ཉིན་མཚན་ཕྲུགས་གཅིག་གི་ཟ་འཕྲུག་ཐུ་མོའི་མགོ་གནོན་ཕྱིར།ཁ་ཡག་ལུང་བ་གང་བཤད་དེ་འདོད་སྤྱོད་ཐེངས་གཅིག་བྱས་ཚར་རྗེས་ཕ་རོལ་པོར་ཁ་ཡ་གཏན་ནས་མ་བྱས་ན་ནི།མི་གཤིས་བཟང་བོ་དང་ཁ་ཐག་རིང་དུ་གནས་ཡོད་དམ།ལས་རྒྱུ་འབྲས་ཀྱི་ཚད་ཐིག་ལས་བརྒལ་ཡོད་དམ།གང་ལྟར་སྤྱི་ཚོགས་འདིའི་སྒང་དུ་དེའི་རིགས་ཀྱི་བྱ་ངན་སྤྱོད་ངན་བྱེད་མཁན་གྱི་སྐྱེས་པ་ཅི་འདྲའི་མང་བ་ལ།ཡང་ཞིབ་ཏུ་འདང་རེ་བརྒྱབ་ན་སྐྱེས་པ་དེའི་རིགས་ལ་ཁག་ཡང་མི་འདུག་སྟེ།བུ་མོ་རྣམས་ནི་རྟོགས་དཀའ་བའི་བསླུ་བྲིད་ཀྱི་སྲོག་ཆགས་རེ་རེ་དང་འདྲ་བར།དྲང་གཏམ་འགྲོ་དགོས་སར་དྲང་གཏམ་མི་འགྲོ་ས་མང་ལ།རྫུན་གཏམ་མི་མཛའ་སར་རྫུན་གཏམ་མཛའ་ས་ཡང་ཤིན་ཏུ་མང་བས་ན།འཇིག་རྟེན་དུ་ཡང་ཁ་ཡག་ཚུལ་འཆོས་ལ་བྱང་ཆ་དོད་པའི་སྐྱེས་པའི་རིགས་དང་།ཡང་ཁ་ཡག་བསླུ་བྲིད་ཀྱིས་དམ་ལ་གདགས་དགོས་པའི་བུ་མོའི་རིིིགས་ཇི་སྙེད་ཅིག་བྱུང་བ་མ་རེད་དམ།
དོན་དངོས་འདི་ཉིད་དོན་དངོས་ཡིན་མིན་ར་སྤྲོད་བྱེད་པའི་ཐད་ནས་ང་ལ་མྱོང་བ་མངོན་སུམ་དུ་བྱུང་བའི་དོན་དངོས་རེ་ལུང་དྲངས་རྒྱུ་ཡོད།ང་རང་བུ་མོ་ཀ་པ་ལ་དགའ་ནི་དེ་འདྲ་མི་དགའ་ཡང་།ཁོ་མོའི་འབུར་འབུར་རྡོག་རྡོག་གི་འཕོོངས་ཚོས་དང་ནེམ་ནེམ་ལིང་ལིང་གི་ནུ་མ།ད་དུང་དམར་དམར་སྣུམ་སྣུམ་གྱི་མཆུ་ཏོ་དག་གིས་ངའི་ལུས་སེམས་གཉིས་ཀྱི་གཏིང་ཞིག་ཏུ་ཆགས་པ་དེའི་ཡན་ན་མེད་པ་ཞིག་འཕེར་དུ་བཅུག་སྟབས།
རང་གིས་རང་ལ་ཡང་རྣར་མི་འགྲོ་བའི་ཁ་ཡག་ཚིག་ཡག་གང་ཡོད་ཐམས་ཅད་པོ་གང་བྱུང་མང་བྱུང་དུ་བུ་མོ་ཀ་པ་ཡི་རྣ་ལམ་དུ་ཆར་རྡེའུ་བྱོ་བྱོ་བྱས་པ་ཡིན།དེ་ལས་ལྡོག་སྟེ་ང་རང་བུ་མོ་ཁ་པ་ལ་ནི་ཤིན་ཏུ་དགའ་བ་མ་ཟད།ཁོ་མོའི་འཕོངས་ཚོས་དང་ནུ་མ།མཆུ་ཏོ་རྣམས་ཀྱང་ཆགས་པ་སྐྱེ་སའི་ཡུལ་ཞིག་ཏུ་གྱུར་པ་ཁོ་ན་མ་ཡིན་པར།ཁོ་མོའི་མགོའི་སྐྲ་རྩེ་ནས་བཟུང་ཏེ་རྐང་སེན་མོ་བར་གྱི་ལུས་ཀྱི་ལྷུ་ལག་ཡོད་ཚད་ང