སྔོན་གླེང་ཉུང་ངུ་།
དེང་གི་དུས་ནི་ལྟ་བ་མཉམ་འདུ་དང་བསམ་ཚུལ་ལྷུག་བརྗོད་ཀྱི་སྐབས་སམ། ཡང་ན་འགྲུལ་འགྲིམ་དང་དྲྭ་བ་སོགས་ཀྱི་གང་ཐད་ནས་འབྲེལ་ལམ་ཤིན་ཏུ་སྟབས་བདེ་རུ་གྱུར་པའི་སྐབས་འདིར། ཤར་ནུབ་ཀྱི་ཆོས་ལུགས་འདྲ་མིན་དང་ལྟ་གྲུབ་འདྲ་མིན། ལངས་ཕྱོགས་འདྲ་མིན། བྱ་སྤྱོད་འདྲ་མིན་དག་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་དབང་གིས། རང་དང་རང་གི་ཕྱོགས་སུ་གཏོགས་པ་དག་གིས་ཀྱང་། མི་རབས་དུ་མ་ལ་ཡིན་ཡིན་འགྲིག་འགྲིག་གིས་གཙུག་ཏུ་བཀུར་བའི་ཆོས་དང་སྲོལ་རྒྱུན། ལངས་ཕྱོགས་དང་རིན་ཐང་གི་ལྟ་བ་དག་ལའང་། དོགས་སློངས་དང་དགག་སྒྲུབ་བྱེད་པའི་སྐབས་སུ་ཁེལ་བས། གཙོ་ཆེར་དངོས་ཡོད་ཀྱི་རྒྱུ་མཚན་དང་དཔང་རྟགས་རེ་སྟོན་རྒྱུ་མེད་ཚེ། གསུང་པའི་ཕྱིར་ཟེར་བ་ཙམ་གྱིས་རྣ་རུ་འགྲོ་བ་དཀའ། ལྷག་པར་ནང་པའི་ལྟ་གྲུབ་དང་རིགས་གཞུང་བསམ་བློ་བཅས་ལ་སློབ་སྦྱོང་བྱེད་པ་ནི་དགོས་མེད་མཁོ་མེད་ཀྱི་མི་ཚེ་སྐྱེལ་སྟངས་ཤིག་ཏུ་བསམ་མཁན་ཡང་མང་ནས་མང་དུ་འགྲོ་བཞིན་འདུག་ལ། ཡང་དགོས་སུ་ཤེས་རབ་ཀྱི་ན་མ་སྨིན་ཀྱང་གོ་ལོ་ཐོས་ལོ་ཙམ་ཡོད་བའི་འགའ་ཞིག་གིས། ཚན་རིག་ཅེས་པའི་འཇལ་ཤིང་ཞིག་ཁ་རུ་བཟུང་ནས་དེས་འདེགས་མ་ཐུབ་ན་མེད་པ་དང་། དེའི་སྲང་དང་མ་མཉམ་ན་འགྲིག་མེད་པར་འུར་ཆེན་པོར་སྒྲོག་སྟེ། རིག་རྩལ་དང་ཤེས་རབ་ལས་འཁྲུངས་པའི་རིན་བྲལ་གྱི་གཞུང་ལུགས་དང་ལྟ་བ་ལམ་སྲོལ་དང་གོམས་གཤིས་དག གང་འདོད་དུ་གད་སྙིགས་བཞིན་དོར་བ་བྱེད་ཅིང་། དེ་ལྟར་བྱེད་པ་དེའང་ཤེས་འཇོན་ཅིག་དང་གཟི་བརྗིད་ཅིག་ཏུ་རློམ་གྱིན་འདུག ཁྱད་པར་དུ་ཆོས་མངོན་པའི་ལུགས་ཀྱི་འཇིག་རྟེན་ཆགས་ཚུལ་ནི་དེང་དུས་ཀྱི་ཚན་རིག་དང་མི་མཐུན་རབ་དང་། གནས་ལུགས་དང་འགལ་ཡོད་རབ་མཁས་བླུན་ཇི་རྙེད་ཀྱི་ཁ་ནས་རླུང་ལྟར་གྲགས་བཞིན་འདུག་ལ། རང་ཕྱོགས་འཛིན་པ་དང་གཞན་ཕྱོགས་འཛིན་པ། རིག་པ་ན་མ་སྨིན་པ་དང་སྨིན་པ། རིགས་གཞུང་ལ་གོམས་འདྲིས་ཡོད་མཁན་དང་མེད་མཁན། མདོར་ན་མང་དག་ཅིག་གི་སེམས་སུ་མཛོད་ནས་བཤད་པའི་འཇིག་རྟེན་ཆགས་ཚུལ་ལ་ཡིད་རྟོན་ཆུང་རུ་སོང་ཞིང་། དེ་ནི་དུས་ཚོད་བརླག་བྱེད་ཀྱི་སྒྲུང་གཏམ་ཞིག་ལས་ཅི་ཡང་མིན་པར་སྙམ། དེ་བས་རིག་མཐུན་ན་མཉམ་སློབ་པ་ལ་བརྩོན་བཞིན་པ་དག་གིས་ཀྱང་། མཛོད་ཀྱི་འཇིག་རྟེན་ཆགས་ཚུལ་ལ་སློབ་བཞིན་སོམ་ཉི་ཡི་རྒྱ་རུ་ཚུད། འདི་བདེན་ནམ་མི་བདེན། འདི་དངོས་ཡོད་དང་མཐུན་ནམ་མི་མཐུན། དེང་དུས་ཀྱི་མཁས་པ་ཆེན་པོ་དག་གིས་གསུང་པ་དེ་བདེན་ན། འདི་ལ་སློབ་པའི་ཉིང་དགོས་ཆུང་སྙམ་ནས། དགའ་སྤྲོའི་ངང་བློ་གཅིག་སེམས་གཅིག་གིས་སློབ་གཉེར་ཕུར་ཚུགས་སུ་བྱེད་མཁན་ཉུང་རུ་སོང་བའི་སྣང་ཚུལ་ཡང་ག་ས་གང་དུ་མངོན་མོད། འོན་ཀྱང་ཁོ་བོས་ནི་ལོ་གསུམ་གྱི་ཡར་སྔོན་ནས་མཛོད་ཀྱི་འགྲེལ་ཆེན་གྲུབ་བདེ་དཔྱིད་འཇོ་ཡི་ཐོག་ནས། རྩོད་ཁྲིད་ཞིབ་པར་ཐོབ་པའི་སྐལ་བཟང་ཤར་བ་དང་། ད་ལོར་མཛོད་འཛིན་གྲྭའི་སློབ་གཉེར་པ་དག་དང་ལྷན་བགྲོ་གླེང་ཀྱང་ཁ་ཤས་བྱས་ཤིང་། དཔེ་ཀློག་ཀྱང་ཅུང་ཟད་རེ་བྱས་པ་ལས། དངོས་ཡོད་དང་མཐུན་མིན་གང་ལྟར་རུང་མཛོད་རང་ནས་བྱུང་བའི་འཇིག་རྟེན་ཆགས་རིམ་སྐོར་ཅུང་གོ་བདེ་མོའི་ཚུལ་དུ་མི་བརྗེད་པའི་ཐོ་རུ་འབྲི་བ་མོས་སོ། །
རྟེན་འོག་གཞི་དཀྱིལ་འཁོར་གསུམ་གྱི་གྲུབ་ཚུལ་དང་རྒྱ་ཁྱོན།
གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན། སྟོན་པ་ཐུབ་པའི་དབང་པོའི་གདུལ་ཞིང་དུ་གྲགས་པའི་མི་མཇེད་འཇིག་རྟེན་གྱི་ཁམས་ཀྱི་ནང་སེས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཆ་ཤས་སུ་གྱུར་པ་འདི་ཉིད། ཇི་ལྟར་གནས་ཡོད་པ་དང་། ཐོག་མར་ཇི་ལྟར་ཆགས་པ་ཡིན་ཞེ་ན། དེ་ཡང་ཐོག་མར་སེམས་ཅན་ཐུན་མོང་གི་ལས་ཀྱི་དབང་གིས། ཅི་ཡང་མེད་པའི་བར་སྣང་གི་ཁམས་ཆེན་པོ་དེ་རུ་ལས་རླུང་འཇམ་པོ་ཡུན་རིང་ལྡང་ཞིང་། རིམ་པས་རླུང་དེ་ལས་བར་སྣང་དུ་རྡུལ་རྫས་བརྒྱད་ཀྱི་གོང་བུ་ལས་གྲུབ་པ། དེའི་ནང་ནས་ཀྱང་རླུང་རྡུལ་ཤས་ཆེ་བས་ན་རླུང་གི་དཀྱིལ་འཁོར་