དེ་ཡང་ཀུན་མཁྱེན་བླ་མ་རྒྱལ་དབང་མི་བསྐྱོད་པའི་ལེགས་བཤད་རྗེ་བཙུན་དགྱེས་པའི་ངལ་གསོ་ནི་རྗེ་ཉིད་ཀྱི་བླ་མ་ཆོས་གྲུབ་སེང་གེའི་ངོར་བྱས་ཏེ་གཞན་སྟོང་དུ་བཀྲལ་བ་ལས་རང་བཞེད་དངོས་མིན་ཚུལ་དཔའ་བོ་གཙུག་ལག་ཕྲེང་བས་གསུངས་མོད་ཀྱང་། ཀུན་མཁྱེན་བླ་མའི་རྒྱལ་ཚབ་དམ་པར་གྱུར་པ་ཀུན་གཟིགས་ཞྭ་དམར་དཀོན་མཆོག་ཡན་ལག་གིས་ནི་དེ་ཉིད་ཀུན་མཁྱེན་བླ་མའི་དགོངས་པ་མཐར་ཐུག་པར་བཞེད་པས། རྗེ་ཉིད་ཀྱི་དངོས་སློབ་གཙོ་བོ་དག་གི་ནང་དུ་ཡང་རྗེ་བཙུན་ངལ་གསོ་རང་བཞེད་དུ་ཞལ་གྱིས་བཞེས་མིན་གཉིས་ཡོད་དོ་སྙམ་པ་ཞིག་ད་སྐབས་སྒྲུབ་བརྒྱུད་འདི་པའི་དཔེ་ཆ་བ་རྣམས་ལ་ཡོད་པར་སྣང་།
དེ་ལྟར་ན་ཡང་ཀརྨ་ལེགས་བཤད་སྒྲ་དབྱངས་ཀྱི་ཐུགས་སྲས་མཁས་གྲུབ་ཆེན་པོ་དྲུང་ཀུན་དགའ་རྣམ་རྒྱལ་གྱིས་མཛད་པའི་ཆོས་འབྱུང་རིན་པོ་ཆེའི་གཏེར་ཆེན་ལས་ཀརྨ་ལེགས་བཤད་སྒྲ་དབྱངས་ཀྱི་རྣམ་ཐར་སྐབས་སུ་ཇི་ལྟར་འབྱུང་བ་ལྟར་འཆད་ན་འདི་ལྟ་སྟེ།
དེ་ཡང་ཀརྨ་ལེགས་བཤད་སྒྲ་དབྱངས་དགུང་ལོ་ཉེར་གཅིག་པ་ལ་ཕེབས་པའི་དུས་སུ་ཀུན་གཟིགས་ཞྭ་དམར་དཀོན་མཆོག་ཡན་ལག་དང་མཇལ་ཏེ། རྗེ་དེ་ཉིད་ཀྱི་མདུན་ནས་རབ་ཏུ་བྱུང་ཞིང་རྗེ་བརྒྱད་པའི་ཕྱག་ལེན་དང་རླུང་སེམས་གཉིས་མེད་ཀྱི་པུ་ཏིའི་སྟེང་ནས་གོ་དོན་བཤད་པ་དང་བཅས་པའི་གསུང་ཆོས་མང་དུ་ཞུས་པའི་མཐར་ཀརྨ་ལེགས་བཤད་སྒྲ་དབྱངས་ཀྱིས་ཞྭ་དམར་དཀོན་མཆོག་ཡན་ལག་ལ་འདི་ལྟར།
མཐར་ཐུག་ལྟ་བའི་འཇོག་མཚམས་འདི་ལ་བདག་གི་སྔ་ཕྱིའི་བསྟན་བཅོས་རྣམས་ལ་གོ་བ་ལེན་པ་བོད་ཀྱི་ངག་སྒྲོས་རྣམས་ལའང་རྟོགས་དཔྱོད་མང་དུ་བཏང་བ་རྣམས་ཕལ་ཆེར་ལ་ཡིད་གཏོད་མེད་ནའང་གཞན་སྟོང་གི་འཇོག་མཚམས་འདི་བྱམས་པའི་ཆོས་རྣམས་དང་རྗེ་རང་བྱུང་བའི་བཞེད་པ་དང་། ཡང་མཐུན་པ་འདྲ་སྙམ་ལགས། རྗེ་གོང་མ་བརྒྱད་པས་ཀྱང་ཕར་ཕྱིན་ཚུལ་འདིར་བཀྲལ་བ་ལགས་སམ།
ཞེས་ཞུས་པས་དེའི་ལན་དུ་ཞྭ་དམར་དཀོན་མཆོག་ཡན་ལག་གིས་ཀརྨ་ལེགས་བཤད་སྒྲ་དབྱངས་ལ་འདི་ལྟར།
གཙོ་བོར་གདུལ་བྱའི་བློ་རིགས་དང་གང་འཚམ་གྱིས་བྱེ་བྲག་ལྟར་ལྟ་གྲུབ་ཀྱང་སྟོན་རིམ་གྱི་བཀྲི་བས་འགལ་མེད་ཀྱང་མཐར་ཐུག་ནི་དབུ་མ་ཐལ་འགྱུར་བའི་ལྟ་བ་བཟུང་བ་འདི་ལེགས། ཇོ་ཤཱཀ་ཀྱིས་གཞན་སྟོང་དང་རང་བྱུང་བ་སོགས་ཀྱི་དགོངས་པ་འཇོག་མཚམས་ཅུང་ཟད་མི་གཅིག་ཚུལ་དང་། རྗེ་གོང་མས་ཀྱང་མཁན་ཆེན་ཆོས་གྲུབ་པའི་དགོངས་པ་བསྐང་ཕྱིར་རྣམ་རྫུན་དབུ་མར་བཀྲལ་བ་ཡིན་གྱི་དགོངས་དོན་མཐའ་ཐུག་ནི་འཇུག་ཊཱིཀ་དང་དགོངས་གཅིག་གི་འགྲེལ་བཤད་དང་ཁྲིད་ཡིག་རྒྱས་སྡུས་ལས་གསལ་བ་རྣམས་ཁོ་ན་མ་གཏོགས་བོད་ཀྱི་ལྟ་གྲུབ་ཕལ་ཆེར་ལ་ནི་རྒྱུ་མཚན་མེད་པར་བཞེད་ཡོད།