་ལ་མཚོན་ནས་བཤད་ན་ནི་དབང་བོ་རྣམ་ལྔ་ཡི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིིག་ཏུ་རང་ཤུགས་སུ་གྲུབ་ཚར་ཞིང་།ངས་བུ་མོ་ཁ་པ་ལ་ནི་སེམས་གཏམ་ལྷད་མེད་པ་རེ་བརྗོད་འདོད་པ་ལས་ཁོ་མོར་བསླུ་བྲིད་ཀྱི་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་ཐུབ།
དེ་ལྟར་ནམ་རྒྱུན་ཁ་པར་རེ་བཏང་བ་ཡིན་ན་འདྲ།ཡང་ན་སྐད་འཕྲིན་ལས་སྐད་རེ་བཞག་པ་ཡིན་ན་འདྲ།བུ་མོ་ཀ་པ་ལ་ཚིག་སྙན་མོ་ཅི་ཡོད་ཅི་ཐུབ་ཀྱིས་ལབ་ཅིང་།བུ་མོ་ཁ་པ་ལ་ཅི་ཐུབ་ཀྱིས་བསླད་མ་འདྲེས་པའི་སྙིང་གཏམ་གསོན་པོ་ཏག་ཏག་བཤད་པ་ཡིན།དེ་ལྟར་རྣམ་པ་མི་འདྲ་བའི་སྐད་ཆའི་སྒྱུ་རྩལ་རིགས་གཉིས་བཀོལ་བ་ལ་བརྟེན་ཏེ་བུ་མོ་ཀ་པ་དང་ཁ་པ་གཉིས་ཀྱི་ཉེ་སར་བཏུད་ཅིང་།བཏུད་བཏུད་མཐར་ཁོ་མོ་གཉིས་ཀའི་སུ་ཞིག་ཡིན་ན་ཡང་ཆོག་སྟེ་དང་ཐོག་མའི་མི་དགོས་དང་མི་འགྲིག་ཅེས་པའི་ཕྱིར་བཤད་པའི་སྐད་ཆ་རྣམས་ལ་ཡང་ག་ལེར་འགྱུར་ལྡོག་བྱུང་ནས།ངོ་མ་ཡིན་ནམ་ཞེས་པ་དང་ཡང་ན་ད་དུང་འདང་ཞིག་རྒྱག་དགོས་ཞེས་ང་ལ་མཚོན་ན་རེ་བ་ཡོད་སའི་དམིགས་ཚད་ཅིག་ཏུ་སླེབས་བྱུང་ལ།འདི་ལྟར་མུ་ནས་རྒྱུན་བསྐྱངས་བ་ཡིན་ན་བུ་མོ་ཀ་པ་དང་ཁ་པ་གཉིས་ཀ་ང་ཡི་དགའ་གྲོགས་མ་རུ་འགྱུར་ཐུབ་པ་འདྲ།
ཤིན་ཏུ་ནས་ཀྱང་རྙོག་འཛིང་ཆེ་བའི་སྤྱི་ཚོགས་འདིའི་གྲུ་ག་རུ་ལས་ལམ་ལྷོང་བྱུང་ན་ཅི་ཡང་འགྲུབ་སླ་བ་ཞིག་ཡིན་པ་འདྲ།ཁོ་བོས་སེམས་ཁམས་མི་འདྲ་བ་གཉིས་ལ་བརྟེན་ཏེ་སྐད་ཆའི་སྒྱུ་རྩལ་རིགས་མི་འདྲ་བ་གཉིས་བཀོལ་བཀོལ་མཐར།སྟེས་དབང་ངམ་སྟབས་ལེགས་པ་ཞིག་ལ་བུ་མོ་ཀ་པ་དང་ཁ་པ་གཉིས་ཀྱིས་ང་ལ་ཡ་ཞེས་ཡ་ལན་བྱིན་པའི་ལོ་ཟླ་ཚེས་གྲངས་ནི་དུས་ཚོད་གཅིག་ལ་ཁེལ་འདུག