1. དཔྱད་རྩོམ། «སྟོང་རྟེན་འབྱུང་དང་གཤེགས་སྙིང་གི་དཔྱད་པ།» རྩོམ་པ་པོ། ནེ་ཕོར།(Elizabeth Napper)དང་ཨ་རྡོར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས། ༥༠༣
[བཀླགས་མཆན་ཕྲན་བུ།]
སྟོང་ཉིད་དང་རྟེན་འབྲེལ་བཤད་པ་ཞེས་པའི་རྩོམ་ཡིག་དེ་ཉིད། ནེ་ཕོར་ལགས་ཀྱིས་རྗེ་ཙོང་ཁ་པའི་ལྟ་གྲུབ་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཞིག་རེད། སྟོང་ཉིད་དང་རྟེན་འབྲེལ་གནད་གཅིག་ཏུ་འཇོག་པ་ནི། རྗེ་རིན་པོ་ཆེས་ལྟ་དགོངས་གཙོ་བོར་ཡིན་པར་བསྒྲུབས་འདུག རྩོམ་འདིའི་ཁྱད་ཆོས་ནི་བརྡ་ཆད་རེ་རེ་བཞིན་བཀྲལ་ཞིང་དེའི་འབྱུང་ཁུངས་འཚོལ་ཞིབ་དང་། ལོ་རྒྱུས་རང་བཞིན་གྱི་དབུ་མའི་ལྟ་དགོངས་ཀྱི་འཕེལ་འགྱུར་སོགས་ལ་ཞིབ་ཆ་ཡོད་པ་བྱས་འདུག དམིགས་གསལ་ཁོང་གི་ལྟ་ཚུལ་ཞིག་ལ། རྗེ་རིན་པོ་ཆེས་ལྟ་བའི་ལེགས་བཤད་ཆེན་པོ་ལྔ་ཡི་ཐོག་མ། བྱང་ཆུབ་ལམ་རིམ་ཆེན་མོ་ནི་ཀ་མ་ལ་ཤཱི་ལའི་སྒོམ་རིམ་གྱི་ཤུགས་རྐྱེན་ཐེབས་ཤིང་། དེ་ཉིད་དུ་ཀླུ་སྒྲུབ་དང་ཟླ་གྲགས་སོགས་ཀྱི་ལུང་ཚིག་སྒྲ་ཇི་བཞིན་གྱི་ཁས་ལེན་བསྐྱངས་མེད་པའི་བསམ་ཚུལ་རྗོད་འདུག འདི་ལས་བལྟས་ན་དབུ་མ་སྔ་རབས་པའི་ཁྲོད་དུ་རྗེ་ཡི་ལྟ་དགོངས་ནི་རང་རྒྱུད་དུ་གནས་པར་གསུང་མཁན་བྱུང་བར་རྒྱུ་མཚན་ཞིག་ཀྱང་ཡོད་པར་སྙམ་མོ། །
ད་དུང་གླེང་རི་བ་ཞིག་ནི། ཨ་རྡོར་ལགས་ཀྱི་གཤེགས་སྙིང་སྐོར་གྱི་རྩོམ་ཡིག་དེ་རེད། འདིར་འདོད་ཚུལ་དམིགས་གསལ་དུ་བརྗོད་པ་ནི། དེང་རབས་མཁས་པའི་ཁྲོད་དུ། ཐེག་ཆེན་ལ་དབུ་སེམས་གཉིས་དང་སྙིང་པོ་སྨྲ་བ་སྟེ་ཡན་ལག་ཆེན་པོ་གསུམ་གྱི་སྒོ་ནས་གྱེས་ཚུལ་འདི་རྒྱུགས་ཆེ་ཞེས་བཤད།
སྙིང་པོ་ལ་དཔྱད་པ་བགྱི་བའི་དུས་སུ། རྒྱུད་བླ་མའི་བསྟན་བཅོས་ལ་དཔྱད་པ་བྱ་རྒྱུ་རྩ་བར་གཟུང་ནས། རྒྱུད་བླའི་རྩོམ་དུས་དང་རྒྱ་བོད་སྐད་ཀྱི་འགྱུར་དང་འཆད་ཉན་ཇི་ལྟར་དར་ཚུལ། ལྷག་པར་དུ་རྔོག་ལུགས་དང་བཙན་ལུགས་ཀྱི་བརྒྱུད་པ། བསྟན་བཅོས་འདི་ཉིད་དབུ་སེམས་གང་ཡིན་དང་། ནང་ཚན་གྱི་གྲུབ་མཐའ་གང་དུ་འཇོག་མིན་ཐད་བོད་ཀྱི་མཁས་པས་བཞེད་ཚུལ་ཇི་བྱུང་སྐོར་མཐར་ཆགས་སུ་དཔྱད་ཞིབ་བྱས་འདུག
དེའི་འོག་ཏུ་བོད་ཀྱི་མཁས་པ་རྣམས་ཀྱིས། སྙིང་པོའི་མདོ་ལྔའམ་ཡང་ན་བཅུ། ཡང་ན་མདོ་སྡེ་ཉི་ཤུ་ཞེས་གྲགས་པ་དེ་དག་གི་ཐོག་ལ། སོ་སོའི་ལྟ་ཚུལ་ཇི་བྱུང་དཔྱད་པ་མཛད་དེ། དུས་རབས་བཅུ་བཞི་པའི་ནང་གི་མཁས་པ་ཆེན་པོ་བུ་དོལ་གཉིས་ཀྱི་ལྟ་གྲུབ་གླེང་འདུག མྱང་འདས་ཆེན་པོའི་ལུང་ང་གཅིག་དྲངས་ནས་མདོ་སྡེ་དེ་དག་དྲང་དོན་དགོངས་པ་ཅན་དུ་བུ་ཡིས་བཀྲལ་བ་དང་། དོལ་པོ་པའི་ཕྱོགས་ཀྱིས་མྱང་འདས་ཆེན་པོའི་ལུང་ཚིག་སུམ་བཅུ་ཙམ་བཀོད་ནས་ངེས་དོན་དུ་འགྲེལ་བཤད་བསྐྱོན་ཡོད། འོན་ཀྱང་། མྱང་འདས་ཆེན་པོའི་མདོ་ནི་པར་གཞི་མི་འདྲ་བ་མང་བས་ཁུངས་སུ་ཇི་ཙམ་འགྲོ་མིན་དཔྱད་གཞི་རུ་བཀོད་པ་སོགས། རྩོམ་འདིར་རིགས་ལམ་དང་ལྡན་པའི་ཞིབ་འཇུག་གི་ཐབས་རྩལ་མང་དུ་མཆིས།
དེ་བཞིན་དུ། བུ་དོལ་གཉིས་ཀྱི་གཤེགས་སྙིང་ལས་འཕྲོས་པའི་རྩོད་གླེང་དེ། སོ་སོའི་སློབ་བརྒྱུད་ཀྱི་ཁྲོད་དུ་དགག་སྒྲུབ་ཀྱི་ངར་ཤུགས་ཆེ་ཙམ་བྱུང་ཞིང་། དུས་ད་ལྟའི་བར་དུ་རྩོད་གླེང་ཛ་དྲག་པོ་བྱུང་བ་དང་། དེང་རབས་ཀྱི་ཞིབ་འཇུག་པ་རྣམས་ཀྱིས་རྩོད་པ་དེ་བྱུང་བའི་རྒྱུ་རྐྱེན་ནི། སྙིང་པོའི་མདོ་དང་བསྟན་བཅོས་རྣམས་དབུ་སེམས་ཀྱི་ཟུར་དུ་འཇོག་མ་ཤེས་པའི་ནོངས་པ་རུ་བསྙད་པ་འདྲ།
2. རིག་གཞུང་། «འཇིག་རྟེན་མིག་གཅིག»_རྔོག་བློ་ལྡན་ཤེས་རབ་དང་བཀའ་པོད་ལྔའི་འཆད་ཉན་གྱི་གྲུབ་རིམ། ཀུན་དཔལ་ཚེ་རིང་གིས་བརྩམས། ཤོག་ངོས། ༤༩༩ སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།
[མཉེལ་བྱང་རྔ་ཟིན་རྔོག་ཟིན]
རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཟེར་ན། བདག་ལ་སྔ་མོ་ནས་བར་ཐག་ཉེ་བའི་སྣང་ཚུལ་ཞིག་ཡོད། ཆུང་དུས་ནས་གླེག་བམ་གང་ཞིག་གི་འགྱུར་བྱང་ནས་ཐོས་མྱོང་བ་དང་། ཕྱིས་སུ་«ཚད་མ་རྣམ་འགྲེལ»འགྱུར་བཅོས་གནང་མཁན་གྱི་ལོ་ཙཱ་བ་ཞིག་དང་། གཞན་ཚད་མའི་སྐོར་གྱི་བོད་འགྱུར་དཔེ་ཆ་དུ་མ་བཞུགས་པའི་གནས་ཚུལ་ཤེས་དུས། རིམ་གྱིས་ངའི་བསམ་བློའི་ནང་མི་སྣ་སྤྱིར་བཏང་བ་ཞིག་ནས་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་པོ་ཞིག་ཏུ་གྱུར།
རང་ཉིད་ནར་སོན་གྱི་གོ་རིམ་ཁྲོད། གཞུང་ཆེན་ཁག་ལ་བལྟ་ཀློག་གི་བྱ་བ་རིམ་གྱིས་རྩོམ་དུས། ནམ་ཞར་རྔོག་ལོ་ཆེན་པོ་དང་མཇལ་ཡོང་ཞིང་། དབུ་སེམས་སྤྱི་དང་སྒོས་སུ་སེམས་ཙམ་སྐོར་གྱི་མཚན་ཉིད་གཞུང་འགྲེལ་མང་ཆེ་བའི་འགྱུར་བྱང་དུ་ཁོང་མ་འཁོད་པ་མི་འདུག དེས་ན། ཁོང་གི་ལོ་རྒྱུས་དང་རྣམ་ཐར་ལ་ཞིབ་ཕྲ་རྒྱུས་ལོན་མ་བྱུང་རུང་། བོད་ཀྱི་མཚན་ཉིད་བཤད་གྲྭ་ཆེ་ཤོས་དང་སྔ་ཤོས་ཡིན་པའི་གསང་ཕུ་ཆོས་གྲྭ་འཕེལ་རྒྱས་བཏང་ཞིང་། མཚན་ཉིད་ཀྱི་བཤད་རྒྱུན་ཕལ་ཆེ་བའི་ཆུ་མགོ་ལྟ་བུ་ཞིག་ཡིན་པ་སོགས་སྤྱིར་བཏང་གི་རྒྱུན་ཤེས་ཙམ་བློ་ལ་ངེས།
དེ་བཞིན། ལོ་ཙཱ་བ་འདི་ཉིད་སྐུ་གྲོངས་ཚུལ་མི་འདྲ་བ་གཉིས་གོ་མྱོང་། གཅིག་ནི་བསམ་ཡས་ནས་གྲུར་ཞུགས་དུས་བར་ཆད་བྱུང་བ་དང་། གཅིག་ཤོས་ནི་ཁ་ཆེ་སྐལ་ལྡན་རྒྱལ་པོ་ལ་སློབ་ཡོན་མ་སྤྲད་པའི་རྐྱེན་གྱིས་ཁོས་མཐུ་བཏང་ནས་བཀྲོངས་པ་དེ་རེད། ཡང་སྙིང་ཁོང་ཉིད་ཇི་ལྟར་གཤེགས་པ་ཡིན་ནམ་སྙམ་པའི་དྲི་བ་འདི་ཡང་ཡང་ཡིད་ལ་འཁོར་མྱོང་།
འཇིག་རྟེན་མིག་གཅིག་ཅེས་པའི་མིང་འདི། ཧ་ཅང་ཡིད་དབང་འཕྲོགས་པ་ཞིག་ཡོད། འདི་ཉིད་ཐོས་པ་ནས་ད་ལྟའི་བར་དུ་དཔྱོད་ལྡན་གྱི་སྐྱེས་བུ་རེ་རེ་ནི། འཇིག་རྟེན་གྱི་མིག་ངོ་མ་རེད་ཨང་སྙམ་ཡོང་ཞིང་། གལ་ཏེ་འཇིག་རྟེན་གྱི་མིག་ཅིག་འཚོལ་དགོས་པའི་དབང་དུ་བྱས་ན། བརྩེ་བ་དང་ཤེས་རབ་ལྡན་པའི་དམ་པ་དེ་དག་ལས་གཞར་ཡང་ཡོད་མི་སྲིད། དེས་ན། ཡབ་མེས་གོང་མ་ཚོས་རྒྱུ་དང་དབང་གིས་བཀྱགས་པའི་མི་ཆེན་རྣམས་ལ་མཚན་སྙན་དེ་ལྟར་མ་སྤྲད་པར། དཔེ་དེབ་ཁ་ཤས་དང་གསེར་དངུལ་མང་པོ་བརྗེ་རེས་བྱེད་པའི་མི་ཞིག་ལ། ཐུན་མོང་ནས་འཇིག་རྟེན་མིག་གཅིག་ཅེས་པའི་མཚན་འདི་གསོལ། ཤེས་རབ་དང་ཤེས་རབ་ཅན། བརྩེ་བ་དང་བརྩེ་བ་ཅན་གྱི་མི་རེ་རེ་ལ་བརྩི་ཞིང་བཀུར་བའི་ལུགས་སྲོལ་འདིའི་རྒྱུན་དེད་ན། ང་ཚོ་ལ་ཡང་ད་དུང་མི་ཚེ་དང་འཚོ་བ་ལ་འཛིན་པའི་རྣམ་འགྱུར་མཛེས་སྡུག་ལྡན་པ་ཞིག སྙིང་གི་ཐིག་ལེར་བག་ཉལ་ཚུལ་དུ་འཁྱིལ་འོས་པ་མིན་ནམ།
ཡང་ཅིག་བཤད་ན། ངས་དེབ་འདི་བཀླགས་ཟིན་རྗེས། སྐྱིད་ལ་སྐྱོ་བའི་རྔོག་ལོ་ཆེན་པོའི་ཕྱི་ཡུལ་གྱི་སློབ་གཉེར་དང་། མཛེས་ལ་སྡུག་པའི་མི་ཚེའི་ཕུགས་བསམ། དོན་དང་ལྡན་པའི་འགྲུལ་བཞུད་དང་དཀའ་སྤྱད་སོགས་ཟུར་མང་པོ་མཇལ་བྱུང་།
