རྒྱ་ནག་གི་རི་མོ་བ་西茜མཚམས་སྦྱོར་ཉུང་བསྡུས།
西茜མོ་ནི་ལོ་རབས་དགུ་བཅུའི་རྗེས་ཀྱི་མཛེས་མ་རི་མོ་བ་ཞིག་ཡིན།མོ་རང་ལོ་ལྔའི་ཐོག་ནས་རི་མོ་སྦྱོང་། ལོ་ཉི་ཤུའི་ཐོག་ལ་མིང་དུ་གྲགས་པའི་རི་མོ་བ་ཞིག་ཏུ་གྱུར། ལོ་ཉེར་བདུན་ཐོག་ལ་མོའི་རི་མོའི་བརྩམས་ཆོས་ལ་རྒྱལ་སྤྱིའི་བྱ་དགའ་ཐོབ།
ཡིག་སྒྱུར་པ།   གནའ་མྱི་སྨུག་པོ།

༡ ཕ་མའི་ཐག་གཅོད།

ང་ཆུང་དུས་སྐབས་སུ་ངའི་ཅི་ཞིག་བསླབ་འདོད་ཀྱི་བསམ་བློ་ཡོད་ཚད་ཕ་མ་གཉིས་ཀྱིས་རྒྱབ་སྐྱོར་ལས་བྱུང་བས། བྱས་ཙང་ཕ་མ་གཉིས་ཀྱིས་ང་ལ་ཡོད་པའི་བརྩི་མཐོང་དང་བསམ་ཤེས་ཀྱི་སྣང་ཚུལ་དེ་དག་གི་ཁྲོད་ནས་ང་རང་འཚར་ལོངས་བྱུང་བས། ང་རང་ཆུང་དུས་ནས་དགའ་ཕྱོགས་ཧ་ཅང་མང་པོ་ཡོད། གནའ་བོའི་སྒྲ་སྙན་དང་། ཀང་ཅིན། ད་རུང་པི་ཝང་སོགས་ལ་ཧ་ཅང་དགའ་མོས་ཆེ། ཨ་ཕས་ང་ལ་བཤད་རྒྱུར་“དེ་དག་སླ་མོ་རེད། ཁྱོད་ཀྱིས་ཤེས་རྗེས་ཨ་ཕས་ཁྱོད་ལ་རམ་དཀྲོལ་བ་བཟོ་ཆོག་གི་”རེད་ཅེས་བཤད་ཀྱི་རེད། ད་རུང་ངས་དྲག་རྩལ་སྦྱོང་འདོད་ཡོད་ཅེས་བཤད་སྐབས། ཨ་ཕས་ང་ལ་ཞལ་རྩེད་གནང་བཞིན་“ཁྱོད་ཀྱིས་སྦྱོང་འདོད་ཡོད་པ་འགའ་ཤས་ངས་སྦྱོང་ཐུབ་ཀྱི་མི་འདུག འོན་ཀྱང་། ཁྱོད་ཀྱིས་དྲག་རྩལ་འགྲན་སྐབས་ངས་ཉེ་འགྲམ་ནས་རོགས་བྱེད་ཆོག”་ཅེས་ཟེར་ནས་ཞལ་རྩེད་གནང་གི་རེད། ངའི་བསམ་བློ་དང་ཕུགས་བསམ་ཅི་ཞིག་ཡིན་ཡང་ཕ་མ་གཉིས་ཀྱིས་སྐུལ་འདེད་གནང་བར་མ་ཟད། ངའི་བསམ་བློ་དང་ཕུགས་བསམ་དག་མངོན་གྱུར་ཡོང་བའི་རོགས་དན་ཡང་གནང་གི་རེད། ང་རང་ལོ་བརྒྱད་ལ་སོན་པའི་སྐྱེས་སྐར་གྱི་རྗེས་སུ་ང་རང་གིས་བསམ་བློ་ནན་ཟབ་གཏོང་བའི་གལ་ཆེན་གྱི་ཐག་གཅོད་དེ་ཕ་མ་གཉིས་ལ་བཤད་པ་ཡིན། དེ་ནི་ང་རང་སློབ་གྲྭར་འགྲོ་རྒྱུ་ཕྱིར་འཐེན་བཟོ་རྒྱུའི་ཐག་གཅོད་དེ་རེད། དེ་ནི་རང་གཤིས་གྱོང་པའི་ཁ་ནས་གང་དྲན་བཤད་པའི་གཏམ་ཞིག་གཏན་ནས་མིན། ང་རང་སློབ་གྲྭར་མ་སོང་བའི་ཡར་སྔོན་དུས་ཡུན་རིང་པོའི་རང་ཉིད་ཀྱི་རྗེས་ཤུལ་ནི། ཉིན་ལྟར་རང་དབང་གི་ངང་ནས་དཔེ་ཀློག་དང་། རི་མོ་འབྲི་རྒྱུ་སོགས་ཡིན། ངའི་ཨ་ཕ་ནི་རི་མོ་པ་ཞིག་ཡིན་པས། ངས་ཁོང་ལ་སེམས་གཏིང་ནས་ཡིད་སྨོན་ཤོར་གྱི་ཡོད། དེར་བརྟེན་ང་ལ་སྒྱུ་རྩལ་པ་ཞིག་གི་ཕུགས་བསམ་ཡོད། སྤྱིར་ང་རང་སློབ་གྲྭ་ལ་འགྲོ་བའི་ན་ཚོད་སླེབས་ལ་ཉེ་བའི་སྐབས་ང་ལ་གཞི་རྩའི་སློབ་གྲྭའི་འཚོ་བ་ལ་རེ་སྒུག་ཧ་ཅང་ཡོད། སྐབས་དེར་ངའི་བསམ་བློའི་ངོར་དུས་ཚོད་ཕལ་མོ་ཆེ་ལ་རང་དང་ན་མཉམ་གྲོགས་པོ་གྲོགས་མོ་ཆུང་ཆུང་ཚོ་དང་ལྷན་དུ་དགའ་དགའ་སྤྲོ་སྤྲོའི་ངང་ནས་རྩེད་མོ་རྩེ་བཞིན་ང་ཚོ་ལོ་ཆུང་ཐུན་མོངས་ལ་དབང་བའི་འཚོ་བ་དེ་དག་ལོངས་སུ་སྤྱོད་འདོད་བྱུང་། འོན་ཀྱང་། དོན་དངོས་སློབ་གྲྭའི་འཚོ་བ་ནི་ངའི་སྔོན་ཆད་ཀྱི་བསམ་བློ་ཇི་བཞིན་མི་འདྲ་བར། དགེ་རྒན་གྱི་སློབ་ཁྲིད་དང་ལས་བྱ་མང་བས་ང་ལ་རྩེད་མོ་རྩེ་བའི་དུས་ཚོད་ཅིག་ཕལ་ཆེར་མི་འདུག དེར་བརྟེན་ཨ་ཕ་ཆེད་དུ་སློབ་གྲྭར་སོང་ནས་ཨ་ཕས་དགེ་རྒན་རྣམས་ལ་ངའི་བུ་མོའི་སྔོན་ཆད་ཁྱིམ་ན་ཡོད་པའི་སྐབས་ནས་བསླབ་ཚན་དག་སྦྱོང་ཟིན་པས་ཡིག་རྒྱུག་འཕྲོད་མིན་ལ་དཀའ་ཁག་མེད་པས། བུ་མོས་ལས་བྱ་དེ་དག་མ་བྲིས་ན་ཆོག་གམ་དྲིས་པས། ཨ་ཕས་བཤད་པའི་སྐད་ཆ་དག་དགེ་རྒན་རྣམས་ཀྱིས་ཐོས་སྐབས་ཁོང་ཚོ་ཧང་སང་ནས་དོན་དེ་སློབ་མ་སུ་ལའང་དམིགས་གསལ་མེད་ཅེས་བཤད་པས། ཨ་ཕ་ཡང་ཐབས་བཀོད་ཟད་ནས་ཕྱིར་ཁྱིམ་དུ་ལོག་ནས་ནམ་རྒྱུན་ཨ་མས་ང་ལ་ལས་བྱ་འབྲི་རོགས་བྱས་པ་རེད་ལ། ངས་ཀྱང་དུས་ཚོད་མང་པོ་ཞིག་སློབ་གྲྭའི་བསླབ་དེབ་ལས་གཞན་པའི་དཔེ་དེབ་བལྟ་རྒྱུའི་ཕྱོགས་སུ་གཏོང་བ་ཡིན། སློབ་ཁང་ནང་ནས་སློབ་ཁྲིད་སྐབས་ཀྱང་དཔེ་དེབ་དེ་དག་ལྐོག་ཏུ་བལྟས་པ་ན་གནས་ཚུལ་དེ་དགེ་རྒན་གྱིས་ཤེས་རྟོགས་བྱུང་བས། ཁོང་ཚོའི་སེམས་སུ་གུས་བཀུར་དང་བརྩི་འཇོག་བྱེད་གི་མི་འདུག་སྙམ་ནས་ང་ལ་ཉེས་ཆད་གཏོང་བྱུང་། མ་གཞི་ང་རང་ཁྱིམ་ནས་བྱིས་པ་ཕ་མའི་ཁ་ལ་ཉན་པོ་ཞིག་ཡིན་ལ། ཨ་ཕས་ཀྱང་ངའི་རེ་འདུན་བསམ་ཤེས་བྱེད་པར་མ་གཏོགས་བཀའ་བཙན་པོ་ཕབ་མྱོང་མེད། ཁོང་གི་གུ་ཡངས་པོའི་ལམ་སྟོན་གྱིས་ངའི་མི་ཚེའི་ཁ་ཕྱོགས་སྟོན་ཐུབ་གྱིན་འདུག་ལ། ངས་ཀྱང་འབད་རྩོམ་གྱིས་ཁོང་གི་རེ་བ་སྒྲུབ་ཀྱི་ཡོད། ཡིན་ན་ཡང་། སློབ་གྲྭའི་ནང་ནས་ང་ནི་དགེ་རྒན་གྱི་ཁ་ལ་མི་ཉན་མཁན་དང་དགེ་རྒན་ལ་རྒྱབ་གཏོད་པ་ཞིག་ཏུ་གྱུར་སོང་བས། མཐར་ངས་བསམ་བློ་གཟབ་ནན་གཏོང་མཐར་ང་རང་སློབ་གྲྭ་འགྲོ་རྒྱུ་ཕྱིར་འཐེན་བཟོ་རྒྱུའི་སྐད་ཆ་དེ་ཕ་མ་གཉིས་ལ་བཤད་པ་ན། དང་ཐོག་ཁོང་གཉིས་ཀྱིས་མིག་གིས་ཕན་ཚུན་གཅིག་ངོ་གཅིག་ལྟ་བྱེད་བཞིན་ཁྱོད་ཀྱིས་བསམ་བློ་ཞིབ་ཕྲ་གཏོང་ཟིན་ནམ། ད་རུང་བསམ་བློ་ནན་ཟབ་ཞིག་ཐོངས་ཟེར་གྱི་འདུག ངའི་ཕུགས་བསམ་གྱི་བརྩོན་ལེན་ནི་སྒྱུ་རྩལ་པ་ཞིག་བྱ་རྒྱུ་དེ་ཡིན་ལ། ཁྱིམ་མིས་ཀྱང་དེ་ལ་རྒྱབ་སྐྱོར་ཡོད། འོན་ཀྱང་མི་ཞིག་གི་ཕུགས་བསམ་བསྒྱུར་དགོས་ན་ཁག་པོ་ཡོད་རེད། སློབ་གྲྭར་འགྲོ་རྒྱུ་དེ་མི་ཕལ་མོ་ཆེའི་བསམ་བློ་གོམ་འདྲིས་སུ་གྱུར་ཟིན་པས་གལ་སྲིད་ང་ལ་སྒྱུ་རྩལ་པའི་ཕུགས་འདུན་དེ་མེད་ཚེ། མ་མཐར་ཡང་སློབ་གྲྭར་འགྲོ་རྒྱུ་དེ་ནི་རང་ཉིད་ལ་འགན་སྲུང་ཞིག་རེད། དེ་དག་དྲན་བཞིན་ང་རང་ངུ་ཤོར་བྱུང་བས་མལ་ཁང་དུ་སོང་ནས་སྒོ་གཏན་ནས་ཁོ་ཚོ་དང་སྐད་ཆ་མ་བཤད་པར་དུས་ཚོད་བར་སྟོང་བཞག་ནས་བསམ་བློ་གཏོང་བ་ཡིན། སུས་ཀྱང་སྣང་མེད་དུ་བོར་བའི་ཚེ་ཕ་མ་གཉིས་ཀྱིས་བདག་ལ་གུ་ཡངས་ཀྱི་སྤྱོད་ཚུལ་འགས་ང་ལ་རྒྱུན་དུ་གཟིགས་སྐྱོང་གནང་གི་རེད། ཁྱིམ་མིའི་དང་ཐོག་ནས་དོན་དག་འདི་ངའི་མི་བསམ་དགུ་བསམ་ཞིག་མིན་པར་ཤེས་ཀྱི་ཡོད་རེད། དེ་ནི་ཁྱིམ་མིས་ང་ལ་འཛིན་པའི་གུ་ཡངས་པའི་བསམ་བློའི་རྒྱུན་འཁྱོངས་རེད། ང་རང་སློབ་གྲྭ་ནས་ཕྱིར་འཐེན་བཟོ་རྒྱུའི་ཐག་གཅོད་དེས་རང་ཉིད་དང་ཁྱིམ་མི་ལ་དཀའ་ལས་ཡོད་པ་ངས་ཤེས་ཀྱི་ཡོད། མཐར་ཨ་ཕས་སེམས་ཐག་བཅད་ནས་ང་རང་སློབ་གྲྭ་ནས་ཕྱིར་འཐེན་བྱ་རྒྱུ་ལ་རྒྱབ་སྐྱོར་བྱས་བྱུང་བས་ང་རང་ཧ་ཅང་དགའ་བྱུང་། སྐབས་དེར་ཨ་ཕའི་བསམ་ཤེས་དེ་དག་བཤད་མི་ཐུབ་པ་ཞིག་རེད། ངའི་ཐག་གཅོད་དེས་ཨ་ཕ་ལ་གནོན་ཤུགས་མང་པོ་ཞིག་ཡོད་པ་ཤེས་ཀྱི་ཡོད།

༢ ཕ་མའི་འགན་ཁུར།

