་སྔ་ཕྱི་མེད་པར་ང་ཚོ་སྒེར་འཚོས་ཀྱི་འཇིག་རྟེན་རྒུད་པའི་མཐའ་ཏུ་སྐྱེལ་ངེས། དེ་ལྟར་མ་འགྱུར་ཚེ་ང་ཚོའི་སྒེར་སེམས་ཀྱིས་འཇིག་རྟེན་ཉིད་རྫོགས་པར་བདག་བཟུང་བྱེད་ཐུབ། ཡང་ན་ང་ཚོ་ནི་བཙན་རྫོང་དུ་ཡུན་ལ་ལུས་བཅུན་པའི་དངོས་སྲུང་དམག་མི་དང་ཁྱད་པར་མེད་པ་འགྱུར་ངེས། མི་རྒྱུད་གོང་མ་རྣམས་ཀྱིས་ལམ་འགག་བཅད་ཟིན་པས། ལུས་ངག་མགོ་འབུལ་ནི་ཆེས་ཡོལ་ཐབས་མེད་པའི་གནས་བབ་ཡིན་པ་ཤེས་རྟོགས་བྱུང་ངེས། དེ་ལྟའི་འཚོ་བ་ལ་བདེ་སྐྱིད་མེད་ལ། འདོད་སྲེད་ཀྱི་སྟོབས་ཤུགས་དང་ནུས་པ་ཟད་པའི་འདུ་ཤེས་བར་འགལ་འཛོལ་ལས་གང་ཡང་ལུས་མེད། གང་ལྟར་ཇི་ལྟར་འགྱུར་ཡང་། འཚོ་བའི་གནས་བབ་རླབས་ཆེན་དང་རང་དབང་ལྡན་པ་འགྱུར་དགོས་ཚེ། ང་ཚོ་ངེས་པར་དུ་བཙོན་ཁང་འཇིག་རྟེན་དང་འགལ་འཛོལ་འདི་ལས་ཐར་ཐབས་བྱེད་དགོས། ཐར་པའི་ལམ་མཆོག་ཏུ་གྱུར་པ་ནི་མཚན་ཉིད་རིག་པའི་ལམ་མམ་བསམ་གཞིག་ལ་ཞུགས་པ་ཉིད་ཡིན། སྒྲ་ཟོལ་ཡངས་པའི་སྒོ་ནས་མཚན་ཉིད་རིག་པའི་བསམ་གཞིག་ཅེས་པ་ནི་འཇིག་རྟེན་འདི་ཉིད་ལྡོག་ཟླ་མི་འདྲ་བ་གཉིས་སུ་གོ་བ་ལེན་རྒྱུ་དེ་མིན་པར། ( གྲོགས་པོ་དང་དགྲ་བོ། ཡང་ན་ཁེ་ཕན་དང་འཚེ་བ། བཟང་པོ་དང་ངན་པ། ) ཕྱོགས་ལྷུང་དང་མཐའ་ཆད་མེད་པར་འཇིག་རྟེན་འདི་ཉིད་ཧྲིལ་པོ་ཞིག་ལ་བསྒྲུབ་རྒྱུ་དེ་རེད། མཚན་ཉིད་རིག་པའི་བསམ་བློའི་བྱེད་ལས་ཡང་དག་པ་ནི་འཇིག་རྟེན་འདིའི་ཕྱོགས་ཆ་ཞིག་དང་མིའི་རིགས་ཀྱི་བྱེ་བྲག་ཅིག་དབྱེ་ཞིབ་བྱེད་རྒྱུ་མ་ཡིན་ཏེ། ཤེས་བྱ་ཡོད་ཚད་ལས་ཐོབ་པ་ནི་རང་ཉིད་འཕེལ་རྒྱས་གཏོང་བ་དེ་ཡིན། འོན་ཀྱང་ཐད་ཀར་དེ་ཉིད་བརྩོན་འགྲུས་ཀྱི་དམིགས་གཏད་དུ་མ་འགྱུར་ཕྱིན། དེ་ལྟའི་འཕེལ་རྒྱས་ཉིད་ཆེས་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་ནུས་པ་ཐོན་ཐུབ། ཤེས་འདོད་ཀྱི་འདུན་པ་མ་ཞིག་པ་དེ་སྲིད་དུ། ཞིབ་འཇུག་གི་ཐབས་ཤིག་བརྒྱུད་དེ། དེ་ལྟའི་ཞིབ་འཇུག་དེ་ལ་དང་པོ་ཉིད་ནས་ཞིབ་འཇུག་ལ་ཁྱད་ཆོས་འདི་དང་གན་འདྲ་བ་དགོས་ཞེས་གཏན་འཇགས་བྱེད་མི་དགོས། རང་གོམས་རང་སྟོབས་ཀྱིས་ཞིབ་འཇུག་ཡུལ་གྱི་ཁྱད་གཤིས་ཤིག་མངོན་པར་འགྱུར་དགོས། ང་ཚོ་ལ་དེ་ལྟ་བུའི་འཕེལ་རྒྱས་དེའང་འབྱུང་ཐུབ་ངེས། གལ་ཏེ། ང་ཚོས་དམིགས་ཡུལ་ལྡན་པའི་སྒོ་ནས་འཇིག་རྟེན་འདི་དང་། བདག་ཉིད་གཉིས་ལ་འདྲ་བ་དང་མཐུན་སྣང་འདི་དང་གན་ཞེས་གསལ་ཁ་ཕུད་ཐུབ་ཕྱིན། བལྟས་ཚོད་ལ་གོ་རྟོགས་གང་ཡང་སྔོན་སོང་མ་ཡིན་པའི་དངོས་པོ་ཞིག་ལས་འཇིག་རྟེན་འདི་ཉིད་ཤེས་རྟོགས་བྱེད་པ་ཁས་ལེན་བྱེད་མི་དགོས་པ་ཞིག་ལ་ཆ་བཞག་ན། དེ་ཙམ་གྱིས་རང་ཉིད་འཕེལ་རྒྱས་མངོན་འགྱུར་ཡོང་དཀའ། དེ་དག་ལ་བདེན་དཔང་བྱེད་པའི་རེ་འདུན་བསྐྱངས་པ་ནི་རང་ཁེངས་ཐ་དག་དང་འདྲ་བར་རང་ཁེངས(self-assertion) ་ཀྱི་རྣམ་པ་ཞིག་རེད། དེ་ནི་རང་ཉིད་ནར་སོན་གྱི་བར་ཆད་ཆེ་ཤོས་དེ་ཡིན་ལ། དེ་ལྟའི་རང་ཁེངས་ཀྱིས་རང་སྟོབས་ནར་སོན་གྱི་རེ་འདུན་བྱེད་ལ། རང་ཉིད་ལ་ནར་སོན་དུ་ཡོད་པའང་ཤེས་རྟོགས་བྱུང་ཡོད། རྣམ་པ་ཀུན་དང་འདྲ་བར་མཚན་ཉིད་རིག་པའི་བསམ་གཞིག་ཁྲོད་དུ་རང་ཁེངས་ཀྱི་སྟོབས་ཀྱིས་འཇིག་རྟེན་འདི་ཉིད་རང་ནུས་མངོན་འདོན་དང་རང་ཉིད་ཀྱི་དམིགས་ཡུལ་བསྒྲུབ་པའི་ཐབས་ཤིག་ཏུ་གོ་བ་ལེན་པར་བྱེད། དེ་བས་རང་ཉིད་འཇིག་རྟེན་གཉིས་ལས་རང་ཉིད་གལ་ཆེན་དུ་མཐོང་གི་ཡོད། བདག་གིར་འཛིན་པ་དེས་འཇིག་རྟེན་འདིའི་རླབས་ཆེ་བའི་བྱ་དངོས་མང་པོ་ཞིག་ལ་རྒྱ་བསྒྲིགས། དེ་ལས་ལྡོག་སྟེ། མཚན་ཉིད་རིག་པའི་བསམ་གཞིག་ཁྲོད་དུ། ང་ཚོ་བདག་གིར་འཛིན་པས་སྟོངས་པའི་ངོས་ནས་ལས་འགུལ་བསླངས་ཤིང་། བདག་གིར་བློས་གཏོང་གི་རླབས་ཆེ་བའི་བརྒྱུད་རིམ་དུ་བསགས་ནས། བདག་ཉིད་ཀྱི་འཕེལ་རྒྱས་རྒྱ་ཆེ་རུ་བཏང་། ཡང་ན་འཇིག་རྟེན་འདིའི་མཐའ་དང་ཚད་མེད་པའི་བརྒྱུད་རིམ་བརྒྱུད་ནས་འཇིག་རྟེན་གྱི་སྲོག་སྙིང་དུ་གྱུར་པ་ལས་ཚད་མེད་རང་བཞིན་མང་པོ་ཞིག་མངོན་འདོན་བྱེད་ཆོག གསོན་ཤུགས་ཀྱི་སྟོབས་ནི་འཇིག་རྟེན་འདི་ཉིད་མིའི་རིགས་མཚན་ཉིད་རིག་པར་ཆ་འཇོག་བྱས་པ་ལས་བྱུང་བ་མ་ཡིན་པ་མ་ཟད།ཤེས་རབ་ནི་འདུས་པ་རང་བཞིན་ལྡན་པའི་ཆོས་ཐམས་ཅད་དང་འདྲ་བར་བདག་ཉིད་དང་བློས་གཏོང་མཉམ་འདུས་ཀྱིས་གྲུབ་པ་ཞིག་རེད། དེ་ཉིད་བྲན་གཡོག་གི་རྣམ་པས་ནུས་པ་རྒུད་དུ་འཇུག དེའི་ཕྱིར་འཇིག་རྟེན་དང་ང་ཚོ་སོ་སོར་འབྲེལ་བའི་བྱ་དངོས་དག་གཅིག་སྒྱུར་རང་བཞིན་ལས་རྒུད་པའི་དམིགས་འབྲས་བསྩལ་བ་རེད།
སྤྱི་མཐུན་རང་བཞིན་གྱི་མཚན་ཉིད་རིག་པས་མི་ནི་བྱ་དངོས་ཀུན་ཀྱི་ཚད་མ་ཡིན་པར་འཛིན་ལ།གནས་ལུགས་ནི་མིས་གསར་བསྐྲུན་བྱས་ཤིང་། དུས་ཚོད་དང་བར་སྟོང་འཇིག་རྟེན་འདི་དོན་སྤྱི་རུ་གྱུར་པ་ཐམས་ཅད་ཀྱང་སེམས་ཀྱིས་བཟོས་ཤིང་བསྐྲུན་པ་རེད། གལ་ཏེ་སེམས་ཉིད་ཀྱིས་གྲུབ་པར་ལོག་པའི་དངོས་པོ་ཞིག་ཡོད་ཚེ། དེ་ནི་ང་ཚོ་མི་རིགས་ཀྱི་ཤེས་རབ་ལས་འགོངས་པ་ཡིན་ངེས། མ་ཟད་ང་ཚོར་གལ་ཆེན་རང་བཞིན་དུ་གྱུར་མེད་པ་མཚོན། གལ་སྲིད་སྔོན་དུ་དཔྱད་གླེང་བྱས་ཟིན་པ་ཐམས་ཅད་བདེན་པར་སྣང་ཚེ། དེ་ན་འདི་ལྟའི་དྲན་འཆར་འདི་ནོར་འཁྲུལ་ཡིན་ངེས། ཡིན་ན་ཡང་དོན་དངོས་ལས་རིང་དུ་གྱུར་པ་མ་ཟད་མཚན་ཉིད་རིག་པའི་དཔྱད་ཞིབ་ཁྲོད་བསམ་བློ་དེས་རིན་ཐང་བརླག་པར་བྱེད། རྒྱུ་མཚན་ནི་རང་འདུན་རྐྱང་པ་ལས་བརྒལ་མ་ཐུབ་པས་རེད། དེའི་གཏོགས་ཀྱི་ཤེས་རིག་ནི་བདག་གིར་སྤངས་པ་དང་མཉམ་འདུས་རང་བཞིན་མ་ཡིན་པར་ཕྱོགས་ལྷུང་ངོ་བོར་གྱུར་གནས་ཡོད། གོམས་གཤིས་དང་རྐམ་སྲེད་ཀྱིས་བསྒྲིབས་ཏེ། ང་ཚོ་དང་ཕྱི་སྣོད་ཀྱི་འཇིག་རྟེན་བར་དུ་བསལ་ཐབས་མེད་པའི་རབ་རིབ་ངང་གསལ་བའི་སེང་རས་ཀྱིས་གཡོགས་ཡོད། དེ་ལྟ་བུའི་ཤེས་བྱའི་ཚད་བཀག་ལས་བརྒལ་མ་ཐུབ་པར་མི་ཚེའི་བྲོ་སེམས་བཙལ་མཁན་ཞིག་ཡིན་ཕྱིན། རང་ཉིད་དང་འཛམ་གླིང་མཐོང་བའི་ལྟད་མོ་འབྱུང་མི་སྲིད་དོ། ། དེ་ལས་ལྡོག་སྟེ། མཚན་ཉིད་རིག་པའི་བསམ་བློ་ཚད་གཞི་ལྡན་པ་ནི་རང་འདུན་གྱི་འཛིན་པ་སྤངས་པའི་བརྒྱུད་རིམ་ཁྲོད། དཔྱད་ཡུལ་དང་བརྗོད་དོན་གཏིང་ཟབ་ཏུ་གཏོང་སྟེ་བདེ་སྐྱིད་འཚོལ་སྙེག་བྱེད་པ་རེད། བསམ་གཞིག་ཁྲོད་དུ། མི་སྒེར་གྱིས་བདག་གིར་བཟུང་བའི་བྱ་དངོས་དང་། བདག་གིར་བའི་ཞེན་ཆགས་བྱས་པའི་བྱ་དངོས་སོགས་ཀྱིས་བརྐྱེན་ཏེ་ཕྱོགས་ལྷུང་དུ་ཁྲིད་པར་བྱེད་ལ། དེ་ནས་ཤེས་རབ་ཀྱི་འཚོལ་སྙེག་ཡོད་ཚད་ལ་འཚེ་ཞིང་སྟོར་བར་བྱེད་པ་མ་ཟད། དེ་ལྟའི་བརྗོད་དོན་དང་དཔྱད་གཞི་བར་གྱི་བར་ཆད་བཞེངས་སྐྲུན་བྱས་པ་བརྒྱུད་ནས། མི་སྒེར་གྱིས་བདག་གིར་བཟུང་པའི་བྱ་དངོས་དེ་དག་ཤེས་རབ་བཙོན་དུ་གཅུན་པའི་གཟེབ་དྲ་རུ་གྱུར་ཡོད། རང་དབང་ལྡན་པའི་ཤེས་རབ་ཀྱིས་དཀོན་མཆོག་དང་འདྲ་བར་བྱ་དངོས་ཡོངས་ལ་ལྟ་སྟངས་འཛིན་ལ། གནས་དང་དུས་ངེས་གཏན་མེད། རེ་དོགས་དང་བྲལ།གོམས་པའི་བསམ་བློ་དང་སྲོལ་རྒྱུན་གྱི་ཕྱོགས་ལྷུང་བསམ་བློའི་ཚད་བཀག་མེད། ཤེས་འདོད་གཙང་མས་གྲུབ་པ་ལས་གཏན་འཇགས་དང་སྤྱི་མཐུན་གྱིས་བྱ་དངོས་ཡོད་ཚད་ལ་ལྟ་སྟངས་འཛིན། འདི་ལྟའི་ཤེས་བྱ་མི་སྒེར་གྱི་ཚོར་ཤུགས་ལ་མ་འབྲེལ་ཞིང་། བསམ་པས་བསྐྱེད་པ་དང་། མིའི་བསམ་བློར་སྨིན་ངེས་པའི་ངོ་བོར་གནས་ཡོད། དེ་བས་དབང་ཤེས་ཀྱིས་བསྩལ་བའི་ཤེས་བྱ་ནི་མི་སྒེར་གྱི་ལྟ་ཚུལ་དང་། བདེན་ཆ་དང་ནོར་བའི་ཆ་གཉིས་ལྡན་གྱི་དབང་པོ་གཟུགས་ཅན་པ་སོགས་ཀྱིས་གྲུབ་པའི་ཕུང་པོ་ལ་རགས་ལས་ཡོད། རེད་དེ་རང་དབང་ལྡན་པའི་ཤེས་རབ་ལས་མི་སྒེར་གྱི་རྒྱབ་ལྗོངས་ལོ་རྒྱུས་གལ་ཆེན་དུ་བརྩི་བ་ལས་འཆར་སྣང་དང་མཐུན་སྣང་གྱི་ཤེས་བྱ་དག་ལ་ཇུས་གཏོགས་མི་བྱེད།རང་དབང་དང་དབུ་མར་གནས་པའི་མཚན་ཉིད་རིག་པའི་བསམ་བློ་ལ་གོམས་ཚེ། མ་འོངས་པར་ཚོར་བས་བསྐྲུན་པའི་འཇིག་རྟེན་ཁྲོད་སྔར་བཞིན་རང་དབང་དང་དབུ་མར་གནས་པའི་ལྟ་ཚུགས་སུ་གནས་ཐུབ། དེས་རང་ཉིད་ཀྱི་དམིགས་ཡུལ་དང་འདོད་སྲེད་ཆ་ཤས་ཙམ་དུ་བསྒྱུར་ངེས་ལ། མ་ཟད་དེ་ཉིད་ནི་འཇིག་རྟེན་འདིའི་རྒྱུ་རྐྱེན་དང་མིའི་བྱ་སྤྱོད་ཀྱི་ཤུགས་རྐྱེན་ལས་འགྱུར་བ་དང་གཞོམ་གཞིག་གང་ཡང་ཐེབ་མི་སྲིད་པའི་ཕྲ་ཕུང་དུ་འགྱུར་ཏེ། ཨུ་ཚུགས་ཀྱི་ལྟ་ཚུལ་ཙམ་དུ་འགྱུར་མི་སྲིད་དོ།། ཆད་ལྟ་དང་ཕྱོགས་ལྷུང་མེད་པའི་བསམ་བློ་ནི་ཡོན་ཏན་ཞིག་རེད་ལ། དེ་ལྟའི་ཡོན་ཏན་ནི་བསམ་གཞིག་གི་ཁྲོད་གནས་ལུགས་ཀྱི་ཉེ་སར་བཅར་བའི་རེ་འདུན་གཙང་མ་ཞིག་རེད། ལག་ལེན་ཁྲོད་དེ་ལ་བདེན་དོན་ཟེར། ཚོར་ཤུགས་ཁྲོད་དེ་ནི་བསྟོད་བསྔགས་དང་དང་ལེན་བྱེད་པའི་མི་ཚོགས་ཙམ་མ་ཡིན་པར་མིའི་རིགས་ལ་བརྩེ་བ་བསྩལ་བྱེད་ཡིན། དེ་བས་བསམ་གཞིག་གིས་ང་ཚོའི་བསམ་བློའི་དཔྱད་གཞི་རྒྱ་ཆེ་རུ་