ཁོང་ནི་རྔོག་གི་རུས་སུ་གཏོགས་ཤིང་། རྔོག་ལ་ཡང་གཞུང་དང་སྒོག་གཉིས་སུ་གྱེས་པ་ལས་ཕྱི་མའི་ཁྱིམ་རྒྱུད་དུ་བལྟམས། རྣམ་ཐར་མང་པོར་མཁས་པའི་སྐུད་རྒྱུད་གཟུང་ཞེས་གསལ་བ་ལྟར། རྔོག་ལེགས་པའི་ཤེས་རབ་ཀྱི་ཚ་བོ་ཡིན། སྐུ་ན་ཕྲ་བའི་སྐབས་ཀྱི་གནས་ཚུལ་ཐད། “ན་བཟའ་ཧྲུལ་པོ་རྐྱང་གཅིག་ལ་དྲེས་མའི་སྐུ་རགས་འཁོར་གཅིག་ཡོད། ཆུ་ཐགས་པ་ལ་སློངས་པས་ཡོས་ཅུང་ཟད་བྱིན་པ་ཕག་ཏུ་བླུག གནས་ཚང་མ་རྙེད་པར་རྟ་བྲེས་སུ་གཟིམས”ཞེས་ལོ་རྒྱུས་སུ་བྲིས་འདུག་པ་འདི་མཐོང་དུས། ལེགས་པའི་ཤེས་རབ་ལ་ཡང་འཁང་ར་བྱ་དགོས་པ་བྱུང་། ཡིན་ན་ཡང་། ཁུ་བོའི་གཟིགས་སྐྱོང་གང་འཚམ་གནང་ཞིང་། ཁོང་གི་མི་ཚེ་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།
རྔོག་ལེགས་པའི་ཤེས་རབ་ཀྱིས། ཇོ་བོ་རྗེའི་དགོངས་ཕྱོགས་ལྟར་དུ་མདོ་ཡི་མཚན་ཉིད་ཀྱི་གཞུང་གི་གལ་ཆེན་རང་བཞིན་མཐོང་ནས་གསང་ཕུར་བཤད་གྲྭ་བཏབ། བོད་རང་ས་ལ་སློབ་གཉེར་གྱི་ཆ་རྐྱེན་འཐུས་སྒོ་ཚང་བ་ཞིག་བྱུང་ན་སྙམ་པ་ནི་ཁོང་གི་ཕུགས་རེ་གཙོ་བོ་ཡིན་ངེས། འོན་ཀྱང་། ཚད་ངེས་ཅན་གྱིས་བཤད་ན། དུས་སྐབས་དེར་མཚན་ཉིད་ཀྱི་གཞུང་ཆ་ཚང་འཆད་པའི་དགེ་རྒན་ཚད་ལྡན་ཞིག་དཀོན་པས། སྟོང་ཆ་དེ་ཉིད་སྐོང་བའི་ལས་འགན་ནི་ཚ་བོ་བློ་ལྡན་ཤེས་རབ་ལ་སྤྲད་ཡོད་པ་ཡིན་འདུག
དགུང་ལོ་བཅོ་བརྒྱད་ཡས་མས་ནས་ཁུ་བོའི་རེ་བ་དང་རང་གི་ཆོད་སེམས་ལ་བརྟེན་ནས། རྒྱལ་མཚམས་བརྒལ་བའི་སློབ་གཉེར་གྱི་འགྲུལ་བཞུད་དངོས་སུ་དབུ་ཚུགས། “ལྷོ་ལམ་བགྲོད་དཀའ་བ་རྣམས་སུ་རྒྱལ་བའི་ཡུམ་ལ་སོགས་པ་བརྩོན་པ་ཆེན་པོས་བཙལ་ཀྱང་རྙེད་དཀའ་བར་གྱུར་པ་ལས་ཕྱིས་སྐུ་སྲོག་དང་བསྡུས་ཏེ་ཡ་ང་བའི་ལམ་ནང་ཡང་སྤྲང་པོའི་ཆ་ལུགས་ཀྱིས་བྱོན་པས་ཉམ་ང་བ་ལས་ཐར་ཏེ། ”རྒྱ་གར་ཤར་ཕྱོགས་སུ་ཕེབས་ཐོན་མཛད་པའི་ཟུར་འདིས་ཀྱང་། ལོ་ན་ཕྲ་བའི་བུ་ཆུང་ཞིག་གི་སྙིང་སྟོབས་དང་ཧུར་བརྩོན་གསལ་བོར་མཚོན།
ཁྱོན་ལོ་ངོ་བཅུ་བདུན་རིང་ཁ་ཆེ་དང་རྒྱ་གར་བལ་པོ་སོགས་ཕྱི་ཡུལ་དུ་སློབ་གཉེར་རྡོ་རུས་ཐུག་པར་གནང་། “འབུམ་ཕྲག་གསུམ་པ་ལས་ཆོས་གསན་དུས་རྒྱ་ཚད་བསྙུང་བས་ཆོས་རར་སྐུ་སྨད་ཤོང་བའི་དོང་བྲུས་པར་བཞུགས་ནས་གསན།”པའི་ཚུལ་འདི་གས་རང་རྟོན་དང་གདེང་ཚོད་ཆེན་པོས། དཀའ་བ་ཡོད་ཚད་རིག་གཞུང་གི་ཆེད་དུ་གྱུ་རུ་ལུགས་སུ་མྱངས་པའི་རྣམ་ཐར་རོ། །
མཁས་དབང་ཁངས་དཀར་ལགས་ཀྱིས། བོད་གངས་ཅན་གྱི་དབུ་སེམས་ཀྱི་ཤིང་རྟའི་སྲོལ་འབྱེད་དུ་བསྔགས་པ་ནི། བློ་གཟུ་བོར་གནས་པའི་གཏམ་དུ་མཐོང་ལ། རྔོག་ལོ་ཆེན་པོས་དབུ་ཚད་ཀྱི་བསྟན་བཅོས་ཇི་ལྟར་བསྒྱུར་བ་དང་། ཕྱིར་བོད་དུ་ཕེབས་ནས་མཚན་ཉིད་ཀྱི་གཞུང་ལུགས་འཆད་རྩོད་རྩོམ་པས་སྤེལ་བའི་ཚུལ་འདི་དག་ནི། ནང་བསྟན་མཚན་ཉིད་རིག་པའི་ལོ་རྒྱུས་ལ་བལྟ་སྐབས། དོ་སྣང་བྱ་ཡུལ་གཙོ་བོར་ཡིན་པར་མ་ཟད་ངེས་པར་མཐའ་ཆོད་པར་མ་ཤེས་ན། ལོ་རྒྱུས་ཀྱི་གཞུང་ཤིང་མ་མཐོང་བའི་སྐྱོན་དུ་བདག་གིས་སྨྲ་བར་འདོད།
3. ལམ་རིམ། «དབུ་མའི་ལྟ་ཁྲིད་གཅེས་བཏུས།» རེ་མདའ་བ་སོགས་ཀྱིས་མཛད། ཤོག་ངོས། ༡༨༢ བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་།
[གསལ་བཤད་ཕྲན་བུ།]