ཅེས་སོགས་གསུངས་སོ། །དེ་ནས་བཟུང་སྟེ་རྗེ་བཙུན་བླ་མ་ཞྭ་དམར་དཀོན་མཆོག་ཡན་གི་གསུང་གི་བདུད་རྩི་དང་ཀརྨ་ལེགས་བཤད་སྒྲ་དབྱངས་ཀྱི་མཐར་ཐུག་རྟོགས་ཚུལ་གཅིག་ཏུ་གྱུར་ནས། ཕྱིས་གསུང་རབ་ཟབ་མོའི་དགོངས་དོན་འཆད་པའི་སྐབས་ལ་བབས་པའི་ལྟ་སྒོམ་གཙོ་བོར་དབུ་མ་འཇུག་པ་དང་སྤྱོད་འཇུག་བསླབ་བཏུས་སོགས་ལས་བརྩམས་ཏེ་འཆད་པ་དང་། རྗེ་བརྒྱད་པའི་རྟེན་འབྲེལ་བསྟོད་པ་སོགས་དབུ་མ་ཐལ་འགྱུར་བའི་གཞུང་ཆེ་ཕྲའི་དགོངས་དོན་ཁོ་ན་སྟོན་པར་མཛད་མཁན་ཞིག་ཏུ་གྱུར་སོང་ངོ་། །
གཞན་ཡང་ཀརྨ་ལེགས་བཤད་སྒྲ་དབྱངས་ཀྱི་དྲིས་པ་དང་ལན་གྱི་ཕྲེང་བ་པདྨའི་མགུལ་རྒྱན་ལས།
རྗེ་ཀརྨ་པ་བརྒྱད་པས་ཀྱང་རྗེ་བཙུན་ངལ་གསོར་མངོན་རྟོགས་རྒྱན་སེམས་ཙམ་རྣམ་རྫུན་པར་འགྲེལ་ལོ། །
ཞེས་གསུངས་པ་ལྟར་ཞྭ་དམར་དཀོན་ཡན་ལག་ཡབ་སྲས་ཀྱིས་ཀྱང་ཀུན་མཁྱེན་བླ་མས་རྗེ་བཙུན་དགྱེས་པའི་ངལ་གསོར་ཇི་ལྟར་བསྟན་པ་དེ་རང་བཞེད་མིན་པར་ཐུགས་ལ་འཆང་བ་གདོད་མི་ཟའོ། །
འོན་ཀྱང་ཀརྨ་ལེགས་བཤད་སྒྲ་དབྱངས་ཀྱི་དྲི་བ་དང་ལན་གྱི་ཕྲེང་བ་པདྨའི་མགུལ་རྒྱལ་ལས།
རང་རང་ངོ་བོས་སྟོང་པ་དང་། །
གཞན་ལ་གཞན་གྱིས་སྟོང་པ་གཉིས། །
གཉིས་ཀ་དབུ་མའི་ལམ་ཡིན་པས། །
མཐར་ཐུག་ཁྱད་མེད་བཞེད་པ་ཡིན། །
ཞེས་པའི་ཀུན་གཟིགས་ཞྭ་དམར་དཀོན་མཆོག་ཡན་ལག་གི་རྡོ་རྗེའི་གསུང་ཚིག་བླ་ན་མེད་པ་ཞིག་དྲངས་པ་ལྟར། སྤྱིར་ཀུན་མཁྱེན་བླ་མ་རྒྱལ་དབང་མི་བསྐྱོད་པ་ཡབ་སྲས་བརྒྱུད་པ་དང་བཅས་པའི་བཞེད་པར་རང་སྟོང་དང་གཞན་སྟོང་གི་དབུ་མའི་ཟབ་གནད་གཅིག་ཏུ་འབབ་པའི་ཚུལ་ཁུངས་དང་བཅས་རིན་པོ་ཆེའི་སྒྲོམ་བུ་ཁ་ཕྱེས་པ་ལྟ་བུ་ཞིག་ཁོ་བོའི་ཡིད་ལ་མཆིས་མོད། ད་སྐབས་སྒྲུབ་བརྒྱུད་འདིར་མཁས་པས་ས་གང་ཞིང་མཁས་གཏམ་གྱིས་གནམ་གང་བར་སྣང་བས་རེ་ཞིག་དེ་དག་གི་ལེགས་པར་བཤད་པའི་གཏམ་ལ་ངང་སྒུག་གིས་སྙོམས་ལས་སུ་གནས་ན་ཆོག་པར་གདའ་འོ། །
ཞེས་ཤཱཀྱའི་དགེ་ཚུལ་ཀརྨ་མཁྱེན་རབ་གསལ་བྱེད་དམ་བན་དེ་འགྲོ་ཕན་གྱིས་ཕྱི་ཐུན་ཞིག་ལ་རྐྱེན་ཞིག་གིས་ཉེ་བར་བསྐུལ་ནས་སྦྱར་བས་སརྦམངྒལཾ།། །།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4219
དཔྱད་མཆན་སྤེལ།