གཏོང་ཡོད་པ་མ་ཟད། ང་ཚོའི་བྱ་སྤྱོད་དང་ཚོར་སྣང་གི་བྱ་ཡུལ་དག་ཀྱང་རྒྱ་ཆེ་རུ་བཏང་ཡོད། དེས་ང་ཚོ་འཇིག་རྟེན་འདིའི་མི་དམངས་བྱེད་པའི་ཁེ་དབང་སྤྲད་ཡོད་པ་དང་། དེ་ནི་འགལ་འཛོལ་ཁྲོད་སྲུང་སྐྱོབ་བྱེད་པའི་ཁྱབ་ཁོངས་སུ་བཙུད་པའི་མི་དམངས་ཙམ་མ་ཡིན་པར། མིའི་དོན་དམ་པའི་རང་དབང་ནི་འཇིག་རྟེན་འདིའི་མི་དམངས་ཀྱི་ཐོབ་ཐང་དུ་ཡོད་པ་རེད་ལ། མ་ཟད་གུ་དོག་པའི་རེ་བ་དང་དོགས་ཤོར་བའི་ཚོད་འཛིན་ཁྲོད་ཐར་བར་བྱེད་དགོས། དེའི་ཕྱིར་འདི་ལྟ་བུའི་སྒོ་ནས་ང་ཚོས་མཚན་ཉིད་རིག་པའི་རིན་ཐང་ལ་ཕྱོགས་བསྡོམས་དང་དཔྱད་མོལ་བྱེད་ཆོག་པར་སྣང་།
ང་ཚོས་མཚན་ཉིད་རིག་པར་ཞིབ་འཇུག་བྱེད་པ་ནི། མཚན་ཉིད་རིག་པའི་དཀའ་གནད་དག་ལ་ངེས་གཏན་རང་བཞིན་གྱི་ལན་ཐོབ་པར་བྱེད་རྒྱུ་མ་ཡིན་པ་སྟེ། རྒྱུ་མཚན་ནི། ཆེས་སྤྱིར་བཏང་གིས་བཤད་ནའང་གནད་དེ་དག་དོན་དམ་ཡིན་མིན་བཤད་ཐག་ཆོད་དཀའ་ལ། དཀའ་གནད་འདི་དག་ལས་བྱ་དངོས་མང་པོའི་ཤེས་རྟོག་འཕེལ་དགོས་པས་དཀའ་གནད་དེ་དག་བརྒྱུད་དེ། ང་ཚོའི་ཤེས་རབ་ཀྱི་རྣོ་ཁ་འདོན་དགོས་པ་དང་། དེ་མཚུངས་འོལ་ཚོད་ཀྱི་རང་རློམ་རྩེ་ནས་བཅོམ་སྟེ་བསམ་བློ་རིམ་གྱིས་དཔྱད་ཞིབ་ཀྱི་ཕྱོགས་སུ་རྒྱ་ཆེ་ཏུ་གཏང་དགོས། ཡིན་ཡང་ཆེས་གལ་ཆེ་བ་ནི་མཚན་ཉིད་རིག་པའི་བསམ་བློས་འཇིག་རྟེན་གྱི་རྒྱ་ཆེ་གཏིང་ཟབ་གྱི་ཆོས་ཉིད་བརྒྱུད་དེ། བསམ་བློ་ཡང་རྒྱ་ཆེ་གཏིང་ཟབ་ཏུ་འགྱུར། དེ་མ་ཟད་འཇིག་རྟེན་གྱི་ཆོས་ཉིད་དུ་ཡོངས་སུ་འདྲེས་པར་གྱུར།འདྲེས་པ་དེ་ལས་ཆེས་ཕུན་སུམ་ཚོགས་པའི་དགེ་མཚན་སྨིན་པ་ཉིད་དོ།། །།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4246
དཔྱད་མཆན་སྤེལ།