བོད་དུ་དབུ་མའི་ལྟ་གྲུབ་དར་རིམ་ལ་ཕྱིར་བལྟས་ཤིག་བྱས་ན། ལོ་རྒྱུས་ཐོག་རྗེ་རེད་མདའ་བ་ནི་ཆེས་མ་གླེང་ཐུ་མེད་ཀྱི་མི་སྣ་ཞིག་རེད། དེང་གི་ཉམས་ཞིབ་མཁས་པ་ཀུན་དཔལ་ཚེ་རིང་གིས་གསུངས་ན། པ་ཚབ་ལོ་ཙཱ་ཡབ་སྲས་ཀྱི་རྗེས་སུ་ཐལ་འགྱུར་བའི་ལྟ་གྲུབ་ཀྱི་ཕྲིན་ལས་ཆེར་མ་རྒྱས་ཤིང་། དུས་ཡུན་གང་འཚམ་རིང་ཉམས་གུད་དུ་ཕྱིན། བསྐྱར་དུ་ལྟ་བ་དེ་ཉིད་ཀྱི་རྒྱུན་གསོས་ཏེ་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བསྐྲུན་མཁན་ནི་རེད་མདའ་བ་ཡིན་ལ། ཁོང་གིས་དབུ་མའི་གསན་བཞེས་མཛད་ཚུལ་ནི། “རང་གི་རྣམ་དཔྱོད་ཀྱིས་དཔྱད་པས་དབུ་མ་ཐལ་འགྱུར་བའི་གནད་ལ་ངེས་པ་རྙེད།” ཅེས་ལོ་རྒྱུས་ཀྱི་ཡིག་ཆར་འཁོད་པ་ལྟར། མཁས་པ་སྔ་མ་ཞིག་གི་བཤད་རྒྱུན་བཟུང་བ་ཙམ་མ་ཡིན་པར། བོད་མི་ཞིག་གིས་རང་གི་རྣམ་དཔྱོད་ལ་གདེང་ཚོད་ཆེན་པོའི་སྒོས་གསུང་རབ་ལ་འཇུག་པར་གོར་མ་ཆག
སྤྱིར་རྗེ་ཉིད་ཀྱི་ཞལ་ནས། “ངེད་དང་པོ་སློབ་གཉེར་བྱེད་དུས་དབུ་མའི་དཔེ་ཆ་ཅིག་འདུག་ཅེས་ནོར་མི་ཆེ་བར་བྱེད་པ་ལས། དེང་སང་རྩིས་སུ་བྱེད་པ་ནི་ཁོ་བོས་བསྟན་པ་ལ་བྱ་བ་བྱས་པ་ཡིན།”ཞེས་པའི་གསུང་འདི་ནི། ཁོང་གི་སྐུ་ཚེའི་མཛད་རྣམ་གྱི་སྡོམ་ཚིག་གཅིག་ཏུ་མཐོང་སྟེ། ཕྱག་ལས་དང་ལེགས་འགྲུབ་ཀྱི་ངོས་ནས་བལྟས་པས་མཐོང་གསལ་རང་དུ་མི་འདུག་གམ། ཁོང་གིས་དབུ་མ་ཐལ་འགྱུར་བའི་ལྟ་གྲུབ་ལ་འཆད་རྩོད་རྩོམ་པ་རྒྱ་ཆེན་པོ་མཛད་དེ། ནང་བསྟན་མཚན་ཉིད་རིག་པའི་ལོ་རྒྱུས་ལ་དར་རྒྱས་ཀྱི་སྒོ་མོ་གསར་པ་ཞིག་ཕྱེས། ཁོང་གི་ཡར་སྔོན་དུ་མཁས་པ་གྲགས་ཆེ་བ་ས་སྐྱ་པན་ཆེན་དང་བུ་སྟོན་སོགས་ཕལ་ཆེ་བས། ཐལ་འགྱུར་བའི་ལྟ་དགོངས་ལ་ཐུགས་སྣང་དེ་ཙམ་གནང་བཞིན་མེད། རྗེ་ཙོང་ཁ་པས། “གངས་ཅན་མཁས་པའི་གཙུག་རྒྱན་”དུ་བསྔགས་ཤིང་། ཀརྨ་དཀོན་མཆོག་གཞོན་ནུས། “དེང་སང་མཁས་རྨོངས་ཀུན་ལ་དབུ་མ་དབུ་མ་ཟེར་བ་འདི་རེད་མདའ་བའི་དྲིན་ཡིན། དེ་གོང་ཐང་སག་ན་དབུ་མ་ཤི་རོ་གཅིག་ལས་གཞན་མེད།”ཅེས་གསུངས། །
དབུ་མའི་གཞུང་ལུགས་ལ་བལྟ་སྐབས། སེམས་ཁྲིད་ལྟ་བུའི་སྐད་ཆ་དག་ལ་ངེས་པར་ཡིད་འཇོག་བྱ་རྒྱུ་གལ་ཆེ་བར་དྲན་ཞིང་། བླ་མ་གོང་མ་རྣམས་ཀྱི་སོ་སོའི་མྱོང་བ་དང་འབྲེལ་ནས་མཛད་པའི་ལམ་རིམ་དང་། བློ་སྦྱོང་གི་ཆོས་སྐོར་ལ་ལྟ་རྟོག་བྱ་རྒྱུ་ཅི་ནས་ཀྱང་དུས་སུ་བབས་པའི་ཆར་ལྟར་དུ་མཐོང་། དེ་བས་དཔེ་ཆ་འདི་ཉིད་མཇལ་ན་འདོད་པའི་མོས་པ་ལྷག་ཏུ་འཕེལ་ཞིང་། ངེས་པ་གང་ཞིག་བརྙེད་པའི་རེ་བ་དང་བཅས་ཚར་གཅིག་བལྟས་ཟིན་ཡང་། མཚམས་འདི་ནས་ཇི་ལྟར་གླེང་དགོས་མིན་ངས་ཀྱང་མ་ཤེས། ཕྱིར་བསམ་ཞིག་བཏང་ན། རྣམ་བཞག་ཐམས་ཅད་གཞན་ངོར་བསྐྱེལ་ལམ་མི་བསྐྱེལ། ཞི་གནས་དང་ལྷག་མཐོང་གི་བཞེད་ཚུལ། དཔྱད་སྒོམ་འཇོག་སྒོམ་སོགས་ཀ་མ་ལ་ཤཱི་ལའི་སྒོམ་རིམ་གྱི་ཤན་ཤུགས་ཡོད་མེད་ཅི་ལྟར་ཡིན་ཞེས་རང་གིས་རང་ལ་དྲིས་པ་ནི། ཁ་ནང་དུ་ཁུར་ཚུར་བསྣུན་པ་ཁྱད་མ་མཆིས་སོ། །
འདི་རུ་རྒྱུ་མ་ཕུ་འདེད་ཀྱི་རིགས་པས། ཡིན་མིན་གྱི་ཕུ་ཐག་བཅད་པ་མ་མཐོང་ལ། དགག་སྒྲུབ་རྩོད་པའི་ཐལ་སྐད་ཀྱང་མཐོང་དུ་མེད། འོན་ཀྱང་། ང་ཚོས་རྟག་པར་སྦྱངས་བརྩོན་བྱ་ཡུལ་གྱི་གནས་ལུགས་ཕྲ་མོ་དེ། ཇི་ལྟར་འཚོལ་བའི་ལམ་གྱི་རིམ་པ་ཞིག དབང་པོ་རྣོ་རྟུལ་དང་མཆོག་དམན་གྱི་གོ་རིམ་དང་བསྟུན་ནས། མདོར་བསྡུས་པའི་ཚུལ་གྱིས་ངོ་སྤྲོད་རགས་ཙམ་བྱས་ཡོད་པར་འདུག
4. ལོ་རྒྱུས། «འཛམ་གླིང་ཉེ་རབས་ལོ་རྒྱུས།» ཕུན་ནོར་གྱིས་རྩོམ་བསྒྱུར་བྱས། ཤོག་ངོས། ༣༤༧
[ཟིན་བྲིས་གནད་བསྡུས།]
དེབ་རྒན་འདི་བལྟས་ཟིན་པའི་མཚམས་སུ། ངས་ལོ་རྒྱུས་ཀྱིས་གནང་བའི་བསླབ་བྱ་ཅི་ཞིག་ཡིན་མིན་མནོ་བསམ་བཏང་ཡང་། བདག་ལ་ལོ་རྒྱུས་ལ་ལྟ་བའི་མིག་ཟུང་རབ་ཏུ་ཞན་པས། སྤྱིར་བཏང་གི་བྱུང་རིམ་ཙམ་ཞིག་ལས་དེའི་གཏིང་རུམ་གྱི་གནད་དོན་མང་པོ་ཞིག་ལྐོག་ཏུ་གྱུར།
ད་ཐེངས་ངས་འཛམ་གླིང་ལོ་རྒྱུས་ལ་དོ་སྣང་བྱས་པ་འདིས། བབས་ཆགས་ཙམ་འཇོག་པའི་རྐྱེན་དུ་མི་འགྱུར་བའི་ངེས་པ་མེད་མོད། དེས་ཕན་ཆད་དུ་ལོ་རྒྱུས་ལ་བལྟས་པའི་དོན་སྙིང་ཅི་ཡང་མ་ལོན་ཟེར་ཡང་ཆོག་པ་འདྲའོ། །
སྤྱིར་ན། ཉེ་རབས་ཀྱི་ལོ་རྒྱུས་ནི། འཛམ་གླིང་སྤྱིའི་ཆབ་སྲིད་དང་དཔལ་འབྱོར། དེ་བཞིན་རིག་གནས་བཅས་ཀྱི་ཁ་ཕྱོགས་ལ། འཕོ་འགྱུར་བསམ་ཡུལ་ལས་འདས་པ་བྱུང་བའི་དུས་སྐབས་ཤིག་རེད། འཛམ་གླིང་སྤྱིའི་ཤེས་རིག་གི་ལྟ་ཚུལ་ལ་འགྱུར་ལྡོག་དྲག་པོ་བྱུང་བ་དང་བསྟུན། རྒྱལ་ཁབ་རེ་རེའི་ཆབ་སྲིད་དང་འཇིག་རྟེན་སྐྱོང་ཚུལ་ཐད། ལམ་ལུགས་མི་འདྲ་བ་དང་། ཐབས་ཚུལ་མི་མཚུངས་པའི་ལྟ་གྲུབ་དང་གཞུང་ལུགས་མང་དུ་སྤེལ་ཡང་། མཐར་ཐུག་ཐུན་མོང་གི་གཞི་འཛིན་ས་དང་རེ་སྨོན་གྱི་ཡུལ་དུ་གྱུར་པ་ནི། གཞི་རང་དབང་དང་འདྲ་མཉམ། ལམ་དམངས་གཙོ་ཡི་སྲོལ་མཆོག་གཞུང་རྟ་བྱས་པའི་ལམ་ལུགས་ཉིད་ཡིན་ཞིང་། རྒྱུ་རྐྱེན་རྟེན་འབྲེལ་མི་བསླུ་བའི་སྟོབས་ཀྱིས་འབྲས་བུ་ཞི་བདེའི་དཔལ་ཡོན་མངོན་དུ་གྱུར་པ་ཡིན།
དམག་དོན་གྱིས་དབང་བསྒྱུར་བའི་སྲིད་གཞུང་སྟེ། དབང་ཆ་གཅིག་སྡུད་ལམ་ལུགས་མཇུག་སྒྲིལ་བ་ན། སྲིད་ཀྱི་དབང་ཆ་དམངས་ལ་སྤྲོད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྩ་བ་ཡང་ཁྲོམ་ར་ཉིད་ལ་རག་ལས་པར་འདོད་པའི་ལྟ་ཚུལ་འདི་ནི། གཅིག་ནས་མིའི་རིགས་ཀྱི་རྩ་བའི་བསམ་བློ་དང་འཕྲོད་ཅིང་། གཉིས་ནས་འཇིག་རྟེན་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མི་འགལ་བའི་དགེ་མཚན་ལྡན་པས། ལེགས་པའི་ལམ་མཆོག་དེ་ལ་ཡོངས་ཁྱབ་རིན་ཐང་ཞེས་སུ་གྲགས་སོ། །
ལར། འདི་ནས་ལོ་རྒྱུས་ཀྱིས་ཅི་ཞིག་གསལ་བཤད་བྱས་ཡོད་ཅེ་ན། རིག་གནས་སམ་ཤེས་རིག་གི་རྣམ་གྲངས་གང་ཡིན་ཡང་། དེ་ཉིད་ཀྱིས་མིའི་འདོད་པའི་ཟུར་ཙམ་སྐོང་བ་ལས། ཧམ་སེམས་ནམ་ཡང་བསྐང་མི་ནུས་པ་འདི་ཉིད་ཡིན། དེ་ཡང་ཧི་ཐིར་ལི་རང་སྲོག་བཅད་ཅིང་། འཇར་མན་གཡུལ་ལས་ཕམ་ཞིང་སུའུ་ལེན་འཐོར་བ་སོགས་ནི། འཇིག་རྟེན་འདིར་བཙན་པོ་ཟླ་མེད་ཅིག་ནམ་ཡང་གནས་མི་ཐུབ་ལ། བཙན་དབང་གིས་འཇིག་རྟེན་དུས་ནམ་ཡང་བསྐྱང་མི་ཐུབ་པའི་རྒྱུ་མཚན་གསལ་བོར་མཚོན་པ་ཡིན།
དེབ་འདིར་ཕྱོགས་ལྷུངས་དང་འཁྱོག་བརྗོད་ཀྱི་སྐྱོན་དང་ལྡན་ཞེས་རང་རེའི་མཁས་པ་ཁ་ཅིག་སྨྲ། ཇི་ལྟར་ཞེ་ན། དེབ་འདིའི་སྟོད་ཆར་གནའ་བོའི་བཙན་རྒྱལ་དང་ཤེས་རིག་གི་ལོ་རྒྱུས་ཕལ་ཆེ་བ་ཁོད་པའི་ནང་། རྒྱ་ནག་ཐང་གི་ཤེས་དཔལ་གྱི་ལོ་རྒྱུས་སུ་ཆབ་སྲིད་དང་དཔལ་འབྱོར་དམག་དོན་རིག་གནས་སོགས་རྒྱ་ཆེ་གཏིང་ཟབ་ཏུ་བཤད་མོད། དེའི་འགྲན་ཟླ་དང་ཁ་གཏད་དུ་ལངས་པའི་ཐུ་བྷོད་བཙན་རྒྱལ་གྱི་ཤེས་རིག་དཔལ་ཡོན་དང་མངའ་ཐང་ཆབ་སྲིད་ཀྱི་གནས་ཚུལ་ནི་མ་བཤད་ཐུ་མེད་དུ་གནས་ཀྱང་། ཀོང་ཇོ་བོད་དུ་ཕེབས་པ་དང་བོད་ཀྱིས་རྩམ་པ་བཟའ་ཤེས་པ་ལྟ་བུ་ལས་ཅི་ཡང་མི་གསལ་བ་འདི། ལོ་རྒྱུས་ཀྱི་དེབ་རྒན་འདི་ཉིད་ཆབ་སྲིད་ཀྱི་དགོས་མཁོ་དང་། སུ་ཞིག་གི་འདོད་པ་བསྐང་བའི་ཕྱིར་དུ་སྣག་ཤོན་གྲོན་པའི་རྒྱུ་ཙམ་ལས། ལོ་རྒྱུས་རིག་པ་སྨྲ་བ་དག་གི་མིག་མདུན་དུ་རིན་ཐང་དེ་ཙམ་མེད་པའི་རང་འཚང་བསྟན་པ་ཡིན་ནོ་ཞེས་གསུང་བཞིན་འདུག
