གཅིག

དེ་རིང་གཟའ་སྤེན་པའི་ངལ་གསོ་ཡིན། ད་ལྟ་སྔ་དྲོའི་དུས་ཚོད་བཅུ་གཅིག་ལ་ཐོན་འདུག   གློ་བུར་དུ། “ཏིང་ཏིང་” ལག་འཛིན་ཁ་པར་གྱི་དྲིལ་བརྡ་གྲག་བྱུང་།

“ཝེ”

“ང་ཡིན”

འཚུབ་ཆ་ལང་བའི་ངང་ནས་སྐད་གདངས་གོ་མྱོང་ཞིག་གིས་དེ་ལྟར་བཤད་བྱུང་། ངས་ཡུད་ཙམ་ལ་སུ་ཡིན་འདི་ཡིན་གྱིས་གསལ་ཁ་མ་རྙེད་ན་ཡང་ཤེས་སོང་མདོག་གིས་ “ཡ་ཡ་”  འཕྲོར་མཐུད་དེ་སྐད་ཆ་གང་ཡང་མ་འཁྱོང་།  “བོར་སོང་།  ལོན་མ་སོང་། ཤི་སོང་ཟིག་ཨེའོ།”  ང་རང་ཡུན་རིང་ཞིག་ལ་མིག་མཐའ་མཆི་མས་རླན་ཏེ་སྡོད་དགོས་པ་བྱུང་།

ཏག་ཏག་ཁ་པར་གཏོང་མཁན་ནི་ངེད་ཚང་གི་ཁྱིམ་སྲུང་མ་སྒྲོན་དཀར་སྐྱིད་རེད། མོ་ནི་གཤིས་ཀ་དྲང་ལ། ནམ་རྒྱུན་ཞལ་ངོས་སུ་འཛུམ་མུལ་མུལ་བྱ་མཁན་ཞིག་ཡིན། ད་དུང་ངེད་ཚང་གི་བཅའ་དངོས་དག་མོ་རང་གི་བཅའ་དངོས་བཞིན་བདག་སྲུང་ཡག་པོ་བྱ་མཁན་ཞིག་ཡིན། མི་ཚེའི་དུས་ཚོད་ཡོད་ཚད་ཁྱིམ་གྱི་ལས་ཀ་དང་བཅའ་དངོས་མཐའ་དག་ལ་བདག་སྲུང་བྱས་ནས་ཟད་འགྲོ་མཁན་ཞིག་ཡིན། མོ་རང་ཁེར་རྐྱང་ལ་དགའ་མཁན་ཞིག་རེད། ངེད་ཀི་ཐབ་ཚང་དང་ཁ་མི་འབྲལ་ལ་བཅའ་དངོས་ཅི་ཡོད་ཀུན་ལ་རྒྱུས་མངའ་ཧ་ཅང་ཆེ། ཁྱིམ་ནས་ཤིག་ཅིག་བོར་སོང་ཡང་མོས་གར་ཡོད་ཤེས་ལ། ཁ་ཚིག་ན་ཡང་འབོད་ས་མོ་ཡིན།

མོ་ནི་ངེད་ཚོའི་སྡེ་བ་དང་ཁ་ཐག་ཅུང་རིང་བའི་འབྲུ་ནག་སྡེ་བ་ནས་ཡིན།  ལོ་འགའི་སྔོན་ལ་ཁོ་ཚང་གི་ཕ་མ་གཉིས་སོ་སོར་སོང་ནས་དུས་ཚོད་ངེས་ཅན་ཞིག་མ་འགོར་བར་མོ་རང་ཨ་ཕྱི་ལ་བྱིན། ལོ་གཉིས་ཙམ་འདས་པ་ན་ཨ་ཕྱི་འཇིག་རྟེན་མི་ཡུལ་དང་གཏན་དུ་ཁ་གྱེས། སྐབས་དེར་ཕྱིར་ཕ་མ་གཉིས་ཀྱི་རྩིབ་ལ་ལོགས་ཐབས་མ་བྱུང་། ཨ་ཕས་ཆུང་མ་བསུས་ཟིན་ལ། ཨ་མས་ཀྱང་ཁྱོ་ག་བླངས་ཟིན་པས་ཡིན། འགྲོ་སའི་ཡུལ་མེད་ལ་འདུག་སའི་གནས་མེད་སྐབས་ངེད་ཀི་ཨ་མ་སྡེ་བ་དེ་གར་བུད་མེད་བདེ་སྲུང་རྒྱུན་ཤེས་དྲིལ་སྒྲོག་ལ་འགྲོ་བའི་ལམ་བར་ནས་མོ་དང་འཕྲད་ལ། མོའི་སྐོར་གྱི་གནས་ཚུལ་ཤེས་རྗེས། ངེད་ཚང་ལ་ཁྲིད་ཡོང་ནས་ཁྱིམ་སྲུང་མར་བཞག་པ་ཡིན། དེང་ཐོག་ངེད་ཚང་ལ་ཐོན་སྐབས་མོ་ལ་ལས་ཀ་གང་ཡང་མེད། ཁྱིམ་མི་ཚོ་དང་མ་འདྲེས་པས་སྐད་ཆ་ཡང་བཤད་རྒྱུ་མི་འདུག

ཁྱིམ་མི་ཡོངས་ཀྱི་གྲས་ནས་ང་ནི་མོ་ལ་ཐུབ་ཚོད་གཏོང་མཁན་གཅིག་པུ་ཡིན།  ངའི་ཐུབ་ཚོད་མཐའ་དག་མོས་ཁྲོ་ཉམས་ཤིག་སྟོན་བཞིན་དང་ལེན་བྱེད་པ་ཡིན། ངེད་ཚང་གི་ཁྱིམ་མི་དང་གཉེན་ཉེ་ཚོར་མོས་ཐུབ་ཚོད་སྐོར་གྱི་སྐད་ཆ་ཉག་གཅིག་ཀྱང་བཤད་སྲོལ་མེད། ངས་ཐེངས་ཤིག་མོ་ལ་ཐུབ་ཚོད་ཚབ་ཆེན་ཞིག་བྱས་པ་ཡིན། སྐ

བས་དེར་དགུན་ཁ་ཞིག་ཡིན། ངའི་མལ་སའི་ནང་ལ་ཁ་བ་བབ་པ་བཞིན་འཁྱག་ནས་ཉལ་ཐབས་མེད་པ་ཞིག་རེད། མཚམས་ཤིག་ལ་ཐབ་ཚང་ནང་ལ་མི་འགྲོ་ཀ་མེད་བྱུང་བ་ཡིན། མོ་ནི་ཐབ་ཚང་གི་སྒོ་འགྲམ་གྱི་ཤག་ཆུང་ནང་ན་དྲོད་རླངས་ཐུལ་ཐུལ་དྲི་ཞིམ་གྱི་ཀློང་ན་ཉལ་འདུག་པ་སྒོའི་གས་སྲུབས་ནས་གསལ་གསལ་དག་དག་ཅིག་མཐོང་ཐུབ་གྱིན་འདུག ངས་ཁ་རླངས་སྐྱ་ཐོལ་ཐོལ་གཏོང་བཞིན་ཤག་ཆུང་གི་སྒོ་ཆེ་རུ་བཏང་།