ཞེས་བྱ་བ། རང་བཞིན་ཤིན་ཏུ་སྲ་མོ་དང་འཐས་མོར་ཆགས་ནས་ཚན་པོ་ཆེའི་རྡོ་རྗེ་ཞེས་བྱ་བས་ཀྱང་གཞིག་པ་མི་ནུས་པ། རྔམས་སམ་མཐོ་ཚད་ལ་དཔག་ཚད་ས་ཡ་གཅིག་དང་འབུམ་དྲུག(༡༦༠༠༠༠༠) ཡོད་པ་དང་རྒྱ་ཁྱོན་གྱི་ཚད་ལ་གྲངས་མེད་ཡིན་པའི་འོག་གཞི་དཀྱིལ་འཁོར་ཆེན་མོ་འདི་ཉིད་གྲུབ་པ་ཡིན་ལ། དེ་ཉིད་ལ་འོག་གཞི་རླུང་གི་དཀྱིལ་འཁོར་ཞེས་བྱ་ཞིང་། མི་མཇེད་འཇིག་རྟེན་གྱི་ཁམས་ཆེན་མོ་དེ་གྲུབ་པའི་རྨང་གཞིའམ་རྟེན་ཐོག་མ་དང་གཙོ་བོ་དེ་ཡིན། དེ་ལྟར་རླུང་གི་དཀྱིལ་འཁོར་དེ་ལེགས་པར་གྲུབ་པས། སླར་སེམས་ཅན་གྱི་ལས་ཀྱི་དབང་གིས་བར་སྣང་དུ་སྤྲིན་གསེར་གྱི་སྙིང་པོ་ཅན་ཞེས་བྱ་བ་འདུས་པས་ཆར་གྱི་རྒྱུན་གཉའ་ཤིང་ཙམ་ཡུན་རིང་དུ་བབས་པས། སྔར་གྱི་དཀྱིལ་འཁོར་ཐོག་ཏུ་ཆུ་ཡི་དཀྱིལ་འཁོར་ཉིད་གྲུབ་པ་ཡིན་ནོ། ། ཆུ་དཀྱིལ་དེའི་མཐོ་ཚད་ལ་དཔག་ཚད་ས་ཡ་གཅིག་འབུམ་གཅིག་ཁྲི་གཉིས(༡༡༢༠༠༠༠)ཡོད་ལ། ཐད་ཀར་ཆུ་དག་མི་འབོ་བར་རྩགས་སུ་དེ་ལྟར་འདུག་པ་ཅི་ཡིན་ཞེ་ན། དེ་ཡང་འགའ་ཤས་ཀྱི་ལས་ཀྱི་དབང་གིས་ཡིན་ནོ་ཞེས་ཟེར་ལ། ཡང་ལ་ལས་ནི་དེའི་ཕྱི་རོལ་ནས་རླུང་གིས་བསྐྱོར་བས་འབོ་མི་བཅུག་པ་ཡིན་ཟེར། དེ་ཉིད་རླུང་གིས་སྟོང་གསུམ་གྱི་གྲངས་དང་མཉམ་པར་ཡང་ཡང་དཀྲུག་པས། ཞོ་ལ་སྤྲིས་མ་ཆགས་པ་བཞིན་དུ་ཆུ་དཀྱིལ་དེའི་ཁར་གསེར་དཀྱིལ་ཆགས་ལ། དེ་ལྟ་བུའི་གསེར་དཀྱིལ་དེའི་མཐོ་ཚད་ནི། དཔག་ཚད་སུམ་འབུམ་ཉིས་ཁྲི(༣༢༠༠༠༠)ཡོད། སྔར་ཆུ་དཀྱིལ་ལ་མཐོ་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉེ་ཤུ་ཡོད་པ་ལས། ད་ནི་སྟོད་ཀྱི་ཆ་འབུམ་གསུམ་ལྷག་གསེར་དཀྱིལ་དུ་གྱུར་པས། ཕྱིས་སུ་ཆུ་དཀྱིལ་རྐྱང་པའི་མཐོ་ཚད་ལ་འབུམ་ཕྲག་བརྒྱད(༨༠༠༠༠༠)ཏག་ཏག་ཡོད་པ་ཡིན། དེ་ལྟ་བུའི་ཆུ་གསེར་གྱི་དཀྱིལ་འཁོར་གཉིས་ཀྱི་རྒྱ་ཁྱོན་ནི་མཉམ་པ་ཡིན་པས། དེ་གཉིས་ཀྱི་དཀྱིལ་ཐིག་ལ་དཔག་ཚད་ས་ཡ་གཅིག་དང་འབུམ་གཉིས་དང་སུམ་སྟོང་བཞི་བརྒྱ་ལྔ་བཅུ་(༡༢༠༣༤༥༠)ཡོད། མཐའ་བསྐོར་བའི་རྒྱ་ཁྱོན་ལ་དཔག་ཚད་ས་ཡ་གསུམ་དང་འབུམ་དྲུག་ཁྲི་གཅིག་སུམ་བརྒྱ་ལྔ་བཅུ(༣༦༡༠༣༥༠)ཡོད་པ་ཡིན་ཏེ། དཀྱིལ་ཐིག་གི་སུམ་འགྱུར་མཐའ་བསྐོར་ལ་ཡོད་པ་ཟླུམ་པོའི་སྤྱི་ཚུལ་ཡིན་པའི་ཕྱིར། དཀྱིལ་འཁོར་དེ་གཉིས་ཀྱི་དབྱིབས་ནི་ཟླུམ་པོ་སྟེ་གོར་མོ་ཡིན་ནོ། །