5. དཔྱད་རྩོམ། «རིག་གཞུང་དཔྱད་རྩོམ་འབྲི་ཚུལ་གྱི་རྣམ་བཞག་སེའུ་བཅུ་པའི་རྡོལ་གཏམ» རྩོམ་པ་པོ། ལྷུན་གྲུབ་རྡོ་རྗེ། པར་བསྐྲུན་ཁང་། མི་རིགས་དཔེ་བསྐྲུན་ཁང་། ཤོག་ངོས། ༣༧༥
[བཀླགས་བྱང་ཕྲན་བུ།]
སྤྱིར། རང་རེར་མཚོན་ན་དཔྱད་རྩོམ་འབྲི་ཚུལ་ལ། སྲོལ་རྒྱུན་དང་དེང་རབས་ཀྱི་ལུགས་གཉིས་སུ་བྱུང་ཞིང་། དུས་ཀྱི་འགྱུར་ལྡོག་དང་རིག་གནས་ཀྱི་འཕེལ་ཕྱོགས་ཀྱིས། ཕྱི་མ་ལ་སྔ་མས་ཚབ་བྱེད་མི་ཐུབ་པའི་དགེ་མཚན་དང་ནུས་ཁྱད་ལྡན་པར་འདོད། ཡིན་ན་ཡང་། འབྲི་ཚུལ་སྔ་མས་སྤྱི་དོན་དང་ས་བཅད་ཀྱི་འགྲོ་སྟངས་ཐོག་ནས། དགག་བཞག་སྤོང་གསུམ་གྱི་རིགས་ལམ་གྱིས། གནད་དོན་ཞིག་ལ་ཞིབ་འཇུག་ཡང་དག་པར་བྱས་ན། དཔྱད་པའི་འབྲས་བུ་ལེགས་པོ་ཞིག་ལོན་མིན་ནི། གཙོ་བོར་མི་སྒེར་གྱི་དཔྱོད་ཤེས་ལ་རག་ལས་ཤིང་། དེ་ཡང་། འབྲི་ཐབས་ཀྱི་ཆ་ནས་ཕྱོགས་ལྷུང་དང་འཁྱོག་བརྗོད་ཚོར་སྣང་ཙམ་དུ་འགྱུར་མིན་ནི། སོ་སོའི་བསམ་བློའི་གནས་ཚད་ཁོ་ན་ལ་འབྲེལ་བ་ཡིན་གྱི། སྲོལ་རྒྱུན་གྱི་དཔྱད་རྩོམ་འབྲི་ཚུལ་འདི་ཉིད་ཀྱི་ཞན་ཆ་ཞིག་ཏུ་བགྲངས་མི་རིགས་སྙམ།
འུ་ཅག་དགོན་སྡེའི་སློབ་གཉེར་གྱི་བརྒྱུད་རིམ་ནང་། བརྡ་སྤྲོད་དང་སྙན་ངག་གི་རིག་གཞུང་ལ་ཐོས་བསམ་གྱིས་འཇུག་པའི་ལམ་སྲོལ་མཆིས་ཀྱང་། དེ་ནི་ཚིག་གི་ནུས་རྩལ་གོང་འཕེལ་དུ་གཏོང་ཐབས་གཙོར་དམིགས་སུ་གཟུང་བ་ལས། དོན་སྙིང་ལྡན་པའི་དཔྱད་རྩོམ་ཞིག་ཇི་ལྟར་འབྲི་དགོས་མིན་ཐད་དོ་སྣང་སྤྲོད་པ་ཧ་ཅང་ཉུང་། ཁོ་བོས་མཐོང་ཐོས་རྒྱ་ཁབ་ཀྱི་མིག་ལྟ་བུ་འདི་ལས། སྔོན་བྱོན་མཁས་པ་རྣམས་ཀྱིས་དཔྱད་རྩོམ་ཇི་ལྟར་འབྲི་ཚུལ་གྱི་རྣམ་བཞག་ཅིག་མཛད་པ་མ་མཐོང་བས། འདི་ནི་སྲོལ་རྒྱུན་སློབ་སྦྱོང་གི་སྟོང་ཆ་དང་འཐུས་ཤོར་ཞིག་ཏུ་ཡང་ཡང་བསམ་ཡོང་ལ། དིང་གི་དུས་སུ་ཡང་རང་ཉིད་ཀྱིས་མཚོན་པའི་སློབ་མ་མང་པོས། དཔྱད་རྩོམ་ཏུ་བསྙད་པའི་ཡི་གེ་གཏོས་ཆེན་པོ་བརྩམས་ཀྱིན་ཡོད་མོད། ཕལ་མོ་ཆེར་མཁས་པ་སྔ་མའི་གསུང་རྣམས་བརྗེད་ཐོར་བཀོད་པ་ཙམ་དང་། འཕྲལ་གྱི་ཚོར་སྣང་གཟུགས་སུ་ཕབ་པ་ཙམ། ཡང་ན་ལུང་ཚིག་རེ་གཉིས་ཀྱི་འགལ་སྤོང་ཙམ་དུ་འདུག་ཕྱིར། དཔྱད་རྩོམ་གྱི་བརྡ་དོན་འབྱོར་མིན་བསྐྱར་དུ་བརྟག་དགོས་པའི་གནས་སུ་གྱུར་པ་མིན་ནམ།
ཡང་ཅིག་བཤད་ན། དཔྱད་ཡུལ་དང་དཔྱོད་ཐབས། དཔྱད་འབྲས་བཅས་གང་གི་ངོས་ནས་ཀྱང་། ཆེད་ལས་ཀྱི་རང་བཞིན་མི་ལྡན་ལ། རིག་གཞུང་གི་རིན་ཐང་དང་བྲལ་བ། གསར་གཏོད་ཀྱི་ཆ་ཅི་ཡང་མ་མཆིས་ན། རྩ་བའི་ཆ་ནས་དཔྱད་རྩོམ་གྱི་ཁྱད་ཆོས་གང་ཡང་མ་ཚང་བ་ཡིན་པས། བདག་དང་སྐལ་མཉམ་རྣམས་ཀྱིས་ཅིས་ཀྱང་བསམ་གཞིགས་ཞིབ་ཙམ་གཏོང་རན་པ་མིན་ནམ་སྙམ། ད་ནི་ངས་འདི་ནས་བཀླགས་ཟིན་པའི་དེབ་འདི་ཉིད་འོས་སྦྱོར་གྱི་ཚུལ་དུ། ཉིང་འདུས་ཀྱི་གཏམ་གླེང་ཞིག་བགྱིས་ན། དེབ་འདིའི་ནང་དུ་རིག་གཞུང་དཔྱད་རྩོམ་ཇི་ལྟར་འབྲི་བའི་ཚུལ། ཞིབ་མོ་རྣམ་འཐག་གིས་ཁ་གསལ་གོ་བདེའི་ལམ་ནས་བཀྲལ་འདུག་པས། དབང་པོ་རྣོ་རྟུལ་སུ་ལ་ཡང་མི་འཚམ་པ་མེད་ཅིང་། སྡེ་ཚན་བཅུར་བགོས་ཏེ་རེ་རེའི་འགོར་ཚན་པ་གང་ཉིད་ཀྱི་ནང་དོན་བསྡུས་པ་རེ་བསྟན་འདུག་པས།
དབང་པོ་རྣོ་རྟུལ་སུ་ལ་ཡང་མི་འཚམ་པ་མེད་ཅིང་། སྡེ་ཚན་བཅུར་བགོས་ཏེ་རེ་རེའི་འགོར་ཚན་པ་གང་ཉིད་ཀྱི་ནང་དོན་བསྡུས་པ་རེ་བསྟན་འདུག་པས། དེབ་འདི་ཡོངས་སུ་བཀླགས་ཟིན་རྗེས། སྤྱིར་བཤད་དེ་དག་བསྐྱར་ཀློག་ཅིག་བྱས་ན་ཡིད་ལ་ངེས་བདེ་བ་དང་གོ་བ་འཆར་སླ་བ། སེམས་ལ་ཉར་རྒྱུ་ཡོད་པ་ཞིག་ཏན་ཏན་ཡོང་གིན་སྣང་།
