སོག་ཤོད་བུ་མོ།
སྐྱེ་རྒུ་ནས་སོག་ཤོད་བུ་མོ་དྲན་པ།
༡
ལ་མང་གོམ་ཆེན་གྱིས་བརྒལ་ཞིང་།།
ལུང་མང་གོམ་ཤུགས་ཀྱིས་བཀྱེད་ཀྱང་།།
དགའ་སྡུག་སྣང་བ་ཡི་ཉིན་སྲིབ།།
སོག་ཤོད་ལུང་པ་རུ་ལུས་སོང་།།
སྐྱོ་བ་སྐྱེ་བ་དེ་མ་གནོངས།།
དྲན་པ་ཇེ་ཉུང་དུ་གཏོང་རོགས།།
སྨྲེ་སྔགས་འདོན་པ་རང་མ་གནོངས།།
འཛོམས་མེད་གཏན་བྲལ་ནི་མ་རེད།།
༢
བྱ་ཁྱུ་འཕུར་ཤུལ་རི་ཆུ་སྟོང་པ་རེད།།
གཙོད་ཁྱུ་བྱེར་བའི་སྤང་ཐང་སྟོང་པ་རེད།།
གླག་རྒོད་ལྡིང་ཤུལ་བྲག་གསེང་སྟོང་པ་རེད།།
ཁྱོད་རང་སོང་ཤུལ་བདག་ཡིད་སྟོང་པ་རེད།།
༣
ཀྱེ་ཀྱེ་སོག་ཤོད་བུ་མོ་ལགས།།
ནམ་ཞིག་འཕྲད་དམ་འཕྲད་འདོད་དམ།།
གུས་པ་སྤྲིན་པ་ཕུང་བོ་བཞིན།།
སྐྱི་བསེར་རླུང་གིས་ཡུལ་དུ་བདས།།
ང་ཡི་འཇིག་རྟེན་ཞིང་ཐང་དུ།།
མི་འདོད་སྐྱིན་ཐང་གིས་ནི་གཡོགས།།
དམར་ཆུང་སེམས་པ་ཕྲ་མོ་ཡང་།།
སད་ཀྱིས་བཅོམ་པའི་མེ་ཏོག་བཞིན།།
གྲང་རླུང་གིས་གི་གང་སར་སྤུར།།
གུས་པར་སེམས་ཁུར་མི་ཆེ་འམ།།
༤
དགུན་ལས་གྲང་བའི་སོས་ཀ་འདིའི་རྗེས་སུ།།
སྤྲིན་ལྟར་ཡག་པའི་དབྱར་ཀ་ཞིག་ཡོད་སྲིད།།
བར་ཐག་སོས་ཀའི་ཁ་བ་དེ་ཞུ་རྗེས།།
འུ་གཉིས་འཛོམས་པའི་དུས་ཚིགས་ལ་ཁེལ་ཡོང་།།
སོག་ཤོད་ཡུལ་ནས་དབྱར་ཀ་ཞིག་རོལ་ཨཱང་།།
ཉི་མའི་གྲོང་ནས་སྐྱིད་སྐྱིད་ཅིག་གཏོང་ཨཱང་།།
དྲན་གདུང་སྨུག་ཆུང་དྭངས་ཐབས་ཤིག་བྱེད་ཨཱང་།།
༥
ང་ཡི་རྨི་ལམ་ནང་དུ།།
སོག་ཤོད་བུ་མོ་ཡོད་རེད།།
ངེད་གཉིས་རྨི་ལམ་དུ།།
ཉི་ཟླའི་འཆར་ནུབ་ཡོད་རེད།།
གནམ་མཐའི་སྤྲིན་པ་ཡོད་རེད།།
རྟ་ཕོའི་འཚེར་སྐད་ཡོད་རེད།།
ལུག་ཁྱུའི་འབའ་སྒྲ་ཡོད་རེད།།
ཁོད་ཡངས་རྩྭ་ཐང་ཡོད་རེད།།
ཐང་གི་མེ་ཏོག་ཡོད་རེད།།
འབྲོག་གི་སྦྲ་ནག་ཡོད་རེད།།
ཞིམ་མངར་འོ་ཇ་ཡོད་རེད།།
ཁྱིམ་གཞིས་གསར་པ་ཡོད་རེད།།
བདེ་སྐྱིད་འཚོ་བ་ཡོད་རེད།།
༦
ངས་ནི་ཁྱོད་ལ་དུས་ཚོད་མང་པོ་བཏང་།།
ངས་ནི་ཁྱོད་ལ་སེམས་ཤུགས་མང་པོ་བརླགས།།
མཐའ་མར་དགའ་རོགས་འབྲེལ་བ་གཏན་དུ་ཁེལ།།
དེ་ནས་བཟུང་སྟེ་སེམས་ཀྱི་གཏིང་རིམ་ནས།།
སྐྱོ་ཡ་སྡུག་ཡ་འདི་འདྲ་ལོས་ཡིན་དྲན།།