གློ་བུར་བའི་རྒྱལ་ཁ་དེས་ང་ལ་སྨྲ་བསམ་བརྗོད་འདས་ཀྱི་སྤྲོ་སྣང་རྟས་མི་ཐེག་པ་ཞིག་བསྩལ་བ་མ་ཟད།ད་ནི་ཇི་ལྟར་བྱས་ཏེ་ཁོ་མོ་གཉིས་དང་ངོ་ཐུག་རྒྱུའི་ཐད་ལ་འདང་རྒྱག་ལྷག་མ་ཞིག་འདུག་པས།ངས་ཡང་དང་བསྐྱར་དུ་ས་ཆད་ཉི་ཆད་ཐད་དུ་མནོ་བསམ་རེ་བཏང་ཞིང་།མཇུག་མཐར་ཟླ་དེའི་ཚེས་བཅོ་ལྔའི་དགོང་མོར་ལང་ཚོའི་སྟང་སྟབས་ཞེས་པའི་མགྲོན་ཁང་དེ་རུ་བུ་མོ་ཀ་པ་ལ་ཐུག་རྒྱུའི་དུས་ཆད་བྱས་ཤིང་།དེའི་ཕྱི་ཉིན་ཏེ་ཚེས་བཅུ་དྲུག་གི་དགོང་མོར་སྣང་བའི་རི་མོ་ཞེས་པའི་མགྲོན་ཁང་དེ་རུ་བུ་མོ་ཁ་པ་དང་འཕྲད་རྒྱུའི་དུས་ཆད་ཁ་གསལ་གཏིང་གསལ་ཞིག་བྱས་པ་ཡིན།
ཉ་གང་ཟླ་བའི་འོད་སྣང་ནི་སུས་ཀྱང་འགྲན་ཟླར་ཁག་པའི་རང་བྱུང་ཁམས་ཀྱི་མཛེས་ལྗོངས་ཡིད་དུ་འོང་བ་ཞིག་རེད་ཨང་།ལྷག་པར་དུ་མི་དགའ་དགའ་མདོག་བྱས་ཏེ་ང་ཡི་སྐད་ཆའི་བསླུ་བྲིད་ཀྱི་གཡོ་འོག་ཏུ་ཚུད་པའི་བུ་མོ་ཀ་པའི་ལུས་ཀྱི་ལང་ཚོ་ནི་ཅི་འདྲའི་ཆགས་ཉམས་དང་ལྡན་པ་ཞིག་རེད།ཁོ་མོའི་མཆུ་སྒྲོས་དང་མཁུར་ཚོས།བྲང་གཞུང་གི་ནུ་མ་ཟུང་དང་ཚི་ལེན་གྱིས་མ་ཐུམ་པའི་ལྟེ་ཁུང་རྣམས་རེ་རེ་བྱས་ཏེ་ང་ཡི་ལུས་སེམས་གཉིས་ཀྱི་གནས་གང་རུང་ཞིག་ཏུ་བཟོད་དཀའ་བའི་ཆགས་པ་རེ་སློང་དུས།ཁོ་བོས་འདི་སྙམ་གྱི་བསམ་ཚུལ་ཞིག་དྲན་འོང་སྟེ།མོ་སྡོམ་གྱི་སྡོམ་པ་བཞེས་ནས་རབ་ཏུ་བྱུང་བའི་གྲྭ་བཙུན་ཚུལ་ལྡན་དེ་དག་ལ་ཅི་འདྲའི་བླ་ན་མེད་པའི་བཟོད་བསྲན་བརྟན་པོ་རེ་འདུག་པ་ལ་ཨང་སྙམ་ཞིང་།ང་རང་ངོས་ནས་མི་ཚེ་འདིར་འདོར་དཀའ་བ་ནི་བུ་མོའི་ལུས་ཀྱི་བདེ་སྦྱོར་དེ་ནི་གཅིག་གོ་ཞེས་རང་གིས་རང་ལ་སྒྲ་མེད་པའི་ལན་ཞིག་ཀྱང་བརྒྱབ་པ་ལགས།
ཕོ་མོའི་ལུས་སྦྱོར་ཐད་ནས་བཤད་ན།ང་རང་བྱང་ཆ་ཆེས་ཆེར་དོད་པ་དེེའི་རིགས་མིན་ན་ཡང་།ཏབ་ཅིག་གི་ཟ་འཕྲུག་ལྟ་བུའི་འདོད་པ་དེ་སེལ་ཆེད་གཤིབ་རེས་འཐེན་པ་ལྟ་བུའི་ཆགས་སྤྱོད་མཁོ་མི་སོད་པ་དེའི་རིགས་སྤྱོད་མཁན་ཡང་མིན་ཟེར་ཐུབ།ཐོག་མའི་འོ་བྱེད་སོ་འདེབས་དང་ལག་པའི་འཕུར་མཉེད་ནས་འགོ་བརྩམས་ཏེ།བར་གྱི་ནང་དུ་འཇུག་ལ་ཁད་དང་ལེན་ལ་ཁད་ཀྱི་ཧེབ་ཁ་སློང་སྟངས།དེ་ནས་གཡས་གཡོན་གོང་འགབ་ཁྱད་འབྱེད་མེད་པར་གང་དགའ་གང་སྐྱིད་ལས་སུ་ཞུགས་པའི་སྦྱོར་བ།མཐའ་མའི་ཁམས་དཀར་བཏོོན་ཚར་རྗེས་མྱོས་བྱེད་ལྕགས་ཀྱུ་དེ་མ་ཐག་ཏུ་དྲན་པའི་ཁྲོན་པའི་ནང་ནས་ཕྱིར་མི་འབྱིན་པར་ལྷོད་ལྷོད་དུ་དལ་མོར་ཕྱིར་ལེན་པའི་འདོད་པའི་ཕྱག་རྒྱ་ཇི་སྙེད་ཅིག་ནི་ཁོ་བོས་ཀྱང་ནི་ཁོང་དུ་ཆུད་ཡོད་པས་ན།བུ་མོ་ཀ་པས་ཀྱང་ང་ཡི་འདོད་པའི་རྩལ་ཤུགས་དང་བསྟུན་ནས་ལུས་ཀྱི་སྟང་སྟབས་ཅིི་ཡང་བསྒྱུར་ལ་ཁ་ནང་ནས་ཆགས་པའི་སིད་སྒྲ་སྙིང་ལ་འབབ་པ་རེ་བར་མེད་དུ་སྒྲོག་པས།དགོང་མོ་དེར་ངེད་གཉིས་ཀྱི་ལུས་ཕུང་ནི་ལུས་ཕུང་གཉིས་པོ་ལུས་ཕུང་གཅིག་ཏུ་གྱུར་བ་ལྟར་ཕན་ཚུན་ལ་ར་འཕྲོད་པས་མི་ཚད།ངས་ཁོ་མོའི་མིག་ནང་ནས་འདོད་པ་ཡིད་ཚིམ་པ་ཞིག་སྤྱད་ཚར་རྗེས་ཀྱི་ལུས་ཁམས་དང་སེམས་ཁམས་ཀྱི་བདེ་སྣང་ཟེར་བ་དེ་ཡང་མཐོང་ཐུབ་སོང་བ་འདྲ།
བུ་མོ་ཀ་པ་དང་ངེད་གཉིས་ཀྱི་ཞག་མ་གཅིག་རིང་གི་འདོད་པའི་སྦྱོར་བས་བདག་སེམས་ལ་བདེ་ཚོར་བརྗོད་ཀྱིས་མི་ལང་བ་ཞིག་བསྩལ་ན་ཡང་།ཆགས་པ་སྤྱད་ཚར་རྗེས་ཀྱི་ཁོ་མོའི་དྲི་བ་ཞིག་གིས་ང་ཉིད་རང་གིས་རང་ལ་ཡང་ཁོ་ཐག་ཆད་པའི་སྣང་བ་ཞིག་རང་ཤུགས་སུ་སྐྱེས་སོང་།ཁོ་མོའི་དྲི་བ་ནི་ཆེས་སྤྱིར་བཏང་བ་ཞིག་སྟེ།དོན་དམ་དུ་ཁྱོད་རང་ང་ལ་དགའ་ཟེར་བ་ནི་བདེན་ནམ་རྫུན་ནམ་ཞེས་གཟབ་ནན་གྱི་མིག་ཟུང་དེས་ངའི་གདོང་ལ་ཧད་དེ་བསྡད་པ་ན།ངའི་མུ་མཐུད་ནས་ཁོ་མོར་དགའ་རབས་དུང་རབས་ཀྱི་རིན་མི་དགོས་པའི་ཁ་ཡག་ཚིག་ཡག་མང་བོ་ཞིག་འཕྲོ་རིམ་འཕྲོར་བརྡོལ་ཡང་།སེམས་སུ་བུ་མོ་རྣམས་ནི་ཅི་འདྲའི་ལས་ངན་ཞིག་དང་ང་འདྲའི་སྐྱེས་པ་དག་ནི་ཅི་འདྲའི་གཡོ་ཟོལ་ལ་བྱང་ཆ་ཆེ་བའི་མི་ངན་ཏག་ཏག་ཡིན་པ་མངོན་སུམ་འཁྲུལ་མེད་རང་རེད་སྙམ་བྱུང་།
