[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིར་ཡོངས་གྲགས་སུ་ཆོས་མངོན་པ་མཛོད་ཀྱི་རང་འགྲེལ་ཡིན་པར་གྲགས་པའི་བསྟན་བཅོས་ཏེ་གཞུང་གི་མཚན་དངོས་ལ་ཆོས་མངོན་པའི་མཛོད་ཀྱི་བཤད་པ་ཞེས་ཞུ་བ་དེརྒྱུ་མཚན་བཞི་ཡི་སྒོ་ནས་རང་འགྲེལ་མིན་པར་བསྒྲུབས་ཡོད་ཅིང་གཞུང་འགའ་ལས་དབྱིག་གཉེན་སྔ་ཕྱི་གཉིས་ཞེས་འབྱུང་བ་དེ་ཡང་མི་གཅིག་མིན་པར་བསྒྲུབས་ནསརང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ཟེར་བའི་བསྟན་བཅོས་དེའི་རྩོམ་པ་པོ་སུ་ཡིན་དང་དབྱིག་གཉེན་གྱིས་བརྩམས་པར་གྲགས་པའི་བསྟན་བཅོས་འགའ་ཞིག་དབྱིག་གཉེན་སྔ་ཕྱི་གང་གིས་བརྩམས་པ་ཡིན་མིན་གྱི་སྐོར་ནས་བརྟག་དཔྱད་བྱས་ཡོད
[གནད་ཚིག།རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པསྔོན་གྱི་སློབ་དཔོནདབྱིག་གཉེན་སྔ་མ


སྤྱིར་འགྲོ་བ་མིའི་རྣམ་དཔྱོད་དང་བསམ་བློ་ལ་ཚད་བཀག་མི་ཐུབ་པར་རིག་གཞུང་གི་གླེང་གཞི་མི་འདྲ་བ་གཅིག་གི་ངོས་ལ་ཐོན་དུསསོ་སོའི་ཞེ་འདོད་དང་རྒྱབ་ལྗོངས་མི་གཅིག་པའི་སྒོ་ནས་བསམ་བློ་གསར་བའི་ལྷན་ཐབས་སྣ་མང་ཞིག་བསྐྲུན་འོང་བ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ལྟ་བུ་ཞིག་ཡིན་པསཆོས་མངོན་པའི་མཛོད་དང་ལྷག་ཏུ་དེའི་རྩོམ་པ་པོའི་སྐོར་ནས་ཀྱང་ཞིབ་འཇུག་གི་གནས་བབས་ནི་རིམ་གྱིས་ཁ་བསྐང་དང་འཕེལ་འགྱུར་གྱི་ཁྲོད་ནསད་དུང་ཡང་དེང་རབས་ཀྱི་མཁས་པ་རྣམས་ཀྱི་བསམ་གཞིག་གི་ར་བ་ལས་བོར་མ་མྱོང་བ་ལྟ་བུ་ཞིག་ཡིན་ན་ཡང་དེ་ནི་གཙོ་ཆེར་ཆོས་མངོན་པའི་མཛོད་ཀྱི་རྩོམ་པ་པོ་སུ་ཡིན་དང་དབྱིག་གཉེན་སྔ་ཕྱི་གཉིས་མི་གཅིག་ཡིན་མིན་གྱི་གླེང་གཞི་ཙམ་ལསདཔེར་ནཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་ཀྱང་དཔྱད་ཞིབ་སྣ་མང་བྱས་ཡོད་ན་ཡང་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དང་ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་གཉིས་ཀྱི་རྩོམ་པ་པོ་གཅིག་ཡིན་མིན་གྱི་སྐོར་ནས་ཕལ་ཆེར་ཟུར་ཙམ་ཡང་གླེང་མི་འདུག་ལ་བོད་རིག་པ་བ་གཞན་གྱིས་བཤད་པ་ཡང་བཀོད་མི་འདུགད་སྔོན་དེ་འདྲའི་གླེང་གཞི་ཞིག་ཡོད་སྲིད་ན་ཡང་རང་ལ་མཚོན་ན་དཔྱད་གཞི་འདི་ནི་ལྟ་ཚུལ་གསར་བ་ཞིག་ཏུ་སྣང་བསདཔྱད་རྩོམ་ཞིག་བྲིས་ན་ཅུང་ཟད་དགེ་མཚན་མེད་དམ་སྙམ་ནས་ཡིག་འབྲུ་མང་པོ་ཞིག་སྒྲིག་སྦྱོར་བྱེད་པའི་མགོ་བཟུང་བ་ཡིནདེ་བསའདིར་དཔྱད་རྩོམ་འདིའི་སྤྱིའི་ཁོག་ཚན་པ་གསུམ་དུ་བསྒོས་ཏེ་གླེང་ན་ཅུང་ཟད་འཐུས་ཚང་བར་སྣང་བསགཅིགརྩ་འགྲེལ་གཉིས་རྩོམ་པ་པོ་གཅིག་མིན་པར་བསམ་པགཉིསརང་འགྲེལ་དུ་གྲགས་པའི་མངོན་པ་མཛོད་ཀྱི་བཤད་པ་རྩོམ་མཁན་སུ་ཡིན་བསམ་པགསུམཞོར་འཕྲོས་ཀྱི་དོགས་སྤོང་གཞན་དང་བཅས་ཏེ་ཚན་པ་གསུམ་གྱི་སྒོ་ནས་འབྲི་བར་བྱའོ། །

༈དང་པོརྩ་འགྲེལ་གཉིས་རྩོམ་པ་པོ་གཅིག་མིན་པར་བསམ་པ།

ད་ནི་གླེང་སློང་གི་སྐད་ཆ་མང་པོ་ཞིག་གིས་རྒྱས་སྤྲོས་མི་བྱེད་པརགླེང་གཞི་འདི་ལྟ་བུ་ཞིག་གི་དཀྱིལ་ལ་འཛུལ་ནས་ཁ་ཤོམ་ཆེན་པོས་ཡོངས་གྲགས་སུ་ཆོས་མངོན་པ་མཛོད་ཀྱི་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དེ་དང་མངོན་པ་མཛོད་ཀྱི་རྩ་བ་ཚིག་ལེའུར་བྱས་པ་གཉིས་ཀྱི་རྩོམ་པ་པོ་གཅིག་མིན་པར་སྨྲ་ནབསམ་ཚུལ་འདི་ལ་བདེན་དཔང་གང་འདྲ་ཡོད་དམ་སྙམ་ནས་བསམ་པར་བྱ་སྟེཆོས་མངོན་པ་མཛོད་ཀྱི་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དེ་དང་དེའི་འགྲེལ་བཤད་གཞན་དག་ལ་མཇལ་བའི་དཔྱད་ཞིབ་ལསབསམ་གཞིག་གི་སྣེ་ལ་འཇུ་སའི་བདེན་དཔང་བཞི་ཙམ་ཞིག་རྙེད་པ་རྣམས་རིམ་བཞིན་འགོད་པར་བྱ་སྟེ

༡༽ མཛོད་ཀྱི་བཤད་པ་ལས་རྩ་བ་རྩོམ་པ་པོ་ལ་སློབ་དཔོན་ཞེས་བསྙད་པས་རྩ་འགྲེལ་གཉིས་རྩོམ་པ་པོ་གཅིག་མིན་པ