གུས་པའི་ཡིད་ནི་ཤིན་ཏུ་ཚིམས་སོང་ངོ་།།
༧
གུས་པའི་སོག་ཤོད་བུ་མོ་ལ།།
དར་དཀར་འདྲ་བའི་ཤ་ལོ་ཡོད།།
དར་དམར་འདྲ་བའི་ཤ་བཀྲག་ཡོད།།
མཁའ་འཕུར་ཁྲ་ཡི་སྤྱན་མྱིག་ཡོད།།
སྨུག་ཆུང་འཛིན་མའི་གཟི་མདངས་ཡོད།།
ཨམ་འབྱོག་རྣ་གཤོག་གཉིས་ཀ་ལ།།
མཐོན་པོ་རི་བོའི་རྩེ་འདྲ་ཡོད།།
བྲང་གི་ནུ་འབུར་རྩེ་གཉིས་ལ།།
རི་བོང་རྩྭ་གསེང་ལངས་འདྲ་ཡོད།།
འོག་གི་ཨོང་དོ་ཟུང་གཉིས་ལ།།
ཤིང་འབྲས་ཁམ་བུ་སྐྱེས་འདྲ་ཡོད།།
དྲི་ཞིམ་མཚན་མ་འབུར་འབུར་ལ།།
དམར་པོ་མེ་ཏོག་བཞད་འདྲ་ཡོད།།
མགོ་སྐྲ་ཉག་མ་རེ་རེ་ལ།།
མུ་ཏིག་ཚོམ་བུ་ཤ་ལེར་ཡོད།།
ངོམ་སོ་མེད་པའི་འཛུམ་དཀར་ལ།།
མཚན་གུང་ཟླ་བ་ཤར་འདྲ་ཡོད།།
སོག་གི་བུ་མོ་ཕུན་ཚོགས་ལགས།།
ཡིད་དུ་འོང་ལ་སྙིང་དུ་སྡུག།
༨
དྲན་གདུང་ཤིན་ཏུ་ལྕི་དུས་ས་སྲོས་རེད།།
ས་སྲོས་མཚམས་སྤྲིན་རིག་ན་ཁྱོད་རང་དྲན།།
སྐྱོ་ཡུས་རབ་ཏུ་མང་དུས་མཚན་གུང་རེད།།
མཚན་གུང་ལྷིང་འཇགས་ཡིན་དུས་ཁྱོད་རང་དྲན།།
ཁྱོད་ཀྱིས་ད་ཚོད་ག་རེ་གནང་གིན་ཡོད།།
ང་ནི་སྤོ་བོའི་སྔས་རྩར་སྡོད་ཞོར་དུ།།
སེམས་སུ་ཁྱོད་རང་ཁོ་ན་འཁོར་ཡོང་ངོ་།།
༢༠༢༣/༢/༡༤ཉིན།
སོག་ཤོད་བུ་མོ།
ཁྲིན་ཏུའུ་ནས་སོག་ཤོད་བུ་མོ་དྲན་པ།
༡
དྲན་གདུང་སེམས་ལ་འཐིབས་ཀྱང་ཁ་ཐག་རིང་།།
མཛེས་འཛུམ་སྣང་ངོར་འཆར་ཡང་མཐོང་ཐབས་མེད།།
ཕ་ཡུལ་སོག་ཤོད་ཡིན་ཡང་ལྷ་ས་རུ།།
འཚོ་བའི་གཡང་ཆེན་མ་ཁྱོད་བདེ་ལགས་སམ།།
༢
ང་ནི་ད་སྐབས་མེ་འཁོར་ཞིག་ནང་དུ།།
བསྡད་དེ་དགེ་ཆོས་འདོད་བསྟན་ཀློག་ཞོར་དུ།།
ཁེ་ཉིན་སོག་ཤོད་ཡུལ་ནས་ལྷན་གཅིག་ཏུ།།
མཉམ་དུ་བསྡད་པའི་དུས་དེ་རབ་ཏུ་དྲན།།
༣
ཡུལ་འདིར་དབྱར་ཁའི་བསིལ་རླུང་གཡུག་རྒྱུ་མེད།།
ཡུལ་འདིར་ལུག་ཁྱུའི་འབའ་སྒྲ་ཐོས་རྒྱུ་མེད།།
ཡུལ་འདིར་མེ་ཏོག་སེར་ཆེན་རིག་རྒྱུ་མེད།།
ཡུལ་འདིར་ཁྱོད་ཀྱི་གྲིབ་གཟུགས་མཐོང་རྒྱུ་མེད།།
༤
ངས་ནི་དེ་རིང་གཡང་ཆེན་ཁྱོད་ཉིད་ལ།།
ཐག་རིང་ཞིག་ཏུ་འགྲོ་དགོས་ཞེས་ལབ་པས།།
སེམས་ཀྱིས་མ་བཟོད་མྱིག་ཆུ་འདོན་ཞོར་དུ།།