ཧ་ཅང་ཞིབ་ཚགས་ཀྱིས་བྱེ་བྲག་གི་ཐབས་ལམ་རེ་རེ་བཞིན། གལ་པོ་ཆེ་ལ་ཡང་ཡང་སྐྱོར་བ་མང་བའི་དབང་གིས། དེབ་འདི་ཉིད་ཀློག་པར་ཉོབ་སྣང་ཞིག་གི་སྐྱེས་ཡོང་བར་འདུག་མོད། འདི་ཉིད་ཚར་གཅིག་བལྟས་ཟིན་དུས་དཔེ་སྒྲོམ་དུ་བཅུག་འཇོག་རྒྱུ་ཞིག་མིན་པར། ནམ་རྒྱུན་སློབ་སྦྱོང་དང་ཁ་འབྲལ་དུ་མི་རུང་བའི་དེབ་ཅིག་ཏུ་ངེས་པ་བརྟན་པོར་དྲངས་བ་ན། ཡུན་གྱིས་ཞིབ་ཏུ་ཀློག་པའི་འདུན་པ་འགོག་མེད་དུ་འཕེལ་ངེས་སོ། ། གང་ལྟར། དཔྱད་རྩོམ་འབྲི་བ་དང་ཞིབ་འཇུག་གི་ལས་ལ་མོས་པ་དང་ལྡན་པ་ཞིག་ཡིན་ཕྱིན། དེབ་འདི་ཉིད་ངེས་པར་བལྟ་དགོས་ངེས་སུ་མཐོང་ཞིང་། ལྷག་ཏུ་དགོས་སྡེའི་སློབ་གསོའི་འོག་ཏུ་ནར་སོན་བཞིན་པའི་སློབ་མ་དཀྱུས་མ་རྣམས་ཀྱིས་བཀླགས་ན། ཡུལ་དུས་ཀྱི་འཕོ་འགྱུར་དང་འགྲོགས་ནས། དཔྱད་རྩོམ་འབྲི་ཚུལ་ལ་འཕེལ་འགྱུར་ཇི་ལྟར་འགྲོ་བཞིན་ཡོད་མེད་སྐོར་ནས། བློ་བསྐྱེད་མི་ཉུང་བ་ཞིག་འཐོབ་ངེས་པར་འདུག་གོ །
6. ལྷུག་རྩོམ། «རང་ཡུལ་རང་གིས་སྐོར་བའི་སྐྱིད་སྡུག» གང་དབང་གིས་བརྩམས། ཤོག་ངོས། ༢༦༣
དེབ་འདི་ཉིད་འགྲོ་ཞོར་འདུག་ཞོར་དུ་བཀླགས། དེབ་གང་ཞིག་ཡིན་རུང་དལ་དལ་ལྷོད་ལྷོད་ཀྱིས་བལྟ་རྒྱུ་མ་བྱུང་ན། ནང་དོན་ཅི་ཡང་ཡིད་ལ་འཇགས་པ་མི་འདུག འདི་ནི་ང་རང་སྒེར་གྱི་ཤེས་རབ་ལ་རྣོ་མྱུར་གྱི་ནུས་པ་དེ་མ་ཚང་བས་ལན་པ་འདྲ། ང་ལ་མཚོན་ན། ལྷག་ཏུ་གལ་ཆེ་བའི་དཔེ་དེབ་ཅི་ཞིག་ཡིན་རུང་། བསྐྱར་ཀློག་དང་རགས་ཀློག་གི་རྒྱུན་མ་མཐུད་ན། གོ་བ་བརྟན་བརླིང་ཞིག་ཆགས་རྒྱུ་ལྟ་ཅི་སྨོས། བརྗོད་བྱ་བྱེ་བྲག་ཅིག་གི་མགོ་རྔ་ཆ་ཚང་བ་ཞིག་ཡིད་ལ་ཐོགས་མེད་ངང་འཆར་ཐུབ་ཀྱིན་མི་འདུག
ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། དེབ་འདི་ཉིད་པར་དུ་མ་བསྐྲུན་པའི་སྔོན་ནས། ཁོ་བོས་«ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད»ཅེས་པའི་རྩོམ་འདི་དང་། དེ་བཞིན་«འདྲ་པའི་འདྲ་འབག»ཞེས་པ་སོགས་དྲ་ལམ་བརྒྱུད་ནས་བཀླགས་མྱོང་ཞིང་། སྐབས་དེར། པར་ཟིན་དང་ཡིག་ཟིན་གཉིས་ཆར་ལྷན་དུ་བཀོད་འདུག་པས། ད་སྐབས་འབྲུ་ནག་གདོང་འདེད་བྱས་པ་ལས་ཀྱང་དེ་དུས་བལྟ་རྒྱུ་མྱོང་རྒྱུ་མང་བར་འདུག
«ཕ་ཡུལ་གྱིས་རུམ་པའི་སེམས་པ»ཞེས་པའི་ལྷུག་རྩོམ་འདིས། སེམས་པ་ཕྱིར་བྱིས་དུས་ཀྱི་འཚོ་བ་དང་ཕ་ཡུལ་གྱི་རི་ཀླུང་དུ་ཁྲིད། གཏམ་བརྒྱུད་ཀྱི་ཀློང་དུ་ཐིམས་ཟིན་པའི་བྱུང་བ་གང་མང་གང་མང་ཞིག ངས་ད་ལྟར་དངོས་སུ་རོལ་བཞིན་པ་དང་། བྱིས་དུས་ཀྱི་རྩེད་ཆས་མང་པོར་ཐུག་རེག་བྱེད་ཀྱིན་པའི་སྣང་བ་སྟེར། གློག་བརྙན་གྱི་འཆར་ཡོལ་ངོས་སུ་གངས་དབང་ལགས་ཀྱིས། ངའི་བྱིས་དུས་ཀྱི་མི་ཚེའི་ཟློས་གར་དེ་ཡང་བསྐྱར་འཁྲབ་བཞིན་པ་ན། ང་ནི་ཏག་ཏག་སེམས་པ་གློག་བརྙན་ནང་དུ་འདྲེས་པའི་བལྟ་མཁན་ཞིག་དང་ཁྱད་མེད། གང་ལྟར། སྐད་གསང་མཐོ་པོས་ང་ད་རུང་འགྲོ་དགོས་ཞེས་གསུང་པ་ལྟར། ཁོང་གིས་འབྲི་ཤོག་དང་སྨྱུག་གུ་གྲོགས་སུ་འགྲོགས་ནས། རང་ཡུལ་རང་གིས་སྐོར་བའི་སྐྱིད་སྡུག་མུ་མཐུད་དུ་འཆད་རྒྱུ་ན། ངས་ངང་སྒུག་ཆེན་པོས་ད་རུང་ཉན་ན་འདོད་ཟེར་རྒྱུ་ཡིན། ད་ལྟ་དེབ་གཉིས་པ་ཡང་ལག་ན་ཡོད་པས་ངས་དུས་ཚོད་ཁོམ་དུས་ཤིག་ལ་མྱོང་རོལ་བྱ་རྒྱུ་ཡིན། རིག་གནས་ལྷུག་རྩོམ་འདི་རུ་རིག་གནས་ཀྱི་སྣང་ཚུལ་དང་དམངས་སྲོལ་གྱི་འཕེལ་འགྲིབ་ཞིབ་ཏུ་རྗོད་འདུག་མོད། ཕྲན་གྱིས་གོ་དགོས་པ་འགའ་རོབ་ཙམ་གོ་བ་ལས། དེ་ལས་བརྒལ་བའི་བསམ་ཚུལ་དང་དཔྱད་པ་ཅི་ཡང་མ་ནུས་སོ། །