དེ་ཡང་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ལསརང་གི་འཆད་བྱ་རྩ་བའི་གཞུང་ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུ་བྱས་པའི་བསྟན་བཅོས་དེ་ཉིད་རྩོམ་པའི་དགོས་པ་བཤད་པའི་སྐབས་སུཚིག་འདི་ལྟར་དུའདི་དང་པོ་ཉིད་དུ་སུས་བསྟནའདི་ལྟར་སློབ་དཔོན་ཆོས་མངོན་པའི་མཛོད་འཆད་པར་གུས་ཤེ་ནཞེས་མཛོད་ཀྱི་བཤད་པ་རྩོམ་པ་པོ་ཁོང་གིསའདིར་ཆོས་མངོན་པའི་མཛོད་འཆད་མཁན་གྱི་མི་སྣ་ཞིག་ལ་སློབ་དཔོན་ཞེས་པའི་མཚན་ནས་བརྗོད་ཡོད་པ་ལརྒྱ་གཞུང་རྣམས་ལས་ཕལ་ཆེར་རང་གིས་རང་ལ་སློབ་དཔོན་ཞེས་འབོད་པ་མི་འབྱུང་བར་རང་ལས་གོང་མ་རྣམས་ལ་སློབ་དཔོན་ཞེས་མཚན་གསོལ་སྲིད་པ་ནིདཔེར་ནརྒྱལ་སྲས་གྲགས་བཤེས་ཀྱིསམཛོད་ཀྱི་བཤད་པ་རྩོམ་མཁན་འདི་ལ་སློབ་དཔོན་ཞེས་པའི་མཚན་སྨྲས་པ་ལྟ་བུ་རེད་ལདེ་ལྟར་བསམ་ནའགྲེལ་བ་རྩོམ་པ་པོས་སློབ་དཔོན་ཞེས་འབོད་ཡུལ་ནི་མཛོད་ཀྱི་བཤད་པ་རྩོམ་མཁན་རང་ཉིད་མིན་པར་ཆོས་མངོན་པའི་མཛོད་འཆད་མཁན་གྱི་སློབ་དཔོན་གཞན་ཞིག་ཡིན་ཞིང་གཞན་དེ་ཡང་ཆོས་མངོན་པའི་རྩ་བ་རྩོམ་མཁན་གྱི་སློབ་དཔོན་དེ་ཉིད་མིན་ན་སྐབས་དོན་དང་འབྲེལ་མེད་དུ་འགྱུར་བས་ནམཛོད་རྩ་བ་འདི་ནི་སློབ་དཔོན་གཞན་ཞིག་གིས་བརྩམས་ཤིང་དེས་བརྩམས་པའི་རྩ་བ་ལ་མཛོད་ཀྱི་བཤད་པ་རྩོམ་མཁན་འདིས་འགྲེལ་བ་བརྩམས་ནས་སློབ་དཔོན་ཞེས་བསྙད་པ་ཡིན་པར་གསལ་ནརྩ་འགྲེལ་འདི་གཉིས་རྩོམ་པ་པོ་གཅིག་མིན་པར་འགྲུབ་ཐུབ་སྙམདེ་དང་འདྲ་བ་ཞིག་ལ་ཡང་རྣམ་པར་རིག་བྱེད་མིན་པའི་གཟུགས་འཆད་པའི་སྐབས་སུརྩ་བ་ལསདེ་ནི་རྣམ་རིག་བྱེད་མིན་བརྗོད།ཞེས་གསུངས་པ་ལགང་ཞིག་རྣམ་པར་རིག་བྱེད་མིན་པའི་གཟུགས་སུ་བརྗོད་མཁན་ནིརྩ་བ་རྩོམ་མཁན་གྱི་སློབ་དཔོན་དེ་ཉིད་ཡིན་ན་ཡང་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་རྩོམ་པ་པོསབརྗོད་ཅེས་བྱ་བ་ནི་སློབ་དཔོན་གྱི་ཚིག་ཡིན་པར་སྟོན་པའོ།ཞེས་དེ་ལྟར་བརྗོད་པའི་ཚིག་དེ་ནི་རང་གི་ཚིག་ཡིན་པར་མ་གསུངས་པར་སློབ་དཔོན་གྱི་ཚིག་ཡིན་པར་གསུངས་པས་ནརང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་རྩོམ་པ་པོ་རང་དང་མཛོད་ཀྱི་རྩ་བ་རྩོམ་མཁན་གཉིས་ནི་སློབ་དཔོན་གཅིག་མིན་པ་ལྟ་བུའི་སྒོ་ནསརྩ་འགྲེལ་གཉིས་རྩོམ་པ་པོ་གཅིག་མིན་པ་ལ་གསལ་པོ་བྱས་མི་འདུག་གམ་སྙམ་ནས་ཀྱང་བསམ་ཚུལ་འདི་འདྲ་ཞིག་སྐྱེ་མགོ་ཚུགས་པ་ཡིན

༢༽མཛོད་ཀྱི་བཤད་པ་ལས་སློབ་དཔོན་ཐོགས་མེད་ལ་སྔོན་གྱི་སློབ་དཔོན་ཞེས་བསྙད་པས་རྩ་འགྲེལ་གཉིས་རྩོམ་པ་པོ་གཅིག་མིན་པ

དེ་བཞིན་དུརང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དེ་ལསསྔོན་གྱི་སློབ་དཔོན་ཞེས་སྨྲས་པའི་འདོད་ཚུལ་བཅུ་གཅིག་བཀོད་ཡོད་པའི་སྡོམ་རྩིས་ལྟར་ནདེའི་ནང་ནསསྔོན་གྱི་སློབ་དཔོན་འགའ་ཞིག་སུ་ཡིན་མིན་གྱི་ངོས་འཛིན་བྱེད་པའི་སྐབས་སུའགྲེལ་བཤད་རྒྱལ་སྲས་གྲགས་བཤེས་ཀྱིས་མཛད་པ་ལསསྔོན་གྱི་སློབ་དཔོན་ནི་རྣལ་འབྱོར་སྤྱོད་པའི་སློབ་དཔོན་ཐོགས་མེད་ལ་སོགས་པའོ། །ཞེས་གསུངས་པ་ལ་བལྟས་ནརང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་འདིའི་རྩོམ་མཁན་ནི་སློབ་དཔོན་ཐོགས་མེད་ཀྱི་གཅུང་པོ་ཡིན་པའི་དབྱིག་གཉེན་དེ་མིན་པརརྩོམ་མཁན་ཁོང་ལ་ལྟོས་ན་སློབ་དཔོན་ཐོགས་མེད་ནི་རང་དང་དུས་མཉམ་པའི་སློབ་དཔོན་ཞིག་མ་ཡིན་པར་སྔོན་གྱི་སློབ་དཔོན་དུ་གྱུར་ནས་ཡོད་པ་ཞིག་རེད་ལམཛོད་རྩ་བ་རྩོམ་མཁན་གྱི་སློབ་དཔོན་དབྱིག་གཉེན་དེ་ནི་སློབ་དཔོན་ཐོགས་མེད་ཀྱི་གཅུང་པོ་ཡིན་པའི་ཡོངས་གྲགས་ཀྱི་ལྟ་ཚུལ་དེ་གཞིར་བཞག་བྱས་ནརང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་འདིའི་རྩོམ་མཁན་ནིསློབ་དཔོན་ཐོགས་མེད་དང་དུས་མཉམ་པའི་ཆོས་མངོན་པའི་རྩ་བ་རྩོམ་མཁན་དེ་དང་གཅིག་མིན་པ་ནི་གཞུང་གི་ཚིག་རྐང་རེ་རེའི་ངོས་ནས་ཁ་ཚུར་གྲགས་ཡོང་བ་ཞིག་མིན་ནམ་སྙམཡིན་ན་ཡང་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ལས་འབྱུང་བའི་སྔོན་གྱི་སློབ་དཔོན་དེ་དག་ངོས་འཛིན་པའི་སྐབས་སུསློབ་དཔོན་བློ་བརྟན་དང་གང་སྤེལ་སུས་ཀྱང་སློབ་དཔོན་ཐོགས་མེད་ལ་ངོས་འཛིན་གནང་བ་ཞིག་མེད་པར་མདོ་སྡེ་པ་དང་རྣལ་འབྱོར་པ་སྤྱོད་པ་སོ་སོ་ལ་ངོས་བཟུང་བའི་འདོད་ཚུལ་མི་མཐུན་པ་འགའ་རེ་འདུག་མོདསློབ་དཔོན་ཐོགས་མེད་ཀྱང་སྔོན་གྱི་སློབ་དཔོན་དེའི་གྲལ་ན་ཡོད་པ་ལརྒྱུ་མཚན་གཞན་ཡང་ཡོད་དེཕྲ་རྒྱས་བསྟན་པའི་སྐབས་སུརང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ལསསྔོན་གྱི་སློབ་དཔོན་རྣམས་ན་རེལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་རི་དགས་དང་བྱ་རྣམས་ལ་ཡང་ཡོད་པ་གང་ཡིན་པ་ནི་ལུང་དུ་མ་བསྟན་པ་ཡིན་ནོ།ཞེས་སོགས་བཀོད་པ་འདི་ནིསློབ་དཔོན་ཐོགས་མེད་ཀྱི་གཞུང་གཏན་ལ་དབབ་པ་བསྡུ་བ་རུ་ཕལ་ཆེར་ཇི་མ་ཇི་བཞིན་དུ་སྣང་བསདེའི་སྐབས་ཀྱི་སྔོན་གྱི་སློབ་དཔོན་ཞེས་པ་ནི་སློབ་དཔོན་ཐོགས་མེད་ལ་གོ་དགོས་པར་ཤིན་ཏུ་གསལ་བ་ལྟར་ཤེས་པར་བྱའོ། །

༣༽རྩ་འགྲེལ་གཉིས་ཀྱི་དགོངས་པ་མི་མཐུན་པས་རྩ་འགྲེལ་གཉིས་རྩོམ་པ་པོ་གཅིག་མིན་པ

སྤྱིར་ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པའི་རྩ་བ་འདི་ཡང་ཁ་ཆེ་བྱེ་བྲག་སྨྲ་བའི་འདོད་པ་བཀོད་པའི་གཞུང་ཚན་ཙམ་ཞིག་མ་ཡིན་པརདེ་ལས་སྐབས་རེར་བྱེ་སྨྲའི་འདོད་པ་བཀོད་ནས་དེ་ལ་མི་འཐད་པའི་རྣམ་འགྱུར་བསྟན་པ་ཡང་ཡོད་ལསྐབས་རེར་བྱེ་སྨྲའི་ལུགས་ལྟར་བྱས་ནས་དེ་ལྟར་བཞག་པ་ཡང་ཡོད་ཅིང་གང་ལྟརའདིར་བསྟན་པ་རྣམས་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་གང་གི་དགོངས་པ་ཡིན་ཡང་གཞུང་འདིར་མ་དགག་པ་དང་མི་འགྲིག་པའི་ཚིག་ཟུར་སྟོན་པ་མེད་པར་བསྒྲུབ་བྱ་དང་གླེང་གཞིའི་གཙོ་བོར་གྱུར་བ་མང་པོ་ཞིག་ནི་གཞུང་འདིའི་དགོངས་པ་ཡིན་པར་ཁས་ལེན་དགོས་པར་མཐོང་ན་ཡང་གཞུང་འདིའི་དགོངས་པ་ཡིན་པ་མང་པོ་ཞིག་ཀྱང་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དེ་ལས་དགག་པ་བྱས་ཏེ་བཞག་ནས་ཡོདདཔེར་ནཡིད་མི་བདེ་བའི་ངོ་བོར་གྱུར་བའི་རྣམ་སྨིན་མེད་པ་དང་སྲོག་ལ་རྣམ་སྨིན་གྱིས་ཁྱབ་པ་ལྟ་བུ་མཛོད་རྩ་བའི་རང་ལུགས་སུ་བྱས་པ་རྣམསརང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་འདིར་དགག་ནས་ཡོད་པ་དང་ལྷག་ཏུ་མཛོད་རྩ་བ་འདི་ལསརྣམ་པར་རིག་བྱེད་མིན་པའི་གཟུགས་དེ་འཐད་ལྡན་དུ་བསྒྲུབས་ཤིང་དེ་དགག་པའི་ཚིག་ཟུར་ཙམ་ཡང་མི་འབྱུང་མོདམཛོད་ཀྱི་བཤད་པ་ལས་སྒྲུབ་བྱེད་ཀུན་ལྟར་སྣང་དུ་བསྟན་པ་ཡོད་དེདཔེར་ནརྩ་བ་ལསརྣམ་གསུམ་དྲི་མེད་གཟུགས་གསུངས་དང་། །ཞེས་བསྒྲུབ་ཡོད་པ་ལདེའི་ཐད་དུ་རང་འགྲེལ་ལསདགོངས་པ་རེ་རེ་བཞིན་བླངས་ནས་ལྟར་སྣང་དུ་བསྟན་ཡོད་པ་ལྟ་བུའོ། །དེ་ལྟ་བུའི་འདོད་པ་མང་པོ་ཞིག་ལྟར་སྣང་དུ་སྟོན་མཁན་ནི་ཕལ་ཆེར་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་འདི་ཙམ་ཡིན་པར་སྣང་སྟེསློབ་དཔོན་ཐོགས་མེད་ཀྱི་གཅུང་པོར་གྱུར་བའི་དབྱིག་གཉེན་དང་ལོ་རབས་ཉེ་བར་གྲགས་པའི་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛོད་ཀྱི་འགྲེལ་བ་གནད་ཀྱི་སྒྲོན་མ་ལས་དེ་ལྟར་དགག་པ་མི་འབྱུང་ལསློབ་དཔོན་འདུས་བཟང་གིས་མཛད་པའི་མཛོད་ཀྱི་རྣམ་པར་བཤད་པ་ལས་ཀྱང་དེ་ལྟར་དགག་པ་མི་འབྱུང་ངོ་། །དེ་བས་ནདེ་ལྟར་རྩ་འགྲེལ་གཉིས་ཀྱི་དགོངས་པ་མི་མཐུན་པ་ལ་བརྟགས་ནས་དེ་གཉིས་རྩོམ་པ་པོ་གཅིག་མིན་པར་རྒྱུ་མཚན་ལྡན་པའི་སྒོ་ནས་བསམ་བློ་བཏང་ཆོག་ལདེར་མ་ཟདདབྱིག་གཉེན་སྔ་མ་དང་ལོ་རབས་ཆེས་ཉེ་བར་གྲགས་པའི་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་འདི་ལ་འགྲེལ་པ་མ་བརྩམས་པརམཛོད་རྩ་བ་རང་ལ་འགྲེལ་བ་བྱས་ཤིང་འགྲེལ་བ་དེའི་རང་ལུགས་ཀྱང་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་འདི་དང་མི་འདྲ་བ་ལ་བལྟས་ནརྩ་འགྲེལ་གཉིས་ཀྱི་རྩོམ་པ་པོ་གཅིག་མིན་པ་ལ་ཅུང་ཟད་གསལ་ཁ་ཐོན་པ་མིན་ནམ་སྙམ

༥༽དབྱིག་གཉེན་སྔ་ཕྱི་གཉིས་གསུངས་པས་རྩ་འགྲེལ་གཉིས་རྩོམ་པ་པོ་གཅིག་མིན་པ།

ཡང་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ལསཉིན་ཡིན་དེ་དང་འདྲ་བ་ཡིན། །ཞེས་འགྲེལ་པའི་ཐད་དུགཡེང་དང་སེམས་མེད་པ་ཡི་ཡང་། །ཞེས་པའི་གཞུང་གོང་མའི་འཕྲོས་དོན་དུརྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དེ་གཟུགས་སུ་ཡོད་པའི་སྒྲུབ་བྱེད་ལགཞན་དག་ན་རེརྟེན་གྱི་འབྱུང་བ་ལ་གཟུགས་སུ་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ། །ཞེས་པའི་གཞན་གྱི་ལུགས་ཤིག་བཀོད་ཡོད་པ་ལདེའི་འགྲེལ་བཤད་རྒྱལ་སྲས་གྲགས་བཤེས་ཀྱིས་མཛད་པ་ལསགཞན་དག་ན་རེ་རྟེན་གྱི་འབྱུང་བ་ལ་གཟུགས་སུ་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི་སློབ་དཔོན་དབྱིག་གཉེན་སྔ་མའོ། །ཞེས་འདོད་པ་དེ་སློབ་དཔོན་དབྱིག་གཉེན་སྔ་མའི་འདོད་པ་ཡིན་པར་གསུངས་ལདེའི་རྗེས་སུཡང་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དེ་ལསགཞན་དག་ནི་འདི་ལ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྟེན་ནི་ཐ་དད་པར་གྱུར་པ་སྟེཞེསསྤྱིར་གཞན་དག་སྔ་མའི་འདོད་པ་དེ་ཡང་མཛོད་ཀྱི་བཤད་པ་རྩོམ་མཁན་རང་གི་དགོངས་པ་དང་མཐུན་པར་ཡང་གསལ་མོདརྒྱལ་སྲས་གྲགས་བཤེས་ཀྱིས་མཛད་པའི་དེའི་འགྲེལ་བ་ལསགཞན་དག་ཕྱི་མ་འདི་འགྲེལ་སྐབསགཞན་དག་ནི་འདི་ལ་ཞེས་བྱ་བ་ནི་སློབ་དཔོན་འདི་ཉིད་ཡིན་ཏེཞེསརྒྱལ་སྲས་གྲགས་བཤེས་ཀྱིས་གསུང་ཚུལ་ལ་བལྟས་ནདབྱིག་གཉེན་སྔ་མ་དང་སློབ་དཔོན་འདི་ཞེས་ཁྱད་པར་དུ་བྱས་ཏེ་གང་ཟག་གཉིས་ལྟ་བུ་ཡོད་པར་གསུངས་པསདབྱིག་གཉེན་སྔ་མ་དང་མཛོད་ཀྱི་བཤད་པ་རྩོམ་མཁན་འདི་གཉིས་ནི་མི་གཅིག་མིན་པར་གསལ་ཞིང་དེ་གཉིས་མི་གཅིག་མིན་ནམཛོད་རྩ་འགྲེལ་གཉིས་རྩོམ་པ་པོ་ཡང་མི་གཅིག་མིན་པར་གྲུབ་སྟེརྒྱལ་སྲས་གྲགས་བཤེས་ཀྱི་བརྡ་ཆད་ལྟར་ནརང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་རྩོམ་མཁན་ནིདབྱིག་གཉེན་སྔ་མ་མིན་པར་སློབ་དཔོན་འདི་ཉིད་ཡིན་ལདབྱིག་གཉེན་སྔ་མ་ཞེས་གྲགས་པ་དེ་ནི་མཛོད་རྩ་བ་རྩོམ་མཁན་གྱི་སློབ་དཔོན་དེ་ཉིད་ཡིན་དགོས་ཏེཇོ་བོ་རྗེ་ཡིས དབྱིག་གཉེན་སྔ་མ་ནི་ཉན་ཐོས་མདོ་སྡེ་པའི་གཞུང་རྒྱས་པར་མཛད་མཁན་ཞིག་ཡིན་པར་གསུངས་པ་ལསློབ་དཔོན་དེས་ཉན་ཐོས་མདོ་སྡེ་པའི་གཞུང་རྒྱས་པར་མཛད་པའི་བརྩམས་ཆོས་ཤིག་ཡོད་པ་ནི་མཛོད་རྩ་བ་འདི་ལས་གཞན་འཚོལ་དུ་མེད་པའི་ཕྱིར་རོ། །

༈གཉིས་པམངོན་པ་མཛོད་ཀྱི་བཤད་པ་རྩོམ་མཁན་སུ་ཡིན་བསམ་པ

དེ་ལྟར་བསམ་གཞིག་གི་སྣེ་ལ་འཇུ་སའི་བདེན་དཔང་ཚན་པ་བཞི་ཡི་སྒོ་ནས་ཆོས་མངོན་པའི་མཛོད་ཀྱི་ལེའུ་བྱས་པའི་རྩ་བ་དེ་དང་དེའི་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ཟེར་བ་དེ་གཉིས་རྩོམ་པ་པོ་གཅིག་གིས་བརྩམས་པ་མིན་པའི་བསམ་ཚུལ་བཏོན་པ་ཡིན་ལདྲང་མོར་བཤད་ནསྒྲུབ་བྱེད་ཀྱི་བདེན་དཔང་དེ་དག་གིས་ངེས་པར་འགྲུབ་ཐུབ་པ་ཞིག་ཡིན་མིན་མི་ཤེས་མོདཅུང་ཟད་ལྐོག་གྱུར་ཡིན་པའི་ཆོས་ལ་དཔོག་པའི་རིགས་པ་ལ་འདི་ལས་ལྷག་པ་ཞིག་ཕལ་ཆེར་མེད་པར་སྣང་ལཕལ་ཆེར་མི་དགོས་པར་ཡང་སྣང་གང་ལྟར་གླེང་གཞི་གང་འདྲ་ཞིག་ལ་བཅར་བ་ཡིན་ནཐག་གཅོད་ཀྱི་གྲུབ་དོན་འཇོག་པ་ནི་ཆེས་སྔ་སོང་བ་ལྟ་བུ་ཞིག་ཡིན་ན་ཡང་ཞིབ་འཇུག་དཔྱད་རྩོམ་ལྟ་བུ་ཞིག་འབྲི་བ་ལརང་ནུས་གང་ཡོད་ཀྱིས་དཔྱད་པའི་མཐའ་མར་རང་བློ་དང་འཚམས་པའི་ཐག་གཅོད་ཅིག་ནི་མ་བྱས་རང་བྱས་སུ་འདུག་པསའོ་ནཆོས་མངོན་པའི་མཛོད་ཀྱི་རྩ་འགྲེལ་གཉིས་རྩོམ་པ་པོ་གཅིག་མིན་ནརང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་འདི་རྩོམ་མཁན་སུ་ཞིག་ཡིན་ནམ་ཞེ་ནདེའི་སྐོར་ནས་ཅུང་ཟད་བརྗོད་པ་ལ༡སྤྱིར་དབྱིན་གཉེན་སྔ་ཕྱི་གཉིས་མི་གཅིག་མིན་པར་བསྒྲུབ་པ་དང་༢བྱེ་བྲག་ཏུ་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དེ་དབྱིག་གཉེན་སྔ་ཕྱི་སུ་ཡིས་བརྩམས་མིན༣དབྱིན་གཉེན་གྱིས་མཛད་པར་གྲགས་པའི་བསྟན་བཅོས་གཞན་དག་སུས་མཛད་བསམ་པ་སྟེཚན་པ་གསུམ་དུ་བསྡུས་ཏེ་གླེང་གཞི་ཉིད་སྤྲོ་བར་འདོད་དོ། །