ཁུག་དམར་རེ་ཟུང་གཏོང་སོང་བཀའ་དྲིན་ཆེ།།
༥
གུས་པ་ཤིན་ཏུ་སྐྱོ་ཞིང་གདུང་བའི་དུས།།
མིག་ཟུང་བཙུམས་ནས་གཡང་ཆེན་འུ་གཉིས་ཀྱིས།།
ཉན་རྒྱུར་དགའ་བའི་གཞས་དག་ཉན་པ་ཡིན།།
སྐབས་རེར་མྱིག་ཆུ་རེ་ཡང་འདོན་པ་ཡིན།།
༦
ཚེ་འདིའི་འཁྲེང་ཞེན་རེ་སྒུག་ཟད་མཐའ་མེད།།
ཚེ་འདིར་ལས་དབང་སྐྱ་བོས་མནར་གཅོད་བཏང་།།
ལས་འཕྲོའི་ཐག་སྣེ་དུམ་བུར་མ་ཆད་ཚེ།།
གུས་པའི་ལག་མགོ་གཏན་ནས་མ་གཏོང་རོགས།།
༧
འུ་གཉིས་ཞེ་འདང་གཙང་པོ་རིང་སོང་ཚེ།།
ནང་སེམས་ཆུ་འགྲམ་འཁྱག་རོམ་མི་ཆགས་སོ།།
འུ་གཉིས་ཞེ་འདང་རི་བོ་བརྟན་སོང་ཚེ།།
ཁེར་རྐྱང་མུན་པའི་མཚོ་རུ་མི་ལྷུང་ངོ་།།
༨
བར་ཐག་དབྱར་ཁའི་འཇའ་ཚོན་མཛེས་སོང་ན།།
ཡར་བལྟས་ཨ་སྔོན་གནམ་ནི་མི་ནག་གོ།
བར་ཐག་སྟོན་ཁའི་ལོ་ལེགས་ཡག་སོང་ན།།
མར་བལྟས་ན་ས་གཞི་ཆེན་མོ་མི་སྐྱ་འོ།།
བུ་མོ། ལྭ་བ་ཇེ་སྲབ་ཏུ་གཏོང་རོགས།
—གསེར་རྟ་ནས་སོག་ཤོད་བུ་མོ་དྲན་པ།
སྔོ་ལྗང་གི་སྤང་ལ་མེ་ཏོག་བཀྲ་འདུག
ཁ་ཐུག་ཁ་ཐུག་ལ་ཆར་བ་ཡང་འབབ་ཡོང་བཞིན་འདུག
ངས་དྲན་གདུང་གི་གསེང་ནས་མགོ་བ་དགྱེ་དུས
གསེར་རྟ་རུ་དབྱར་ཁ་ཐོན་འདུག་པས
བུ་མོ ལྭ་བ་ཇེ་སྲབ་ཏུ་གཏོང་རོགས
དོ་ཞག་གྲངས་རིག་གི་སྤྱི་འགྲོས་མི་ཤེས་ནས
མགོ་འཁོར་བཞིན་ཡོད་དམ
གཟུགས་པོ་རྡོ་ཕ་བོང་ཆེན་པོ་ཞིག་གིས་གནན་པ་ལྟར
དུས་ཀུན་ལུས་ཐང་ཆད་བཞིན་ཡོད་དམ
ཞག་མ་བཅུ་ཡི་རྗེས་ནས་མཐོ་རྒྱུགས་ལེན་དགོས་དྲན་དུས
ཡིད་ཆད་ཀྱི་སེམས་ངོ་ལྡབ་འགྱུར་གྱིས་འཕར་བཞིན་ཡོད་སམ
བུ་མོ ད་ལོའི་དབྱར་ཀ་རུ་ཚ་བ་ཆེན་མོ་ཞིག་འདུག་པས
ལྭ་བ་ཇེ་སྲབ་ཏུ་གཏོང་རོགས
ལྷ་ས་དྲན་ཐེངས་རེ་རེར
ངས་ཁྱོད་རང་དྲན་ཡོང་ཞིང
སྙན་པར་གྲགས་པའི་པོ་ཏ་ལ་དྲན་ཡོང་དུས་ཀྱང
ངས་པོ་ཏ་ལའི་ཞོལ་དུ་འཚོ་བའི་ཁྱོད་རང་ལྷག་ཏུ་དྲན་ཡོང་བཞིན་འདུག
ལྷ་ས་ལའང་དབྱར་ཁ་ཐོན་ཡོད་ཚོད་རེད
བུ་མོ ཁྱོད་ཀྱིས་ལྭ་བ་ཇེ་སྲབ་ཏུ་གཏོང་རོགས
ཤུགས་རྒྱོབས་དང
ད་ལོའི་དབྱར་ཁ་འདི་མཛེས་སྡུག་ལྡན་པ་ཞིག་ཡིན་ངེས
ད་ལོའི་དབྱར་ཀར་འུ་གཉིས་སོག་ཤོད་ནས་མཇལ་ཞིང
སོག་ཤོད་ནས་མགོ་ལུས་ཡོངས་རྫོགས་ཆར་བས་བརླན་ངེས