ཞོགས་པ་དེར་ང་ནི་མལ་ས་ན་དྲོད་ཁོལ་དང་དྲི་ཞིམ་གྱི་ཀློང་ན་ཉལ་འདུག  མདང་དགོང་ལར་ནས་འཁྱག་མྱོང་མེད་པ་འདྲ། ངོ་དམངས་སུ་དམར་མདོག་ཅིག་ལངས་ནས་ཁྱིམ་སྲུང་མས་ཞོགས་ཇ་སྐོལ་གྱིན་འདུགམོ་ལ་མཚོན་ན་འཚོ་བ་འདི་ནི་སྐྱུག་བྲོ་ལ་ཞེ་མེར་བ་ཞིག་ཀྱང་ཡིན་སྲིད།མིན་ཀྱང་སྲིད།

 

གཉིས

སྲང་ལམ་དག་ན་ཉི་མ་རབ་ཏུ་ཚབ་བས་ཉུལ་འདོད་མི་འདུག་ན་ཡང་།ང་རང་བཙན་གྱིས་ཉུལ་དགོས་པ་འདྲ་། སྲང་ལམ་ཆེ་ཆུང་དག་ཁད་ཀྱིས་ཉུལ། བར་སྐབས་ཤིག་ལ་སྲང་མདོ་ས་རྒྱ་ཅུང་ཆེ་ས་ཞིག་ལ་སླེབ་པ་ཡིན། དེ་རུ་རྒྱ་མོ་ཞིག་གི་ཉ་རིགས་དང་རུས་སྦལ། མདོག་བཟང་བ་དང་ཚོན་གྱིས་མཚོན་པའི་ཆུ་གནས་སྲོག་ཆགས་གང་མང་ཞིག་རྒྱ་བོད་ཀྱི་སྲང་ཉུལ་བ་དག་ལ་སྟོན་བཞིན། ཉོ་མཁན་ལ་སྒུག་ནས་འདུག  ངས་དེ་དག་གི་ཁྲོད་ལ་མིག་ཅེར་ནས་དངོས་པོ་ཞིག་བོར་སོང་བ་ལྟར་བལྟས་པ་ཡིན།  རྒྱ་མོས་ངས་ཞིབ་ཞིབ་ངང་དེ་དག་གི་ཁྲོད་ལ་ཅེར་ནས་བལྟས་འདུག་པ་ཤེས་སོང་བའི་ངོ་མདངས་་ཤིག་མངོན་ནས། “ཉོའམ”

ངས་ངག་བསྡམ་ནས་ཉོ་རྒྱུ་ཡིན་མིན་གྱི་ལན་གང་ཡང་མ་བྱིན། མུ་མཐུད་དུ་མིག་རིག་རིག་གིས་ཆུ་གནས་སྲོག་ཆགས་ཆུང་ཆུང་དེ་དག་གི་ཁྲོད་ལ་བལྟས་ནས་བསྡད་པ་ཡིན། དུས་ཡུན་རིང་ཙམ་ལ་ངག་བསྡམ་ནས་བསྡད་པ་ན། རྒྱ་མོ་ཁོང་ཁྲོ་ལངས་བའི་ངོ་མདངས་ཤིག་སྟོན་གྱིན། “ཉོ་རྒྱུ་མིན་ན་རང་གང་ནས་ཡོང་ན་དེ་རུ་སོང་”

ངས་མུ་མཐུད་དུ་ངག་སྡོམ་མ་ནུས་ཏེ།  “གཅིག་ཉོ་རྒྱུ་ཡིན། ཡིན་ཡང་འདེམ་ཐུབ་མ་སོང་།” སྲོག་ཆགས་ལ་ལྟ་མཚམས་བཞག་ནས་རྒྱ་མོའི་གདོང་ལ་ཅེར་གྱིས་བལྟས། མགྲོན་པོ་གཞན་འགའ་རེ་ཡང་ཐོན་ནས་ལྟ་ཙམ་ལྟ་ཙམ་བྱས་ཏེ་བུད་འགྲོ།   སྐབས་ཤིག་ལ་ཕ་བུ་གཉིས་སླེབས་ནས་ཉ་ཕྲུག་གསུམ་འགྱིག་སྒམ་ཆུང་ཆུང་ཁ་ལེབ་ཡོད་པ་ཞིག་གི་ནང་ལ་མཛད་དེ་སྒོར་མོ་སྤྲད་རྗེས་གཞན་སྲོག་ཆགས་ཆུང་ཆུང་དེ་དག་ལ་ལྟ་ཙམ་ཡང་མི་བྱེད་པར་ལམ་དཀྱིལ་ལ་གཟས་ནས་ཆས། མགྲོན་པོ་གཞན་མི་འདུག་པའི་སྐབས་ལ་རྒྱ་མོ་ཡང་ང་ལ་བཅར་ཙམ་བྱས་ནས།  “འདི་དག་ལས་རུས་སྦར་བཟང་གི་རེད”

ངས་ཀྱང་ཚོན་སྣ་ཚོགས་ཀྱིས་ཤན་པའི་རུས་སྦལ་ཆུང་ཆུང་དེ་དག་ལ་ལྟ་ཙམ་བྱས་པ་ཡིན། རུས་སྦལ་ནི་རྒྱབ་ངོས་དང་ལྟོ་ངོས་གཉིས་ཀར་སྐོགས་ཤུན་ཡོད་པ། ལུས་དབྱིབས་ལེབ་ཅིང་ཕྱི་སྐོགས་མཁྲེགས་པ་སུག་བཞི་ཐུང་ལ་འགྲོས་བུལ་གྱིས་འགྲོ་བ། ད་དུང་ཚོན་རྩི་དཀར་དམར་སྔོ་ལྗང་སོགས་ཀྱི་རྒྱབ་སྐོགས་ངོས་སུ་རི་མོ་སྣ་ཚོགས་བྲིས་ཡོད་པའི་མགོ་དང་སུག་བཞི་སྐོགས་སྦུབས་སུ་ཡིབ་པར་བྱེད་ནུས་པའི་གོག་འགྲོས་སྲོག་ཆགས་ཤིག་རེད།

ངས་ནན་གྱིས”འདི་ལ་ཁྱད་ཆོས་ག་རེ་ཡོད་པ་རེད” ཅེས་དྲིས་པ་ཡིན།

རྒྱ་མོས་ངའི་གདོང་ལ་ལྟ་ཙམ་བྱས་ནས། “འདི་ལ་ཁྱད་ཆོས་མང་པོ་ཡོད་ནི་རེད། ལྟོགས་སྐོམ་ལ་བཟོད་བསྲན་ཆེ་ནི་རེད། དེ་ཡིན་ན་དུས་རྒྱུན་ཟ་མ་བྱིན་དགོས་ནི་མ་རེད། སྲོག་ཆགས་གཞན་དང་མི་འདྲ་བར་དུས་ཡུན་རིང་པོར་འཚོ་ཐུབ་པ་རེད།  སྐམ་ས་དང་ཆུ་ནང་གཉིས་ཀ་ནས་འཚོ་ཐུབ་པ་རེད། རྒྱབ་སྐོགས་ཡང་སྨན་བྱེད་ཆོག་པ་རེད།”

