དཔེ་ཀློག་ཟིན་བྲིས།
① གཞུང་འགྲེལ་ཡོད་པའི་རྒྱུ་མཚན།
སློབ་དཔོན་ཆེན་པོ་ཐོགས་མེད་སྐུ་མཆེད་ཀྱིས་ཤེར་ཕྱིན་གྱི་མདོ་འགྲེལ་མཛད་པ་ནི་མཁས་པ་རྣམས་ལ་བརྒྱུད་ནས་གྲགས་པའི་གཏམ་ཡིན་པས། སྔོན་གྱི་མཁས་པ་ཆེན་པོ་དག་གི་ཁྲོད་དུ་མཚན་གཞིར་གང་འཇོག་ཙམ་ལས་མཛད་མ་མཛད་ཀྱི་དོགས་པ་མཛད་མཁན་མ་བྱུང་བར་གསལ་མོད། ཉེ་དུས་འགའ་རེས་རྒྱན་སྣང་གི་མཆོད་བརྗོད་ཀྱིས་འཁྲུལ་གཞི་བྱས་པ་ལས། དོན་ལ་སྐུ་མཆེད་ཀྱིས་ཤེར་ཕྱིན་གྱི་དགོངས་འགྲེལ་དེ་འདྲ་མཛད་པ་མེད་ཤས་ཆེ་བ་འབད་དེ་བསྒྲུབས་སོ། །འོན་ཏང་ཁོང་གི་སྒྲུབ་བྱེད་དག་ནི་རང་གིས་སྒྲུབ་བྱེད་དུ་བཀོད་ཀྱང་རང་ལ་གནོད་བྱེད་དུ་སོང་བས་ཉམས་མཚར་ཙམ་སྣང་ཏེ། བོད་ཀྱི་ཤེར་འགྲེལ་སྔ་ཤོས་རྔོག་ལོའི་ཕར་ཕྱིན་བསྡུས་དོན་དུ་སྐུ་མཆེད་གཉིས་ཀྱི་འགྲེལ་པ་ཡོད་སྐད་གཏན་ནས་མེད་ཅེས་དེའི་ཤེས་བྱེད་དུ། རྔོག་ལོའི་བསྡུས་དོན་ལས། འགྲོ་ལ་ཆགས་པས། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དྲུག་གོ །འདིས་ནི་ཁོ་བོའི་བཤད་པ་འདི་ནི་འཕགས་པ་བྱམས་པས་སློབ་དཔོན་ཐོགས་མེད་ལ་བཤད་པ་དང་། དེས་མཛད་པའི་བཤད་པའང་བདག་གིས་ཐོས་ནས་བཤད་པའི་ཕྱིར་དང་། གཞན་ཡང་དེ་ལས་མི་གསལ་བ་ཡང་སློབ་དཔོན་དབྱིག་གཉེན་དང་། འཕགས་པ་རྣམ་གྲོལ་སྡེ་དང་། བཙུན་པ་རྣམ་གྲོལ་སྡེས་བཤད་པའི་ཡང་རྗེས་སུ་འབྲངས་པའི་ཕྱིར་ན། བླ་མ་བརྒྱུད་པའི་འབྲེལ་བ་ལ་བརྟེན་ནས་རྙེད་པའི་དོན་བརྗོད་པའི་ཕྱིར་ཡིད་མི་ཆེས་པར་མི་བྱའོ། །ཞེས་བྱ་བའི་དོན་ནོ། །ཞེས་པའི་བར་འདི་དྲངས་ཡོད། འོན་ཏེ་འདིའི་ནང་དུ། དེས་མཛད་པའི་བཤད་པ། ཞེས་ཐོག་མེད་ཀྱི་འགྲེལ་པ་དངོས་སུ་བསྟན་པར་མ་ཟད། དེར་མི་གསལ་བ་དག་དབྱིག་གཉེན་སོགས་གཞན་གསུམ་གྱི་བཤད་པའི་རྗེས་སུ་འབྲངས་བར་གསུངས་པ་དང་། འདིར་བཤད་པ། ཞེས་པ་འགྲེལ་པའི་དོན་དུ་ཧ་ཅང་གསལ་བའི་ཕྱིར་དང་། ཐོགས་མེད་ལས་བརྒྱུད་པའི་མན་ངག་ཐོས་པ་ཙམ་ཡིན་ན་དེར་མི་གསལ་བ་འགྲེལ་པ་གཞན་གསུམ་དུ་གསལ་སྟངས་ཇི་ལྟར་ཡིན་སྨྲ་དགོས་པའི་ཕྱིར་རོ། །རྒྱུ་མཚན་ལྷག་མ་ལ་ནི་དེ་ལས་ཀྱང་སྙིང་པོ་མི་སྣང་བས་མ་བཀོད་དོ། །དེས་ན་ཐོག་མེད་ཀྱིས་དེ་ཉིད་རྣམ་ངེས་དང་། དབྱིག་གཉེན་གྱིས་གཞུང་འགྲེལ་མཛད་ཡོད་པ་ལ་ཡིད་གཉིས་བྱ་བའི་གནས་མེད་དེ། རྒྱན་སྣང་ལས། འཕགས་པ་ཐོགས་མེད་ཞེས་བྱ་གྲགས་པ་གསལ་ལྡན་ཤེས་རབ་ལྡན་པའི་མཆོག་གྱུར་པས། །དེ་ཉིད་རྣམ་པར་ངེས་པར་བཤད་པ་རབ་ཏུ་སྦྱར་མཛད་དེས་མཛད་པ་ཡི་མཐུས། །དངོས་དང་དངོས་མེད་རྣམ་དབྱེའི་ཕྱོགས་ལ་མཁས་པར་ཤེས་པའི་མངོན་རློམ་གྱིས་མཐོ་བ། །སློབ་དཔོན་དབྱིག་གཉེན་གྱིས་ནི་གཞུང་གི་འགྲེལ་པར་དོན་བཤད་པ་ལ་གནས་ཐོབ་གྱུར། །ཞེས་དང་། འགྲེལ་པ་དོན་གསལ་ལས། འགྲོ་ལ་ཆགས་པས་ཀུན་ཆགས་མཛད། །འཕགས་པ་ཐོགས་མེད་སྐྱོབ་ཉིད་ཀྱིས། །མི་ཕམ་མགོན་ལ་གསན་ནས་ནི། །བསྟན་བཅོས་ཆེན་པོའི་རྣམ་བཤད་མཛད། །འགྲོ་དོན་རྩ་ལག་དབྱིག་གི་གཉེན། །རང་གི་མོས་པ་གཙོར་བྱེད་པས། །ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་རྟེན་ནས་རྣམ་པར་བཀྲོལ། །འཕགས་པའི་ཁོངས་སུ་གཏོགས་པ་ཡི། །རྣམ་པར་གྲོལ་བ་ཞེས་བྱས་ཀྱང་། །དེས་བྱས་བྱས་པ་མིན་མཐོང་ནས། །དབུ་མར་གནས་པའི་བློས་རྣམ་ཕྱེ། །ཞེས་གསུངས་པའི་ཕྱིར་དང་། སློབ་དཔོན་སྔ་མ་གཉིས་ཀྱི་འགྲེལ་པ་མེད་ན། འཕགས་པ་གྲོལ་སྡེས། དེས་བྱས་བྱས་པ་མིན་པར་མཐོང་སྟངས་མེད་པའི་ཕྱིར་རོ། །དེར་མ་ཟད། ཁ་ཆེའི་པཎྜི་ཏ་ཆེན་པོ་ཛ་ཡ་ཨཱ་ནན་དས་མཛད་པའི་དབུ་མ་ལ་འཇུག་པའི་འགྲེལ་བཤད་ལས། དེ་ཉིད་ཀྱི་ཕྱིར་སློབ་དཔོན་དབྱིག་གཉེན་གྱིས་གཞུང་འགྲེལ་ལས། གོ་ཆ་ཆེན་པོ་བགོས་པ་ནི་སེམས་བསྐྱེད་པ་དང་པོ་ནས་བརྩམས་ཏེ་ལྷག་པའི་བསམ་པའི་བར་ལ་བྱའོ་ཞེས་གསུངས་སོ། །ཞེས་སློབ་དཔོན་དང་གཞུང་འགྲེལ་གཉིས་ཀའི་མཚན་སྨོས་ནས་ལུང་དྲངས་པ་དང་། ཨ་བྷ་ཡ་ཀ་ར་གུཔྟ་འམ་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ལས། གཞུང་འགྲེལ་ལས་ཀྱང་ས་བརྒྱད་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ལ་ནི་ཉོན་མོངས་པའི་མངོན་དུ་རྒྱུ་ནི་ཤིན་ཏུ་ཕྲ་བ་ཡང་མེད་དོ་ཞེས་པ་སྟེ། ཞེས་སོགས་དང་། ཐུབ་དགོངས་སུ་དེ་ལས་གསལ་བ་འོག་ཏུ་འགོད་འགྱུར་ལྟར་དང་། པཎྜི་ཏ་གནས་བརྟན་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་མཛད་པའི་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ཞེས་བྱ་བ་ལས། སློབ་དཔོན་དབྱིག་གཉེན་གྱིས་ཀྱང་གཞུང་འགྲེལ་ལས་རྣམ་པ་ལྔར་བཀྲལ་ལོ། །འདི་ལྟ་སྟེ། ས་དང་པོ་རབ་ཏུ་དགའ་བ་ལ་ལྷག་པའི་བསམ་པ་རྣམ་པར་དག་པའོ། །ས་དྲུག་ལ་རྩོལ་བ་བཅས་པ་མཚན་མ་མེད་པ་ལ་གནས་པའོ། །བརྒྱད་པ་ལ་རྩོལ་བ་མེད་པ་མཚན་མ་མེད་པ་ལ་གནས་པའོ། །ས་གཉིས་ལ་ངེས་པའི་སྤྱོད་པ་ལ་རབ་ཏུ་ཞུགས་པའོ། །དེའི་སྟེང་དུ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའོ། །ཞེས་སོ། །ཞེས་གསུངས་པས་དབྱིག་གཉེན་གྱི་གཞུང་འགྲེལ་ཡོད་པར་ཧ་ཅང་གསལ་བའི་ཕྱིར་རོ། །དཔལ་ལྡན་རྒྱལ་པོ་ཛ་གད་ཏ་ལར་གནས་པས་མཛད་པའི་མན་ངག་རྗེས་འབྲང་ལས་ཀྱང་། ཅི་ལྟར་རྒྱས་པར་དེ་ཁོ་ན་ཉིད་རྣམ་པར་ངེས་པ་བསྡུས་པ་ལས་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱིས་རྣམ་པར་གཞག་པའོ། །ཞེས་གསུངས་ཤིང་། དབྱིག་གཉེན་གྱི་གཞུང་འགྲེལ་ཡང་ལན་གྲངས་བཅུ་ཕྲག་ལྷག་དྲངས་འདུག་གོ།།
② གཞུང་འགྲེལ་གང་ཡིན་ངོས་འཛིན།
གཞུང་འགྲེལ་གང་ཡིན་ངོས་འཛིན་པ་ལ་བོད་ཀྱི་མཁས་པ་སྔ་མའི་བཞེད་པ་རགས་ཙམ་དགོད་པ་ལ། གོ་རབས་པས་སྦས་དོན་ཟབ་མོར་གཏེར་གྱི་ཁ་འབྱེད་དུ་རྔོག་ལོ་ཆེན་པོའི་བཞེད་པ་བཀོད་པར། ལོ་ཆེན་གྱི་ཞལ་ནས་པཎྜི་ཏ་འགའ་ཞིག་ང་ལ་གཞུང་འགྲེལ་ཡོད་ཟེར་ནས་བལྟས་པས། འབུམ་ཊཱིཀ་ཏུ་སོང་ནས། འདི་འབུམ་ཊཱིཀ་ཡིན་བྱས་པས་དེ་ག་གཞུང་འགྲེལ་ཡིན་ཟེར་རོ། །ཞེས་པ་འདིས་རྔོ་ལོ་ཆེན་པོའི་སྐུ་དུས་སུ་དབྱིག་གཉེན་གྱིས་མཛད་པའི་གཞུང་འགྲེལ་ཡོད་པ་ཡོངས་གྲགས་དང། རྒྱ་གར་མཁས་པ་དུ་མས་ཡུམ་གསུམ་གནོད་འཇོམས་ཉིད་གཞུང་འགྲེལ་དུ་བཞེད་པར་གོ་ནུས་ཤིང་། ཡུམ་གསུམ་གྱི་གཞུང་འགྲེལ་ཡིན་པས་འབུམ་ཊཱིཀ་དང་ཉི་ཁྲི་གཞུང་འགྲེལ་ཅི་རིགས་སུ་བོས་སོ། །རྔོག་ལོའི་བསྡུས་དོན་དུ། ཁོ་བོའི་བཤད་པ་འདི་ནི་འཕགས་པ་བྱམས་པས་སློབ་དཔོན་ཐོགས་མེད་ལ་བཤད་པ་དང་། དེས་མཛད་པའི་བཤད་པའང་བདག་གིས་ཐོས་ནས་བཤད་པའི་ཕྱིར་དང་། གཞན་ཡང་དེ་ལས་མི་གསལ་བ་ཡང་སློབ་དཔོན་དབྱིག་གཉེན་དང་། འཕགས་པ་རྣམ་གྲོལ་སྡེ་དང་། བཙུན་པ་རྣམ་གྲོལ་སྡེས་བཤད་པའི་ཡང་རྗེས་སུ་འབྲངས་པའི་ཕྱིར། ཞེས་སོགས་གོང་དུ་དྲངས་པ་ལྟར་གསལ་པས་ཡོད་པར་བཞེད་པ་གསལ་མོད། ཡུམ་གསུམ་གནོད་འཇོམས་འདི་གཞུང་འགྲེལ་དུ་བཞེད་མིན་མི་གསལ་ལོ། །ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ་ལས། ཐོགས་མེད་ཀྱི་དེ་ཉིད་རྣམ་པར་ངེས