ང་སློབ་གྲྭར་འགྲོ་མཚམས་བཞག་པ་དེ་ཨ་ཕ་ལ་ལས་འགན་སྣོན་མ་ཞིག་ཏུ་གྱུར་བ་རེད། ཨ་ཕ་ནི་ངའི་འགན་ཡོངས་རྫོགས་ཁུར་བའི་དགེ་རྒན་དུ་གྱུར་སོང་། ཨ་ཕས་ང་ལ་བསླབ་རྒྱུ་ནི་རི་མོ་ཙམ་མ་ཟད་རིག་ཚན་གཞན་ཧ་ཅང་མང་། ཨ་ཕ་ནི་བསམ་བློ་ཞིབ་ཚགས་ཅན་ཞིག་ཡིན་པས། ཨ་ཕས་ང་ལ་དཔེ་ཀློག་ཅི་ཞིག་བྱེད་དགོས་མིན་དང་། ཤེས་བྱ་ཅི་ཞིག་སྦྱོང་དགོས་མིན་སོགས་དཀར་ཆག་དང་རེའུ་མིག་བཟོས་ནས་བཀོད་སྒྲིག་བཟོ་གི་རེད། ཁོང་གིས་ཉིན་ལྟར་སྔ་མོར་རི་མོ་བསླབ་པ་དང་། ཉིན་རྒྱབ་ང་ཁྲིད་ནས་དཔེ་མཛོད་ཁང་དུ་འགྲོ་བ་དང་། དགོང་མོར་ང་ཁྲིད་ནས་ཕྱི་རོལ་དུ་འཁྱམས་འཁྱམས་འགྲོ་ནས་ཁྱིམ་ལ་ལོག་གི་རེད། ཉིན་དེར་བཀླགས་པའི་དཔེ་དེབ་ཁ་ཤས་ལ་ངེད་གཉིས་ཕན་ཚུན་བསམ་བློ་བརྗེ་རེས་བྱེད་པ་དང་། དཔེ་དེབ་དེ་བཀླགས་པའི་སེམས་ཚོར་སོགས་ཕན་ཚུན་བཤད་ཀྱི་ཡོད། ང་རང་ཁོང་གིས་བཏབ་པའི་དཔེ་ཀློག་ཟིན་བྲིས་མྱུར་ཚད་ལ་ཧ་ཅང་ཡིད་སྨོན་ཤོར་གྱི་ཡོད། ད་རུང་ཁོང་གིས་ངའི་མིག་ཤེད་སྲུང་སྐྱོབ་ཀྱི་ཆེད་དུ་ཉིན་ལྟར་དཔེ་དེབ་ཀློག་པའི་སྙིང་བཅུད་དག་ང་ལ་བཤད་ཀྱིན་རེད། ཁོང་ཧ་ཅང་དགའ་མོས་བྱེད་པའི་དཔེ་དེབ་ནི་ལོ་ཙི་རེད། ཁོང་གིས་ང་ལ་ཆེད་དུ་རང་བྱུང་ཁམས་ཀྱི་ལྟ་བ་དང་ཁོང་རང་ཉིད་ཀྱིས་རང་བྱུང་ཁམས་ལ་ལྟ་ཚུལ་དག་ང་ལ་བརྒྱུད་སྤྲོད་གནང་གི་རེད། ཁོང་གི་རེ་བ་ནི་ང་རང་དཔེ་ཀློག་གི་རྒྱ་མཚོ་ཆེན་པོའི་ནང་དུ་གནས་ཐུབ་རྒྱུ་དང་། མཚན་ཉིད་རིག་པ་ནས་རྩོམ་རིག་བར་གྱི་རིག་པའི་མྱུར་ཚད་དང་ལྟ་ཕྱོགས་ཀྱིས་རི་མོའི་སྒྱུ་རྩལ་ལ་ནུས་ཤུགས་འདོན་རྒྱུ་དེ་རེད། འོན་ཀྱང་། ཨ་ཕས་ཚོད་འཛིན་མེད་སྐབས་རང་ཉིད་ཀྱིས་སྐུལ་འདེད་ལས་བྱུང་བའི་དཔེ་ཀློག་དག་ནི་རགས་ལྟ་ཙམ་ཞིག་ཡིན། འདི་ནི་ཐུན་མོང་གི་མི་ཕལ་མོ་ཆེར་ཡོད་པའི་གོམ་གཤིས་དང་གཅིག་ཡིན།ང་རང་གཞན་དང་མི་འདྲ་བ་ཞིག་ལ་འགྱུར་བའི་ཆེད་དུ་ཨ་ཕས་བློས་གཏོང་མང་པོ་ཞིག་བྱས་ཡོད་རེད། ཁོང་གི་མིག་མདུན་གྱི་ངོས་གཅིག་ནས་འཁྲེང་སེམས་དང་ངོས་གཅིག་ནས་འབྱུང་འགྱུར་ངའི་ཆེད་དུ་སེམས་ཁྲལ་རེད། ཁོང་གིས་ང་ལ་བློ་སེམས་གཅིག་སྒྲིལ་གྱིས་མང་པོ་ཞིག་བསླབས་ཡོད་རེད། ཁོང་གིས་སློབ་གྲྭའི་ལས་གནས་ལས་དགོངས་ཞུ་བྱས་ནས་