7.འབོལ་རྩོམ། «མི་གཞིའི་སྙིང་སྟོབས།» མེ་ལྕེས་བརྩམས། ཤོག་ངོས།༢༥༨
[མྱོང་ཚོར་ཕྲན་བུ།]
མེ་ལྕེ་ལགས་ནི་ངའི་རེ་སྨོན་གྱི་ཡུལ་དུ་གྱུར་པའི་རྩོམ་པ་པོ་ཞིག་ཡིན། ཡང་ན་སྨྱུག་གུའི་རལ་གྲི་ཐོགས་པའི་འཐབ་མོ་པ་ཞིག་རེད། ང་ཁོང་ལ་དགའ་བ་ནི་བསམ་བློའི་ཁ་ཕྱོགས་སྒོ་ཀུན་ནས་མཚུངས་པས་ཀྱང་མ་ཡིན། གང་གིས་ཞེ་ན། རྨོངས་པ་མ་རིག་པ་མུན་ལྟར་འཐིབས་པའི་སྤྱི་ཚོགས་སུ། ལང་ཚོའི་ཟིལ་ཤུགས་དང་བསམ་བློའི་གཟི་རྔམ་མེ་ལྕེ་ལྟར་འབར་བའི་སྙིང་སྟོབས་ལ་ཡི་རང་བ་ཡིན། དེ་བཞིན། ཁོང་གི་བླ་ན་མེད་པའི་ཕུགས་བསམ་དང་མི་ཚེའི་ཞབས་རྗེས་ནི། བློ་འབྱེད་བསམ་བློ་དང་ཡོངས་ཁྱབ་རིན་ཐང་གི་ཕྱོགས་སུ་གཞོལ་ལ། དེབ་འདིར་རྩོམ་རིག་དཔྱད་བརྗོད་དང་དགག་སྒྲུབ་ཀྱི་རྩོམ་ཡིག་ཚེར་མ་ལྟར་གཟེངས། རྣོ་ངར་ལྡན་པའི་བསམ་བློའི་གཏམ་གླེང་ནི་ག་དུས་ཡིན་ཡང་། མིའི་རིགས་ཀྱི་གཞི་རྩའི་སྙིང་སྟོབས་དང་། ཡོངས་ཁྱབ་ཀྱི་བཟང་སྤྱོད་དང་། སྲིད་འབྱོར་གྱི་ཁེ་དབང་སོགས་ཀྱི་སྟེང་དུ་འབབ་པར་བྱེད། ལྷག་ཏུ་ཁོང་གི་ལྟ་ཚུལ་ཞིག་ལ། རྩོམ་རིག་གི་རིན་ཐང་ནི་བསམ་བློའི་ནང་དོན་གྱི་ཆ་ནས་འཇལ་བ་ལས། ཚིག་གི་སྒྱུ་རྩལ་ཙམ་ལ་ནམ་ཡང་མགོ་བོ་མི་འཁོར་བར་ཡིན་པར་འདོད།
ལྷག་ཏུ་གླེང་དགོས་ཞིག་ལ། «སྐྱིད་རྟག»ཕྲིན་སྟེགས་སུ་“མེ་ལྕེ་དང་དབྱངས་གསལ་གྱི་ང་རོ”ཞེས་པའི་ལེ་ཚན་ཞིག་ཡོད། དེར་བཀོད་པའི་རྩོམ་ཡིག་དག་གིས་ཀློག་པ་པོ་དག་ལ་བྲོ་བ་གཞན་ཞིག་སྦྱིན། གནད་དོན་གྱི་འགག་འཕྲང་བརྒལ་ཞིང་། དཀའ་གནས་ཀྱི་མདུན་པ་བཀྲོལ་ཏེ། ལམ་ཕྱོགས་སྟོར་བའི་མི་རིགས་འཁོས་ཞན་ཞིག་ལ། འཕྲལ་དང་འཕྲལ་དུ་བླང་དོར་གྱི་ལམ་བསྟན་པས། དུས་སུ་བབས་པའི་ཆར་དང་སྐབས་སུ་བབས་པའི་གཏམ་ཁོ་ནར་གྱུརད་ཏོ། །
8. ཐལ་འགྱུར་བའི་དཀའ་གནད་བརྒྱད་ཀྱི་དོན་འགྲེལ། མཛད་པ་པོ་འཇམ་དཔལ་བློ་ཤེས་ལགས་བཀོད་པ། པར་བསྐྲུན་ཁང་མི་གསལ།
[གསལ་འདེབས་ཕྲན་བུ།]
དེབ་འདི་ངས་ན་ནིང་མོས་པ་ཆེན་པོས་ཉོས། ད་ལོར་གཞི་ནས་སྤྲོ་བ་ཆེན་པོས་བཀླགས་མོད། བློ་ཕམ་དང་འགྱོད་སེམས་ཀྱི་ངང་ནས་མཇུག་བསྡུ་དགོས་པར་བྱུང་།
ན་ནིང་ནང་གྲོགས་འགའ་རེར་འོས་སྦྱོར་ཡང་བྱས་མྱོང་། ད་ལོར་ཉོ་མི་རུང་ཞེས་ཀྱང་གདམས་པ་འདི་བཞིན་ཐུགས་སུ་ཆོངས།
རང་གིས་རྒྱུ་མཚན་གཞན་ཞིག་ཞེ་ཕུགས་སུ་བཅུག་ཏེ། ལེགས་བཤད་ལྟ་བུ་ཞིག་ཏུ་བརྩིས་ནས་ཡོད་མོད། ཞིབ་ཏུ་ལྟ་ཀློག་བགྱི་བའི་དུས། འདི་ནི་འཇམ་དཔལ་བློ་ཤེས་ཉིད་ཀྱིས་མཛད་མིན་སོམ་ཉིའི་གནས་སུ་ལྷུངས།
ཡིག་གེ་བཏགས་ནོར་ཤོར་བ་ཚབ་ཆེ་བ་གཅིག་བྱས། དེབ་ཀྱི་རྩོམ་སྒྲིག་གི་སྤུས་ཚད་ཞན་པ་གཉིས་བྱས། མ་མཐར་མགོ་དང་མཇུག་གང་ཡིན་ངོས་མི་ཟིན་པ་གསུམ་ལ་བལྟས་ན། དགེ་བཤེས་ཁོང་གི་མཚན་བྱང་ནི་ཚོང་ལས་ཀྱི་མ་རྩ་རུ་སྤྱད་པ་མིན་ནམ་སྙམ།
བླུན་ཞིང་གཏི་མུག་པ་ཁ་ཅིག་གིས། ཁོང་གི་མཛད་ཕྲིན་རྒྱས་འདོད་ཀྱི་ཀུན་སློང་བཟང་པོས། སྦྱོར་བ་ཐ་ཤལ་འདི་འདྲ་བ་བརྩམས་པ་ཡིན་ཡང་སྲིད་མོད། གང་ལྟར་དགེ་བཤེས་ལགས་ཀྱི་ཤེས་རབ་ཀྱི་ཡིག་འབྲུ་རེ་རེ་ནག་བསུབ་བཏང་བ་དང་ཁྱད་ཅི་ཡང་མི་འདུག་གོ །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4236
དཔྱད་མཆན་སྤེལ།