ང་རང་ཧད་དེ་བསྡད་པ་ཡིན། མོས་ངའི་གདོང་ལ་བཙན་གྱིས་ལྟ་ཙམ་བྱས་ནས། “ཉོ་རྒྱུ་ཡིན་ནམ” “ཡིན” “ཁ་དོག་གང་དགོས”  “སེར་པོ་ཞིག”  “དཀར་པོ་ཡག་གི་རེད” “སེར་པོ་དགོས། ངས་འདི་དག་ལ་སྐད་ཆ་འགའ་བཤད་ན་ཆོག་གམ” “ཨཱ” རྒྱ་མོའི་གདོང་ལ་ཡ་མཚན་པའི་མདངས་ཤིག་ལངས་ནས། “ཆོག ཅི་ཞིག་བཤད་རྩིས་ཡིན” “ཁོ་ཚོས་མི་ཚོར་ངས་གང་འདོད་དུ་སྐད་ཆ་ཞིག་བཤད་སྙིང་འདོད” ” ཡ”  ངས་ཧ་ཅང་སེམས་པ་འདི་ཉིད་་ལྷོད་པོར་བཞག་སྟེ།

“རི་གངས་དཀར་ཡག་གི་ལ་ཐོད་སྤྲིན་དཀར་གྱིས་དཀྲིས་འདུག།

སེམས་གདོད་མའི་ངོ་བོ་མ་རིག་འཁྲུལ་བ་ཡིས་ཁེབས་འདུག།

ལས་དག་དང་མ་དག་རྒྱུ་འབྲས་བསླུ་མེད་ཀྱི་མར་སྣེ།།

ལུས་ལོན་དང་མ་ལོན་སྲོག་ཆགས་ཆུང་ཆུང་གི་རྣམ་ཤེས།།

གསོན་དཀར་ངོགས་བྲལ་རྗེས་ལམ་བུ་སྣ་ཚོགས་ཀྱི་ཡར་སྣེ།།

གནས་དག་པ་དག་པའི་ཡང་རྩེ་བདེ་ལྡན་གྱི་ཞིང་ལ།།

དུས་སྐད་ཅིག་ཙམ་ནས་འཕོ་བའི་འདུན་མ་ལ་སྨོན་ནོ།།”

ཚིག་གི་མགོ་རྔ་སོགས་ལྷུ་འགྲིག་མིན་གང་ལ་ཡང་མ་ལྟོས་པར་སེམས་ཀྱི་ངོ་བོ་ན་ཇི་བཞིན་གནས་པ་ངག་ནས་བཟློས། སྲང་མདོ་དེ་རུ་ཕར་འགྲོ་ཚུར་ཡོང་གི་འགྲུལ་བ་ཧ་ཅང་མང་། འཕྲོ་དེར་ཚིག་རྐང་གཞན་མ་དྲན་མོད་སྨོན་ལམ་སྣ་ཚོགས་ཀྱིས་མཐའ་བརྒྱན་ནས་མཚམས་བཞག རྒྱ་མོ་སྔར་ལས་ཀྱང་ཡ་མཚན་པ་ལྟར་གྱུར། སྲང་མདོའི་འགྲུལ་བའི་འུར་ཟང་ནི་སྔར་ལས་ཀྱང་ཇེ་མཐོ་ནས་ཇེ་བཙན་རེད། ད་ལྟ་ཉེ་འཁོར་རྒྱུ་བའི་མི་དག་གི་སྐད་ཆ་ཡང་ཚོར་མི་ཐུབ་པར་གྱུར།

 

གསུམ།

གྲང་ངར་ཆེ་བའི་དགུན་ཁ་ཞིག་གི་དགོང་མོ་དེར། བུ་མོ་ཞིག་ལ་མཚོན་ན་ཆེས་ཐོག་མའི་རྨི་ལམ་གསར་བ་ཞིག་ལ་རོལ་མགོ་ཚུགས། དབུགས་ཀྱི་སྡོམ་མཚམས་བཞག་ནས་ང་མོའི་གཡོན་ཕྱོགས་སུ་གན་རྐྱལ་དུ་ཉལ། དྲ་མ་དང་སྒེའུ་ཡོལ་བརྒྱུད་ནས་མལ་སའི་སྟེང་གི་མལ་ཐུལ་ངོས་ལ་འཕྲོས་འདུག་པའི་ཟླ་འོད་ཡལ་པོ་ཞིག་ལ་ཡང་ལྷོད་ཅིག་བབ་བྱུང་བ་འདྲ། གཞི་ནས་མོ་ཡང་རས་བལ་རྡོག་པས་མནན་པ་བཞིན་ལྷོད་ཆགས་གེ་བ་ཞིག་ཏུ་གྱུར་སོང་། མཚམས་དེར་མོའི་ངག་ནས་ཡང་སྐད་ཆ་བཤད་རྒྱུ་བྱུང་། “ལོ་འདི་དག་གི་རིང་ལ་ཁྱོད་ཀྱིས་ང་ལ་ཐུབ་ཚོད་མ་བྱས་བསམ་པ་ཞིག་མེད། འདི་འདྲ་བའི་ཐུབ་ཚོད་ཅིག་བྱེད་འཆར་ཡིད་ན་ཡང་མེད”

ཕར་བལྟས་ཚོད་དུ་མིག་མཐའ་ན་མཆི་མས་རླན་འདུག་བསམ་པ་ཞིག་རེད། ངས་ཧ་ཅང་ལྷོད་ཉམས་ཤིག་སྟོན་གྱིན། “ཁྱོད་ངེད་ཀྱི་མ་ཡིན་ནམ།” མོའི་གདོང་ལ་ཁོང་ཁྲོ་ཉམས་ཤིག་ལངས་ནས།

” རེད། ང་ཁྱེད་ཚང་གི་གཡོག་མོ་རེད”

“དེ་འདྲ་ཟེར་སྲོལ་ག་ལ་ཡོད། ཁྱོད་ངེད་ཀྱི་ཡིན་ན། ངའི་ཡང་ཡིན་པ་རེད།”

མཚམས་དེར་མོའི་ངག་བསྡམས་ནས་སྐད་ཆ་གཞན་བཤད་མ་བྱུང་།རླུང་བུ་ཞིག་གྲང་ངར་དང་བསྡོངས་ཏེ་ངེད་གཉིས་ཀྱི་རུམ་ཁ་ལ་འཚང་བར་བྱས། ངེད་གཉིས་ཀྱང་འགུལ་ཙམ་འགུལ་ཙམ་བྱས། སྐབས་དེར་མོ་སྔར་ལས་ཀྱང་ཕྱེ་ཐུག་ཏུ་འབྲི་མར་འཕང་པ་བཞིན་ལྷོད་ལ་འབབ་ཐུབ་གྱིན་པ་ཤེས་ནུས། ངའི་བྲང་ཁ་ལ་མགོ་བོ་བཞག་ནས། མོ་རང་ཧ་ཅང་ཁེར་རྐྱང་ཡིན་པའི་བརྡ་སྟོན་གྱིན་ཡོད་པ་དང་འདྲ། “ངེད་ཚང་གི་ཨ་ཕས་དུས་རྒྱུན་ཨ་མ་ལ་གཅར་རྡོང་གཏོང་བ་ཡིན། དགོང་མོ་རེ་རེ་ལ་ཨ་མ་ངེད་གཉིས་ཀྱིས་གྲང་ངར་བཟོད་མེད་རེ་མྱོང་དགོས།” ངས་ཕར་སྐད་ཆ་གཞན་གང་ཡང་མ་དྲིས་ཀྱང་རང་མོས་ངང་བཤད་བྱུང་། མིག་ཆུ་ཤམ་ཤུམ་བྱས་བྱུང་།ངས་མོ་ལག་པས་དམ་པོར་བསྡམས་ནས་བསྡད་པ་ཡིན།