ཁྱོད་ཀྱིས་དབྱར་ཀའི་ཚ་གདུང་དང
ཁེར་རྐྱང་གི་བཟོད་བསྲན་མ་ཐེག་ཚེ
བུ་མོ ལྭ་བ་ཇེ་སྲབ་ཏུ་གཏོང་རོགས
སོག་ཤོད་བུ་མོ།
—ཡ་ཆེན་ནས་སོག་ཤོད་བུ་མོ་དྲན་པ།
༡
ཉིན་མ་ཡ་ཟུང་གི་སྔོན་ནས་ཡ་ཆེན་དུ་ཆར་བ་ཆེན་པོ་འབབ་ནས
མཐོང་ལམ་སྨུག་ཆུང་གིས་གཡོགས་སོང་ན་ཡང
གསེར་ཟངས་ཀྱིས་བཞེངས་བའི་གུ་རུའི་སྐུ་བརྙན་རིག་ཐུབ་བཞིན་འདུག
ཁ་ཐུམ་བརྒྱབ་པའི་ཇོ་མོ་ཚོའི་མྱིག་ཡག་མཐོང་ཐུབ་བཞིན་འདུག
ཨ་གསང་བཞུགས་སའི་ཕན་བདེ་འབྱུང་གནས་ལྷ་ཁང་མཐོང་ཐུབ་བཞིན་འདུག
འོན་ཏང ངས་ནག་ཆུ་རུ་གནས་པའི་སོག་ཤོད་བུ་མོ་རིག་ཐུབ་བཞིན་མི་འདུག
ངས་སོག་ཤོད་དུ་འཚོ་བའི་བུ་མོ་གཡང་ཆེན་མཐོང་ཐུབ་བཞིན་མི་འདུག
༣
གནམ་ངོ་ཡག་དུས་མཁན་པོས་ཚ་གདུང་གིས་མནར་བའི
སེམས་ཅན་གྲངས་མེད་ཅིག་ཤི་ཨེ་འགྲོའམ་བསམ་སྟེ
སེམས་ཅན་གྱི་ཆེད་དུ་སེམས་སྡུག་བྱེད
གནམ་ངོ་སྡུག་དུས་གུས་པས་རི་མགོ་ནས་གཡང་ཆེན་ཐོག་གིས
གསད་ཨེ་འགྲོའམ་བསམ་ནས
གཡང་ཆེན་ཁོ་ནའི་ཆེད་དུ་སེམས་ཁྲལ་བྱེད
ང་རང་འཇིག་རྟེན་འདི་རུ་ཡོང་བ་ནི
ཆེད་དུ་གཡང་ཆེན་ལ་སེམས་ཁུར་བྱེད་དུ་ཡོང་བ་འདྲ
༤
ཁོམ་ཐེངས་རེ་རེར
ཡ་ཆེན་གྱི་རྒྱབ་ངོགས་ཀྱི་རི་རུ་འགོས་ཏེ
ཤིན་ཏུ་སྐྱོ་ནས་གཡང་ཆེན་དྲན
བསམ་བློ་ནང་དུ་བསྡུ་དུས
ངའི་དུས་ཚོད་ཀྱི་ནང་དུ་གཡང་ཆེན་ཁོ་ན་བཞད་འདུག
༥
གཡང་ཆེན་ངའི་གྲིབ་གཟུགས་མིན་ན་ཡང
གཡང་ཆེན་ངའི་གྲིབ་གཟུགས་ཡིན་ན་ཅི་མ་རུང་ན་སྙམ
གཡང་ཆེན་ངའི་གྲིབ་གཟུགས་ཡིན་ཚེ
ངེད་གཉིས་སྐར་གང་ལའང་བྲལ་མི་དགོས་བར
ཚེ་གཅིག་གི་ལམ་རོགས་བྱེད་ཆོག་པ་རེད།
བུ་མོ་གཡང་ཆེན།
— མཛོད་དགེ་རྩྭ་ཐང་ནས་སོག་ཤོད་བུ་མོ་དྲན་པ།
༡
བུ་མོ་གཡང་ཆེན
ངས་ཁྱོད་རང་སྨན་གྱི་འདུ་ཤེས་སུ་བསྐྱེད་པར་བྱའོ
དྲན་གདུང་གིས་མནར་དུས
སྐྱོ་ཡུས་ཀྱིས་གདུང་དུས
ཁེར་རྐྱང་གིས་གཟེར་དུས
ཁྱོད་རང་དྲན་ཚེ་སྨན་བཏུང་ནས་ནད་ལས་གྲོལ་བ་བཞིན
ང་ལ་བདེ་བ་ཤིན་ཏུ་ཆེའོ
༢
བུ་མོ་གཡང་ཆེན
དེ་རིང་ང་རང་མཛོད་དགེ་རྩྭ་ཐང་དུ་ཐོན་ཡོད
སྙིང་ལྕགས་ཀྱི་དེབ་ནང་ནས་ཤེས་པའི་མཛོད་དགེ་རྩྭ་ཐང་དུ་ཐོན་ཡོད