༡༽སྤྱིར་དབྱིན་གཉེན་སྔ་ཕྱི་གཉིས་མི་གཅིག་མིན་པར་བསྒྲུབ་པ

སྤྱིར་རྒྱ་གཞུང་རྣམས་ལསདབྱིག་གཉེན་སྔ་མ་ཞེས་པའི་མི་སྣ་ཞིག་བྱུང་མྱོང་ཡོད་པ་ནི་ལན་གསུམ་ཙམ་དུ་གསལ་བ་ལསདབྱིག་གཉེན་ཕྱི་མ་ཞེས་པའི་མཚན་གསོལ་བ་ཞིག་མི་སྣང་ཡང་དབྱིག་གཉེན་སྔ་མ་ལ་ལྟོས་ནས་དབྱིག་གཉེན་ཕྱི་མ་ཞེས་པའི་ཐ་སྙད་ཅིག་སྦྱར་ཏེ་དེང་རབས་ཞིབ་འཇུག་སྨྲ་བ་རྣམས་ཀྱིས་དེ་གཉིས་མི་གཅིག་ཡིན་མིན་ལ་དཔྱད་པ་བྱས་ནསཕལ་ཆེར་མི་གཅིག་མིན་པའི་ལྟ་ཚུལ་དེ་ནི་ཅུང་ཟད་གཙོ་རྒྱུགས་ལྟ་བུ་ཡིན་པར་སྣང་ཡང་བོད་ཀྱི་ནང་རིག་པ་བ་ཕལ་ཆེར་ལ་དེ་གཉིས་མི་གཅིག་ཡིན་པའི་བསམ་ཚུལ་གྱིས་ཁྱབ་ནས་ཡོད་པ་ནང་བཞིནད་སྔོན་རང་ཡང་དེའི་གྲལ་དུ་ཚུད་ནས་བསྡད་པ་ཡིནད་ལོར་རང་ངོས་ནས་དཔྱད་གཞི་འདི་ལ་ཁ་ཕྱོགས་ཏེ་དབྱིག་གཉེན་སྔ་ཕྱི་གཉིས་མི་གཅིག་ཡིན་མིན་གྱི་བདེན་དཔང་སོ་སོ་ནས་བསམ་སྟེ་ཅུང་ཟད་བསྡུར་བ་ཡིན་ནམི་གཅིག་མིན་པའི་ལྟ་ཚུལ་དེ་ནི་ལྷག་ཏུ་འཐད་ཆེ་བར་སྣང་སྟེའདི་ལ་རང་གིས་ཤེས་ཚོད་ལྟར་དུ་བདེན་དཔང་གལ་ཆེ་ཤོས་གཉིས་ཙམ་རྙེད་པ་རྣམས་རིམ་བཞིན་འགོད་ནདང་པོ་ནིགོང་དུ་ཞུས་པ་བཞིནརང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ལསཉིན་ཡིན་དེ་དང་འདྲ་བ་ཡིན། །ཞེས་འགྲེལ་པའི་ཐད་དུགཡེང་དང་སེམས་མེད་པ་ཡི་ཡང་། །ཞེས་པའི་འཕྲོས་དོན་དུགཞན་དག་གསུམ་ངོས་བཟུང་བ་ལསརྒྱལ་སྲས་གྲགས་བཤེས་ཀྱི་དེའི་འགྲེལ་བ་ལསགཞན་དག་ཕྱི་མ་གཉིས་ཀྱི་ངོས་འཛིན་ལདང་པོ་དེདབྱིག་གཉེན་སྔ་མ་ཡིན་པ་དང་རྗེས་མ་དེ་སློབ་དཔོན་འདི་ཉིད་ཡིན་ཞེས་ཁྱད་པར་ཕྱེས་ཏེ་གསུངས་པསདབྱིག་གཉེན་སྔ་ཕྱི་གཉིས་ཡོད་པ་དང་དེ་ཡང་མི་སྣ་སོ་སོ་བ་གཉིས་ཡིན་པའི་བསམ་ཚུལ་དེ་ཧ་ཅང་འཐད་པར་འདུག་སྙམ།གཉིས་པ་ནིཡང་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ལསའཇིག་རྟེན་བསྟན་པའི་འགྲེལ་བའི་ཐད་ནསམ་རིག་པའི་རྒྱུ་མ་བསྟན་པས་འཁོར་བ་ལ་ཐོག་མ་ཡོད་པར་ཐལ་བའི་རྩོད་སྤོང་གི་སྐབས་སུ་ཡང་གཞན་དག་ན་རེམདོ་གཞན་ལས་མ་རིག་པ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་ཡིན་ནོ།ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡང་མ་རིག་པའི་རྒྱུ་ལས་བྱུང་བ་ཡིན་ནོ།ཞེས་གསུངས་ལདེ་ནི་འདིར་ཡང་ལེན་པའི་ནང་དུ་འདུས་པའི་ཕྱིར་བཤད་པ་ཡིན་ནོ་ཞེས་ཟེར་ཏེཞེས་འདོད་ཚུལ་ཞིག་བཀོད་ནས་དགག་པ་བརྗོད་ཡོད་པ་ལགཞན་དག་དེ་སུ་ཡིན་གྱི་ཐད་ནས་སློབ་དཔོན་གང་སྤེལ་སོགས་ཀྱི་འགྲེལ་བཤད་ལས་མི་གསལ་ཡང་སློབ་དཔོན་རྒྱལ་སྲས་གྲགས་བཤེས་ཀྱིས་མཛད་པའི་མཛོད་འགྲེལ་ལསགཞན་དག་ན་རེ་ཞེས་བྱ་བ་ནི་སློབ་དཔོན་ཡིད་འོང་གི་མཁན་པོ་གནས་བརྟན་དབྱིག་གཉེན་དེ་སྐད་ཟེར་བ་ཡིན་ནོ། །ཞེས་འདོད་པ་དེ་ནི་གནས་བརྟན་དབྱིག་གཉེན་གྱི་འདོད་ཚུལ་ཡིན་པར་གསུངས་ཡོད་པསགནས་བརྟན་དབྱིག་གཉེན་དེ་ནི་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་རྩོམ་མཁན་རང་ཉིད་མིན་ཏེརང་གིས་རང་ཉིད་ཕྱོགས་སྔར་བཀོད་ནས་དགག་པ་བརྗོད་པ་མི་སྲིད་པའི་ཕྱིར་རོ། །དེས་ཀྱང་དབྱིག་གཉེན་ལ་སྔ་ཕྱི་གཉིས་ཡོད་པ་འམ་དབྱིག་གཉེན་ཞེས་པའི་སློབ་དཔོན་སྔ་ཕྱི་གཉིས་བྱུང་མྱོང་བར་རིགས་འདེད་ཡག་པོ་བྱེད་ཐུབ་པར་འདུག་སྟེརང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་རྩོམ་མཁན་དེའི་སྔོན་དུ་དབྱིག་གཉེན་སྔ་མ་ཞིག་བྱོན་མྱོང་ཞིང་མཛོད་ཀྱི་བཤད་པ་རྩོམ་མཁན་གྱི་སློབ་དཔོན་དབྱིག་གཉེན་གྱིས་དེ་ལ་དགག་པ་བརྗོད་པ་ཡིན་པར་ཤིན་ཏུ་གསལ་བའི་ཕྱིར་རོ། །དེ་ལས་འཕྲོས་རེ་ཅུང་ཟད་དཔྱད་ནརང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ལསགཞན་དག་ན་རེཞེས་དགག་པ་བརྗོད་ཡུལ་གྱི་འདོད་ཚུལ་དེ་ཡང་གནས་བརྟན་དབྱིག་གཉེན་ཞེས་པའི་མིང་ཅན་ཞིག་གིསདེ་ལྟར་འདོད་དང་མི་འདོད་ལ་བསམ་ན་ཕལ་ཆེར་འདོད་པ་འདྲ་བར་འདུག་སྟེསློབ་དཔོན་དབྱིག་གཉེན་གྱིས་མཛད་པར་གྲགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོའི་རྣམ་པར་དབྱེ་བ་བཤད་པ་ཞེས་པའི་གཞུང་ལསའདིར་ཁ་ཅིག་རྒོལ་བ་མ་རིག་པའི་རྐྱེན་མ་སྨོས་པའི་ཕྱིར་འཁོར་བ་ཐོག་མ་ཡོད་པར་འགྱུར་བ་དང་ཡན་ལག་ལྷག་པ་དང་དེ་དག་ལ་ཐུག་པ་མེད་པར་འགྱུར་རོ་ཞེས་དེ་སྐད་བརྒལ་ནསལན་ནི་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་མ་རིག་པའི་རྐྱེན་ཡིན་ནོ་ཞེས་མདོ་སྡེ་གཞན་ལས་འབྱུང་བ་སྔར་བསྟན་ཟིན་ཏོ།ཡན་ལག་ལྷག་པ་ཡང་མ་ཡིན་ཏེལེན་པའི་ནང་དུ་དེ་འདུས་པའི་ཕྱིར་རོ།ཐུག་པ་མེད་པར་ཡང་མི་འགྱུར་ཏེདེ་གཉིས་གཅིག་ལ་གཅིག་རྐྱེན་བྱེད་པའི་ཕྱིར་བྱ་དང་སྒོ་ང་བཞིན་ནོ། །ཞེས་མཛོད་ཀྱི་བཤད་པ་ལས་བཀོད་པའི་འདོད་ཚུལ་དེ་ཇི་བཞིན་དུ་གསལ་འདུག་པ་ལྟ་བུར་མཐོང་མོདདེ་ནི་རང་གིས་གཞུང་དེ་དང་དེའི་འགྲེལ་བ་ལ་རགས་རིམ་ཙམ་གྱིས་བརྟག་དཔྱད་བཏང་བའི་གྲུབ་དོན་ཡིན་པསམགོ་མཇུག་གི་གྲུབ་དོན་ལ་བསམ་ན་བལྟ་ཉེས་བྱས་ཡོད་ཀྱང་སྲིད་ལགང་ལྟར་འདིར་དྲངས་བའི་གཞུང་ཚིག་དེ་དང་མཛོད་ཀྱི་བཤད་པ་ལས་གཞན་དག་ཅེས་དྲངས་བའི་འདོད་ཚུལ་དེ་གཉིས་ཕལ་ཆེར་ངོས་གཅིག་ལ་བབས་ཡོད་མེད་ལ་དོགས་པ་མི་དགོས་པར་འདུག་བསམ་ཡོདདེ་བསརང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ལསསྐབས་དེར་གཞན་དག་ཅེས་དགག་པ་བརྗོད་ཡུལ་དེ་དབྱིག་གཉེན་སྔ་མ་ཡིན་ཞིང་དེ་ཡང་རྟེན་འབྲེལ་མདོ་འགྲེལ་རྩོམ་པ་པོ་དེ་ཡིན་པར་བརྗོད་ཐུབ་པ་འདྲ་སྙམ་ཡང་མདོ་འགྲེལ་དེ་རུ་ཡང་ཤེས་རབ་ཀྱི་རྫས་ཅན་རྣམས་མ་རིག་པ་མིན་པའི་རྣམ་བཞག་ལྟ་བུ་སོགས་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ལས་འབྱུང་བ་དང་དགོངས་པ་མཐུན་པར་གསུངས་པ་ཡང་འདུག་པས་ད་དུང་དཔྱད་དགོས་པ་ཞིག་ཀྱང་ལོས་ཡིན
༢༽བྱེ་བྲག་ཏུ་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དེ་དབྱིག་གཉེན་སྔ་ཕྱི་སུ་ཡིས་བརྩམས་མིན
དེ་ལྟར་དབྱིག་གཉེན་ཞེས་འབོད་པའི་སློབ་དཔོན་དེ་ལ་སྔ་ཕྱི་གཉིས་སུ་ཡོད་པར་ཅུང་ཟད་སྒྲུབ་བྱེད་འཐུས་ཚང་པོ་ཞིག་ཡོད་པ་གང་ཞིག་ལརང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དེ་ནི་དབྱིག་གཉེན་མིང་ཅན་ཞིག་གིས་བརྩམས་པ་ཡིན་པར་རྒྱལ་སྲས་གྲགས་བཤེས་ཀྱི་གཞུང་དུ་མི་གསལ་ཡང་སློབ་དཔོན་གང་སྤེལ་གྱིས་གསུངས་ལགཞན་འཕགས་པ་རྣམ་གྲོལ་སྡེས་ཉི་ཁྲི་སྣང་བའི་འགྲེལ་བར་སློབ་དཔོན་དབྱིག་གཉེན་གྱི་འདོད་པ་ཞིག་བཀོད་པ་དང་སློབ་དཔོན་ལྷ་དབང་བློས་རྣམ་འགྲེལ་འགྲེལ་ཆེན་ལས་ཀྱང་སློབ་དཔོན་དབྱིག་གཉེན་གྱི་འདོད་པ་ཞིག་བཀོད་པ་སོགས་ནིརང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་འདི་རུ་ཇི་བཞིན་དུ་གསལ་བསམཛོད་ཀྱི་བཤད་པ་འདི་ནི་དབྱིག་གཉེན་མིང་ཅན་ཞིག་གིས་མཛད་པ་ཡིན་པར་མངོན་ལའོ་ནའདི་ནི་དབྱིག་གཉེན་སྔ་ཕྱི་གཉིས་སུ་ཡོད་པའི་སློབ་དཔོན་གང་གིས་མཛད་པ་ཡིན་ནམ་ཞེ་ནའདིའི་རྩོམ་པ་པོ་དེ་ལ་དབྱིག་གཉེན་ཕྱི་མ་ཞེས་བརྗོད་ན་ཆོག་པར་སེམས་ཏེསྤྱིར་དབྱིག་གཉེན་ལ་སྔ་ཕྱི་གཉིས་ཙམ་བྱུང་མྱོང་ཡོད་པ་ནི་གོང་དུ་བསྒྲུབ་པ་ལྟར་ཡིན་ཞིང་འདིའི་རྩོམ་པ་པོ་དེ་ཡིས་དབྱིག་གཉེན་སྔ་མ་ཞིག་གི་འདོད་པ་བཀོད་པ་དང་དེ་ལ་དགག་པ་བརྗོད་པ་སོགས་ཀྱི་མཛད་པ་བསྐྱངས་པསོ། །དེའི་ཕྱིར་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ཟེར་བའི་བསྟན་བཅོས་འདིའི་རྩོམ་པ་པོ་ནིཇོ་བོ་རྗེས་དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ལསདབྱིག་གཉེན་གཞན་ཞིག་གིས་རྣལ་འབྱོར་སྤྱོད་པའི་གཞུང་རྒྱས་པར་མཛད་པར་གསུངས་པའི་སློབ་དཔོན་དེ་ཉིད་ཡིན་ཞིང་ཁོང་རྣལ་འབྱོར་སྤྱོད་པའི་སློབ་དཔོན་ཐོགས་མེད་ཀྱི་རྗེས་སུ་འཇུག་ནས་ཕུང་ལྔའི་རབ་བྱེད་དང་ལས་གྲུབ་པའི་རབ་བྱེད་སོགས་བརྩམས་པ་ཡིན་པའི་སྐོར་འོག་ནས་དཔྱད་པར་བྱའོ། །