ལྡབ་ལྡིབ་དང་འདྲེས་པའི་ངག་ལས ་” ཨ་ཕས་དུས་རྒྱུན་ངེད་མ་བུ་གཉིས་ལ་ཚིག་ངན་སྣ་ཚོགས་ཀྱིས་དམོད་མོ་གཏོང་། དགོང་མོ་ཞིག་ལ་ཨ་ཕས་བུ་མོ་ཡང་ཆེ་རྒྱུ་མེད་ན་ཆུང་རྒྱུ་མི་འདུག་ད་ནི་དམག་པ་ཞིག་བསུ་རན་འདུག་ཟེར། ཨ་མ་ནི་ཁོང་ཁྲོ་བཟོད་མེད་ཅིག་ལངས་ནས་ངེད་གཉིས་རང་རང་སོ་སོའི་ས་ལ་འགྲོ་ཟེར། ཨ་ཕ་ཡར་ལངས་ནས། ཡ་བཟང་གི་འདྲེ་མོ། ཚིག་ལན་དེ་འདྲ་མ་ཚོར་ནས་ཡོད། རང་རང་ཡེད་ན་རང་རང་ཡེད། སོ་སོར་འགྲོ་ན་སོ་སོར་འགྲོ། ངས་ཁྱེད་གཉིས་ལ་ཤ་ཚ་བ་དང་སྙིང་དམར་བ་མ་གཏོགས་ཕོ་རྐྱང་ང་འདྲ་གང་ལ་སོང་ཡང་རང་ཁྱིམ་ཡིན་པ་རེད་ཟེར། ཞོགས་པ་ཞིག་ལ་ཉེ་མི་འགའ་ཡང་ཐོན་ནས་ཁྱིམ་གྱི་བཅའ་དངོས་མཐའ་དག་ཨ་ཕ་དང་ཨ་མ་གཉིས་ལ་གཡས་ཁྱད་གཡོན་བཟུར་མེད་པའི་སྒོ་ནས་འདྲ་ཁད་ཀྱི་བྱིན་ཐལ། ང་ལ་ཉེ་མི་དེ་དག་གིས་ཁྱོད་རང་ཨ་ཕའི་རྗེས་ལ་འགྲོ་འམ་ཨ་མའི་རྗེས་ལ་འགྲོ་ཟེར། ང་ཨ་མའི་རྗེས་ལ་འགྲོ་ཡིན་ཞེས་བཤད་པ་ཡིན”

མིག་ཆུ་སྔར་ལས་ཀྱང་ཤམ་ཤུམ་བྱས་བྱུང་། ངས་ངག་སྡོམ་པ་ལས་སྐད་ཆ་གཞན་གང་ཡང་འཆད་རྒྱུ་མ་བྱུང་། ང་ལ་མཚོན་ན་དགོང་མོ་དེ་ནི་མུན་པ་ཆེས་ཆེ་བའི་མཚན་མོ་ཞིག་རེད། ད་དུང་གྲང་ངར་ཡང་ཆེས་ཆེ་བའི་མཚན་མོ་ཞིག་རེད། “ང་ལ་མཚོན་ན་ཁྱེད་ཀྱི་ཨ་མ་ནི་བཀའ་དྲིན་ཆེན་པོ་ཡིན། ཨ་ཕྱི་མ་འཚམས་ནས་ཟླ་ངོ་གཉིས་ཙམ་ལས་འགོར་མེད་པའི་ཉིན་ཞིག་བུད་མེད་དག་སྡེ་བའི་འཕྲོ་བསྟེན་ཁང་གི་སྒོ་རུ་འདུས་ཀྱིན་འདུག སྡེ་བ་གཞན་ནས་ཡོང་བའི་བུད་མེད་ཅིག་གིས་བདེ་སྲུང་རྒྱུན་ཤེས་སྐོར་གྱི་ཁ་བརྡ་བཤད་རྒྱུ་རེད་ཟེར། ང་ཡང་བུད་མེད་དེ་དག་གི་གྲས་སུ་འཚང་ནས་སོང་བ་ཡིན།”  སྐབས་དེར་ཕར་བལྟས་ཚོད་དུ་མོའི་སེམས་ཡང་ཅུང་ཟད་ལྷོད་ནས་མིག་མཐའི་མཆི་མ་ཡང་ཇེ་ཉུང་དུ་སོང་འདུག་པ་འདྲ།

མོས་སྔར་ལས་ཀྱང་སྐད་མགོ་དམའ་རུ་བཏང་ནས་ལྡབ་ལྡིབ་གྱི་ངག་ལས་ “སྡེ་བ་གཞན་ནས་ཡོང་བའི་བུད་མེད་ནི་ཁྱེད་ཀྱི་ཨ་མ་རེད། ཉིན་དེར་ཁྱེད་ཀྱི་ཨ་མས་ལུས་སྟོད་ལ་བལ་སྐུད་ཀྱི་བསླས་པའི་སྐུད་སྟོད་སྐྱ་བོ་ཞིག་གྱོན་འདུག་ལ་ལུས་སྨད་དུ་སྨད་གཡོགས་ནག་པོ་མནབས་འདུག ངའི་མིག་གི་དབང་པོ་ཁྱེད་ཀྱི་ཨ་མ་ལ་ཕྱོགས་ཤིང་།  ཡིད་ལ་འདི་ནི་བུད་མེད་ཅི་འདྲའི་འཇོན་ཐང་ཅན་ཞིག་རེད་སྙམ། ཁྱེད་ཀྱི་ཨ་མས་མི་ཚོགས་སུ་མིག་གིས་རིག་རིག་ངང་ལྟ་བཞིན་ང་ཚོ་བུད་མེད་ཟེར་བ་འདི་མི་རིགས་ཀྱི་མ་ཡུམ་དུ་གྱུར་པའི་སྐྱེས་མ་ཞིག་ཡིན་ཕྱིན། རང་ཉིད་ཀྱི་བདེ་ཐང་ལ་གཅེས་སྤྲས་བྱ་བ་ནི་རང་ཉིད་ཙམ་དུ་མ་ཟད། བུ་ཕྲུག་གིས་བདེ་ཐང་དང་མི་རིགས་ཀྱིས་ཁེ་ཕན་ལའང་འབྲེལ་བ་དམ་ཟབ་ཡོད་པ་རེད། དེ་ན་ང་ཚོས་རྒྱུན་ཤེས་འདི་དག་ལ་ངོས་འཛིན་ཡག་པོ་དང་ལག་ལེན་ནན་ཏན་བྱ་རྒྱུ་ནི་ཅིས་ཀྱང་གལ་ཆེན་པོ་རེད་ཟེར” མོས་གླལ་སྒྱིང་ནར་ནར་ཞིག་བྱས་རྗེས།

མུ་མཐུད་དུ་ངའི་ཨ་མ་དང་འབྲེལ་བའི་སྐད་ཆ་སྔར་བཞིན་བཤད་པར་བརྩམས། “གཏམ་བཤད་མཇུག་གྲུབ་རྗེས། བུད་མེད་དེ་དག་འཕྲོད་བསྟེན་ཁང་དང་ཁ་གྱེས། ང་རང་དེ་གར་ཧད་དེ་དུས་ཡུན་ངེས་ཅན་ཞིག་ལ་ལུས་སོང་བ་འདྲ། བར་སྐབས་ཤིག་ལ་ངས་ཕྱི་རོལ་གྱི་དྲན་པ་རྙེད་རྗེས།ཁྱེད་ཀྱི་ཨ་མ་ངའི་གམ་ལ་སླེབས་འདུག”

ད་ལྟ་མོའི་གདོང་ན་ཡང་འཛུམ་མདངས་ཡལ་པོ་ཞིག་འགུལ་གྱིན་འདུག་པ་འདྲ། ” ཁྱེད་ཀྱི་ཨ་མ་དང་ངེད་གཉིས་དུས་ཚོད་ངེས་ཅན་ཞིག་ལ་ངའི་ཕ་མ་དང་ཨ་ཕྱི་སོགས་ཀྱི་སྐོར་ནས་ཁ་བརྡ་མང་ཙམ་པ་ཞིག་བྱས་མཐར། ཁྱེད་ཀྱི་ཨ་མས་ཁྱིམ་གཞིས་ཙིག་ཚང་འདྲ་བ་ཞིག་ང་ལ་ཡོད། གལ་ཏེ་དེ་རུ་སོང་ནས་འཚོ་བ་འཁྱོལ་རྒྱུ་རེད་འདོད་ན་ང་རང་ནངས་མོ་ཁྱོད་ཉིད་བསུ་འུ་ཡོང་ཟེར། ” མཆིལ་མ་ཞིག་མིད་ནས་ཡང་གླལ་སྒྱིང་ནར་ནར་ཞིག་བྱས།

” ཞོགས་པ་དེར་རང་སྡེ་དང་ཁ་བྲལ་ནས་ཁྱེད་ཚང་ལ་ཡོང་བ་ཡིན” སྐད་ཆ་བཤད་ནས་མཚམས་དེར་ཐོན་དུས། ངའི་མིད་པར་འདོད་པའི་མཆིལ་མ་ཞིག་ཐོགས་ནས་སླར་ཡང་མོ་ལ་འཐམ་འཁྱུད་གསར་བ་ཞིག་བྱས་མགོ་བརྩམས།

བཞི།

ངས་རུས་སྦལ་འགྱིག་སྒམ་ཆུང་ཆུང་ཞིག་གི་ནང་ལ་བཅུག་ནས་སྲང་མདོ་དེ་རུ་ཡར་ཉུལ་མར་ཉུལ་ཐེངས་འགའ་བྱས། གླ་གཏོང་ཁ་ལོ་པ་ཞིག་བོས་ནས་ “ང་རང་བདེ་སྐྱིད་སྲང་ལམ་ལ་འདྲུད་རོགས” ཁ་ལོ་པས་མྱུར་ཚད་ཇེ་མགྱོགས་ལ་བཏང་སྟེ་ངག་སྒོ་ཡངས་མོས” ཡ་ཡ་ལགས” ཟེར་བཞིན་བདེ་སྐྱིད་སྲང་ལམ་གྱི་རང་ཁྱིམ་ལ་བསྐྱལ། ངས་མགོ་བོ་དགྱེ་དགྱེ་གཏོང་བཞིན་རང་ཁྱིམ་གྱི་སྒོ་ཁར་སླེབས་པ་ན་ཨ་མ་དང་ཁྱིམ་སྲུང་མ་གཉིས་ཀྱི་ཟ་མ་གཡོ་སྐོལ་བྱས་ཏེ་ང་རང་ལ་སྒུག་འདུག དྲང་མོར་བཤད་ན་མོའི་མིང་ལ་ཁྱིམ་སྲུང་མ་མི་ཟེར་མོད་དེ་ནི་ངའི་སྔོན་གྱི་ལོབ་ཕྱོགས་ནས་ཤོར་བའི་ཟེར་སྲོལ་ཞིག་ཡིན། མིང་དངོས་ལ་སྒྲོན་དཀར་སྐྱིད་ཟེར། ཨ་མས་དུས་རྒྱུན་སྒྲོ་སྒྲོ་ཟེར་ནས་འབོད། སྒྲོ་སྒྲོ་སྐས་ནས་མར་བབས་ཏེ་ངའི་ལག་གི་འགྱིག་སྒམ་ཆུང་ཆུང་ནང་གི་རུས་སྦལ་ལ་ལྟ་བཞིན་ཧ་ལས་པའི་ངོ་མདངས་ཤིག་མངོན་ནས་” ཨ་ལ་ལ་སྙིང་རྗེ་པོ་འདུག”

ཨ་མས་ཅི་ཡིན་མ་གོ་བར་”ཨཱ  ཅི་ཞིག་སྙིང་རྗེ་འདུག”

” ཨ་ནེ་རུས་སྦལ་ཆུང་ཆུང་འདི” མཛུབ་མོ་ཀེར་ནས་སྟོན་གྱིན་ཧ་ལས་པར་འགྱུར། ངས་ངོ་ལ་གསང་བའི་འཛུམ་ཆུང་ཞིག་ལངས་ནས་སྒྲོ་སྒྲོའི་གདོང་ལ་ལྟ་བཞིན། ཟླ་འགའི་སྔོན་གྱི་མཚན་མོ་ཞིག་ཡིད་ལ་ཡང་ཡང་འཁོར། དགོང་མོ་དེར་དང་ཐོག་མོ་རང་དངངས་འདར་བྱས་ཤིང་རྗེས་ནས་རིམ་བཞིན་ང་ལ་བློ་ཉེ་ཉེ་བྱས་པ་སོགས་ཡིད་ངོས་སུ་གློག་བརྙན་བཞིན་འཆར་འོང་གིན་འདུག མཚན་མོ་དེ་ནས་བཟུང་ངེད་གཉིས་ནི་ནང་མི་རྙིང་བ་ཞིག་གི་འདུ་ཤེས་ཆགས།

གློ་བུར་དུ་ངའི་དྲན་པའི་སྒོ་མོ་ཡངས་པོར་ཕྱེ་ནས་    ” རུས་སྦལ་ཆུང་ཆུང་འདི་ཁྱོད་ལ་བཅོལ། འདི་ཁེར་རྐྱང་ཡིན། ཁྱེད་ནི་ཁེར་རྐྱང་ལ་དགའ།    བདག་པོ་ཡང་དག་ཅིག་མཛད་རོགས། ་ངེད་ཚང་གི་….. ”   སྐད་མགོ་ཇེ་དམའ་རུ་སོང་ནས་ཚིག་གི་འཕྲོ་ཆད་སོང་། ངའི་སེམས་སུ་ད་ལྟ་མོ་ལ་སྔར་བཞིན་ཁྱིམ་སྲུང་མ་ཟེར་དགོས་སམ། ཡང་ན་སྒྲོ་སྒྲོ་ཟེར་དགོས་གང་ཡིན་ཆ་མ་འཚལ་བར་ཐེ་ཚོམ་གྱི་རྒྱ་རུ་ཚུད། ཨ་མ་ཐབ་ཚང་ལ་ལོག་རྗེས་ངེད་གཉིས་སྐེ་འཇུ་ཐེངས་ཤིག་བྱས།