ཁྱོད་རང་མེད་སྟབས་མུ་མཐའ་མེད་པའི
མཛོད་དགེ་རྩྭ་ཐང་ནི་བསམ་པ་རང་བཞིན་ཡིད་དུ་འོང་བ་ཞིག་མ་རེད
དེ་རིང་མཛོད་དགེ་རྩྭ་ཐང་ནས་ང་རང་གཅིག་པུ
དྲན་གདུང་གི་གསེང་དུ་ལྷུང་ནས་སྐྱོ་ངུ་བྱེད་དགོས་བྱུང
༣
བུ་མོ་གཡང་ཆེན
གུས་པས་མཛོད་དགེ་རྩྭ་ཐང་ནས
འུ་གཉིས་ཡུལ་སྐོར་རས་གུར་ནང་དུ་ལྷོད་ཅིང་དལ་བའི
མཚན་ནམ་མང་པོ་ཞིག་བསྐྱལ་བའི་འཆར་ཡན་བྱས
ཁྱོད་དང་མཉམ་དུ་མཛོད་དགེ་རྩྭ་ཐང་ནས
འཆམ་འཆམ་དུ་འགྲོ་བའི་རྟོག་བཟོ་བྱས
རང་འདོད་ཀྱི་བློ་བཟོ་འཇིག་རྟེན་ཁོ་ནར
འུ་གཉིས་མཉམ་འཛོམས་ཐུབ་པ་རེད་པས
ང་རང་རྟག་ཏུ་འཆར་ཡན་གྱི་ཀློང་དུ་འཚོ་རྒྱུར་ཧ་ལས་དགའ
༣
བུ་མོ་གཡང་ཆེན
ཚ་ཇ་ཞིག་བསྐོལ་དགོས་ན་ཡང
སྣོད་ཆུ་དང་ཤིང་མྱེ་སོགས་མང་པོ་ཞིག་འཛོམས་དགོས་པ་བཞིན
འཇིག་རྟེན་ཁམས་ནས་འུ་གཉིས་ཁ་རོག་འཕྲད་པ་ལའང
རྒྱུ་རྐྱེན་དང་རྟེན་འབྲེལ་མང་པོ་ཞིག་འགྲིག་དགོས་པ་རེད་པས
ཕན་ཚུན་གྱི་བརྩེ་དུངས་ལ་གཅེས་སྤྲས་དང་མཐོང་ཆེན་གནང་རོགས
༤
བུ་མོ་གཡང་ཆེན
ངས་སྔུན་ཆད་བདག་གི་ཁོག་ཏུ་མཐའ་མེད་པའི
མཛོད་དགེ་རྩྭ་ཐང་ཤོང་པར་འདོད་ཙང
ད་སྐབས་ནག་ཆུའི་སོག་ཤོད་མ་གཏོགས་ཤོང་བཞིན་མི་འདུག
འབར་ཁམས་བསྐྱུར་ནས
ཨ་མཆོག་གྲོང་རྡལ་བསྐྱུར་ནས
ཁྱུང་མཆུ་བསྐྱུར་ནས
སྦྲ་ཆེན་གྲོང་རྡལ་བསྐྱུར་ནས
མཛོད་དགེ་རྩྭ་ཐང་དུ་ཐོན་སོང་ན་ཡང
སེམས་པ་སྔར་བཞིན་སོག་ཤོད་ལུང་པར་ལུས
༥
བུ་མོ་གཡང་ཆེན
གང་ལྟར་ཡང
ཁྱོད་དང་མི་འཕྲད་པས་འཚོ་བ་ནི་ཡིད་དུ་འོང་བ་ཞིག་མ་རེད
ཁྱོད་རང་ཡོད་རྐྱེན་འཚོ་བ་ནི་ཡིད་དུ་མི་འོང་པ་ཞིག་ཀྱང་མ་རེད
གཡང་ཆེན།
—མངའ་རིས་ནས་སོག་རྫོང་བུ་མོ་དྲན་པ།
༡
གཡང་ཆེན
ང་རང་ད་ཞག་མངའ་རིས་སུ་ཡོད
རྒྱང་རིང་གི་མངའ་རིས་ནས་ཁྱོད་རང་དྲན་ཡོང་དུས
ངའི་སེམས་པ་འདི
མཐའ་ཡས་པའི་ཁུ་ནུ་རི་རྒྱུད་ཀྱི་བྱང་ཐང་བཞིན
ཧ་ཅང་སྟོང་སང་ངེ་བ་ཞིག་རེད
༢
གཡང་ཆེན
ང་རང་ཁེ་ཉིན་སོག་རྫོང་དུ་སོང་ནས
ནུབ་གཅིག་ལ་ཁྱོད་དང་ལྷན་དུ་བསྡད
དེ་ཉིན་ཞོགས་པར་ངས་ཁྱོད་རང་ལ