་པ་དང་། དབྱིག་གཉེན་གྱི་ཉི་ཁྲི་གཞུང་འགྲེལ། ཞེས་གསལ་ཞིང་། བགྲང་རིམ་གྱིས་རྒྱན་འགྲེལ་དུ་ཡང་བཞེད་པར་ཐོན་མོད། ཡུམ་གསུམ་གནོད་འཇོམས་དང་གཅིག་མིན་གསལ་ཁ་གཏོད་པར་མ་མཇལ། བཅོམ་ལྡན་རིག་རལ་གྱི་བསྟན་པ་རྒྱན་གྱི་མེ་ཏོག་ཏུ། ཐོགས་མེད་ཀྱི་རྒྱས་འབྲིང་བསྡུས་གསུམ་གྱི་འགྲེལ་པ་དེ་ཉིད་རྣམ་ངེས། དབྱིག་གཉེན་གྱིས་དེ་གསུམ་གྱི་གཞུང་འགྲེལ། ཞེས་གསལ་བར་བཀོད་པས་ཕྱི་མ་ཡུམ་གསུམ་གནོད་འཇོམས་ཡིན་པ་ཐོན་ཅིང་། གཉིས་ཀ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་འགྲེལ་པར་གསལ་མོད་རྒྱན་འགྲེལ་ཡིན་མིན་གསལ་ཁ་མེད་ཅིང་། ཡུམ་བསྡུས་པ་ནི་ཁྲི་བརྒྱད་སྟོང་པའོ། །ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱིས། ཡུམ་གསུམ་གནོད་འཇོམས་འདི་ཉིད་དབྱིག་གཉེན་གྱི་གཞུང་འགྲེལ་དུ་རིགས་པས་བསྒྲུབས་ཅིང་། ཁ་ཆེ་མཆེ་བའི་སྡེས་མཛད་པ་ནི་འདི་ཉིད་མིན་པར་འབུམ་རྐྱང་པའི་གནོད་འཇོམས་ཡིན་པ་དང་། དཀར་ཆག་འཕང་ཐང་མར་འབུམ་རྐྱང་པའི་གནོད་འཇོམས་འདི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པར་བྲིས་མོད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བཀོད་པའི་བོད་ཡིག་ཐོག་གི་བཀའ་བསྟན་དཀར་ཆག་ཐོག་མ་དཀར་ཆག་ལྡན་དཀར་མ་དང་། མཆིམས་ཕུ་མ་གཉིས་སུ་རྒྱ་གར་མར་བཤད་པས་མི་འཐད་ལ། འགྱུར་བྱང་མེད་པའི་རྒྱུ་མཚན་གྱིས་རྒྱལ་པོས་མཛད་པར་མི་འགྲུབ་ཏེ་འགྱུར་འཕྲོ་ཡིན་པས་སོ། །ཞེས་འཐད་སྒྲུབ་མཛད་ཡོད་དེ། བུ་སྟོན་ཆོས་འབྱུང་ལས། རྒྱལ་བའི་ཡུམ་སྟོང་ཕྲག་བརྒྱ་པའི་འགྲེལ་ཆེན་བམ་པོ་བདུན་ཅུ་རྩ་བརྒྱད་ཅུང་ཟད་མ་འགྱུར་བ། འདི་འཕང་ཐང་མར་བཙན་པོ་ཁྲི་སྲོང་སྡེ་བཙན་གྱིས་བྱས་པར་བྲིས་མོད་ཀྱི། དཀར་ཆག་གོང་མ་གཉིས་སུ་རྒྱ་གར་མར་བཤད་པས། དཾཥྚ་ཨ་སེ་ནས་བྱས་པ་དེ་ཡིན་ནོ། །རྒྱལ་བའི་ཡུམ་སྟོང་ཕྲག་བརྒྱ་པ་དང་། ཉི་ཁྲི་ལྔ་སྟོང་པ་དང་། ཁྲི་བརྒྱད་སྟོང་པ་རྣམས་ཀྱི་གཞུང་འགྲེལ་བམ་བོ་ཉི་ཤུ་རྩ་བདུན་པ་བསྒྱུར་འཕྲོ་འདི། དཾཥྚ་ཨ་སེ་ནས་བྱས་ཟེར་བ་མང་མོད་ཀྱི། འདི་ནི་དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཏེ། ཐུབ་པ་དགོངས་རྒྱན་ལ་སོགས་པར། ཉི་ཁྲི་གཞུང་འགྲེལ་ལས་དྲངས་པའི་ཚིག་རྣམས་དེར་ཇི་ལྟ་བ་བཞིན་སྣང་བའི་ཕྱིར་དང་། དབུར་ཡང་། འདིའི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། ཅེས་འབྱུང་བའི་ཕྱིར་རོ། །ཞེས་གསུངས་སོ། ཉི་ཁྲི་གཞུང་འགྲེལ་དང་ཡུམ་གསུམ་གནོད་འཇོམས་གཅིག་ཏུ་བཞེད་པའི་ཤུགས་ཀྱིས། ཉི་ཁྲི་དེ་ཉིད་རྣམ་ངེས་དང་དེ་ཉིད་རྣམ་ངེས་ཡང་གཅིག་ཏུ་བཞེད་པར་གོའོ། །དེ་བས་ན་སྐུ་མཆེད་ཀྱིས་ཡུམ་གསུམ་གྱི་རྒྱ་ཆེར་འགྲེལ་མཛད་དེ་ཉི་ཁྲི་དང་རྒྱན་སྦྱར་བའི་རྨང་གཞི་ལེགས་པོ་བཏིང་བའི་ཐོག་ནས་འཕགས་པ་གྲོལ་སྡེས་མདོ་རྒྱན་སྦྱར་བའི་སྲོལ་ཕྱེས་པར་སྣང་ངོ་། །གཞན་ཡང་ཡུམ་གསུམ་གནོད་འཇོམས་འདི་ཉིད་དབྱིག་གཉེན་གྱི་གཞུང་འགྲེལ་དུ་བཞེད་པའི་བོད་ཀྱི་མཁས་པ། དོལ་པོ་ཤེས་རབ་རྒྱལ་མཚན། བོ་དོང་ཕྱོགས་ལས་རྣམ་རྒྱལ། རོང་སྟོན་ཤཱཀ་རྒྱལ་མཚན། པཎ་ཆེན་ཤཱཀ་མཆོག་མཆོག་ལྡན། མི་སྐྱོད་དགའ་བའི་དབྱངས་ཅན། རྗེ་བཙུན་ཏཱ་ར་ནཱ་ཐ་སོགས་ཤིན་ཏུ་མངས་བས་གཞུང་རེ་རེ་ནས་དྲང་བའི་རྔོ་མ་ཐོགས་སོ། །གོ་རམས་པ་བསོད་ནམས་སེང་གེས། ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱིས་མཛད་ཀྱང་དེ་ཉིད་གཞུང་འགྲེལ་མིན་ཅིང་། ཐོགས་མེད་ཀྱི་དེ་ཉིད་རྣམ་ངེས་དང་། དབྱིག་གཉེན་གྱི་ཉི་ཁྲི་གཞུང་འགྲེལ་ནི་བོད་དུ་མ་འགྱུར་བར་བཤད་པ་དང་། རོང་སྟོན་དང་གོ་རབས་འབུམ་རྐྱང་པའི་གནོད་འཇོམས་སློབ་དཔོན་དཔའ་བོས་མཛད་པར་གསུངས་ཀྱང་ཁུངས་ནི་མ་མཐོང་ངོ་། །ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དུ། དཾཥྚ་ཨ་སེ་སློབ་དཔོན་སེངྒེ་བཟང་པོ་དང་ཕལ་ཆེར་དུས་མཉམ་ལྟ་བུར་གསུངས་པའི་ཕྱིར། དེས་མཛད་པའི་འབུམ་འགྲེལ་སྒོ་གསུམ་རྣམ་གྲང་བཅུ་གཅིག་གི་སྒོ་ནས་ཡུམ་འགྲེལ་མཁན་ཐོག་མ་ཡིན་དོན་མེད་པས། ལུང་གི་སྙེ་མར་གསུངས་པ་ནི་མཁས་པ་སྔ་མའི་ལུགས་བཀོད་པ་ཙམ་མོ། །ཀུན་མཁྱེན་པདྨ་དཀར་པོའི་བཞེད་པ་ནི་གཞན་དུ་འཆད་པར་འདོད་པས་འདིར་མ་བྲིས་སོ། །
③གཞུང་འགྲེལ་ཡིན་པའི་སྒྲུབ་བྱེད།
གསུང་རབ་མ་ལུས་པར་གཟིགས་པའི་སྤྱན་རས་མཆོག་ཏུ་ཡངས་པ་ལུང་དང་རིགས་པ་སྨྲ་བའི་ཁྱུ་མཆོག །འཇིགས་རྟེན་མིག་གྱུར་ལོ་ཙཱ་པ་ཆེན་པོ་ཐབས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱིས་ཡུམ་གསུམ་གནོད་འཇོམས་འདི་ཉིད་གཞུང་འགྲེལ་ཡིན་པར་སྒྲུབ་བྱེད་གལ་ཆེན་གཉིས་བཀོད་པའི་གཉིས་པ་རྩོད་སྤོངས་དང་སྟབས་གཅིག་ཏུ་འཆད་དོ། །དང་པོ་ནི། འདི་ནི་དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཏེ། ཐུབ་པ་དགོངས་རྒྱན་ལ་སོགས་པར། ཉི་ཁྲི་གཞུང་འགྲེལ་ལས་དྲངས་པའི་ཚིག་རྣམས་དེར་ཇི་ལྟ་བ་བཞིན་སྣང་བའི་ཕྱིར། ཞེས་གསུངས། དེ་ཉིད་དོན་ལ་གནས་པ་ནི་ཨ་བྷ་ཡ་ཀ་ར་གུཔྟ་འམ་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་ཐུབ་པ་དགོངས་རྒྱན་དང་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད། ཛ་ཡ་ཨཱ་ནན་དས་མཛད་པའི་དབུ་མ་ལ་འཇུག་པའི་འགྲེལ་བཤད། སྟོབས་བཅུ་དཔལ་བཤེས་གཉེན་གྱིས་མཛད་པའི་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་སོགས་སུ། གཞུང་འགྲེལ་ལས། ཞེས་དྲང་པའི་ལུང་རྣམས་འགྱུར་ཁྱད་ཕྲན་བུ་ཙམ་མ་གཏོགས་དེར་ཇི་བཞིན་ཡོད་པ་མངོན་སུམ་ཡིན་པ་དང་། དེ་མ་ཟད་གོང་དུ་དྲངས་པ་ལྟར་འཇུག་པའི་འགྲེལ་བཤད་སོགས་སུ། དབྱིག་གཉེན་གྱི་གཞུང་འགྲེལ་ལས། ཞེས་དྲངས་པས་ཡུམ་གསུམ་གནོད་འཇོམས་འདི་ཉིད་གཞུང་འགྲེལ་ཡིན་པ་དང་། དེ་ཉིད་དབྱིག་གཉེན་གྱིས་མཛད་པ་ལ་བསྙོན་དུ་མེད་དོ། །རྔོག་ལོ་ཆེན་པོས་ནས་བཟུང་སྟེ་ཤེར་འགྲེལ་ཕལ་ཆེར་དུ་དགག་སྒྲུབ་དོགས་སློང་བཀོད་པ་ལ་དཔག་ན། ད་ལ་ཐུག་གི་བར་མཁས་གྲུབ་ལོ་པཎ་ཚོས་རིགས་པས་བརྡར་ཤ་བཅད་ནས་ཡོངས་བ་ལས། འགའ་ཞིག་ཟེར་བ་ལྟར་བརྟག་དཔྱད་མེད་པར་བཤད་སྒྲོས་བྲིས་པ་གཞལ་ཡང་མེད་པར་ཤེས་ནུས་སོ། །འོ་ན་གཞུང་འགའ་ཞིག་ནས་འབུམ་ཊཱིཀ་དང་། འགའ་ཞིག་ནས་ཉི་ཁྲི་གཞུང་འགྲེལ། ད་ཡོད་སྡེ་བསྟན་སོགས་སུ་ཡུམ་གསུམ་གྱི་རྒྱ་ཆེར་འགྲེལ་སོགས་འབྱུང་བ་ཇི་ལྟར་ཡིན་ཞེ་ན། ཡུམ་གསུམ་གྱི་རྒྱ་ཆེར་འགྲེལ་ནི་བསྟན་བཅོས་ཧྲིལ་པོའི་མཚན་དང་། འབུམ་འགྲེལ་དང་ཉི་ཁྲི་གཞུང་འགྲེལ་ནི་ནང་ཚན་འབུམ་དང་ཉི་ཁྲིའི་འགྲེལ་པར་གོ་བས། ཕྱོགས་གཅིག་གི་མིང་སྤྱི་ལ་བཏགས་པ་ཡིན་ཏེ། རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་པར་བརྗོད་པ་བཞིན་ནོ། །འདི་གང་ལས་ཤེས་ཞེ་ན། ཐུབ་དགོངས་སུ། འཕགས་པ་སྟོང་ཕྲག་ཉི་ཤུ་ལྔ་པར་ཡང་། གཞུང་འགྲེལ་གྱི་རྣམ་པ་ལྔར་བཀྲོལ་ཏེ། ཞེས་དྲངས་པའི་ཚུལ་ལས་ཤེས་ཏེ། ཚིག་གི་གཅོད་མཚམས་ཙམ་ལས་དོན་དུ། འཕགས་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་གཞུང་འགྲེལ་ལས་འདི་ལྟར་གསུངས། ཞེས་པའི་དོན་ཡིན་པའི་ཕྱིར་རོ། །གནད་འདིས་ཅི་ཕྱིར་ཉི་ཁྲི་དེ་ཉིད་རྣམ་ངེས་ཞེས་སྨོས་པར་ཡང་གོའོ། །ཁྲི་བརྒྱད་སྟོང་པའི་གཞུང་འགྲེལ་ཞེས་མ་བྱུང་བ་ནི་གཞན་ལྟར་བརྗོད་མི་བདེ་བས་ཡིན་ནོ། །བཅོམ་ལྡན་རིག་རལ་གྱིས། ཐོགས་མེད་ཀྱི་རྒྱས་འབྲིང་བསྡུས་གསུམ་གྱི་འགྲེལ་པ་དེ་ཉིད་རྣམ་ངེས། དབྱིག་གཉེན་གྱིས་དེ་གསུམ་གྱི་གཞུང་འགྲེལ། ཞེས་པ་དང་། གཞུང་འགྲེལ་གྱི་དབུར་ཡང་། ཤེས་རབ་བདག་ཉིད་ཕ་རོལ་ཕྱིན་པའི་གཙོ། །རྒྱལ་བའི་ཡུམ་ལ་གུས་པར་ཕྱག་འཚལ་ཏེ། །བླ་མའི་ལུང་གིས་བདག་ལ་ཕན་པའི་ཕྱིར། །འདི་ཡི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། ཅེས་དང་། མན་ངག་རྗེས་འབྲང་དུ། བླ་མའི་མན་ངག་ལས་གཞུང་འགྲེལ་གནོད་འཇོམས་གསལ་པོར་བྱ་བར་འདོད། ཅེས་བྱ་བ་བཤད་པའི་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཉིད་ཀྱི་མན་ངག་ལ་སྐྱབས་སུ་བྱེད་དོ། །ཞེས་པ་རྣམས་གནད་གཅིག་ཏུ་འབབ་པའི་དོན་ནི། གཞུང་འགྲེལ་གྱིས་ཡུམ་གསུམ་གྱི་དགོངས་པ་འགྲེལ་བ་ནི་འཕགས་པ་ཐོགས་མེད་ཀྱི་དེ་ཉིད་རྣམ་ངེས་ཀྱི་རྗེས་སུ་འབྲངས་པ་ཡིན་པར་ཤིན་ཏུ་གསལ་ཅིང་། གཞུང་འགྲེལ། ཞེས་པའི་མཚན་ནི་རྩོམ་པར་དམ་བཅའི་གཞུང་དུ་གསལ་བ་འདིའོ། །
④གཞུང་འགྲེལ་མིན་པར་རྩོད་སྤོང་།
རིགས་པ་གཉིས་པ་ནི་འདི་ཉིད་རྩོམ་མཁན་དབྱིག་གཉེན་ལས་གཞན་དུ་འདོད་པ་འགོག་པའི་རིགས་པ་སྟེ། གཞུང་འདིའི་རྩོམ་པ་པོ་དབྱིག་གཉེན་དང་དཾཥྚ་ཨ་སེ་གཉིས་ལས་གཞན་དུ་མ་གྲགས་ཤིང་། དཾཥྚ་ཨ་སེ་ནས་བྱས་པ་ལ་གནོད་བྱེད་མང་ཞིང་སྒྲུབ་བྱེད་ཀྱིས་དབུལ་བའི་ཕྱིར་དབྱིག་གཉེན་གྱིས་མཛད་པར་གྲུབ་བོ། ། དང་པོ་གྲུབ་ཏེ། གོང་དུ་བཤད་པའི་སྒྲུབ་བྱེད་མཐའ་དག་འདིར་གནོད་བྱེད་ཡིན་པའི་ཕྱིར་རོ། །གཉིས་པ་གྲུབ་ཏེ། སྒྲུབ་བྱེད་དྲག་ཤོས་ནི་ས་སྐྱ་གནས་དྲུག་པའི་འདོད་པ་ཡར་འབྲོག་པ་རིན་ཆེན་ཏོག་གིས་བསྐྱར་བ་ལས། དཾཥྚ་སེ་ནའི་གནོད་འཇོམས་འདི། །བཙུན་པ་གྲོལ་སྡེའི་རྟིང་དུ་བརྩམས། །དེ་ཡང་མཁས་པ་གནས་དྲུག་པ། །ཁོ་ནས་རྟོགས་ཀྱི་གཞན་དུ་མིན། །ཞེས་གསུངས་འདི་ཉིད་དོ། ། དེའི་རྒྱུ་མཚན་མཐར་ཐུག་ནི་ཡུམ་གསུམ་གནོད་འཇོམས་འདིར། སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་ཅེས་བྱ་བ་ལ་ཉན་ཐོས་ཀྱི་རྣམ་པར་རྟོག་པ་རྣམས་ནི་ཇི་སྐད་དུ་རྣམ་འགྲེལ་ལས་བཤད་པ་བཞིན་ནོ། །ཞེས་འབྱུང་བས་སོ། །ཞེས་པ་འདི་ཙམ་དུ་ཟད་ལ། དེས་མི་འགྲུབ་ཏེ། དེ་ནི་མཆན་དཀྱུས་སུ་ཤོར་བ་ཡིན་པའི་ཕྱིར་རོ། །གཞུང་འགྲེལ་རང་ལ་ཐོག་མར་དེ་ལྟར་མེད་པ་ནི་མཇུག་གི །འདི་དག་ནི་སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་དོ། །ཞེས་པ་ལ་ཁྱད་པར་གཞན་མ་སྦྱར་བས་ཤེས་སོ། །དེའི་ཐད་ཀྱི་འབུམ་རྐྱང་པའི་གནོད་འཇོམས་ལ་གཟིགས་ཀྱང་རྟོགས་ཏེ། འདི་གཉིས་མདོ་དོན་འཆད་སྟངས་ཕལ་ཆེར་ཞལ་བཤུས་ལྟར་ཡོད་པར་མ་ཟད། འབུམ་རྐྱང་པའི་གནོད་འཇོམས་ཡུམ་གསུམ་གནོད་འཇོམས་ཀྱི་རྗེས་སུ་འབྲངས་པ་ཧ་ཅང་གསལ་ཡང་། དེར་བླ་རྡོལ་དུ་ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའི་རྣམ་རྟོགས་བརྒྱད་མ་བཤད་པའི་ཕྱིར་རོ། །ཉི་ཁྲི་རྣམ་འགྲེལ་ལ་ཞལ་འཕངས་མཛད་པ་སྐབས་དང་ཡང་མ་འབྲེལ་ཏེ། འདིར་བྱང་སེམས་ཀྱི་རྟོགས་པ་