 

ལྔ།

ཁོ་མོའི་ངོ་གདོང་དམར་པོར་གྱུར་བའི་ཞོགས་པ་དེར་ངའི་ངག་ལས་ “སྒྲོ་སྒྲོ” ཞེས་ཤོར་བ་ཨ་མས་ཐོས་ནས་ཧ་ལས་སོང་པའི་བའི་རྣམ་འགྱུར་ཞིག་མངོན། ངས་གོ་མེད་ཚོར་མེད་ཀྱི་རྣམ་འགྱུར་ཞིག་གི་ལན་མི་སྟེར་ཀ་མེད་བྱུང་། དུས་ཚོད་ནི་དངོས་གནས་མགྱོགས་པ་ལ་ཟླ་འགའི་དགུན་གནང་ངལ་གསོ་ཡང་དེ་རིང་ནས་མཇུག་གྲུབ་པ་དྲན་ན་སེམས་ནས་ཅུང་ཟད་མ་བདེ་བ་ཞིག་ཀྱང་ཅི་ལ་མིན། ཨ་མའི་གདོང་གི་རྣམ་འགྱུར་མཐའ་དག་གཅིག་ལ་དྲིལ་ནས།

” དེ་རིང་མ་ལོ་ཁྱོད་སློབ་གྲྭ་ལ་འགྲོ་རན་སོང་བ་མ་ཡིན་ནམ”

ངས་གདོང་ཡོངས་ལ་ངལ་བའི་ཉམས་ཤིག་སྟོན་གྱིན་”རེད”

“སྔ་དྲོ་འགྲོ་འམ།  ཕྱི་དྲོ་འགྲོ།” ངས་སྒྲོ་སྒྲོའི་གདོང་ལ་ལྟ་ཙམ་བྱས་ནས” ཕྱི་དྲོ་འགྲོ” ཨ་མ་ཅུང་ཟད་བྲེལ་བའི་ངང་ནས་ཡར་ལངས་ཏེ་ “བཅའ་དངོས་དགོས་པ་དག་བརྗེད་ཀི་མ་འཇུག  ཕྱི་དྲོ་ང་རང་མི་ཁོམ་པས་སྒྲོ་སྒྲོས་ཁྱོད་རང་སློབ་གྲྭ་ལ་སྐྱེལ།” སྔོན་ཆད་ཀྱི་དུས་ཤིག་ཡིན་ན། ད་ལྟ་ངས་ཕྱིར་ཨ་མ་ལ་སྒྲོ་སྒྲོས་སྐྱེལ་མི་དགོས་ཚུལ་གནས་ལུགས་མང་པོ་ལབ་ཟིན་མོད།  དེ་རིང་ངས་མགོ་བོ་བཏུད་ནས་དགོས་དང་མི་དགོས་ཀྱི་སྐད་ཆ་གང་ཡང་མ་ལབ། ཕྱི་དྲོ་དུས་ཚོད་བཞི་པ་ཙམ་ན་སྒྲོ་སྒྲོ་ངེད་གཉིས་ཀྱི་ཁ་ལོ་པ་ཞིག་བོས་ཏེ་སྲང་བར་རེ་རེ་བརྒལ་ནས་སློབ་གྲྭའི་ཕྱོགས་སུ་ཆས།

ཕར་བལྟས་ཚོད་དུ་སྒྲོ་སྒྲོ་ནི་ཨ་ཅེ་དང་ང་ནི་ནུ་བོ་ལོས་ཡིན་བསམ་པ་ཞིག་རེད། དྲང་མོར་བྱས་ན་སྒྲོ་སྒྲོ་ནི་ང་ལས་ལོ་གཉིས་ཀྱི་ཆུང་བ་ཡིན། དེང་ཐོག་སྒྲོ་སྒྲོ་ངེད་ཚང་ལ་ཐོན་དུས་ཨ་མས་སློབ་གྲྭ་ཞིག་བཙལ་ནས་མོ་རང་སློབ་གྲྭ་ལ་གཏོང་འདོད་ཡོད་མོད། མོའི་ཐོབ་ཐང་ལག་འཁྱེར་སྟེང་གི་ལོ་གྲངས་ནི་ངེད་ཚང་གི་ཨ་མ་དང་མཉམ་པས་ལུས་ཚད་དང་ལོ་རིམ་རན་པའི་སློབ་གྲྭ་གང་གིས་ཀྱང་དང་ལེན་མ་བྱས།  ཐོབ་ཐང་ལག་འཁྱེར་སྟེང་གི་ལོ་གྲངས་ནི་ལར་ནས་བཅོས་ཐབས་ཡོད་པ་ཞིག་མ་ཡིན་པས། ཨ་མས་ནུས་ཤུགས་ཡོད་དགུ་བཏོན་རུང་ལོ་འགའ་ཇེ་ཆུང་དུ་གཏོང་ཐུབ་པ་ལས། གཞི་ནས་སྙོམས་ཤིང་རྨང་ནས་བཅོས་ཐུབ་པ་ཞིག་མ་བྱུང་། མོས་སློབ་ཆུང་ལོ་རིམ་དྲུག་ནི་ཡང་དག་ཅིག་བཏོན་འདུག་ཚོད་རེད།

ལམ་ཁ་ནས་ངེད་གཉིས་ཀྱི་སློབ་གྲྭའི་འཚོ་བ་དང་སློབ་སྦྱོང་གི་སྐོར་ནས་ཁ་བརྡ་མང་པོ་བྱས། སྲང་ལམ་རེ་རེ་དང་ཁང་བརྩེགས་དེ་དག་ནི་གྲང་ངར་གྱིས་བཅུམ་པ་དང་ཀུན་ནས་མཚུམས། སྐྱ་ལེབ་ལེབ་ཏུ་འཕྱོ་བའི་ཁ་བའི་འདབ་མ་དག་བར་མེད་དུ་ལང་ལོང་ངང་གཡོ་ཞིང་སྤུར།

 

དྲུག

ངས་ལར་ནས་རང་ཉིད་མཐོ་འབྲིང་སློབ་མ་ཞིག་ཡིན་ཟེར་སྙིང་མི་བྲོད་ལ་དེ་ལས་ཀྱང་རྒྱ་སྐད་ཀྱིས་  ” 我是一个高三的学生”  ཟེར་མི་འདོད། ང་ནི་མི་ངན་ལེ་ལོ་ཅན་ཞིག་ཡིན། དོན་གཉེར་མེད་མཁན་ཞིག་ཀྱང་ཡིན་ཏེ། དབྱར་གནང་དང་དགུན་གནང་གཟའ་འཁོར་རེ་རེའི་གཟའ་སྤེན་པ་དང་ཉི་མ་ནམ་ཚེས་ལ་སྒུག་མཁན་ཞིག་ཡིན་པ་ལས། སློབ་ཐུན་རེ་རེ་དང་དུས་ཚོད་རེ་རེ་ཡང་ན་སྐར་ཆ་རེ་རེ་ལ་དམ་འཛིན་བྱས་ནས་སློབ་སྦྱོང་ལ་འབད་པ་བྱ་འདོད་ཀྱི་ཀུན་སློང་ཡོད་མཁན་གྱི་སློབ་མ་སྤུས་ལེགས་ཞིག་ཡེ་ནས་མིན། དེའི་ཕྱིར་ངས་རང་ཉིད་སློབ་མ་ཞིག་དང་ཡང་ན་མཐོ་འབྲིང་སློབ་མ་ཞིག་ལྷག་ཏུ་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཞིག་ཡིན་ཟེར་སྙིང་གཏན་ནས་གཏན་དུ་མི་འདོད་དོ།།

དབྱར་གནང་གི་ཟླ་བ་དེ་དག་དང་ཉི་མ་འདི་དག་ལ་ང་དང་སྒྲོ་སྒྲོ་གཉིས་ལ་མཚོན་ན་རུས་སྦལ་ནི་ཕན་ཚུན་གྱི་འབྲེལ་བ་ལ་རོགས་འདེགས་ཀྱི་རྩེད་ཆས་དོན་སྙིང་ཅན་ཞིག་རེད། ཉི་མ་རེ་རེ་ལ་རུས་སྦལ་ཆུ་རུ་རྐྱལ་དུ་འཇུག་པ་དང་རྩྭ་ལྗང་ཁྲོད་དུ་མངག་པ་སོགས་ལས་ཀ་ཆུང་ཆུང་དེ་དག་གི་ཁོམ་པ་མེད་ལ། ལས་ཀ་དེ་དག་ནི་སྒྲོ་སྒྲོ་ངེད་གཉིས་ལ་མཚོན་ན་སེམས་ནང་ནས་ཆེས་བསྒྲུབ་ན་འདོད་པའི་ལས་ཀ་ཞིག་ཀྱང་ཅི་ལ་མིན། རུས་སྦལ་ཡོད་པ་ནས་ངེད་ཚང་ལ་འགྲུལ་བ་ཞིག་ཐོན་པ་ནང་བཞིན་རུས་སྦལ་སྐོར་གྱི་ཁ་བརྡ་མང་ཙམ་པ་ཞིག་འཆད་རྒྱུ་འདུག

ཉིན་མོ་རེ་རེ་ང་རུས་སྦལ་ལ་བརྩེ་བ་ཡིན་ལ། མཚན་མོ་རེ་རེ་ང་སྒྲོ་སྒྲོ་ལ་བརྩེ་བ་ཡིན། ཟླ་བ་དང་ཉི་མ་དུས་ཚོད་རེ་རེ་བཞིན་དེ་ལྟར་བཞུར་བ་ན་ང་སྒྲོ་སྒྲོ་ལ་བརྩེ་བ་ཇེ་ཟབ་རེད་ལ།  རུས་སྦལ་ལའང་འདང་ཇེ་ཆེ་རེད།སྐབས་རེ་སྒྲོ་སྒྲོ་ནི་ངའི་ཆུང་མ་དང་རུས་སྦལ་ནི་ངའི་ནོར་བུ་རྩ་ཆེན་ཞིག་ཡིན་པའི་སེམས་ཚོར་འདུག

དྲང་མོར་བྱས་ན་སྒྲོ་སྒྲོ་དང་རུས་སྦལ་གཉིས་ནི་ངེད་ཚང་ལ་ཐོན་པའི་མགྲོན་པོ་ཆ་མེད་གཉིས་ཡིན་པ་ནི་བདེན་མོད། ད་ལྟ་རེ་རེ་བཞིན་འདྲིས་ལོབས་སུ་གྱུར་པ་ན་རེ་རེ་བཞིན་སྙིང་ལ་དམར་བ་ཞིག་ཀྱང་རེད། ད་ལོའི་དབྱར་གནང་ནི་ང་ལ་མཚོན་ན་ཁྱིམ་གྱི་འགྲུལ་བ་འདི་གཉིས་དང་བརྩེ་ཡུན་ཆེས་རིང་བའི་དུས་ཚིགས་ཤིག་རེད། གཅིག་ནི་ངེད་ཚང་གི་ཨ་མས་ཁྱིམ་འདིར་ཁྲིད་ནས་ཐོན་པ་ཞིག་ཡིན། གཅིག་ནི་ངས་ཁྱིམ་ལ་ཁྲིད་ནས་ཐོན་པ་ཞིག་ཡིན། ད་ལྟ་དངོས་གནས་འགྲུལ་བ་འདི་གཉིས་ཀྱང་ངེད་ཚང་ལ་དགའ་ཞིང་ངེད་ཚང་གི་ཁྱིམ་མི་དག་ལ་ལོབས་འདྲིས་སུ་སོང་ཟིན།

 

བདུན།

དབྱར་གནང་རྫོགས་སོང་།  སློབ་གྲྭ་ལ་འབྱོར་ནས་གཟའ་འཁོར་གཉིས་ཏག་ཏག་ལོན་སོང་། གཟའ་ཉི་མའི་ཕྱི་དྲོའི་དུས་ཚོད་གསུམ་པ་ཙམ་ཞིག་རེད། ” ཏིང་ཏིང་” ལག་འཛིན་ཁ་པར་གྱི་དྲིལ་བརྡ་གྲགས་བྱུང་། “ཝེ  མ་ལོ་ག་རེ་གནང་གི་ཡོད” བྲེལ་བཞིན་པའི་སྐད་གདངས་ལས་དེ་ལྟར་བོས་བྱུང་། ངས་ཡང་འཚུབ་ཆ་དང་བཅས། ” ཨ་མ་རང་གར་ཡོད། ”

” མ་ལོ། སྒྲོ་སྒྲོ་མི་འདུག”    ” ཨཱ”

” སྒྲོ་སྒྲོ་མི་འདུག་ཡཱ།  ཁྱོད་ལ་འབྲེལ་བ་བྱས་མ་བྱུང་ངམ”

“འབྲེལ་བ་བྱས་མ་བྱུང་” ཟེར་བ་དང་ལྷན་དུ་དྲན་པ་སོས་པ་བཞིན།ངག་ནས་བྲེལ་མྱུར་དང་བཅས་ཨ་མ་ལ། ” གཟའ་འཁོར་སྔོན་མ་ལ་ཁ་པར་ཐོན་བྱུང་། རུས་སྦལ་མི་འདུག་ཟེར” ཨ་མ་ནི་དེ་ལས་ཀྱང་བྲེལ་བའི་སྐད་གདངས་ལས” རུས་སྦལ། རུས་སྦལ་བོར་སོང་བ་རེད་དམ”

“ཡིན་ས་རེད། བོར་སོང་།  ལོན་མ་སོང་། ཤི་སོང་ཟིག་ཨེའོ་ཟེར”  “ཁྱོད་ཀྱིས་མོ་ལ་སྡིགས་ཡོད་དམ”

” མེད”