འོག་དཀྱིལ་གསུམ་གྱི་གནས་སྟངས་སྐོར་གྱི་གསེད་བཀྲོལ།
འདིར་དཀྱིལ་འཁོར་གསུམ་གྱི་གནས་སྟངས་སྐོར་ལ་བཤད་ཚུལ་འགའ་ཡོད་པ་ཡིན་ལ། དེ་ཡང་ཁ་ཅིག་གིས་རླུང་དཀྱིལ་ལ་རྒྱ་ཁྱོན་གྲངས་མེད་བཤད་པ་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འོག་གཞི་ལ་ལྟོས་ནས་བཤད་པ་ཡིན་ལ། ཆུ་གསེར་གྱི་དཀྱིལ་འཁོར་ལ་རྒྱ་ཁྱོན་ཚད་ཡོད་པ་བསྟན་པ་ནི། གླིང་བཞི་རི་རབ་དང་བཅས་པའི་འཇིག་རྟེན་གཅིག་གི་འོག་གཞི་ལ་ལྟོས་ནས་བཤད་པ་ཡིན་པས། དེའི་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་འོག་གཞིར་གྱུར་པའི་དཀྱིལ་འཁོར་གསུམ་ཀའི་རྒྱ་ཁྱོན་ལ་ཚད་མེད་ལ། གླིང་བཞི་རི་རབ་དང་བཅས་པའི་འཇིག་རྟེན་གཅིག་གི་འོག་གཞིར་གྱུར་པའི་དཀྱིལ་འཁོར་གསུམ་ཀའི་རྒྱ་ཁྱོན་ལ་ཚད་ཡོད་ཅེས་འདོད་པ་ཡིན་ལ། དོན་ལ་འདི་པའི་ལུགས་ལ་དཀྱིལ་འཁོར་གསུམ་ཀའི་རྒྱ་ཁྱོན་གྱི་ཚད་མཉམ་པ་ཡིན་ཞེས་པ་དེ་ཡིན།
ཡང་ཁ་ཅིག་གིས་ནི་རླུང་དཀྱིལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འོག་གཞི་རུ་འབྲེལ་ཆགས་པ་གནས་པས་རྒྱ་ཁྱོན་ལ་གྲངས་མེད་ལ། དཀྱིལ་འཁོར་གཞན་གཉིས་ནི་གླིང་བཞི་རི་རབ་དང་བཅས་པའི་འཇིག་རྟེན་རེ་རེའི་འོག་གཞིར་གཞན་དང་མ་འདྲེས་པར་རླུང་དཀྱིལ་གྱི་ཐོག་ཏུ་གནས་པ་ཡིན་ལ། དེ་བས་ན་རླུང་དཀྱིལ་གྱི་རྒྱ་ཁྱོན་ལ་ཚད་མེད་ཀྱང་དཀྱིལ་འཁོར་གཞན་གཉིས་ཀྱི་རྒྱ་ཁྱོན་ལ་ཚད་ཡོད་པ་ཡིན་ཞེས་འདོད་པ་ཡིན། ཕྱོགས་དང་པོའི་འདོད་པ་ལྟར་ན། རྒྱལ་སྲས་མར་ཆུ་གསེར་གྱི་དཀྱིལ་འཁོར་གཉིས་པོ། གླིང་བཞིའི་ལྕགས་རིའི་ཕྱི་རོལ་ན་ཕྱོགས་རེར་དཔག་ཚད་སྟོང་གཅིག་དང་ཉིས་བརྒྱ་བརྒྱད་བཅུ་རྩ་ཕྱེད་བརྒྱད་རེ་ལྷག་པར་གསུང་པ་དང་མི་མཐུན་པ་ཡིན་ཏེ། དཀྱིལ་འཁོར་གྱི་རྒྱ་ཁྱོན་གླིང་བཞི་འཇིག་རྟེན་ལ་བསྟུན་ནས་འཇལ་བ་ཡིན་ན། གླིང་བཞིའི་ལྕགས་རི་ཕྱི་རོལ་དག་གླིང་བཞི་ཡི་དཀྱིལ་འཁོར་དུ་བསྡུ་ཐབས་མེད་པའི་ཕྱིར་རོ། ། ཕྱོགས་གཉིས་པའི་འདོད་པ་དེ་ནི་གང་སྤེལ་དང་རྒྱལ་སྲས་མ་སོགས་དང་མཐུན་ཞིང་། མཆིམས་འཇམ་པ་དབྱངས་དང་མཆིམས་ནམ་མཁའ་གྲགས་གཉིས་ཀས་ཀྱང་འཐད་ཕྱོགས་སུ་བཟུང་ལ། རང་ལུགས་ཀྱི་འདོད་པ་ཡང་སྤྱིར་ན་འདི་ལྟར་དུ་འགྲོ་དགོས་པ་ཞིག་ཡིན་འདུག་མོད། དེའི་ནང་ནས་ཀྱང་ཞིབ་ཆ་ཅུང་ཟད་གཅིག་ཡོད་པ་ཡིན་ཏེ། དེ་ཡང་འདི་ལྟར་སྔར་གསེར་དཀྱིལ་མ་ཆགས་པའི་སྐབས་རླུང་དཀྱིལ་དང་ཆུ་དཀྱིལ་གཉིས་ཙམ་གྲུབ་པའི་ཚེ་ན། རླུང་དཀྱིལ་དང་ཆུ་དཀྱིལ་གཉིས་རྒྱ་མཉམ་པས་རླུང་དཀྱིལ་མ་ཟད་ཆུ་དཀྱིལ་ལའང་རྒྱ་ཁྱོན་ལ་ཚད་མེད་ལ། ཕྱིས་རླུང་གིས་ཆུ་དཀྱིལ་ཡང་ཡང་དཀྲུག་པ་ལས་ཆུ་དཀྱིལ་སྟེང་རིམ་གསེར་དཀྱིལ་དུ་གྱུར་པ་དེའི་ཚེ་ན། འཇིག་རྟེན་བྱེ་བ་ཕྲག་བརྒྱའི་གྲངས་དང་མཉམ་པར་འོག་གཞི་ཆུ་གསེར་གྱི་དཀྱིལ་འཁོར་ཡང་གྲུབ་པས་ན། དེའི་ཚེ་གསེར་དཀྱིལ་བཞིན་དུ་ཆུ་དཀྱིལ་ལའང་རྒྱ་ཁྱོན་གྱི་ཚད་ཡོད་པ་ཡིན་ཅེས་ཞིབ་ཆ་སྨྲ་དགོས་པ་ཡིན་ཏེ། སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བས་མཛོད་འགྲེལ་ལས། “རླུང་དཀྱིལ་དང་རྒྱ་མཉམ་པའི་ཆུ་དཀྱིལ་དེ་གསེར་དཀྱིལ་དུ་འགྱུར་པའི་ཚེ། གླིང་བཞི་བྱེ་བ་ཕྲག་བརྒྱའི་གྲངས་ཀྱིས་སོ་སོར་དུམ་བུར་གྱུར་ཏེ་གནས་པ་ཡིན་པས། དེ་ཐམས་ཅད་ཀྱང་སྟེང་རིམ་གསེར་དང་འོག་རིམ་ཆུ་ཡིན་པའི་དཀྱིལ་འཁོར་གཉིས་ཀྱི་རྒྱ་ཚད་མཉམ་པ་ཡིན་ཏེ། གཉིས་ཀའི་ཐད་ཀར་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ཕྱེད་དང་ལྔ་རྣམས་སུ་མཉམ་པ་ཁོ་ན་ཡིན་པའི་ཕྱིར།” ཞེས་དང་། སྤོང་ཕུག་ཀརྨ་ངེས་དོན་གྱི་མཛོད་འགྲེལ་ལས། “དེ་ནས་རླུང་གིས་ཆུ་དེ་སྟོང་གསུམ་གྱི་གྲངས་དང་མཉམ་པར་དུམ་བུར་གཅད་དེ་བསྲུབས་པས་ཕྱིས་ནི་ཆུའི་རྔམས་སུ་འབུམ་ཕྲག་བརྒྱད་དང་། ལྷག་མ་སུམ་འབུམ་ཉིས་ཁྲི་དག་ནི་ཞོ་ལས་སྤྲིས་མ་ཆགས་པ་བཞིན་དུ་གསེར་དཀྱིལ་དུ་གྱུར་ཏེ། སྐབས་དེར་ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི་ཞིང་ཚད་འདྲ་བར་ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི་ཕྱེད་དང་ལྔ་རྣམས་ཁོ་ནའོ། །” ཞེས་གསུང་པའི་ཕྱིར་ནའོ། །
འདིར་དོགས་པ་ཞིག་ཡོད་པ་ནི། འོག་གཞི་རླུང་དཀྱིལ་གྱི་རྒྱ་ཁྱོན་ལ་གྲངས་མེད་ཅེས་པ་དེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འོག་གཞི་ལ་གོ་དགོས་པ་དང་། གྲངས་མེད་ཅེས་པ་དེའང་གྲངས་གནས་དྲུག་ཅུས་ཐད་ཀར་བགྲང་མི་ཐུབ་པ་ལ་དགོངས་པ་ཡིན་ཞེས་འགྲེལ་བ་དག་ཏུ་ཡང་ཡང་འཆད་མོད། འོན་ཏང་འཇིག་རྟེན་བྱེ་བརྒྱའི་ནང་གི་འཇིག་རྟེན་གཅིག་གི་འོག་གཞིའི་རྒྱ་ཁྱོན་ལ་དཔག་ཚད་ས་ཡ་གསུམ་དང་འབུམ་དྲུག་ཁྲི་གཅིག་སྟོང་མེད་སུམ་བརྒྱ་ལྔ་བཅུ(༣༦༡༠༣༥༠ )ཡོད་ལ། ཚད་དེ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་འོག་གཞི་ལ་བསྒྱུར་ན། དཔག་ཚད་གཏམ་གསུམ་དང་། རབ་བཀྲམ་ཆེན་མོ་དྲུག་དང་། རབ་བཀྲམ་གཅིག་དང་། ཁྲག་ཁྲིག་ཆེན་མོ་གསུམ་དང་། ཁྲག་ཁྲིག་གཉིས་དང་། ཐེར་འབུམ་ཆེན་མོ་ལྔ(༣༦༡༣༢༥༠༠༠༠༠༠༠༠༠༠)ལས་མེད་ལ། དེའི་ཁར་འཇིག་རྟེན་དག་གི་བར་སྟོང་གི་ཚད་ལ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་འོག་གཞིའི་ཚད་ཙམ་བསྣན་ཀྱང་ད་དུང་དཔག་ཚད་གཏམ་བདུན་དང་། རབ་བཀྲམ་ཆེན་མོ་གཉིས། རབ་བཀྲམ་གཉིས། ཁྲག་ཁྲིག་ཆེན་མོ་དྲུག ཁྲག་ཁྲིག་ལྔ་ལས( ༧༢༢༦༥༠༠༠༠༠༠༠༠༠༠༠)མེད་སྟབས། གྲངས་གནས་དྲུག་ཅུ་ལས་གྲངས་གནས་དང་པོ་བཅུ་དྲུག་ཙམ་གྱིས་ཀྱང་བགྲང་བ་ནུས་པས། སྟོང་གསུམ་གྱི་སྟོང་ཆེན་མོའི་འཇིག་རྟེན་གྱི་འོག་གཞི་དེ་གྲངས་གནས་དྲུག་ཅུས་ཐད་ཀར་བགྲང་མི་ནུས་ཞེས་པ་ནི་ཅུང་བཤད་དཀའ་བ་སྣང་ངོ། །
བརྟེན་པ་རི་མཚོའི་གྲུབ་ཚུལ་དང་རྒྱ་ཁྱོན།