གུས་པ་ཡར་མངའ་རིས་སུ་ལོག་རྒྱུ་ཡིན་ཞེས་ལབ་དུས
མ་འགྲོ་ཟེར་ནས་རབ་ཏུ་བཤོལ་ཡང
ཨུ་ཚུགས་ཚ་པོས་འགྲོ་དགོས་བཤད་དུས
མཐར་ཁྱོད་རང་གིས་མགོ་བོ་སྒུར་ནས
མྱིག་ཆུ་འགའ་ཡང་སྐྱོ་གདུང་གིས་བཏང
༣
གཡང་ཆེན
ཉིན་དེ་ནས་བཟུང
འུ་གཉིས་ཀྱི་སྐད་འཕྲིན་གྱི་འབྲེལ་ལམ་ཐགས་སྐུད་བཞིན་ཆད
ཁྱེའུ་འཕྲིན་ནག་ཁུང་དུ་གཡུགས
འདར་དབྱངས་ཀྱང་བལྟ་རྒྱུ་མེད་པར་བྱས
༤
གཡང་ཆེན
དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ
ཁྱོད་རང་ངའི་མྱི་ཚེའི་ནང་དུ
ཧ་ཅང་མཛེས་སྡུག་གི་མེ་ཏོག་བཞིན་བཞད་ཅིང
སླར་ཡང་དུས་ཡུན་ཐུང་ངུའི་ནང་ནས
ངའི་མྱི་ཚེའི་ནང་ནས་མོ་ཊ་ཞིག་ལྟར
རྒྱང་རིང་རྒྱང་རིང་ཞིག་ཏུ་བཞུད་སོང
༥
གཡང་ཆེན
མདང་དགོང་ངས་གྲོགས་པོ་ཞིག་ལ
ང་རང་ད་ཞག་སོག་ཤོད་བུ་མོ་དང་བཟའ་འཐོར་ཏེ
ཤིན་ཏུ་སྐྱོ་བའི་གནས་སུ་ལྷུང་ཡོད
ཉིན་དཀར་གྱི་དུས་ཚོད་ཀྱི་ནང་ནས
གནས་ངེས་མེད་ཀྱི་མྱི་དང་ཡུལ་ལྗོངས་དང་འཕྲད་པས
དེ་འདྲ་སྐྱོ་བ་མི་སྐྱེ་མོད
མཚན་གུང་གི་དུས་སུ་ཐོན་དུས
ཐེངས་མང་སྐྱོ་ངུ་བྱས་པ་ཡིན་ཟེར་ནས་ལབ་པ་ཡིན
དོན་གྱིས་ཀྱང་དེ་འདྲ་ཞིག་ཡིན
༦
གཡང་ཆེན
ང་རང་ད་སྐབས་ཕོ་ལོ་ཉེར་གཉིས་ལ་བསླེབས་ཡོད
གློ་བུར་དུ་རྐྱེན་ངན་དང་ཆག་སྒོ་འདྲ་མ་བྱུང་ཚེ
གཟུགས་པོ་དང་སེམས་ཁམས་བདེ་ཐང་ཡིན་པས
ང་རང་ད་དུང་མྱི་ལོ་སུམ་ཅུ་ཙམ་ལ་གསོན་སྲིད་ཀྱང
འོན་ཏང་ངས་ཕྱིན་ཆད་ཁྱོད་རང་གཏན་དུ་མཐོང་མི་སྲིད་པ་དྲན་ན
སྐྱོ་གདུང་གི་གསེང་ནས་མགོ་བོ་ཡར་དགྱེ་ཐབས་མི་འདུག་པས
ཡུན་རིང་གསོན་པ་ལའང་སྙིང་བོ་ཆེན་པོ་ཞིག་མི་འདུག་ཨཱང་བསམ
༧
གཡང་ཆེན
ང་རང་གངས་རིན་པོ་ཆེ་དང
མ་ཕམ་གཡུ་མཚོའི་མཚོ་འགྲམ་དུ་ཐོན་དུས
འུ་གཉིས་མྱི་ཚེ་གང་བོར་གངས་འདབས་དང
མཚོ་འགྲམ་འདི་རུ་འདུག་རྒྱུ་བྱུང་ན་ཅི་འདྲ་སྐྱིད་ཨཱང་བསམས
གངས་འདབས་དང་མཚོ་འགྲམ་དུ་ཁྱོད་ཀྱིས་ཇ་ཁང་ཞིག་དབུབ
གུས་པས་ཡུལ་སྐོར་བའི་སྣེ་ཤན་བྱ་ན
འུ་གཉིས་ཀྱི་ས་མཐའི་འཚོ་བ་ནི
ཤིན་ཏུ་ཡིད་དུ་འོང་བ་ཞིག་ཨེ་ཡིན་ནམ་བསམས་ནས
སྟོང་འདང་བརྒྱབ་པ་ཡིན
༧
གཡང་ཆེན
དུས་ཡུན་རིང་པོ་ཞིག་ཏུ
གུས་པ་རི་སྤྱང་བཞིན་འཁྱམ་སྐབས
ཁྱོད་ཀྱིས་ངའི་སེམས་ངོགས་སུ་དྲོད་ཁོལ་སྟེར་ཞིང
དུས་ཡུན་རིང་ཚད་ཅིག་ལ
ཁྱོད་རང་སློབ་སྦྱོང་གི་གནོན་ཤུགས་མི་བཟོད་དུས
བདག་གིས་ཁྱོད་ལ་སྙིང་ཕུར་བརྡབས་པ་ཡིན་པས
ད་དུས་འུ་གཉིས་ཀྱི་ལུས་ཀྱི་བར་ཐག་རི་ཆུ་མང་པོས་ཆོད་ཀྱང
མཛེས་སྡུག་གི་ཞེན་ཆགས་མྱིག་ཟུང་དུ་འཁོར་ཡོང་བའི་ཡིད་ཆེད་ཆེའོ
༨
གཡང་ཆེན
འུ་གཉིས་སྟབས་དབང་གིས་ལག་གདང་སྦྲེལ་ཞིང
འུ་གཉིས་ལས་དབང་གིས་ཡིད་སེམས་འདྲེས་པ་རེད་པས
ངའི་མྱི་ཚེ་ཧྲིལ་བོར་ཁྱོད་ལས་གང་ཡང་དྲན་རྒྱུ་མེད་ཅིང
ངའི་འཇིག་རྟེན་གྱི་དབྱར་གཞུང་དུ
ཁྱོད་ལས་སུ་ཡང་བཞད་ཐབས་མི་འདུག
༩
གུས་པས་དྲན་གདུང་ནང་གི་གཡང་ཆེན་ཁྱོད་རང
ངའི་མྱི་ཚེའི་དབྱར་གཞུང་དུ་ཕྱིར་ཕེབས་རོགས
གཡང་ཆེན།
ཁ་བ་དཀར་པོ་དང་ལྷ་ས་ནས་སོག་ཤོད་བུ་མོ་དྲན་པ།
༡
གཡང་ཆེན
ང་རང་ད་སྐབས་ཁ་བ་དཀར་པོའི་ཉེ་འགྲམ་དུ་བསླེབས་སོང
ནགས་ཚལ་གྱི་རྫོང་སྟུག་ཅིང
ཆུ་ཀླུང་དྲག་པོ་གྱེན་དུ་འབབ་པའི་ལུང་ཆེན་ཞིག་ཏུ
བོད་མྱི་ཞིག་གིས་ཁང་པ་ཆེན་པོ་བརྒྱབ་ནས
རྨོ་ལགས་ལ་བདག་སྐྱོང་གནང་ཞོར
ལྷོད་ཡེངས་ཀྱི་འཚོ་བ་རོལ་ནས་བསྡད་འདུག
ངས་དེ་དུས་བྱ་སྤུར་ཞིག་དང་འདྲ་བའི་མྱི་ཚེ་འདི
ལྷོད་ལྷོད་པོར་ཁྱོད་དང་ལྷན་དུ
འདུག་རྒྱུ་བྱུང་ན་ཅི་འདྲ་སྐྱིད་ཨཱང་བསམ
༢
གཡང་ཆེན
པོ་ཏ་ལས་ཁྱོད་རང་མཚོན་ཐུབ་པ་འདྲ
རྫོང་རྒྱབ་ཀླུ་ཁང་གིས་ཁྱོད་རང་མཚོན་ཐུབ་པ་འདྲ
བར་སྐོར་གླིང་གིས་ཁྱོད་རང་མཚོན་ཐུབ་པ་འདྲ
ཉང་བྲན་གཞུང་གིས་ཁྱོད་རང་མཚོན་ཐུབ་པ་འདྲ
སེ་ར་དུར་ཁྲོད་ཀྱིས་ཁྱོད་རང་མཚོན་ཐུབ་པ་འདྲ
ཉི་མ་ལྷ་ས་ནས་ཉི་མ་རི་ནས་ཡོལ་དུས
ས་གནས་འདི་དག་རིག་དུས་ཁྱོད་རང་ཤིན་ཏུ་དྲན་ཡོང་ངོ
༣
གཡང་ཆེན
གུས་པ་དགའ་སའི་བྱ་དངོས་མང་པོ་ཞིག
ཁྱོད་དང་འབྲེལ་བ་ཡོད་པ་འདྲ་སྟེ
དཔེ་ན་ཁྱོད་རང་མེད་ཚེ་ང་རང་ཉི་མ་ལྷ་སར་དགའ་དོན་མི་འདུག
ཁྱོད་རང་མེད་ཚེ་ང་རང་ཉི་མ་ལྷ་སར་འགྲོ་དོན་མི་འདུག
ཁྱོད་རང་མེད་ཚེ་དགུན་ཁ་ཚེས་རྒྱུར་སྒུག་དོན་མི་འདུག