ཨ་མས་ལག་འཛིན་ཁ་པར་གྱི་སྒོ་གཏན་སོང་། ངའི་སེམས་ནི་རབ་ཏུ་སྨྲེང་ན་ཡང་། ང་ནི་སྡོད་ཤག་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་ནི་སུས་ཀྱང་ཤེས། ཁེར་རྐྱང་ངང་ལན་རེ་རུས་སྦལ་དྲན་ལ་ལན་རེ་སྒྲོ་སྒྲོ་དྲན།མཚམས་རེར་གཉིས་ཀ་དྲན་པར་བྱས། ད་སྐབས་ནི་ང་ལ་མཚོན་ན་མི་ཚེའི་ནང་ཆེས་རོལ་ན་མི་འདོད་པའི་དུས་ཤིག་ཡིན་པ་འདྲ།

གཟའ་རེ་རེའི་ངལ་གསོ་ལ་ཡང་སྡོད་ཁོམ་མེད་པར་བྲེལ་འཚུབ་ངང་དཔེ་ཆ་ལ་ལྟ་དགོས་པར་མ་ཟད། སློབ་ཐུན་ཡང་གཟའ་སྤེན་པ་ལ་གསུམ་དང་གཟའ་ཉི་མ་ལ་གཉིས་འདུག་གཟའ་གཞན་ལ་ནི་སློབ་ཐུན་གྲངས་ཀྱིས་མི་ཟིན། དགེ་རྒན་རེ་རེའི་བཤད་ན་ད་ཐེངས་རྒྱུགས་མ་འཕྲོད་ཚེ་མི་ཚེ་དང་དུས་ཚོད་རྒྱུ་ནོར་མཐའ་དག་ཚར་སོང་བ་རེད་ཟེར། ངས་ནི་ལར་ནས་དེ་འདྲ་ཞིག་མི་འདོད་མོད། སློབ་གྲོགས་སུ་ལ་བཤད་རུང་ངའི་འདོད་པ་དེ་ནི་ཡང་དག་ཅིག་རེད་ཟེར་མཁན་མ་བྱུང་།སློབ་གྲོགས་དག་དགེ་རྒན་ཚོའི་ངག་བཞིན་ཉིན་མཚན་གཉིས་ལ་ཁོམ་སྐབས་མེད་པ་འདྲ། གཟའ་འཁོར་རེ་རེའི་ངལ་གསོ་ལའང་ཁོ་ཚོ་ནི་སློབ་ཁང་ལས་སྡོད་ཤག་ལ་མི་ལོག་པ་འདྲ།དེ་རིང་ཡང་གཟའ་ཉི་མ་ཞིག་ཡིན། ང་ཁེར་རྐྱང་ངང་སྡོད་ཤག་ན་ཡོད། ” ཏིང་ཏིང”

ཨ་མས་ཁ་པར་ཐོན་བྱུང་། ” སྒྲོ་སྒྲོ་བཙལ་ནས་མི་རྙེད་ཀཱི” ངའི་མིག་མཐའ་ལ་མཆི་མ་ཅི་ལྟར་འཁྱིལ་ན་ཡང་གོ་མེད་ཚོར་མེད་ཀྱི་སྐད་གདངས་ཤིག་ཨ་མའི་རྣ་བར་དཀྲོལ་ཐབས་བྱས། ” ད་དུང་ཡང་འཚོལ་རྒྱུ་ཡོད་དམ”

ངའི་མགྲིན་པ་སྨྲེང་ནས་སྐད་ཆ་གཞན་ཅི་ཡང་བཤད་ཐུབ་པ་ཞིག་མ་རེད། ལག་འཛིན་ཁ་པར་སྒོ་བཙན་གྱིས་མི་གཏན་ཐབས་མེད་བྱུང་། རུས་སྦལ་དང་སྒྲོ་སྒྲོ་གཉིས་ཀྱིས་ང་ལ་ལག་བརྡ་ཙམ་ཞིག་ཀྱང་མེད་པར་དུས་ཀྱི་སོ་ཁ་བརྒལ་ནས་ང་ལ་ཁ་གྱེས་སོང་བ་རེད་དམ། ད་ལྟ་ང་ནི་དངོས་གནས་དབུལ་ནག་དབུལ་རྐྱང་ཞིག་ཏུ་ཆགས་སོང་བ་དང་ཀུན་ནས་མཚུངས་ཏེ། ཆུང་མ་བོར་ལ་རྒྱུ་ནོར་བོར་བའི་མི་ངན་ཞིག   ཡང་ན་བོར་བ་འཚོལ་མི་ནུས་པའི་ཞ་བོ་དང་ཞ་ར་ཞིག་ཏུ་ཆགས་སོ།།

 

བརྒྱད།

སློབ་གྲྭ་ལ་འབྱོར་ནས་གཟའ་འཁོར་བཞི་ལོན་སོང་།

” ཨ་ལ་ལ་བཤད་ཡམ་འདི་འདྲའི་མང་པོ་ཞིག” དྲང་མོར་བསམ་ན་ང་རང་ཉིད་ལའང་ཡིད་ཆེ་དཀའ་བ་ཞིག་རེད།

“སྒྲོ་སྒྲོ་ལ་ངེད་ཚང་གི་དུས་རྒྱུན་མནར་གཅོད་གཏོང་བ་རེད་”

” ངས་རུས་སྦལ་ཞིག་བརྐུས་ནས་སྒྲོ་སྒྲོ་ལ་བཅོལ་བ་རེད”

“རུས་སྦལ་བོར་ནས་ངེད་ཚང་གི་ཨ་མས་སྒྲོ་སྒྲོ་ལ་གཅར་རྡུང་བཏང་བ་རེད”

“སྒྲོ་སྒྲོ་ངེད་ཚང་ནས་སོང་རྗེས་ད་ལྟ་གསེར་གཞུང་སྡེ་བའི་གསོལ་མགྲོན་ཁང་ཞིག་ན་ལས་ཀ་གཉེར་གྱིན་འདུག”ཟེར། བདེན་དུ་འཛིན་མི་ཐུབ་པའི་བཤད་ཡམ་སྣ་ཚོགས་ཀྱིས་ཡུལ་ལུང་ཀུན་ཁྱབ་སྟེ། ས་གཞི་ཀུ་གང་ནས་འགྲོ་བཞིན་འདུག ང་རང་སྡོད་ཤག་ན་ཁེར་རྐྱང་ངང་སྡོད་སྐབས།”ཏིང་ཏིང་” ཨ་མས་ཁ་པར་བཏང་བ་རེད་འདུག “ཝེ”

“ང་ཚོས་རྙེད་མ་བྱུང་”  ང་རང་རེ་ཞིག་ལ་ཧད་དེ་ལུས ” དེ་ན་…..  བཤད་ཡམ་དེ་དག” ཕར་ཉན་ཚོད་ལ་ཨ་མ་སྨྲེང་བཞིན་ལོས་ཡོད་འདོད་པ་ཞིག་རེད།

” མ་ལོ་ཁོ་ཚོས་རྫུན་གཏམ་ཁོ་ན་བཤད་པ་རེད”

ངའི་མིག་མཐའ་མཆི་མས་ཡོངས་སུ་རུབས་ནས་ངུ་སྐད་ཅིག་ལག་འཛིན་ཁ་པར་བརྒྱུད་ནས་ཨ་མའི་རྣ་བར་ཁྲོག་གེར་ལྷུང་།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4243