རི་མོ་པའི་ལས་རིགས་གཉེར་བ་རེད། འདི་འདྲ་བྱས་པས་ང་ཚོའི་ཁྱིམ་ཚང་གི་ཡོང་འབབ་བརྟན་པོ་མེད་པར་གྱུར་བ་རེད། ང་རང་ལོ་བཅུ་ལོན་སྐབས་ཁོང་གི་གཟུགས་པོ་བདེ་ཐང་མེད་པའི་གནས་ཚུལ་བྱུང་བ་རེད། དང་ཐོག་སྨན་ཁང་ལས་བརྟགས་དཔྱད་སྐབས་སུ་སྙིང་རྩའི་ནད་ཅིག་ཡོད་པ་དང་རྗེས་སུ་ད་གཟོད་སྔ་མོ་ཞིག་ནས་སྐྲན་ནད་བྱུང་ཟིན་པ་ཤེས་པ་རེད། དེར་བརྟེན། ཁོང་གིས་ལྗིད་ཚད་ཅན་གྱི་ལས་རིགས་མི་ཐུབ་པས་འདི་ལྟར་མུ་འཐུད་ནས་རི་མོའི་ལས་རིགས་ཀྱང་ལས་མ་ཐུབ་པ་རེད། ང་ཚོའི་ཁྱིམ་མི་གསུམ་པོའི་དཔལ་འབྱོར་ཡོང་སྒོ་རྩ་བ་ནས་ཤོར་བྱུང་བས་ང་ཚོ་འུ་ཐུག་ཐབས་ཟད་ནས་ཁང་པའང་བཙོང་དགོས་བྱུང་། རྨོ་རྨོས་ང་ཚོའི་གནས་ཚུལ་དག་མཐོང་བས་ཁོང་ང་ཚོ་ལ་ཧ་ཅང་སྙིང་རྗེ་ནས་ཁོང་གི་རྒན་གསོའི་འཚོ་དངུལ་དང་སྤྱི་ཚོགས་འགན་སྲུང་བྱང་བུ་བཅས་ཨ་མ་ལ་སྤྲད་བྱུང་། ང་ཚོས་ཟ་མཁས་སྤྱོད་མཁས་ཀྱིས་འུ་ཐུག་པའི་འཚོ་བ་སྐྱེལ་དགོས་བྱུང་། ང་ཚོ་ཧ་ཅང་འཚོ་བ་དཀའ་ཁག་གི་སྐབས་སུ་ང་ཚོའི་ཁྱིམ་མིའི་ཉིན་ལྟར་འཚོ་བའི་གྲོན་དངུལ་སྒོར་ལྔ་བཅུ་ཡན་་བརྒལ་མྱོང་མེད། འོན་ཀྱང་། རི་མོ་འབྲི་བྱེད་ཀྱི་རྒྱུ་ཆ་དང་དཔེ་དེབ་ཀྱི་གྲོན་དངུལ་ཕྱོགས་སུ་གཏོང་བའི་སྒོར་མོ་ཉུང་ཉུང་ཞིག་མ་རེད། ཕ་མ་གཉིས་ཀྱིས་སྔར་བཞིན་ང་ལ་རྒྱབ་སྐྱོར་བྱས་པ་རེད། ང་རང་སློབ་གྲྭར་འགྲོ་མཚམས་བཞག་པ་ནས་རང་དང་ན་མཉམ་གྲོགས་པོ་གྲོགས་མོ་མང་པོ་ཞིག་དང་འབྲེལ་བ་མེད་པ་གྱུར་བྱུང་བས། རི་མོ་འབྲི་བྱེད་དང་དཔེ་དེབ་སོགས་ནི་ངའི་གྲོགས་པོ་བཞིན་གྱུར་སོང་། ཅ་དངོས་དེ་དག་དང་མཛའ་གཅུགས་སུ་གྱུར་བས་ཁེར་རྐྱང་གི་གདུང་བ་མང་པོ་ཞིག་མེད་པར་གྱུར་སོང་། དོན་དངོས་སྐབས་དེར་ཨ་ཕའི་འགན་ཁུར་ཧ་ཅང་ལྕི་མོ་ཡིན། ངའི་སེམས་ནང་གི་སྡུག་བསྔལ་མང་པོ་ཞིག་སུས་ཀྱང་རྟོགས་ཀྱི་མ་རེད། ཨ་ཕས་ང་ལ་ཡོད་པའི་སྲ་བརྟན་གྱི་ཡིད་ཆེས་ནི་ངའི་ཡིད་རྟོན་དང་ནུས་ཤུགས་རེད། ཨ་ཕས་བསམ་རྒྱུར། ངས་གཤིས་བཟང་དང་རྒྱུན་འཁྱོངས་བེད་སྤྱོད་ནས་ཕུགས་བསམ་བརྩོན་ལེན་གྱིས་ང་ཚོའི་མ་འོངས་པར་མཛེས་སྡུག་