—དཔའ་བོ་གཙུག་ལག་ཕྲེང་བའི་རང་རྣམ་ལས་བཤུས།
མདོར་ན་བདག་འདྲ་མཆེད་པའི་དངོས་པོས་དབེན། །རིགས་གཟུགས་འབྱོར་པས་དམན་ལ་ཐོས་པ་ཞན། །བརྩོན་འགྲུས་ཆུང་ཞིང་ལེ་ལོས་དུས་འདས་ཕྱིར། །མཉེས་པ་རྣམ་གསུམ་ཅི་ཡང་མ་གྲུབ་ཀྱང་། །དམ་ཆོས་བྱེད་ལོར་མོས་པ་ཙམ་ཉིད་ལས། །ཐུགས་ཀྱི་སྲས་སུ་བཟུང་སྟེ་བརྩེ་བས་བསྐྱངས། །དབང་དང་གདམས་ངག་གཞུང་བཤད་མ་ལུས་པ། །རྒྱལ་་བ་ཉིད་ཀྱིས་ཆེད་དུ་བརྗོད་པས་གནང་། །གནས་སྐབས་ནད་དང་འཚེ་བ་ཅི་བྱུང་ཡང་། །གསང་ཆབ་བསྩལ་བ་འཐུངས་པས་གཞི་མེད་སོས། །ཡིད་ལ་འདོད་པའི་དོན་ཀུན་མ་ལུས་པ། །ཕལ་ཆེར་གསོལ་བ་བཏབ་པ་ཙམ་གྱིས་གྲུབ། །རྣམ་རྟོག་སོམ་ཉིའི་དྲ་བ་ཅི་མཆིས་པ། །ནམ་ཡང་ངག་དུ་བརྗོད་པར་མ་བགྱིས་ཀྱང་། །དུས་ལ་བབ་ཚེ་ཚོགས་སམ་དབེན་པ་རུ། །ཐོགས་མེད་མཁྱེན་པས་ཐེ་ཚོམ་ཐམས་ཅད་བཅད། །ཤེས་བྱ་ཇི་ལྟ་ཇི་སྙེད་ཐམས་ཅད་ལ། །སྐད་ཅིག་ཙམ་ཡང་སྒྲིབ་གཡོགས་མེད་པའི་སྤྱན། །རྟག་ཏུ་མངའ་བའི་ངེས་པ་གཏིང་ནས་བརྙེད། །རྣམ་པར་ཐར་པའི་རྒྱ་མཚོ་མཐའ་ཡས་ཅིང་། །གཏིང་ཟབ་འཕགས་མཆོག་གིས་ཀྱང་རྟོགས་དཀའ་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མངའ་བར་གོ །དང་པོའི་ལས་ཅན་བློ་ཆུང་རྣམས་གཟུང་ཕྱིར། །དེ་དང་སྐལ་བ་མཚུངས་པར་སྟོན་པའང་མཐོང་། །དྲེགས་ཤིང་འགྱིང་བ་སྐད་ཅིག་མི་མངའ་སྟེ། །མཉན་དེས་འགྲོགས་བདེའི་རང་བཞིན་ཉིད་ཡིན་ཡང་། །རིགས་དང་ཐོས་པའམ་ནུས་པ་ལ་སོགས་པས། །རབ་དྲེགས་ཚངས་བསྙེམས་ཅན་རྣམས་ཉི་མའི་དྲུང་། །སྲིན་བུའི་མེ་བཞིན་འགྱུར་བ་དུ་མ་མཐོང་། །སྐྱོན་ལྡན་རྣམས་ཀྱི་སྐྱོན་གྱི་བང་མཛོད་རྣམས། །ཚུལ་འཆོས་འཆིང་བ་དུ་མས་བསྡམས་ན་ཡང་། །རྒྱལ་བའི་བཀའ་ཡི་ཟླ་ཟེར་ཕོག་ཙམ་གྱིས། །རང་བཞིན་རབ་དུ་གསལ་བ་ཉིད་ཏུ་སྣང་།།འབྲེལ་ཚད་ཐམས་ཅད་དོན་དང་ལྡན་པ་དང་། །ཅི་མཛད་ཡོན་ཏན་ཅི་གསུངས་གདམས་ངག་ཞེས། །སྔོན་ནས་ཚིག་ཙམ་དུ་ནི་རབ་གྲགས་མོད། །ངེས་པར་མངའ་བ་དེ་ནི་བདག་གི་མགོན། །ཐུགས་རྗེའི་གཏེར་ཆེན་རྒྱལ་བ་འདི་ཡིན་ནོ། །བདག་ནི་ཕྱོགས་ཞེན་ཙམ་གྱིས་གུས་མིན་སྟེ། །ཟང་ཟིང་གནང་བས་མགུ་བར་གྱུར་པའང་མིན། །རྙེད་དང་བཀུར་སྟི་གྲགས་པ་འཁོར་གཡོག་སོགས། །ཁེ་གྲགས་ཆེད་དུ་གུས་པའང་མ་ཡིན་སྟེ། །སྙན་གྲགས་ཙམ་གྱིས་མཐོ་འགྲིམས་བགྱིས་པའང་མིན། །ཐར་འདོད་ཚེ་འདིའི་ལམ་དུ་མི་སྦྱོར་ཞིང་། །ཐེ་ཚོམ་ཀུན་གཅོད་ཤེས་བྱ་མ་ལུས་མཁྱེན། །གསོལ་བ་བཏབ་ན་བྱིན་གྱིས་རློབ་ནུས་པའི། །ཡིད་ཆེས་ངེས་པ་གཏིང་ནས་བརྙེད་པ་ཡིན། །བདག་འདྲའི་སྐྱེ་བོ་རྣམ་རྟོག་ཆེར་རགས་པ། །ལོག་རྟོག་མདུད་པས་རབ་གཟིངས་འདི་ཡིས་ཀྱང་། །ཇི་ལྟ་བུར་ཡང་ཚད་བཟུང་མ་ནུས་སྟེ། །དེ་སླད་བསམ་མི་ཁྱབ་པར་ཁོ་ཐག་ཆོད། །ལྷ་བསྒོམས་སྔགས་བཟླས་ལམ་གཞན་ཅི་བསྒོམས་ཀྱང་། །རྟོག་པ་གཅིག་ལ་གཅིག་འཐུད་ཕྲེང་བར་འདུག། །མགོན་འདི་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །འཁྲུལ་སྣང་ཐམས་ཅད་གཅིག་ཆར་འཇིག་པ་དང་། །གཉེན་པོའི་བློ་ཀུན་གཅིག་ཆར་སྐྱེ་བའི་ཚུལ། །སྲང་མདའི་མཐོ་དམན་ལྟ་བུར་འགྱུར་མཐོང་བས། །ཀུན་གོ་གཅིག་གིས་ཆོད་པར་ངེས་ཤེས་སྐྱེས།།སྐུ་གསུམ་སྣང་བ་པོ་ཡི་རིམ་པ་སྟེ། །གཟུགས་སྐུ་མཚན་དང་ཞལ་ཕྱག་སྣ་ཚོགས་པ། །གང་ལ་གང་གིས་འདུལ་བའི་བརྡ་བཏགས་ཙམ། །ཆོས་གྱི་སྐུ་འམ་ངོ་བོ་ཉིད་སྐུ་ནི། །རང་བཞིན་གཟོད་ནས་དག་པ་ཙམ་ལ་བརྗོད། །དེ་སླད་རྫོགས་པའི་སངས་རྒྱས་སྐད་པ་ཡང་། །བརྟགས་ན་བདག་གི་མགོན་འདི་ཁོ་ན་ལས། །གཞན་ན་ཅུང་ཟད་ཡོད་པར་མ་འཚལ་ཏོ། །དེ་སླད་ཕྱོགས་བཅུ་དུས་གསུམ་རྒྱལ་ཀུན་དང་། །ཆོས་དང་དགེ་འདུན་ཡི་དམ་མཁའ་འགྲོ་དང་། །ཡེ་ཤེས་ཆོས་སྐྱོང་སྲུང་མར་བཅས་ཀུན་ཡང་། །གཅིག་བསྡུས་རྒྱལ་བ་ཉིད་ཏུ་ཐག་ཆོད་པས། །གཞན་ན་ཡོད་སྙམ་སྐད་ཅིག་མི་བདོག་གོ །བདག་གི་ཐོག་མེད་འཁོར་བའི་དུས་ཕྱིན་ཆད། །རྒྱུད་ལ་དགེ་དང་ཡོན་ཏན་ཅི་བདོག་པ། །ཐམས་ཅད་མགོན་པོ་འདི་ཡི་བཀའ་དྲིན་ཡིན། །བདག་གི་ལུས་སྲོག་བྱེ་མར་རབ་བྱས་པ། །ལན་གྲངས་རབ་འབྱམ་རྒྱ་མཚོའི་རྡུལ་བཀོད་ཀྱང་། །རྒྱལ་་བ་མཆོག་འདིའི་བཀའ་དྲིན་ཆ་ཤས་ཀྱི། །ཆ་ཤས་ཙམ་ཡང་ཁེང་བར་མི་བདོག་གོ །དེ་ཕྱིར་ལྷ་གཅིག་སྐྱབས་གཅིག་དཔུང་གཉེན་གཅིག །བལྟ་བྱའི་ཡུལ་གཅིག་ཐོབ་བྱའི་འབྲས་བུ་གཅིག། །སྒྲུབ་བྱའི་གཞི་གཅིག་ཡི་དམ་ཆོས་སྐྱོང་གཅིག །ཀུན་གོ་གཅིག་ཆོད་མི་བསྐྱོད་རྒྱལ་་བ་ཡིན། །སྒྲུབ་བྱའི་ལམ་གཅིག་ལྟ་སྒོམ་སྤྱོད་པ་གཅིག །ཉམས་ལེན་གེགས་སེལ་བོགས་འདོན་གཅིག་པ་ནི་། །མོས་གུས་གསོལ་འདེབས་རྣལ་འབྱོར་ཁོ་ན་ཡིན། །དེ་ཕྱིར་ཆོས་ཐོབ་བླ་མ་མང་ཡོད་ཀྱང་། །གསོལ་འདེབས་བློ་གཏད་བྱ་ཡུལ་གཅིག་ཉིད་ཡིན། །གཞུང་ལུགས་གདམས་ངག་མང་ཞིག་ཤེས་ན་ཡང་། །ཉམས་ལེན་མོས་གུས་ཕྱག་ཆེན་གཅིག་པོ་ཡིན། །བླ་མར་རྫོགས་པའི་སངས་རྒྱས་དངོས་བརྙེད་ནས། །ཟང་ཟིང་མགོ་འདོན་རེ་བ་མ་བགྱིས་སྟེ། །བློ་གཏད་ཡིད་ཆེས་སྙིང་ཕུར་ཐེབས་པའི་ཕྱིར། །དལ་འབྱོར་དོན་དང་ལྡན་སྙམ་རེས་འགའ་སེམས།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4186
དཔྱད་མཆན་སྤེལ།