དེ་ལྟར་འོག་གཞི་དཀྱིལ་འཁོར་གསུམ་མ་ལུས་པར་གྲུབ་རྗེས། སླར་ཡང་ནམ་མཁའ་ན་ས་བོན་སྣ་ཚོགས་པ་ཅན་གྱི་སྤྲིན་འཁྲིགས་ཤིང་ཆར་ཡུན་རིང་བབ་པས། རྔམས་སམ་མཐོ་ཚད་ལ་དཔག་ཚད་བརྒྱད་ཁྲི(༨༠༠༠༠)ཡོད་པའི་རྒྱ་མཚོ་ཞིག་ཆགས། མཚོ་དེ་ཉིད་ཡང་རླུང་གིས་ཡང་ཡང་བསྲུབས་པ་ལས་རི་དང་གླིང་དག་གྲུབ་པ་ཡིན། དེ་ཡང་ཐོག་མར་ཁམས་རབ་སྡུད་ཅིང་འབྱེད་པའི་རླུང་ཞེས་བྱ་བས་མཚོ་དེ་དཀྲུགས་པས་དབུས་ཀྱི་རི་རྒྱལ་ལྷུན་པོ་ཆགས། དེའི་འོག་ཏུ་ཁམས་འབྲིང་སྡུད་ཅིང་འབྱེད་པ་ཞེས་བྱ་བའི་རླུང་གིས་རི་རྒྱལ་གྱི་ཕྱོགས་བཞི་ནས་མཚོ་དེ་དཀྲུགས་པས་རི་བདུན་གྲུབ་ཅིང་། སླར་ཁམས་ཐ་མ་སྡུད་པ་ཞེས་བྱ་བའི་རླུང་གིས་རི་དག་གི་མཐའ་ཁ་ནས་ཁོལ་བུར་དཀྲུགས་པས་གླིང་རྣམས་དང་མཐའ་ཡི་ལྕགས་རི་རྣམས་གྲུབ་པ་བཞེད་དོ། ། དེ་ལ་དང་པོ་རི་རབ་ཀྱི་མཐོ་ཚད་ནི་དཔག་ཚད་ཆིག་འབུམ་དྲུག་ཁྲི(༡༦༠༠༠༠)ཡོད་ལ། ཕྱེད་གོང་གི་རྒྱ་མཚོར་ནུབ་ཅིང་ཕྱེད་རྒྱ་མཚོའི་སྟེང་དུ་འཕགས་ཡོད། དབྱིབས་ནི་གྲུབ་བཞི་ཡིན་ཞིང་། རྒྱུ་ཆ་ནི་རིན་པོ་ཆེན་བཞི་ཡི་རང་བཞིན་ཡིན་ལ། དེའང་ལྷུན་པོའི་ཤར་ནི་དངུལ། ལྷོ་ནི་བཻཊུ་ཡ། ནུབ་ཏུ་ཤེལ། བྱང་དུ་གསེར་གྱི་རང་བཞིན་ཡིན་ཞིང་། ཕྱོགས་བཞི་སོ་སོའི་རྒྱ་མཚོ་དང་ནམ་མཁའི་ཁ་མདོག་ནི། རིན་ཆེན་དེ་དག་དང་མཐུན་པར། ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་སེར་པོ་ཡིན་ཏེ། རྒྱལ་སྲས་མར། “ངོས་བཞི་དག་ཏུ་གྲངས་བཞིན་ནོ་ཞེས་བྱ་བ་ནི་བྱང་གི་སྒྲ་མི་སྙན་ལོགས་ཀྱི་ངོས་ནི་གསེར་གྱི་རང་བཞིན་ནོ། །ཤར་གྱི་ལུས་འཕགས་ལོགས་ཀྱི་ངོས་ནི་དངུལ་གྱི་རང་བཞིན་ཡིན་ནོ། །འཛམ་བུའི་གླིང་ལོགས་ཀྱི་ངོས་ནི་བཻ་ཌཱུརྱའི་རང་བཞིན་ནོ། །ནུབ་ཀྱི་བ་ལང་སྤྱོད་ལོགས་ཀྱི་ངོས་ནི་ཤེལ་གྱི་རང་བཞིན་ནོ། །”ཞེས་འབྱུང་བ་བཞིན་བོད་ཀྱི་མཛོད་འགྲེལ་གྲགས་ཅན་མཆིམས་མཛོད་གཉིས་དང་། རང་ལུགས་ཀྱི་མཛོད་འགྲེལ་རྣམས་ཀྱིས་ཁས་ལེན་པ་མཛད་དོ། ། སྤྱིར་ཡིན་ན་ཤེལ་མདོག་ཟེར་དུས་ང་ཚོའི་བློ་ངོར་རང་བཞིན་གྱི་དཀར་པོའི་རྣམ་པ་ཞིག་ཤར་ཡོང