དང་པོ། དབུ་ཅན་ལས་དབུ་མེད་རང་བྱུང་དུ་གྲུབ་པ།

དགེ་འདུན་ཆོས་འཕེལ།

ཕུར་སྲུང་སྐྱབས་ཀྱིས་ཕབ་བཤུས་བྱས།\

(ཨ་མེ་རི་ཁའི་་ལིམ་པི་ཡཱ་སློབ་ཆེན་གྱི་དཔེ་མཛོད་དྲྭ་ཚིགས་ནས་བླངས)



སྐུ་ཞབས་ཕུན་དབང་དང་། གསར་འགྱུར་མེ་ལོང་གི་སྲོལ་འབྱེད་མཁན་བྷ་བུ་མཐར་ཕྱིན་ལགས།

(སྦ་བུ་ཞེས་ཀྱང་འབྲི་སྲོལ་འདུག) (Tharchin Babu) 1946ལོ།

༈བློན་པོ་ཐོན་མིས་བོད་ཡིག་གསར་བཟོ་མཛད་ཚེ། ལཉྫཾ་ལ་བསྟུན་ནས་དབུ་ཅན་དང་། ཝརྟུ་ལ་བསྟུན་ཏེ་དབུ་མེད་བཟོས་སོ་བྱ་བ་འདི། ཕྱིས་ཀྱི་ཁ་བདེ་འགའ་ཞིག་གིས། རང་དགར་བློ་བཟོ་བྱས་པ་ཙམ་ཡིན་གྱི། འགོར་ལོ་ཆེན་པོ་སོགས་སྔོན་གྱི་ལོ་རྒྱུས་སྨྲ་བ་དག་གིས། ཟུར་ཙམ་ཡང་མ་གསུངས་ཤིང་། ཀུན་མཁྱེན་བུ་སྟོན་གྱིས་ཀྱང་། ཁ་ཆེ་ཡི་གེ་ལ་དཔེ་བླངས་ཏེ་བོད་ཡིག་བཟོས་སོ་བྱ་བ་ཙམ་ལས། དབུ་ཅན་དབུ་མེད་གཉིས་ཀ་དང་པོ་ནས་བཟོས་པར་མ་གསུངས་སོ། །སྤྱིར་ལཉྫཾ་ལ་དཔེ་བླངས་ཟེར་བ་ནི། ཤིན་ཏུ་ཡང་མི་བདེན་པ་ཞིག་སྟེ། ལཉྫཾ་ནི་ཕྱིས་ཙ་ན་གསར་དུ་བྱུང་བའི་ཡི་གེ་ཡིན་པའི་ཕྱིར་དང་། སྔོན་གྱི་ཨརྱཱཎ་རྣམས་དང་། སངས་རྒྱས་ཀྱི་སྐུ་དུས་དང་། མཽརྱའི་རྒྱལ་བརྒྱུད་ཀྱི་སྐབས་དང་། གུཔྟའི་རྒྱལ་བརྒྱུད་སོགས་ཀྱི་སྐབས་ཐམས་ཅད་དུ། མ་ག་ངྷའི་ཡིག་གཟུགས། ཤིན་ཏུ་མི་འདྲ་བ་དགས་རིམ་གྱིས་བྱུང་བ། རྒྱལ་པོ་སོ་སོའི་རྡོ་རིང་དང་། ཟངས་ཀྱི་གླེགས་བུ་རྣམས་ད་ལྟ་ཡང་དངོས་སུ་བལྟར་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ཐོན་མིས་གང་ལ་ཕྱི་མོར་མཛད་པའི་རྒྱ་ཡིག་ནི། སློབ་དཔོན་ནག་མོ་ཁོལ་དང་། རྒྱལ་པོ་གཞོན་ནུ་སྦས་པ། རྒྱལ་པོ་ཉི་མའི་གོ་ཆ་ལ་སོགས་པའི་སྔ་ཕྱི་ཅི་རིགས་ཀྱི་ཡི་གེ་ཡིན་པ། དུས་བསྒྲིག་ན་ཡང་ཤེས་ལ། དེ་དུས་ཀྱི་རྡོ་རིང་དང་། ཟངས་ཀྱི་གླེགས་བུ། རྒྱ་གར་གྱི་པཎྚི་ཏ་དག་ཀྱང་ཀློག་མི་ནུས་པ་དག །བོད་པ་རྒྱ་ཡིག་འབྲུ་གཅིག་མི་ཤེས་བ་ཞིག་གིས་ཀྱང་ཕྱེད་ཙམ་ཀློག་ནུས་པའི་ཕྱིར་རོ། །དབུ་མེད་ནི་དབུ་ཅན་འགྱོགས་སུ་བྲིས་པ་ལས་རང་བཞིན་གྱིས་བྱུང་བ་སྟེ། རང་རེའི་བོད་ཀྱི་དཔེ་སྙིང་རྣམས་ལ་ཡི་གེའི་གཟུགས། འོག་གི་རེའུ་མིག་ལ་འཁོད་པ་ལྟར་བྱུང་ལ། འབྲུག་ཡུལ་སོགས་སུ་དེ་དང་རྣམ་པ་ཆེས་འདྲ་བའི་ཡི་གེ་དེང་སང་ཡང་འབྲི་བཞིན་པ་དང་། གཏེར་ཡིག་ཁུངས་མ་དག་ལ་མཁའ་འགྲོའི་བརྡའ་ཡིག་སྐད་པ་མང་པོ་ཞིག་འབྱུང་བ་ཡང་། ཕལ་མོ་ཆེ་སྔོན་གྱི་ཡིག་གཟུགས་ཁོ་ན་དང་། གཏེར་ཚག༔འདི་འདྲ་བ་དེ་ཡང་སྔོན་གྱི་ཡིག་རྙིང་ལ། ཚག་གོང་འོག་གཉིས་རེ་རྟག་ཏུ་འོངས་པ་དེའི་སྲོལ་དུ་འདུག་པའི་ཕྱིར་རོ། །

ཀྱེ་མ། ཁ་བ་ཅན་དུ་མ་གྲགས་པའི། །ཁ་གཏམ་འདི་འདྲ་བྲིས་ན་ཡང་། །ཁ་སྐབས་བཟོ་བལྟ་དམན་པའི་ཕྱིར། །ཁ་ལ་ཉན་མཁན་ཡོང་དོགས་མེད། །ངྷརྨའི་མིང་ཅན་ནས་སོ། །

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4189