དེའི་ཕྱི་ཉིན་ཏེ་ཚེས་བཅུ་དྲུག་གི་དགོང་མོར།བུ་མོ་ཁ་པ་དང་ངེད་གཉིས་ཀྱིས་ཀྱང་འདོད་པའི་སྦྱོར་བ་ཡིད་ཚིམ་པ་ཞིག་རོལ་ཐུབ་སོང་ལ།ལྷག་པར་དུ་ང་རང་བུ་མོ་ཁ་པ་ལ་མངོན་སུམ་དུ་དགའ་བ་མ་ཟད།ཁོ་མོར་འབྲེལ་འདྲིས་བྱེད་པའི་གོ་རིམ་ཁྲོད་དུ་ཡང་བསླུ་བྲིད་ཀྱི་སྐད་ཆ་ཡེ་ནས་ཚིག་གཅིག་ཀྱང་བཤད་མ་མྱོང་སྟབས།འཁྲིག་སྤྱོད་སྐབས་ཀྱི་ཁོ་མོའི་ཀེམ་ཀེམ་མམ་ལྷེམ་ལྷེམ་དུ་འགུལ་བའི་མིག་ཟུང་ཡིན་ན་འདྲ།འཁྲིག་སྤྱོད་བྱས་ཚར་རྗེས་ཀྱི་ཁོ་མོའི་ལུས་སྟེང་ནས་ཁྲོམ་ཁྲོམ་མམ་ཤར་ཤར་དུ་བཞུར་བའི་རྔུལ་ཆུ་ཡིན་ན་འདྲ།གང་ལྟར་ཁོ་མོ་ནི་ངའི་བརྩེ་དུང་ངོ་མ་ལས་བལྟམས་པའི་བུ་མོ་སྙིང་དུ་སྡུག་པ་ཞིག་ཡིན་བསམ་སྐབས།ཁོ་མོའི་ཆགས་པའི་མིག་ཟུང་དང་གཤེར་བའི་རྔུལ་ཆུ་ཡིས་ང་ཡི་ལུས་ཀྱི་ཁམས་དྭངས་ཤིང་ཡིད་ཀྱི་གསོས་སུ་སྨིན་པ་ཞིག་ཏུ་བཏང་སོང་།མ་གཞི་ལྷད་མ་འདྲེས་པའི་འབྲེལ་འདྲིས་དང་རྫུན་མ་བཤད་པའི་སྐད་ཆ་ལས་བྱུང་བའི་ཕོ་མོའི་འབྲེལ་བ་ནི་ད་གཟོད་དངོས་ནས་དར་སྤེལ་དང་རྒྱུན་འཛིན་བྱེད་འོས་པ་ཞིག་ཡིན་འདུག
བུ་མོ་ཀ་པ་དང་ཁ་པ་གཉིས་ཀའི་གང་ཞིག་ཡིན་ན་ཡང་ཆོག་སྟེ་གཉིས་ཀར་ཞག་མ་གཅིག་རེ་གཅིག་རེར་ལུས་སྦྱོར་བྱས་པ་འདྲ་ན་ཡང་།ལང་ཚོའི་སྟང་སྟབས་དང་སྣང་བའི་རི་མོ་ཞེས་ཞག་སྡོད་བྱེད་སའི་མགྲོན་ཁང་གི་མིང་མི་གཅིག་པ་ལྟར།ང་ལ་འཐོབ་པའི་སེམས་འགྱུ་ཡང་ཁ་ཁ་སོ་སོ་རེད།བུ་མོ་ཀ་པ་ནི་ང་ཡི་བསླུ་བྲིད་ཀྱི་ཐོན་རྫས་ཤིག་ཡིན་སྟབས།ལང་ཚོའི་སྟང་སྟབས་ཞེས་པའི་མགྲོན་ཁང་གི་མིང་དེ་དང་འདྲ་བར་ཕྱི་ལུས་ཀྱི་ལང་ཚོའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་ཏུ་གྲུབ་ཀྱང་།ཁ་ཡག་གཅམ་གསག་གི་མགོ་གཡོག་མགོ་སྐོར་གྱི་ལས་དེས་རང་གིས་རང་ལ་ཡང་ངོ་གནོངས་བའི་སེམས་ཚེགས་ལྷག་མ་ཞིག་བསྩལ་སོང་།དེ་དང་ལྡོག་སྟེ་བུ་མོ་ཁ་པ་ནི་ང་ཡི་ལྷད་མེད་ཀྱི་ཐོན་དངོས་ཤིག་ཡིན་རྐྱེན།སྣང་བའི་རི་མོ་ཞེས་པའི་མགྲོན་ཁང་དེའི་མིང་དང་འདྲ་བར་དོན་ལ་ཡང་སྣང་བ་སྐྱིད་ལ་བསྐུར་སའི་གསོན་ཉམས་ལྡན་པའི་རི་མོ་ཞིག་དང་འདྲ་བོ་རེད།བསླད་ཀྱིས་མ་བརྫད་པའི་བརྩེ་བ་ནི་ནམ་ཡང་ལུས་སེམས་གཉིས་ཀའི་ཐད་ནས་ཡི་གར་འོང་བ་ཞིག་གང་ནས་མིན།
བུ་མོ་ཀ་པ་དང་བུ་མོ་ཁ་པ་སྟེ་བུ་མོ་གཉིས།ལང་ཚོའི་སྟང་སྟབས་དང་སྣང་བའི་རི་མོ་སྟེ་མགྲོན་ཁང་གཉིས།ཚེས་བཅོ་ལྔ་དང་ཚེས་བཅུ་དྲུག་ཉིན་གྱི་དགོང་མོ་སྟེ་ཞག་མ་གཉིས།ཞག་མ་གཉིས་ཀྱི་རིང་ལ་ཞག་སྡོད་བྱེད་སའི་ཞག་མལ་མི་འདྲ་ལ།ཞག་མལ་དུ་ཞག་འདུག་བྱེད་གྲོགས་ཀྱི་བུ་མོ་མི་འདྲ་བ་མ་ཟད།བུ་མོ་གཉིས་ཀྱིས་ང་ཡི་ལུས་སེམས་སུ་བཞག་པའི་བག་ཆགས་ཀྱང་འདྲ་བོ་མི་འདུག་པས།ཞག་མ་གཉིས་ཀྱི་དུས་ཚོད་དང་ཞག་མལ་གཉིས་ཀྱི་ཁོར་ཡུག་ཏུ་ཁོ་བོས་མི་སྣ་གཉིས་ཀྱི་འབྲེལ་འདྲིས་ཁྲོད་ནས་སེམས་ཁམས་མི་འདྲ་བ་གཉིས་ཀྱི་ཚོར་སྣང་མྱངས་སོང་།སེམས་ཁམས་མི་འདྲ་བ་དེ་གཉིས་ཀྱང་རྩ་བ་ཕོ་མོའི་བརྩེ་དུང་རིགས་གཉིས་ལ་ཐུག་ཅིང་།བརྩེ་དུང་རིགས་གཉིས་ལ་ཐབས་ལམ་རིགས་གཉིས་བཀོལ་བས་མཇུག་འབྲས་ཀྱང་རིགས་མི་འདྲ་བ་གཉིས་བྱུང་བ་མ་ཡིན་ནམ།
ཞག་གཅིག་གི་ཉལ་གྲོགས་བྱས་རྗེས།ངས་མུ་མཐུད་ནས་བུ་མོ་ཀ་པ་ལ་བསླུ་བྲིད་ཀྱི་ཁྲོད་ནས་འབྲེལ་བ་བྱེད་མི་བསམ་ཞིང་།ཁོ་མོར་ཁ་པར་བརྒྱུད་ནས་རང་ཉིད་ནི་འདོད་ཆགས་ཀྱིས་མྱོས་པའི་སྲོག་ཆགས་འཇིགས་སུ་རུང་བ་ཞིག་ལྟར་ཁོ་མོའི་གམ་དུ་བཅར་རབས་དང་།གནས་སྐབས་རིང་གི་ཆགས་པ་ཙམ་སེལ་ཕྱིར་ཁོ་མོར་དྲང་མོ་མིན་པའི་རྫུན་གཏམ་ཡང་ཇི་སྙེད་ཅིག་བཤད་སོང་ཞེས་རང་སྐྱོན་ངོས་ལེན་ཞུས་པ་ན།ཡིད་ལ་ཡང་དྲན་དཀའ་བ་ཞིག་ལ།བུ་མོ་ཀ་པ་ཁོང་ཁྲོ་དང་འཚིག་པ་ཟ་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་ང་ལ་ཧ་ཅང་གཟབ་ནན་གྱིས་བཤད་རྒྱུར།ཁྱོད་ནི་མི་དྲང་མོ་ཞིག་རེད།ང་རང་ཁྱོད་ལྟ་བུའི་སྐྱེས་པ་དག་ལ་ཞེ་དྲག་དགའ་བོ་འདུག་པས།གལ་ཏེ་ཁྱེད་རང་འཐད་པ་ཡིན་ན་ཁྱེད་ནི་ངའི་ཚེ་གང་གི་གཏན་གྲོགས་སུ་བརྩིས་ཆོག་ཟེེར།ངས་ཁོ་མོ་ལ་ཕྱིར་ཡ་ཞེས་ཡ་ལན་མ་བྱིན་ཡང་སེམས་ཀྱི་རྒྱུ་བ་འདི་ཉིད་ལ་གཟར་མོ་ཞིག་ནས་གློ་བུར་དུ་ཐུར་དུ་བབས་པའི་རྦབ་ཆུ་ཞིག་ལྟར་ཚོར་ཤུགས་དྲག་པོ་ཞིག་དྲག་ཏུ་སྐྱོམ་འགོ་བརྩམས།
ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་བུ་མོ་ཁ་པ་དང་ངེད་གཉིས་ཀྱིས་དངོས་སུ་ལུས་འབྲེེལ་བྱེད་མགོ་བརྩམས་པ་ནས་བཟུང་།ངས་མུ་མཐུད་ནས་ཁོ་མོར་འབྲེལ་འདྲིས་བྱེད་འདོད་ཅིིང་ལྷད་མ་འདྲེས་པའི་སེམས་གཏམ་ཇི་སྙེད་ཅིག་སེམས་ཁོང་དུ་ཆང་བསྙལ་བསྙལ་བྱས་ནས་ཡོད་ཀྱང་།ཡིད་དུ་ཡང་འཆར་དཀའ་བ་ཞིག་ལ།བུ་མོ་ཁ་པས་ཧ་ཅང་ནས་ཀྱང་ཐེ་ཚོམ་དང་བཅས་ཏེ་བཤད་རྒྱུར།དགའ་རབས་དུང་རབས་ཀྱི་ཁ་ཡག་ཚིག་ཡག་གི་སྐད་ཆ་སྙན་མོ་འདིའི་རིགས་གོ་རྒྱུ་ཐོས་རྒྱུ་མང་དྲགས་སོང་བས།ད་ཆ་ང་རང་སྐད་ཆ་འདིའི་རིགས་ལ་ཉན་གོམས་སུ་སོང་འདུག་ལ།ཁྱོད་ཀྱིས་བཅོས་མ་མ་ཡིན་པར་སྐད་ཆ་དྲང་མོར་བཤད་ཀྱང་ངས་ཁྱོད་ལ་སྔར་ནས་དང་ལེན་བྱེད་བསམ་ཡོད་ཅེེས་ངའི་གདོང་ལ་ཅེར་ནས་བསྡད་པ་ན།ངས་ཁོ་མོ་ལ་ཁོ་མོའི་ངོས་ཐད་ནས་བསླུ་བྲིད་ཀྱི་སྐད་ཆ་ཚིག་གཅིག་ཀྱང་བཤད་མེད་ཚུལ་གྱི་གསལ་བཤད་བྱས་ཀྱང་།ཁོ་མོའི་བསམ་བཞིན་དུ་བཏང་བའི་ཁོང་དགོད་དང་བསམ་བཞིན་མ་ཡིན་པའི་མིག་གི་རྡེབ་འགྲོས་ལ་བརྟགས་ན།སྔར་བཞིན་ཡིད་གཉིས་ཐེ་ཚོམ་དུ་གྱུར་ཡོད་པ་ནི་བསྙོན་མེད་ཡིན་སྟབས།ངས་ཀྱང་མུ་མཐུད་ནས་གསལ་བཤད་ཡང་བཤད་མ་བྱས་ལ།སེམས་ཀྱི་རྒྱུ་བ་འདི་ཉིད་གློ་རྡེག་ཏུ་འཐིབས་ཡོང་བའི་སྨུག་པ་ཞིག་ལྟར་སྐྱོ་བ་ལྕི་མོ་ཞིག་སྐྱོ་ཡོམ་ཡོམ་བྱེད་འགོ་བརྩམས།
དྲང་གཏམ་འགྲོ་དགོས་སར་དྲང་གཏམ་མི་འགྲོ།རྫུན་གཏམ་མི་མཛའ་སར་རྫུན་གཏམ་མཛའ།མ་གཞི་བུ་མོ་རྣམས་ནི་ཅི་འདྲའི་རྟོགས་ཐབས་བྲལ་བའི་སྲོག་ཆགས་ཡ་མཚན་པ་ཞིག་རེད།ཡང་ན་ཅི་འདྲའི་གཏད་སོ་ཁག་པའི་སྐྱེ་འགྲོ་ལས་ངན་ཏག་ཏག་རེད།བུ་མོ་ཀ་པ་དང་བུ་མོ་ཁ་པ་གཉིས་དང་འབྲེལ་བ་བྱས་པའི་གོ་རིམ་འདི་བརྒྱུད་ནས།ངའི་སྣང་ངོར་