༣༽དབྱིག་གཉེན་གྱིས་མཛད་པར་གྲགས་པའི་བསྟན་བཅོས་གཞན་དག་སུས་མཛད་མིན

དེ་ཡང་སྤྱིར་ཡིག་ཆའི་ཁྲོད་ནས་དབྱིག་གཉེན་ཟེར་བའི་སློབ་དཔོན་སྔ་ཕྱི་གཉིས་བྱུང་མྱོང་བའི་ཚད་ལྡན་གྱི་ལོ་རྒྱུས་ཤིག་ནི་མ་མཐོང་ཡང་དབྱིག་གཉེན་རང་གི་བརྩམས་ཆོས་དང་དེའི་འགྲེལ་བཤད་ཁག་ལ་བལྟས་ན་གང་ཟག་མི་གཅིག་པའི་དབྱིག་གཉེན་སྔ་ཕྱི་གཉིས་བྱུང་མྱོང་ཡོད་པའི་བསམ་ཚུལ་དེ་འདྲ་ཞིག་ནི་བློ་གྲོས་དམན་པ་བདག་ལྟ་བུ་ལ་ཡང་མི་སླེབས་ཀ་མེད་དུ་འདུག་པསདེ་ལྟ་བུའི་དབྱིག་གཉེན་སྔ་ཕྱི་གཉིས་སུ་བྱུང་ཡོད་པ་ཡིན་ནསྤྱིར་ང་ཚོའི་རིག་གཞུང་གི་ནང་དུ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་གྲགས་པའི་པྲ་ཀ་ར་ཎ་སྡེ་བརྒྱད་ཅེས་སྡེ་ཚན་དུ་བགོས་ནས་ཡོད་པའི་བརྩམས་ཆོས་འབོར་ཆེན་ཞིག་ཡོད་པ་ལདེ་དག་དབྱིག་གཉེན་སྔ་ཕྱི་གཉིས་ཀྱི་གང་དང་གང་གིས་བརྩམས་པ་ཡིན་ནམ་ཞེ་ནདེ་ལ་སྤྱིར་དེང་རབས་ཞིབ་འཇུག་སྨྲ་བ་རྣམས་ཀྱིས་འདོད་ཚུལ་ཐ་དད་དུ་ཡོད་པ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་གསུངས་པ་ལྟར་ཡིན་ཡང་དེ་དག་ལས་གཞནའདིར་མཛོད་རྩ་བ་རྩོམ་མཁན་དེ་དབྱིག་གཉེན་སྔ་མ་དང་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་རྩོམ་མཁན་དེ་དབྱིག་གཉེན་ཕྱི་མ་ཡིན་པའི་བསམ་ཚུལ་ལྟར་ནཔྲ་ཀ་ར་ཎ་སྡེ་བརྒྱད་ལསཕུང་ལྔའི་རབ་བྱེད་དང་ལས་གྲུབ་པའི་རབ་བྱེདཉི་ཤུ་པ་རྣམས་ནི་དབྱིག་གཉེན་ཕྱི་མས་མཛད་པ་ཡིན་པར་བདེན་དཔང་ཆུང་ཆུང་ཞིག་བྱེད་ཐུབ་པ་སྟེདེ་ཡང་དང་པོ་ཕུང་པོ་ལྔའི་རབ་བྱེད་ནིརྒྱལ་སྲས་གྲགས་བཤེས་ཀྱིས་མཛད་པའི་མཛོད་ཀྱི་འགྲེལ་བཤད་ལསའདི་ལྟར་སློབ་དཔོན་འདིས་ཕུང་པོ་ལྔའི་ནང་དུ་འདུན་པ་གང་ཞེ་ནབསམས་པའི་དངོས་པོ་ལ་མངོན་པར་འདོད་པའོ། །ཞེས་ཕུང་པོ་ལྔའི་རབ་བྱེད་ནི་མཛོད་ཀྱི་བཤད་པ་རྩོམ་མཁན་གྱི་སློབ་དཔོན་དེས་མཛད་པ་ཡིན་པར་གསུངས་པསདབྱིག་གཉེན་ཕྱི་མས་མཛད་པ་ཡིན་པ་ནི་འཐད་ལྡན་དུ་མཐོང་ན་ཡང་བསམ་ཚུལ་དེ་ཡང་དོགས་གཞི་མེད་པ་ཞིག་ཀྱང་མིན་པར་སྣང་སྟེསློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་ཕུང་ལྔའི་འགྲེལ་པ་ལསམཆོད་པར་བརྗོད་པ་ནི་མཛོད་ཀྱི་བསྟན་བཅོས་ལ་སོགས་པ་ལས་སྨོས་པ་དེ་ཉིད་འདིར་བལྟ་བར་བྱ་སྟེཞེས་རབ་བྱེད་འདིའི་རྩོམ་པ་པོ་ཡིས་མཛོད་ཀྱི་བསྟན་བཅོས་ལས་མཆོད་བརྗོད་མཛད་ཟིན་པ་ལ་དགོངས་ནསརབ་བྱེད་འདིར་མཆོད་བརྗོད་མ་མཛད་པར་གསུངས་པསདེ་ལ་བལྟས་ནམཛོད་རྩ་བ་དང་ཕུང་ལྔའི་རབ་བྱེད་གཉིས་རྩོམ་པ་པོ་གཅིག་ཡིན་པ་ལྟ་བུ་ཡང་འདུག་མོདརང་གིས་ཕྱོགས་གཉིས་ཀ་ལ་ཡང་བསྐྱར་དཔྱད་ཞིབ་ཅིག་བྱས་ནས་བལྟས་པསམཛོད་ཀྱི་བསྟན་བཅོས་ཞེས་བསྙད་པ་ཙམ་གྱིས་ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པའི་རྩ་བ་ལ་གོ་དགོས་པའི་ངེས་པ་མི་འདུག་སྟེསློབ་དཔོན་ཝན་ཚེག་གིས་དགོངས་འགྲེལ་འགྲེལ་ཆེན་ལསམཛོད་ཀྱི་བཤད་པ་འདི་ལ་ཡང་མཛོད་ཀྱི་བསྟན་བཅོས་ཞེས་བསྙད་པ་འདུག་པས་སོ། །དེ་བས་ནསློབ་དཔོན་ཡོན་ཏན་འོད་ཀྱི་འགྲེལ་བ་ལསམཛོད་ཀྱི་བསྟན་བཅོས་ཞེས་པ་ནི་མཛོད་ཀྱི་བཤད་པ་ལ་ཡང་གོ་ཆོག་པ་འདྲ་བསཕུང་ལྔའི་རབ་བྱེད་འདི་དང་མཛོད་ཀྱི་བཤད་པ་གཉིས་ཀྱི་རྩོམ་པ་པོ་ནི་དབྱིག་གཉེན་གཅིག་ཡིན་ཞིང་དེ་ཡང་དབྱིག་གཉེན་ཕྱི་མ་ཡིན་པའི་གླེང་ཕྱོགས་དེ་ཉིད་རེ་ཞིག་འཐད་ལྡན་དུ་མཐོང་བ་ཡིནགཉིས་པལས་གྲུབ་པའི་རབ་བྱེད་ཀྱི་ནང་དུརྣམ་པར་བཤད་པའི་རིགས་པ་ལས་ཀྱང་དེང་སང་མདོ་སྡེ་ཐམས་ཅད་ནི་མི་སྣང་ངོ་ཞེས་བསྒྲུབས་ཏེདེ་ལྟ་བས་ན་མདོ་སྡེ་དག་ལས་ལྡངས་པོར་མ་གསུངས་ཞེས་ཏེཀུན་གཞི་རྣམ་པར་ཤེས་པ་འདོད་པར་མི་བྱ་བ་ནི་མ་ཡིན་ནོ། །ཞེས་རྣམ་བཤད་རིགས་པ་ཞེས་པའི་གཞུང་དེ་སྒྲུབ་བྱེད་དུ་དྲངས་པསལས་གྲུབ་པའི་རབ་བྱེད་དང་རྣམ་བཤད་རིགས་པ་གཉིས་ཀྱི་རྩོམ་པ་པོ་གཅིག་མིན་པར་གྲུབ་སྟེམཁས་པ་ཆེན་པོ་རྣམས་ཀྱིས་རང་གི་བརྩམས་ཆོས་རང་གི་སྒྲུབ་བྱེད་དུ་ཁྱེར་བ་མི་སྲིད་པསརྣམ་བཤད་རིགས་པ་རྩོམ་མཁན་ནི་དབྱིག་གཉེན་སྔ་མ་དང་འདི་རྩོམ་མཁན་དབྱིག་གཉེན་ཕྱི་མ་ཡིན་པ་ལས་འོས་མེད་པར་འདུག་སྙམགསུམ་པ་ཉི་ཤུ་པ་དང་དེའི་འགྲེལ་པ་ནིརང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དང་ཚིག་འགྲོས་མཐུན་པས་དབྱིག་གཉེན་ཕྱི་མས་མཛད་པར་བདེན་དཔང་བྱེད་ཆོག་སྟེདེ་ལསགལ་ཏེ་རང་གི་རྒྱུད་འགྱུར་པའི་ཁྱད་པར་ཉིད་ལས་སེམས་ཅན་རྣམས་ཀྱི་དོན་དུ་སྣང་བའི་རྣམ་པར་རིག་པ་འབྱུང་གིཞེས་གསུངས་པ་དང་མཛོད་ཀྱི་བཤད་པ་ལས་ཀྱང་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལས་སོ། །ཞེས་པ་སོགས་གཞུང་དེ་གཉིས་ཀྱི་ཚིག་འགྲོས་མཐུན་པ་ལ་བལྟས་ནཉི་ཤུ་པ་དང་དེའི་རང་འགྲེལ་ནིམཛོད་ཀྱི་བཤད་པ་རྩོམ་མཁན་གྱི་དབྱིག་གཉེན་ཕྱི་མ་དེས་མཛད་པ་ཡིན་པར་ཚོད་དཔག་བྱེད་ཆོག་པ་ཙམ་དུ་འདུག་གོ་སྙམདེ་ལས་གཞན་ཡང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་གྲགས་པའི་རྣམ་བཤད་རིགས་པ་དང་སུམ་ཅུ་པ་དང་འབྱེད་གཉིས་ཀྱི་འགྲེལ་བ་དང་མདོ་རྒྱན་འགྲེལ་བ་རྣམས་ནིདབྱིག་གཉེན་སྔ་མས་མཛད་པ་ཡིན་པར་རྗེས་དཔག་གི་ལམ་ནས་སྐད་ཆ་ཅུང་ཟད་ཤོད་ཐུབ་པར་འདུག་སྟེདང་པོརྣམ་བཤད་རིགས་པ་ནིདབྱིག་གཉེན་མིང་ཅན་གང་ཞིག་གིས་མཛད་པ་ལལས་གྲུབ་པའི་རབ་བྱེད་ཀྱི་ནང་དུ་འདི་སྒྲུབ་བྱེད་དུ་དྲངས་པསའདིའི་རྩོམ་པ་པོ་ནི་ལས་གྲུབ་པའི་རབ་བྱེད་ཀྱི་རྩོམ་པ་པོ་དེ་མིན་པསདབྱིག་གཉེན་སྔ་མ་ལས་འོས་མེད་པར་སྣང་ལད་དུང་རྣམ་བཤད་རིགས་པ་ལསའཇིག་རྟེན་པའི་ཤེས་པ་མ་འཁྲུལ་བའི་ཡུལ་དང་འཇིག་རྟེན་ལས་འདས་པའི་ཤེས་པའི་ཡུལ་ལ་དགོངས་ནས་བདེན་པ་གཉིས་པོ་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པར་གསུངས་སོ། །ཞེས་འབྱུང་བ་དེམཛོད་ཀྱི་བཤད་པ་ལསལམ་དང་གང་ཟག་བསྟན་པའི་བདེན་གཉིས་བཤད་པའི་སྐབས་སུསྔོན་གྱི་སློབ་དཔོན་རྣམས་ན་རེཇི་ལྟར་འཇིག་རྟེན་ལས་འདས་པའི་ཤེས་པའམདེའི་རྗེས་ལ་ཐོབ་པ་འཇིག་རྟེན་པས་འཛིན་པ་དེ་ལྟར་ནི་དོན་དམ་པའི་བདེན་པ་ཡིན་ནོ། །ཇི་ལྟར་གཞན་གྱིས་འཛིན་པ་དེ་ལྟར་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་ཟེར་རོ། །ཞེས་རྣམ་བཤད་རིགས་པའི་འདོད་ཚུལ་དེ་སྔོན་གྱི་སློབ་དཔོན་གྱི་འདོད་པ་རུ་བྱས་ནས་བཀོད་ཡོད་པས་ནརྣམ་བཤད་རིགས་པ་འདིའི་རྩོམ་པ་པོ་སློབ་དཔོན་དབྱིག་གཉེན་ནིམཛོད་ཀྱི་བཤད་པ་རྩོམ་པ་པོ་ལ་ལྟོས་ན་སྔོན་གྱི་སློབ་དཔོན་ལ་གྱུར་ནས་ཡོད་པསའདིའི་རྩོམ་པ་པོ་ནི་སྔོན་གྱི་དབྱིག་གཉེན་ནམ་དབྱིག་གཉེན་སྔ་མ་ཡིན་པར་གྲུབ་པ་དང་གཞན་ཡང་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ལསརྟེན་གྱི་འབྱུང་བ་ལ་གཟུགས་སུ་ཡོད་པའི་ཕྱིརཞེས་པའི་དབྱིག་གཉེན་སྔ་མའི་འདོད་པ་ཞིག་བཀོད་པ་དེ་ཡང་ཕལ་ཆེར་གཞུང་འདིར་གསལ་བས་ཀྱང་འདིའི་རྩོམ་པ་པོ་ནི་དབྱིག་གཉེན་སྔ་མ་ཡིན་པར་གྲུབ་བོ་སྙམལར་ཆོས་བཤེས་ཚིག་གསལ་དུརྣམ་བཤད་རིགས་པ་རྩོམ་པ་པོ་འདི་ལསངས་རྒྱས་གཉིས་པ་ཞེས་པའི་མཚན་ཡང་གསོལ་འདུགགཉིས་པསུམ་ཅུ་པ་ཡང་དབྱིག་གཉེན་མིང་ཅན་གང་ཞིག་གིས་མཛད་པ་ལཉི་ཤུ་པའི་བཤད་པ་དང་ཉི་ཤུ་པ་དང་རྩོམ་པ་པོ་གཅིག་པར་འོས་པའི་བརྩམས་ཆོས་གཞན་རྣམས་དང་ཡང་ཁྱོན་ནས་མི་མཐུན་ཏེདཔེར་ནཉི་ཤུ་པ་ལས་འཛིན་པ་དགག་པ་མི་འབྱུང་ལགཞུང་འདིརགཟུང་བ་མེད་པས་དེ་འཛིན་མེད་ཅེས་འཛིན་པ་ཡང་དགག་པསསུམ་ཅུ་པ་འདིཉི་ཤུ་པའི་རྩོམ་པ་པོ་སློབ་དཔོན་དབྱིག་གཉེན་ཕྱི་མས་མཛད་པ་མིན་པར་སྣང་བསདབྱིག་གཉེན་སྔ་མས་མཛད་པ་ལས་འོས་མི་འདུག་སྙམ་བྱུང་གསུམ་པའབྱེད་གཉིས་ཀྱི་འགྲེལ་པ་ལསདབུས་མཐའི་འགྲེལ་པ་དེ་དབྱིག་གཉེན་གང་གིས་བརྩམས་པ་ཡིན་མིན་ནིསློབ་དཔོན་བློ་གྲོས་བརྟན་པས་དེའི་འགྲེལ་བ་ལསའདི་ལ་འཆད་པ་ནི་སློབ་དཔོན་ཐོགས་མེད་དོ། །དེ་ལས་སློབ་དཔོན་བཙུན་པ་དབྱིག་གཉེན་གྱིས་གསན་ནས་འདིའི་འགྲེལ་པ་མཛད་དེཞེས་འགྲེལ་བ་འདི་རྩོམ་པ་པོ་སློབ་དཔོན་དབྱིག་གཉེན་གྱིས་སློབ་དཔོན་ཐོགས་མེད་ལས་མདོ་སྡེའི་རྒྱན་ཉིད་གསན་པར་གསུངས་པས་ནསློབ་དཔོན་ཐོགས་མེད་དང་དུས་མཉམ་པའི་སློབ་དཔོན་དབྱིག་གཉེན་སྔ་མ་ཡིན་པ་ལས་འོས་མེད་པ་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་ཡང་དབྱིག་གཉེན་སྔ་མས་བརྩམས་པ་མིན་ནམ་སྙམ་སྟེའགྲེལ་པ་དེ་ལསམ་ཕམ་གང་གིས་སྒྲ་བཞིན་དོན་འཛིན་པའི།འཁྲུལ་པས་འཇིག་རྟེན་ལམ་གོལ་སོང་མཁྱེན་ནས།བསྟན་པ་བསྡུ་བ་མཛད་དེ་འདི་གསུངས་པ།བླ་མ་དེ་ལ་ཐལ་སྦྱར་རབ་བཏུད་ནས། །བླ་མ་རྣམས་ལས་ཐོས་ནས་དེ་ཉིད་ཀྱིས།གནང་བས་ཚིག་བསྡུས་བསྟན་བཅོས་འདི་ཡི་དོན། །ཞེས་རྒྱལ་བ་མ་ཕམ་པས་བསྟན་པ་ལ་བསྡུ་བ་མཛད་ནས་གསུང་མཁན་གྱི་བླ་མ་དེ་ནི་སློབ་དཔོན་ཐོགས་མེད་ཡིན་པ་འདྲ་ཞིང་འགྲེལ་བ་འདི་རྩོམ་པ་པོས་ཆོས་ཉིད་རྣམ་འབྱེད་ནི་བླ་མ་དེའི་མདུན་ནས་ཐོས་པ་དང་བླ་མ་དེས་གནང་བ་ཡིན་པར་གསུངས་པསའགྲེལ་པ་འདི་རྩོམ་པ་པོ་ནི་སློབ་དཔོན་ཐོགས་མེད་དང་དུས་མཉམ་པའི་དབྱིག་གཉེན་སྔ་མ་ཡིན་པར་རིགས་འདེད་བྱེད་ཆོག་སྙམབཞི་པདབྱིག་གཉེན་གྱིས་མཛད་པར་གྲགས་པའི་མདོ་སྡེའི་རྒྱན་གྱི་བཤད་པ་དེ་ནི་དབྱིག་གཉེན་གང་གིས་བརྩམས་པ་ཡིན་མིན་ལ་བསམ་ནསློབ་དཔོན་གཞན་ལ་ཕན་པ་བཟང་པོས་མཛད་པའི་མདོ་སྡེ་རྒྱན་གྱི་ཚིགས་སུ་བཅད་པ་དང་པོ་གཉིས་ཀྱི་བཤད་པ་ཞེས་པ་ལསའཕགས་པ་ཐོགས་མེད་ཀྱི་སྒོ་ནས་སློབ་དཔོན་དབྱིག་གཉེན་ལ་ཆེད་དུ་གཏད་དེཞེས་མདོ་སྡེའི་རྒྱན་འདི་སློབ་དཔོན་ཐོགས་མེད་ཀྱིས་སློབ་དཔོན་དབྱིག་གཉེན་ལ་གཏད་པར་གསུངས་པསཐོགས་མེད་དང་དུས་མཉམ་པའི་སློབ་དཔོན་དབྱིག་གཉེན་སྔ་མ་ཡིས་མཛད་པ་ལ་ཅུང་ཟད་འབྲེལ་ཡོད་པ་ལྟ་བུར་སྣང་མོདཡིན་ན་ཡང་འདི་ནི་སྤྱིར་སློབ་དཔོན་དབྱིག་གཉེན་གྱིས་མཛད་མིན་ལ་ཡང་དཔྱད་གཞི་ཡིན་པར་སྣང་བསདེ་ཙམ་དཔྱད་པ་རྒྱས་པར་ཞུ་མི་ཕོད་ལགང་ལྟརབསྟན་འགྱུར་ནང་དུ་བཞུགས་པའི་རྩོམ་པ་པོའི་མཚན་ལ་སློབ་དཔོན་དབྱིག་གཉེན་ཞེས་བཏགས་ནས་ཡོད་པའི་བསྟན་བཅོས་མང་པོ་ཡོད་པ་ལསཔྲ་ཀ་ར་ཎ་སྡེ་བརྒྱད་ཀྱི་རྩོམ་པ་པོ་ལ་ཅུང་ཟད་ཞིབ་ཕྲ་བཏོན་པ་འདི་འདྲ་བ་ཞིག་དང་དབྱིག་གཉེན་སྔ་ཕྱི་གཉིས་ལ་འདི་ལྟར་ཆ་བསྒོས་ཏེ་བཤད་པ་ནི་ད་སྔ་མཐོང་མ་མྱོང་ལདགག་བཞག་གི་གླེང་མོལ་ཡང་ཞིབ་ཕྲ་ནས་བྱེད་མ་མྱོང་བསམི་འགྲིག་པ་ཤིན་ཏུ་མང་སྲིད་མོདརེ་ཞིག་བསམ་བློའི་རྒྱབ་ལྗོངས་ནི་དེ་འདྲ་ཡིན་པའི་བསམ་ཚུལ་ཞིག་ཞུས་པ་ཡིན་ནོ། ། 