འབའ་ཞིག་བཤད་པས་སོ། །དེ་གང་ལས་ཤེས་ཞེ་ན། དེ་མ་ཐག་སེམས་ཅན་གྱི་གནས་དགུ་བསྒོམ་པའི་མདོ་འགྲེལ་ལས། སེམས་ཅན་གྱི་གནས་དགུ་བསྒོམ་པར་བྱའོ། །ཁ་ཅིག་ལས་ནི་སེམས་ཅན་ལ་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ཞེས་འབྱུང་ངོ་། །ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ནི་བྱང་ཆུབ་སེམས་དཔའི་སེམས་ལ་ཤིན་ཏུ་མི་འབྱུང་བས་དེ་ལས་བཟློག་ནས་ཀུན་ནས་མནར་སེམས་མེད་པའི་དངོས་པོ་དགུར་འགྱུར་ཏེ། ཞེས་འབྱུང་བས་ཤེས་ཏེ། སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་ཀྱང་བྱང་སེམས་ཀྱི་དབང་དུ་བྱས་ནས་འཆད་པ་དཀྱུས་སུ་གསལ་བ་དེ་འབའ་ཞིག་ཏེ། འབུམ་རྐྱང་པའི་གནོད་འཇོམས་བཞིན་ནོ། །རྗེ་བཙུན་ཙོང་ཁ་པས་ནི། བརྩམ་པར་དམ་བཅའི་རྐང་པ་འདི་གཉིས་གནོད་འཇོམས་གཉིས་ཀ་ལ་ཁྱད་མེད་པ་དང༌། མན་ངག་རྗེས་འབྲངས་སུ་ཡང་ཉི་ཁྲིའི་གཞུང་འགྲེལ་ཞེས་གྲགས་ཀྱི་ཡུམ་གསུམ་གཞུང་འགྲེལ་ཞེས་པ་མི་སྣང་བ་དང༌། ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་རྣམ་འགྲེལ་དུ་ཁ་འཕངས་པ་དང༌། ལྔ་བརྒྱ་པ་ཐ་མའི་འགྲེལ་པར་བསྟན་པའི་གནས་ཚད་ལ་རང་ཉིད་ཀྱི་འདོད་པ་བཀོད་ནས། ཤཱནྟི་རཀྵི་ཏའི་བསམ་པ་ནི་ཞེས་ཞི་བ་འཚོའི་བཤད་ཡམས་མཛད་པའི་ཕྱིར་མཆེ་བའི་སྡེས་བརྩམས་པ་ཡིན་ནམ་སྙམ་སྟེ། བློ་གསལ་ཞིང་ཡིད་གཞུངས་པ་དག་གིས་དཔྱད་པར་བྱའོ། །ཞེས་སོ། །དེ་ལ་དང་པོས་མི་གནོད་དེ། འབུམ་རྐྱང་བའི་གནོད་འཇོམས་འདི་ཡུམ་གསུམ་གནོད་འཇོམས་གཞིར་བྱས་ནས་བརྩམས་པ་ནི་གཞུང་གི་སྒྲོམ་གཞི་ལས་ཤེས་པའི་ཕྱིར་དང་། །མཇུག་ཏུ་ཡང་། སྐྱེ་བོ་ཡོངས་ལ་བརྩེ་ཕྱིར་མདོ་གཞུང་བཀྲོལ། །གནས་བརྟན་ཆེ་ལ་གུས་པས་ཕྱག་འཚལ་ལོ། །རྫོགས་སོ། །ཞེས་གནས་བརྟན་ཆེན་པོ་དབྱིག་གཉེན་ལ་གུས་ཕྱག་འབྱུང་བས་ཀྱང་དེའི་རྗེས་སུ་འབྲངས་པ་ཤེས་པའི་ཕྱིར་རོ། །གཉིས་པ་དང་གསུམ་པའི་ལན་ནི་སོང་ཟིན་ཅིང་། བཞི་པ་ནི་གསེར་ཕྲེང་རང་དུ། །དཀར་ཆག་འཕང་ཐང་མར་བམ་པོ་ཉེར་བདུན་ཞེས་འབྱུང་ཡང་ཉེར་དགུར་ཁོ་རང་ལས་འབྱུང་ངོ༌། །ཞེས་གསལ་བས་དཀར་ཆགས་ཚད་ལྡན་གང་དང་ཡང་མི་མཐུན་པའི་གཞུང་ལྷད་ཅན་ཞིག་གཟིགས་པ་ཡིན་གྱི། སྡེ་དགེ་བསྟན་འགྱུར་དང་ཅོ་ནེ་བསྟན་འགྱུར་སོགས་དཔེ་ཁུངས་མ་དག་ན་གཞུང་འགྲེལ་རང་ལ་བམ་པོ་ཉེ་བདུན་ལས་མེད་ལ། ཤཱནྟི་རཀྵི་ཏའི་བསམ་པ་ནི་ཞེས་ཞི་བ་འཚོའི་བཤད་ཡམས་མཛད་པ་ཡང་མེད་དོ། ། འགའ་ཞིག་སྣར་ཐང་བསྟན་འགྱུར་དུ་ཞི་མཚོའི་བཤད་ཡམས་ཅན་དེ་ཡོད་ཟེར་བས། བམ་པོ་ཉེར་དགུ་ཅན་དེ་དེར་བཞུགས་སམ་སྙམ་མོད་དཔེ་མ་ཐོབ་བོ། །གཞུང་ལྷད་ཚུལ་འདིས་ཀྱང་རྣམ་འགྲེལ་དུ་ཞལ་འཕངས་མཛད་པ་ལྷད་སྐྱོན་དུ་གོ་ནུས་སོ། །དོགས་སློང་གཞན་ནི་དོགས་སློང་ཙམ་དུ་ཟད་དེ། ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་ཀྱི་དགེ་བའི་བཤེས་གཉེན་དངོས་སུ་མཛད་ཅིང་། གཞུང་ལུགས་འབུམ་སྡེ་གོ་དགུ་ཐུགས་ལ་མངའ་བ། སྐྱེ་བ་ལྔ་བརྒྱར་རྒྱུན་མར་པཎྜི་ཏར་གྱུར་ཅིང་ཀུན་མཁྱེན་གཉིས་པར་གྲགས་པའི་དབྱིག་གཉེན་གྱིས་བསྟན་བཅོས་མཛད་པ་མཐའ་དག་སེམས་ཙམ་དུ་འགྲེལ་དགོས་པ་དང་། སྐུ་ཚེ་དེར་དབུ་མའི་གྲུབ་མཐའ་ལ་ཞུགས་མི་སྲིད་པའི་སྒྲུབ་བྱེད་སྟོབས་ལྡན་ཡོད་པར་མི་སྣང་ངོ་།།
⑤ཁུངས་བསྡུར་ནས་བསྒྲུབས་པ།
གསུང་རབ་མ་ལུས་པ་གཟིགས་པའི་མཆོག་གི་སྤྱན་མངའ་བ། འཇིགས་རྟེན་མིག་གྱུར་ལོ་ཙཱ་པ་ཆེན་པོ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱིས། ཡུམ་གསུམ་གནོད་འཇོམས་འདི་ཉིད་གཞུང་འགྲེལ་ཡིན་པའི་སྒྲུབ་བྱེད་བཀོད་པ་ན། འདི་ནི་དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཏེ། ཐུབ་པ་དགོངས་རྒྱན་ལ་སོགས་པར། ཉི་ཁྲི་གཞུང་འགྲེལ་ལས་དྲངས་པའི་ཚིག་རྣམས་དེར་ཇི་ལྟ་བ་བཞིན་སྣང་བའི་ཕྱིར། ཞེས་གསུངས། གནད་ཀྱི་དོན་དེར་བལྟ་བའི་ཕྱིར་ལུང་དང་ལུང་ཁུངས་ལྷན་ཅིག་དཀྱུས་སུ་བཀོད་པ་ལ།
ཐུབ་པའི་དགོངས་རྒྱན་དུ་དྲངས་པ་འདི་ལྟར། སློབ་དཔོན་དབྱིག་གཉེན་གྱིས་ཀྱང་གཞུང་འགྲེལ་དུ་གོ་ཆ་ཆེན་པོ་བགོས་པ་ཞེས་པ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་ནས་བསམ་པ་རྒྱ་ཆེ་བར་བསྟན་པའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ནས་བཟུང་ནས་བདུན་པ་ཇི་སྲིད་པ་འབད་པ་དང་བཅས་རྣམ་པར་རྟོག་པ་དང་བཅས་པར་སྤྱོད་པའི་གནས་སྐབས་བསྟན་པའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་པ་ནི་བརྒྱད་པ་ནས་བཟུང་སྟེ་དོན་དམ་པར་སྤྱོད་པ་བསྟན་པའོ། །དེ་ལ་གོ་ཆ་ཆེན་པོ་རྣམ་པ་གཉིས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པའི་ཕྱིར་བསམ་པ་རྒྱ་ཆེ་བ་ལས་དང་། སྒྲུབ་པ་གཅིག་ཁོ་ནར་སྒྲུབ་པ་ཐམས་ཅད་རྫོགས་པས་སྒྲུབ་པ་རྒྱ་ཆེ་བ་ནས་ཇི་སྲིད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་ཆ་ཞེས་བརྗོད་དོ་ཞེས་པའི་མཐར་ཐུག་པ་གསུངས་སོ། །ཞེས་གསལ་ལ། དེ་ཉིད་ཡུམ་གསུམ་གནོད་འཇོམས་སུ་འདིར་ལྟར། གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དང་པོའི་སེམས་ནས་བཟུང་ནས། བསམ་པ་རྒྱ་ཆེ་བ་བསྟན་ཏོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ནས་བཟུང་སྟེ་ས་བདུན་པའི་བར་དུ་རྩོལ་བ་དང་བཅས། རྣམ་པར་རྟོག་པ་དང་བཅས་པའི་སྤྱོད་པའི་གནས་སྐབས་ཡིན་པར་བསྟན་ཏོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་བྱ་བ་ནི་ས་བརྒྱད་པ་ཡན་ཆད་དོན་དམ་པའི་སྤྱོད་པ་ཡིན་པར་བསྟན་ཏོ། །དེ་ལ་གོ་ཆ་བགོས་པ་ཡང་རྣམ་པ་གཉིས་སུ་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པའི་ཕྱིར་བསམ་པ་རྒྱ་ཆེ་བ་དང་། སྒྲུབ་པ་གཅིག་གིས་སྒྲུབ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་སྒྲུབ་པ་རྒྱ་ཆེ་བའོ། །ཞེས་པ་སྟེ་ཇི་བཞིན་བཞུགས་སོ། །དེ་ཡང་། ཐུབ་དགོངས་སུ། རྒྱ་ཆེ་བ་ནས་ཇི་སྲིད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་ཆ་ཞེས་བརྗོད་དོ་ཞེས་པའི་མཐར་ཐུག་པ་གསུངས་སོ། །ཞེས་ལུང་གི་མཇུག་ནས་སྒྲས་བསྡུས་ཤིང་། དེ་ཉིད་ཡུམ་གསུམ་གནོད་འཇོམས་སུ་རྒྱས་པར་བཞུགས་སོ། །
འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ཞེས་བྱ་བ། ཤཱཀྱའི་དགེ་སློང་པཎྜི་ཏ་གནས་བརྟན་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་མཛད་པར་དྲངས་པ་འདི་ལྟར། སློབ་དཔོན་དབྱིག་གཉེན་གྱིས་ཀྱང་གཞུང་འགྲེལ་ལས་རྣམ་པ་ལྔར་བཀྲལ་ལོ། ། འདི་ལྟ་སྟེ། ས་དང་པོ་རབ་ཏུ་དགའ་བ་ལ་ལྷག་པའི་བསམ་པ་རྣམ་པར་དག་པའོ། །ས་དྲུག་ལ་རྩོལ་བ་བཅས་པ་མཚན་མ་མེད་པ་ལ་གནས་པའོ། །བརྒྱད་པ་ལ་རྩོལ་བ་མེད་པ་མཚན་མ་མེད་པ་ལ་གནས་པའོ། །ས་གཉིས་ལ་ངེས་པའི་སྤྱོད་པ་ལ་རབ་ཏུ་ཞུགས་པའོ། །དེའི་སྟེང་དུ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའོ་ཞེས་སོ། །ཞེས་