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཁ་ཡག་ཚུལ་འཆོས་ལ་བྱང་ཆ་དོད་པའི་སྐྱེས་པ་དེའི་རིགས་ལ་ཡང་ཁག་མི་འདུག་སྙམ་པའི་ཚོར་བ་ཞིག་སྐྱེས་སོང་ལ།ཁ་ཡག་བསླུ་བྲིད་ཀྱིས་དམ་ལ་གདགས་དགོས་པ་ནི་བུ་མོ་རྣམས་ཀྱིས་རང་སྡུག་རང་གིས་ཉོ་དགོས་པའི་ཐུན་མོང་གི་སྤྱི་གཤིས་ཤིག་ཀྱང་རེད་སྙམ་སོང་།འཇིག་རྟེན་ཕོ་མོའི་སྣང་བ་ཟེར་ན་འདྲ།ཡང་ན་འཇིག་རྟེན་ཕོ་མོའི་འབྲེལ་བ་ཟེར་བ་ནི་དེ་འདྲའི་རྙོག་འཛིང་ལྡན་པ་ཞིག་ཡིན་ན་ཡང་།ཁོ་བོས་མུ་མཐུད་ནས་ཚུལ་འཆོས་མིན་པའི་བརྩེ་དུང་དངོས་མ་ཞིག་ལ་བརྟེན་ཏེ་ཁ་འདྲེས་ཁོག་འདྲེས་འབྱུང་བའི་བུ་མོ་ཞིག་ལ་སྒུག་ན་འདོད།
སྤྱིར་ན་ངས་ལྷད་མེད་པའི་བརྩེ་དུང་དངོས་མ་ཞིག་མཚོན་པར་བྱས་ཏེ་འགྲོགས་བསམ་པ་ནི་བུ་མོ་ཁ་པ་ཡིན་མོད་ཀྱང་།ཁོ་མོས་ངའི་སྙིང་གཏམ་མཐའ་དག་བསླུ་བྲིད་ཀྱི་ཚིག་ཉོག་རེ་རེར་ངོས་བཟུང་འདུག་ལ།ཁོ་བོས་བུ་མོ་ཀ་པ་ལ་ནི་དངོས་ནས་བསླུ་བྲིད་ཀྱི་ཁ་ཡག་ཇི་སྙེད་ཅིག་བརྡོལ་ཡང་།མཐའ་མཇུག་ཁོ་མོ་ང་ལྟ་བུའི་སྐྱེས་པ་དག་ལ་ཞེ་དྲག་དགའ་རབས་བརྗོད་སོང་།ཅི་འདྲའི་ཚོད་དཔག་དང་བྲལ་བའི་མཇུག་འབྲས་ཤིག་རེད་ཨང་།ད་ནི་ངས་ཅི་ཞིག་བྱས་ན་དགའ་འམ།བུ་མོ་ཁ་པ་དང་མི་འདོད་བཞིན་དུ་རིང་དུ་གྱེས་ནས་བུ་མོ་ཀ་པ་དང་མི་འདོད་བཞིན་དུ་ཉེ་སར་བཅར་དགོས་སམ།ཡང་ན་ཁོ་མོ་གཉིས་ཀ་དང་རྒྱབ་ཀྱིས་ཕྱོགས་དགོས་སམ།དངོས་ནས་ཐག་གཅོད་དཀའ་བའི་གདམ་ཀ་ཞིག་རེད།གང་ལྟར་ཞག་མ་གཉིས་དང་ཞག་མལ་གཉིས་ཀྱི་རིང་ལ།བུ་མོ་ཀ་པ་དང་ལང་ཚོའི་སྟབས་ཞེས་པའི་མགྲོན་ཁང་དེ་རུ་འཕྲད་པ་བརྗེད་མེད་ཡིན།བུ་མོ་ཁ་པ་དང་སྣང་བའི་རི་མོ་ཞེས་པའི་མགྲོན་ཁང་དེ་རུ་འཛོམས་པ་བརྗེད་མེད་ཡིན།ད་དུང་སེམས་པ་འདི་ཉིིད་དོགས་པའི་ཐེ་ཚོམ་གྱི་རྒྱ་རུ་ཚུད་ཡོད་པ་ཡང་དོན་དངོས་རང་ཡིན་སོང་ངོ་།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4203
དཔྱད་མཆན་སྤེལ།