ལྡན་པའི་གྲུབ་འབྲས་མངོན་གྱུར་ཡོང་རྒྱུ་དེ་རེད། ཨ་ཕས་དུས་རྟག་ཏུ་ང་ལ་གསུང་རྒྱུར། “ཁྱོད་ཀྱིས་ངེས་པར་རང་ཉིད་ཀྱི་འདོད་པ་ལྟར་མི་ཞིག་བྱ་དགོས་རེད། ང་ཚོའི་ཁྱོད་ལ་ཆ་རྒྱུས་ཡོད། སྒྱུ་རྩལ་ནི་གཏན་འབེབས་བྱ་ནུས་པ་ཞིག་མིན་པས། ཁྱོད་རང་གོམ་པ་རིམ་སྤོས་ཀྱིས་འཚོལ་ཞིབ་བྱོས་དང་རང་ལ་དབང་བའི་ལམ་ཞིག་ཡོད་ངེས་རེད། ཕལ་ཆེར་ལམ་འདི་ཧ་ཅང་དོག་པོ་ཡིན་སྲིད། དོག་ཀྱང་མི་གཅིག་པུ་བགྲོད་ཐུབ། ཡིན་ཡང་མུ་མཐུད་དེ་བགྲོད་ནས་འཚོལ་དགོས། དཀའ་ངལ་གཙང་སེལ་བཟོ་བའི་ལོ་རྒྱུས་ནང་བར་ཆད་སྣ་ཚོགས་ཡོད་པས། གཞན་དང་མི་འདྲ་བའི་བསམ་བློ་ལྡན་དགོས། དེ་དག་གིས་མ་འོངས་པའི་ཁྱོད་ཀྱིས་གསར་རྩོམ་ལ་ཧ་ཅང་ཕན་ནུས་སྦྱིན་ངེས།”ཨ་ཕ་ནི་ངའི་ལམ་སྟོན་པ་ཞིག་ཡིན། ང་རང་ཆུང་དུས་ནས་ཕུགས་བསམ་ནི་རི་མོ་པ་ཞིག་བྱ་རྒྱུ་དེ་ཡིན། རྗེས་ནས་རིམ་གྱིས་ངའི་གསར་རྩོམ་གྱི་བརྒྱུད་རིམ་ཕུན་སུམ་ཚོགས་པ་དང་། དེ་དང་ལྷན་དུ་ངའི་བསམ་བློ་ཡང་དེ་ལས་འཐུས་སྒོ་ཚང་བ་ཞིག་བྱུང་སོང་། ངའི་རེ་བར་རང་ཉིད་བྱམས་སེམས་ཅན་ཞིག་དང་བྱིས་བློ་དང་མ་བྲལ་བ་ཞིག་བྱ་འདོད་ཡོད། ངའི་མིག་མདུན་གྱི་འཛམ་གླིང་མཛེས་སྡུག་ལྡན་པ་ཞིག་དང་། ང་རང་ཐུགས་འཕྲད་ཀྱི་མི་རེ་རེ་བཞིན་དམིགས་བསལ་གཅེས་སུ་འོས་པ་ཡོང་རྒྱུ་དང་། རི་མོའི་ལམ་ནས་རང་ཉིད་ཀྱི་སེམས་ནང་གི་ཤེས་ཚོར་དག་མཚོན་ཐུབ་རྒྱུ་དེ་ཡིན། ང་རང་མེས་རྒྱལ་གྱི་སྲོལ་རྒྱུན་རིག་གནས་ལ་ཧ་ཅང་དགའ་ཞེན་ཡོད། དེར་བརྟེན་ང་རང་གི་རི་མོའི་བརྩམས་ཆོས་མང་ཆེ་བ་རྒྱ་ནག་གི་གནའ་བོའི་之美བརྒྱུད་སྤྲོད་བཟོ་བཞིན་ཡོད། དཔེ་ན། ༢༠༡༧ལོར་ཨ་རིར་སྒྱུ་རྩལ་འགྲན་བསྡུར་སྐབས་བྱ་དགའ་ཐོབ་པའི་ང་རང་གི་རི་མོའི་བརྩམས་ཆོས་《蝶恋花》ནང་གི་མི་སྣའི་གྱོན་པ་དང་སྐྲ་དབྱིབ་ཆ་ཚང་ང་རང་ཉིད་ཀྱིས་འཆར་འགོད་བྱས་པ་ཡིན། ད་རུང་《莲花》གིས་རྒྱ་ནག་གི་བསམ་བློ་དང་འདུ་ཤེས་མཚོན་པ་མ་ཟད་རྒྱ་ནག་བུད་མེད་ཀྱི་ཡ་རབ་སྤྱོད་གཙང་དང་སྐྱེས་བུ་དམ་པ་བླ་ན་མེད་པའི་བྱམས་བརྩེ་དང་བརྩེ་སེམས་མཚོན་པ་རེད། 