གསལ་ལ། དེ་ཉིད་ཡུལ་གསུམ་གནོད་འཇོམས་སུ་འདི་ལྟར། བྱང་ཆུབ་སེམས་དཔའ་ནི་རྣམ་པ་ལྔ་སྟེ། ལྷག་པའི་བསམ་པ་དག་པ་དང་། རྩོལ་བ་དང་བཅས་པར་མཚན་མ་མེད་པ་ལ་གནས་པ་དང་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པར་གནས་པ་དང་། སྤྱོད་པ་ངེས་པ་ལ་ཞུགས་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཏེ། དེ་དག་ནི་འདིར་གཏོགས་སོ། །ས་དང་པོ་ལ་གནས་པ་རྣམས་ནི་ལྷག་པའི་བསམ་པ་དག་པའོ། །ས་བདུན་པའི་བར་དུ་ནི་རྩོལ་བ་དང་བཅས་པར་མཚན་མ་མེད་པ་ལ་གནས་པ་དག་གོ། །ས་བརྒྱད་པ་ནི་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པར་གནས་བདག་གོ། །དེ་ནས་ས་བཅུ་པའི་བར་དུ་ནི་སྤྱོད་པ་ངེས་པ་ལ་ཞུགས་པ་དག་གོ། །དེ་ཡན་ཆད་ནི་སྐྱེ་བ་གཅིག་གིས་ཐོགས་པ་དག་གོ། །ཞེས་པ་སྟེ་ཇི་བཞིན་བཞུགས་སོ། །ཚིག་སྦྱོར་ཕྲ་མོ་འགའ་མི་མཐུན་པ་ནི་འགྱུར་ཁྱད་དོ། །
འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ། པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པར་དྲངས་པ་འདི་ལྟར། གཞུང་འགྲེལ་ལས་ཀྱང་ས་བརྒྱད་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ལ་ནི་ཉོན་མོངས་པའི་མངོན་དུ་རྒྱུ་ནི་ཤིན་ཏུ་ཕྲ་བ་ཡང་མེད་དོ་ཞེས་པ་སྟེ། ཞེས་གསལ་ལ། དེ་ཉིད་ཡུམ་གསུམ་གནོད་འཇོམས་སུ་འདི་ལྟར། ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔའ་རྣམས་དགྲ་བཅོམ་པ་དང་འདྲ་བར་ཉོན་མོངས་པ་དང་ཤིན་ཏུ་བྲལ་ཏེ་དེ་དག་ལ་ཉོན་མོངས་པ་ཀུན་ཏུ་འབྱུང་བ་ཤིན་ཏུ་ཕྲ་མོ་ཡང་མེད་པས་ན་འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་སྤྱོད་མི་སྲིད་མོད་ཀྱི། ཞེས་པ་སྟེ་ཇི་བཞིན་བཞུགས་སོ།།
དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ། ཁ་ཆེའི་པཎྜི་ཏ་ཆེན་པོ་ཛ་ཡ་ཨཱ་ནན་དས་མཛད་པར་དྲངས་པ་འདི་ལྟར། དེ་ཉིད་ཀྱི་ཕྱིར་སློབ་དཔོན་དབྱིག་གཉེན་གྱིས་གཞུང་འགྲེལ་ལས། གོ་ཆ་ཆེན་པོ་བགོས་པ་ནི་སེམས་བསྐྱེད་པ་དང་པོ་ནས་བརྩམས་ཏེ་ལྷག་པའི་བསམ་པའི་བར་ལ་བྱའོ་ཞེས་གསུངས་སོ། ། ཞེས་གསལ། དེ་ཉིད་ཡུམ་གསུམ་གནོད་འཇོམས་སུ་འདི་ལྟར། གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དང་པོའི་སེམས་ནས་བཟུང་ནས། བསམ་པ་རྒྱ་ཆེ་བ་བསྟན་ཏོ། །ཞེས་ནང་དོན་ཇི་བཞིན་བཞུགས་སོ།། ཐུབ་པ་དགོངས་རྒྱན་དང་གནད་ཀྱི་ཟླ་འོད་དུ་ལུང་གཞན་ཡང་ཡོད་པར་སྣང་ཞིང་། མན་ངག་རྗེས་འབྲངས་སུ་སློབ་དཔོན་དབྱིག་གཉེན་གྱི་གཞུང་འགྲེལ་ལས། ཞེས་ལན་གྲངས་བཅུ་ཕྲག་ཙམ་དྲངས་འདུག་མོད། དེ་ཙམ་གྱིས་མཐུས་པར་སེམས་པས་མ་དྲངས་སོ། །གོང་སྨོས་དེ་དག་འགྱུར་ཁྱད་ཀྱིས་ཚིག་སྦྱོར་ཅུང་ཟད་མ་འདྲ་བ་བྱུང་བ་ཙམ་ལས། གཞན་ཆུ་ལ་ཆུ་བཞག་ཏུ་སོང་ཡོད་པ་གཟིགས་པ་ཙམ་གྱི་མཁྱེན་ནུས་པ་འདིར་ཟད་པས་མང་དུ་སྨོས་མ་དགོས་སོ།། །།
ཞེས་པ་འདི་ནི་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་འགྲན་ཟླ་བྲལ་བའི་ཤེར་འགྲེལ་ཆེན་མོ་ལུང་གི་སྙེ་མ་ཞེས་བྱ་བ་ལ། འཆད་ཉན་བྱེད་པའི་སྐལ་བཟང་ཅུང་ཞིག་ཐོབ་པའི་དུས་སུ་དཔེ་ཀློག་ཟིན་བྲིས་ཀྱི་ཚུལ་དུ། ཕྱི་ལོ་2020/04/12/ལ་ཡུལ་ལྷ་ཐོག་གི་བཙུན་པ་ཡོན་ཏན་མཐའ་ཡས་ཀྱིས་ཁམས་སྒར་མཐོ་སློབ་ཏུ་སྦྱར་བ་དགེ་ལེགས་འཕེལ།། །།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4213
དཔྱད་མཆན་སྤེལ།