༈གསུམཞོར་འཕྲོས་ཀྱི་དོགས་སྤོང་གཞན།


དེ་ཡང་ལོ་འདིར་རྣམ་གཡེང་དང་ལེ་ལོའི་གསེང་ནས་རང་ཉིད་ཆོས་མངོན་པ་མཛོད་ཅེས་པའི་བསྟན་བཅོས་འདི་ལ་ཐོས་བསམ་གྱིས་འཇུག་པའི་སྐལ་བ་ལྡན་པ་དང་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་འདི་ནི་དངོས་གཞིའི་སྦྱང་བྱ་ལྟ་བུར་བྱས་ཏེ་ཅུང་ཙམ་ཅུང་ཙམ་ཞིག་མཇལ་བ་ཡིན་པསརང་ཉིད་ལ་ཆོས་མངོན་པའི་མཛོད་ཀྱི་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་འདི་ནི་རང་འགྲེལ་མིན་པ་ལྟ་བུའི་བསམ་ཚུལ་ཐོན་པ་ཞིག་ཡིན་ལདེ་ཡང་གྲོགས་པོ་རྣམས་ལ་བཤད་པ་དང་ཆོས་རའི་ནང་ནས་བགྲོ་གླེང་ཡང་བྱས་པ་ཡིན་པསམཛོད་རྩ་འགྲེལ་གཉིས་ཀྱི་རྩོམ་པ་པོ་གཅིག་མིན་པར་སྨྲ་བ་ལསྤྱིར་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དེའི་ནང་དུ་འབྱུང་བའི་དོགས་གཞི་ཡིན་པ་ལྟ་བུའི་ཚིག་ཅིག་ཡོད་པ་ནིམཛོད་རྩ་བ་ལསབདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། །ཞེས་པའི་ཐད་ཀྱི་འགྲེལ་བ་ལས་ཀྱང་བདག་གིས་ཆོས་མངོན་པ་འདི་ཕལ་ཆེར་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ཚུལ་དུ་གྲུབ་པར་བཤད་པ་ཡིན་ནོ། །ཞེས་རྩ་འགྲེལ་གཉིས་ལསབདག་གིས་ཞེས་བརྗོད་པའི་བདག་སྒྲ་བརྗོད་ཡུལ་གཅིག་ཏུ་བྱས་ཡོད་པསརྩ་འགྲེལ་གཉིས་རྩོམ་པ་པོ་གཅིག་མིན་ནམ་སྙམ་པ་ལྟ་བུ་དེ་ཡིན་མོདདེ་ལ་ཡང་དོགས་སྤོང་གཞན་ཞིག་བྱས་ནསློབ་དཔོན་འདུས་བཟང་གིས་མཛད་པའི་མཛོད་ཀྱི་རྣམ་པར་བཤད་པ་ལས་ཀྱང་རྩ་བ་དེ་འགྲེལ་བའི་སྐབས་སུབདག་གིས་ཞེས་སྨྲས་ཡོད་པསམཐའ་གཅིག་ཏུ་རྩ་བ་དེ་འགྲེལ་བའི་སྐབས་སུབདག་གིས་ཀྱང་སྨྲས་པ་ཙམ་གྱིསའགྲེལ་བ་རྩོམ་པ་པོ་དེ་རྩ་བ་རྩོམ་མཁན་དུ་སྒྲུབ་མི་ཐུབ་པར་འདུག་སྙམཡིན་ན་ཡང་ད་དུང་དོགས་པ་མེད་པ་ཞིག་ཀྱང་མིན་ཏེབདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། །ཞེས་པའི་རྩ་ཚིག་འདི་འགྲེལ་སྐབསསློབ་དཔོན་རང་གིས་ཞེས་པའི་ཚུལ་དུ་འགྲེལ་དགོས་པ་ལྟ་བུར་ཡོད་པ་ལརང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དང་སློབ་དཔོན་འདུན་བཟང་གི་འགྲེལ་པ་གཉིས་ཀས་ཀྱང་བདག་གིས་ཞེས་པའི་ཚིག་སྤྱད་ནས་ཅིའི་ཕྱིར་འགྲེལ་བ་མཛད་པ་ཡིན་ནམ་སྙམ་པ་དེའོ། །དེ་ལྟར་བརྗོད་གཞི་དེ་དག་གི་སྐོར་ནས་དཔྱད་ཞིབ་ཇི་ལྟར་བྱས་ཀྱང་མཐའ་ཆོད་པ་ཞིག་ཡོང་དཀའ་ན་ཡང་ད་རེས་དཔེ་ཀློག་ཅུང་ཟད་དང་དུས་ཚོད་ཅུང་ཟད་བཏང་བ་ཡིན་པས་གྲུབ་འབྲས་ཀྱང་ཅུང་ཟད་ཡོད་པའི་སྨོན་འདུན་དང་བཅས་རེ་ཞིག་མཇུག་གྲུབ་པ་ཡིན་ནོ། །



[ལུང་ཟུར་བཀོད།]
དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ལསསློབ་དཔོན་དགེ་སྲུངས་དང་ཆོས་མཆོག་དང་དབྱིག་གཉེན་སྔ་མ་ལ་སོགས་པས་ཉན་ཐོས་མདོ་སྡེ་པའི་གཞུང་རྒྱས་པར་མཛད་དོཇོ་བོ་རྗེས་དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ལསསློབ་དཔོན་ཐོགས་མེད་དང་དབྱིག་གཉེན་དང་བློ་བརྟན་དང་ཤེས་རབ་འབྱུང་གནས་སྦས་པ་དང་ཀ་ལིང་ཀ་དང་ལྷ་དབང་བློ་དང་དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པ་ལ་སོགས་པས་ནི་རྣམ་བཅས་རྣམ་མེད་ཀྱི་གཞུང་རྒྱས་པར་མཛད་དོའཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལསམཛོད་ཀྱི་བསྟན་བཅོས་ལས་ཁ་ཅིག་ན་རེཁུ་བ་དང་ཁྲག་ཉིད་དབང་པོའི་རྟེན་དུ་མངོན་པར་འགྲུབ་པར་འགྱུར་ཏེ་འདི་ལྟར་སྔར་དབང་པོ་མེད་དེ་བར་མ་དོའི་སྲིད་པ་དང་ལྷན་ཅིག་འགགས་ནས་ཡང་སྲིད་པ་ཕྱི་མའི་དབང་པོ་བར་ཆད་མེད་པར་ཉིང་མཚམས་སྦྱོར་བས་སོ་ཞེའོ།སློབ་དཔོན་གཞན་ཁ་ཅིག་ནི་འབྱུང་བ་ཆེན་པོ་གཞན་འབྱུང་བར་འགྱུར་ཏེཇི་ལྟར་ལས་དང་ལུས་ལ་བརྟེན་ནས་སྲོག་ཆགས་གཞན་སྐྱེ་བ་བཞིན་ནོ་ཞེས་ཟེར་རོ་ཞེས་འབྱུང་ངོ་རྣམ་བཤད་རིགས་པ་ལསབསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་ལུས་དང་ངག་གི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་གཟུགས་ཀྱི་དེ་གདགས་པ་གཟུགས་སུ་རུང་བའི་ཕྱིར་གཟུགས་ཡིན་ནོ

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4193