《莲花》གསར་རྩོམ་གྱི་སྐབས་སུ། སྣུམ་ཚོམ་རི་མོའི་ཚོན་སྣ་དང་རས་གཞི་སྤྱོད་སྐབས་རི་མོའི་རྒྱབ་ལྗོང་ཕལ་ཆེར་གནའ་བོའི་རི་མོའི་ཚོས་གཞི་སྤྱོད་པ་ཡིན། བལྟས་ཀྱིན་བལྟས་ཀྱིན་རྒྱལ་སྤྱིའི་མིང་གྲགས་ཅན་གྱི་དངོས་མང་བཤམས་སྟོན་ཁང་གི་རྩ་ཆེན་གྱི་དངོས་ཟོག་ཞིག་ལ་འདྲ་བར་མ་ཟད། རྒྱ་ནག་གི་རི་མོའི་སྒྱུ་རྩལ་གྱི་གལ་ཆེན་རང་བཞིན་གྱིས་འདུ་ཤེས་མཚོན་གྱི་འདུག་སྙམ།དེར་བརྟེན། ངའི་རི་མོའི་བརྩམས་ཆོས་ཕལ་མོ་ཆེའི་ནང་དུ་ཤར་ནུབ་ཀྱི་རིག་གནས་ཟུང་འབྲེལ་བྱས་ཡོད། རྒྱ་ནག་གི་མཛེས་དཔྱོད་ཀྱི་འཆད་སྟངས་དང་གོ་དོན་མང་པོ་ཞིག་མཚོན་པར་བྱས་ཡོད།

༣ ཕ་མའི་སེམས་ཁྲལ།

ཨ་ཕའི་ནད་ཀྱི་གནས་བབ་ཇེ་ལྗི་ནས་ཇེ་ལྗི་རེད། ང་ཚོས་གསལ་པོར་ཤེས་རྒྱུ་ཞིག་ནི། ཁོང་ང་ཚོར་ཁ་བྲལ་བའི་ཉི་མ་ཇེ་ཉེ་ནས་ཇེ་རེད། ང་དང་ཨ་མ་གཉིས་ཀྱིས་ལས་བགོ་བྱས་ནས། ཉིན་མོར་ང་རང་གིས་ལྟ་རྟོག་བཟོ་བ་དང་། མཚན་མོར་ཨ་མས་གཟིགས་སྐྱོང་གནང་གི་རེད། ང་ཚོ་ཁོང་གི་ཉལ་ཁྲི་དང་གོམ་གང་ཡང་འབྲལ་གྱི་མེད། སྐབས་དེར་ཨ་ཕས་ང་ཚོ་ལ་སེམས་གསོ་གནང་གི་རེད། དུས་རྒྱུན་ཁྱིམ་ཚང་ཕལ་མོ་ཆེ་ལས་ང་ཚོའི་ཁྱིམ་ཚང་གི་ཁྱིམ་མི་རྣམས་ལྷན་འཛོམས་བྱས་པ་མང་བས་ང་ཚོས་མིག་ཆུ་གཏོང་རྒྱུ་དང་། ཡིད་སེམས་སྐྱོ་རྒྱུ་སོགས་མ་བྱས་པར་སྲ་བརྟན་ངང་བསྡད་པ་ཡིན། ངས་ཤེས་རྒྱུ་ཁོང་ང་ཚོ་དང་བྲལ་བའི་ཉིན་༢༠༡༤ཟླ་བ་༢ཚེས་༡༨རེད། ཁོང་འབྲས་སྐྲན་གྱི་ཕྲ་ཕུང་ཀླད་ཆེན་དུ་གྲམ་པས་ཁོང་གིས་ཡོད་ཚད་བརྗེད་པར་མ་ཟད་རང་ཉིད་ཀྱང་ངོས་མི་ཟིན་པར་གྱུར་པ་རེད། ཁོང་མ་གྲོངས་བའི་སྔ་དགོང་ཁོང་གིས་མཚམས་མ་བཞག་པར་ང་ལ་གསུང་རྒྱུར། “ནོར་བུ། ཆུ་ཁོལ་བཏུང་ཟིན་ནམ། ད་རུང་ཆུ་ཁོལ་བཏུང་།” ད་རུང་བརྩེ་བའི་ངང་ནས་ཨ་མ་ལ་བཤད་རྒྱུར། “མི་མང་བས་ཁྱོད་མི་ཤེས། འོན་ཀྱང་ཁྱོད་ངའི་ཆེས་རྩ་ཆེ་བའི་ནོར་བུ་ཞིག་ཡིན།” དེའི་ཕྱི་ཉིན་ཞོགས་པར་ཁོང་གིས་ཅི་ཡང་གསུངས་མི་ནུས་ཀྱང་། ང་དང་ཨ་མ་ཁོ་ན་ལ་མིག་གིས་བལྟས་ནས་བསྡད་བྱུང་། ངའི་སེམས་ངོར་རྩ་ནས་བརྗེད་རྒྱུ་མེད་པ་ཞིག་ནི་ཁོང་གི་སེམས་ཁ་གང་བའི་འཁྲེང་སེམས་དང་སྲ་བརྟན་གྱི་མིག་མདངས་དེ་རེད། སྐབས་དེར་ཁོང་གི་རྣམ་འགྱུར་ནི་སྐྱོ་སྣང་མེད་པའི་བློ་བདེ་བག་ཕེབས་ཀྱི་རྣམ་པ་དེ་རེད། ཨ་ཕ་ཕེབས་བྱུང་། ཁོང་འཚོ་སྐབས་ནང་བཞིན་སྐད་ཆ་ལྷུག་པོ་ནམ་ཡང་ཁོང་དང་བཤད་ཐབས་བྲལ་བས་ཁོང་གི་སྐུ་པར་ལ་བལྟས་ནས་བཤད་ཀྱི་ཡོད། ཐེངས་དང་པོ། ངའི་སེམས་ནང་ཆེས་རིན་ཐང་བྲལ་བའི་བྱ་དངོས་ཞིག་མེད་པར་གྱུར་བས་མིག་མདུན་གྱི་བྱ་དངོས་ཡོད་ཚད་དོན་སྙིང་མེད་པར་གྱུར་སོང་། རྗེས་སུ་རིམ་གྱིས་ངས་གནས་ལུགས་ཤིག་རྟོགས་བྱུང་། ང་ད་རུང་རང་ཉིད་ཀྱི་ཚེ་སྲོག་ནང་གནས་ཡོད་པ་དང་། ངའི་བརྩམས་ཆོས་ནང་དུ་ཡང་མུ་མཐུད་ནས་ཨ་ཕའི་བསམ་བློ་མངོན་གྱི་ཡོད་པར་མ་ཟད་ཁོང་གི་མི་ཚེའི་བཤུལ་ལམ་ཡང་དོད་འདུག རང་ཉིད་ལ་ཧ་ཅང་གལ་ཆེན་གྱི་བརྩམས་ཆོས་ཤིག་ཡོད་པ་ནི་《珍珠》རེད། འདི་ནི་ཁོང་གི་གོ་དོན་ནམ་མཚོན་དོན་ཞིག་རེད། ང་རང་ཐེངས་རེ་མིག་ཆུ་ཟག་དུས་དེ་འཚོལ་སྡུད་བྱས་ནས་མུ་ཏིག་གི་མགུལ་རྒྱན་རེ་བྱེད་ཀྱིན་ཡོད། དེ་ནི་ང་རང་གི་དྲན་པའི་གཏིང་ནས་ལོང་ལོང་དུ་འཕྱུར་བའི་ཕྱི་དྲན་རེ་ཡིན། དོན་དངོས་ཐོག་རང་ཉིད་ཀྱི་རི་མོའི་བརྩམས་ཆོས་ནི་རང་ཉིད་ཡིན། མི་ཕལ་མོ་ཆེ་གོང་གི་གནས་ཚུལ་དེ་དག་བཀླག་སྐབས་སེམས་སྐྱོ་སྲིད་པ་ཞིག་རེད། འོན་ཀྱང་མི་ཚེའི་ནང་འདུ་འབྲལ་གྱི་ལོ་རྒྱུས་མི་འབྱུང་བ་མི་སྲིད་པས་དེ་དག་བརྒྱུད་སྤྲོད་བྱས་པ་ཙམ་ཡིན། ཡིན་ཡང་མི་རྣམས་ལ་སེམས་གཏིང་གི་ཡིད་ཆེས་ཡོང་རྒྱུ་ནི། ཕལ་ཆེར་སྐྱོ་སྣང་ཧ་ཅང་ཆེ་བའི་དུས་དང་ཡང་ན་རེ་ཐག་ཆད་པའི་སྐབས་དེ་དག་རེད། ངའི་འཚོ་བའི་ནང་བློ་ཐག་མི་ཆོད་པ་དང་སེམས་ཁམས་རབ་རིབ་གྱུར་བའི་སྐབས་སུ། སྤྱི་ཡོངས་ལ་ཡོད་པའི་བསམ་པ་ལྟར་ཕ་མ་གམ་ན་ཡོད་ན་སྙམ་པ་དེ་རེད། ཁོང་གློ་བུར་ང་དང་བྲལ་ནས་འཇིག་རྟེན་གཞན་པ་ཞིག་ཏུ་ཕྱིན་ཚར་བ་རེད། འོན་ཀྱང་། ཁོང་གིས་འཇིག་རྟེན་གཞན་པ་ཞིག་ནས་ཁོང་གི་འདོད་པ་བཞིན་འགྱུར་བའི་བུ་མོ་ང་ལ་ངེས་པར་དུ་གཟིགས་བསྡད་ཡོད་རྒྱུ་རེད།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4223