ཁྱོད་རང་མེད་ཚེ་འཁོར་བའི་ལྟད་མོ་ལ་ཡང་དེ་འདྲ་ཡག་དོན་མི་འདུག
༤
གཡང་ཆེན
ང་རང་ད་སྐབས་ཕ་ཡུལ་དུ་འདུག་སྡོད་མི་འདུག་ལ
གནས་ཡུལ་གཞན་པ་ཡང་ཡུན་རིང་ཞིག་ཏུ་འདུག་འདོད་མི་འདུག
ད་སྐབས་ལོ་རེར་ཕ་ཡུལ་དུ་ཐེངས་རེར་ཐོན་ཐུབ་ན་ཡང
སྔོན་ཆད་ནང་བཞིན་དྲོད་ཁོལ་དང་བདེ་སྐྱིད་གཏན་ནས་མི་འདུག
སོག་ཤོད་བུ་མོ།
—གསེར་རྟ་ནས་སོག་ཤོད་བུ་མོ་དྲན་པ།
༡
སྦྲ་ཆེན་ནས་ཡར་སྤྱི་ལེ་བཅོ་ལྔ་ཙམ་སོང་ན
སོག་རྫོང་ཟེར་བའི་རྫོང་ཆུང་ཞིག་མཐོང་ཐུབ
རྫོང་ཆུང་དེ་རུ་ཙན་དན་དགོན་ཟེར་བའི
དགེ་ལུགས་ཀྱི་དགོན་པ་ཞིག་ཡོད་ཅིང
དགོན་པ་དེ་མར་འོག་ཏུ་ཁྱིམ་ཚང་ཕལ་བ་ཞིག་ཡོད
༢
ཁྱིམ་ཚང་ཕལ་བ་དེ་ཚང་དུ
ནོར་རྗེས་དང་ལུག་རྗེས་སུ་འགྲོ་མ་མྱངས་ཤིང
གླག་རྒོད་དང་སྤྱང་ཀི་རིག་མ་མྱོང་བའི་བུ་མོ་ཞིག་ཡོད
ངས་དུས་རྒྱུན་བུ་མོ་དེར་སོག་ཤོད་བུ་མོ་ཟེར་ནས་འབོད་བཞིན་ཡོད
༣
མོ་རང་ད་ལྟ་ཉི་མ་ལྷ་སར་ཡོད
ཉི་མ་ལྷ་ས་ནས་མཐོ་རྒྱུགས་ལ་གྲ་སྒྲིག་བྱེད་བཞིན་ཡོད
སྐབས་རེར་སློབ་སྦྱོང་གི་གནོན་ཤུགས་ཀྱིས་མི་བཟོད་དུས
ང་ལ་ཁ་པར་གཏོང་ཡོང་ནས
བརྒྱ་ལ་སློབ་ཆེན་ཡག་མོ་ཞིག་ཏུ་རྒྱུགས་མ་འཕྲོད་ཚེ
ཁེར་བུར་རྒྱང་རིང་ཞིག་ཏུ་འཁྱམ་དགོས་ཚུལ་ལབ་ཡོང
༤
སོག་རྫོང་གི་རིན་སྤུངས་དགོན་ཟེར་བའི་ཇོ་དགོན་ཞིག་ནས
ངེད་གཉིས་ཐེངས་དང་པོར་ཁ་ངོ་འཕྲད་ཅིང
ཇོ་དགོན་དེའི་ཐག་ཉེ་ས་ཞིག་ནས་མོ་རང་ངའི་པང་དུ་སྦྱར་ཏེ
གུར་མཐའ་ཞིག་ནས་ངེད་གཉིས་ཀྱིས་མཚན་མོའི་སྐར་ཚོགས་རྩིས་པ་ཡིན
༤
མོ་རང་དང་ཐེངས་གཉིས་པ་དང་གསུམ་པ་ལ་ཐུག་ཏུ་འགྲོ་དུས
ཁོ་མོས་ཇོ་དགོན་དེ་ནས་ང་ལ་བསྒུགས་འདུག
ཇོ་དགོན་དེ་རུ་ཁོ་མོའི་ཞེན་ཁ་འཚོ་ཡོད
ཇོ་དགོན་དེ་རུ་ཁོ་མོའི་རེ་བསྒུག་གནས་ཡོད
ཇོ་དགོན་དེ་རུ་ངེད་གཉིས་ཀྱི་བརྩེ་དུངས་བཞད་ཡོད
༥
ངའི་ཕ་ཡུལ་དུ་ཁ་བ་ཆེན་པོ་ཞིག་འབབ་ཀྱང
སེམས་ཁུར་ཆེན་མོ་ཞིག་མི་འདུག་མོད
ཉི་མ་ལྷ་སར་རླུང་ཆེན་གཡུག་དུས
ང་ལ་སེམས་ཁྲལ་ཤིན་ཏུ་ཆེའོ
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4226
དཔྱད་མཆན་སྤེལ།