་མོད། འདིར་ཤེལ་མདོག་ལ་དམར་པོ་ཟེར་བ་དེ་ཅུང་གོ་མ་བདེ་བ་ཞིག་སྣང་། འདིའི་བསྐོར་གྱི་གསལ་བཤད་གོ་བདེ་ཞིག་སྔོན་དཔེ་ཀློག་སྐབས་ཞིག་ལ་ཁོ་བོས་མཐོང་སོང་སྙམ་ནའང་། རྩོམ་འདི་འབྲི་སྐབས་གསལ་བཤད་དེ་བརྗེད་ངེས་ཀྱིས་ཁྱེར་ཞིང་། དཔེ་ཆ་འདི་ཡིན་བསམ་པ་དག་ལས་ཀྱང་མ་རྙེད་པས། གསལ་ཁ་ཅན་ཞིག་ཞུ་རྒྱུ་མ་བྱུང་ངོ་། །འཇིག་རྟེན་གཞག་པ་ལས་ནི། “རིའི་རྒྱལ་པོ་རི་རབ་ཀྱི་ངོས་ནི་བཞི་ཡོད་དེ། ཤར་གྱི་ངོས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ཀྱི་ངོས་སོ། །ཤར་ཕྱོགས་ཀྱི་ངོས་ནི་ཤེལ་ལས་གྲུབ་པའོ། །ལྷོ་ཕྱོགས་ཀྱི་ངོས་ནི་བཻ་ཌཱུརྱ་ལས་གྲུབ་པའོ། །ནུབ་ཕྱོགས་ཀྱི་ངོས་ནི་དངུལ་ལས་གྲུབ་པའོ། །བྱང་ཕྱོགས་ཀྱི་ངོས་ནི་གསེར་ལས་གྲུབ་པའོ། །”ཞེས་ཤར་ཤེལ་དང་ནུབ་དངུལ་དུ་བཤད་པ་འདི་ཡིག་ནོར་མིན་ན། གཞན་དང་མ་མཐུན་པའི་བཤད་ཚུལ་དམིགས་གསལ་བ་ཞིག་ཡིན་སྟབས། དཔྱོད་ལྡན་དག་གིས་དཔྱད་པ་མཛད་རིགས་སོ། ། རི་རབ་ཀྱི་རྒྱ་ཁྱོན་ནི་ངོས་རེ་ལ་དཔག་ཚད་བརྒྱད་ཁྲི(༨༠༠༠༠)རེ་ཡོད་ལ། མཐའ་བསྐོར་དུ་དཔག་ཚད་སུམ་འབུམ་ཉིས་ཁྲི(༣༢༠༠༠༠)ཡོད་པ་ཡིན་ནོ། ། གསེར་གྱི་རི་བདུན་གྱི་དང་པོ་གཉའ་ཤིང་འཛིན་རི་ཆུའི་སྟེང་ལ་འཕགས་པའི་མཐོ་ཚད་ལ་དཔག་ཚད་བཞི་ཁྲི(༤༠༠༠༠)ཡོད་ལ། དེ་ཡང་རི་འདི་དག་གང་དང་གང་ཡིན་ཡང་ཆུར་དཔག་ཚད་བརྒྱད་ཁྲི་ནུབ་པ་འདྲ་ལ། ཆུ་སྟེང་ལ་འཕགས་པའི་མཐོ་ཚད་རང་གི་ནང་ལོག་གི་རི་ལ་ལྟོས་ན་ཕྱེད་ཀྱི་དམའ་བ་ཡིན། དཔེ་ན་རི་འདིའི་ནང་རོལ་གྱི་རི་ལྷུན་པོ་ལ་ལྟོས་ན་དཔག་ཚད་བཞི་ཁྲིས་དམའ་བ་བཞིན་ནོ། ། ཁ་ཞེང་ཡང་དེ་དང་འདྲ་བར་ཕྱོགས་རེར་དཔག་ཚད་བཞི་ཁྲི་(༤༠༠༠༠)རེ་ཡོད་ལ། རི་ཕྱི་མ་འདི་དག་རི་རབ་དང་ཅུང་ཟད་མི་འདྲ་ས་ཞིག་ཡོད་པ་ནི། དཔེ་ན་རི་རབ་ནི་དབྱིབས་གྲུ་བཞི་ཡིན་པ་གང་ཞིག་གི་ཐོག་ཏུ། ཤར་ནས་ནུབ་དང་ལྷོ་ནས་བྱང་གང་དུ་འཇལ་ཡང“དེ་དག་རྔམས་སུ་འཕངས་དང་མཉམ”ཞེས་པ་བཞིན་དཔག་ཚད་བརྒྱད་ཁྲི་ཡོད་པ་ཡིན་ལ། དེའང་གྲུ་བཞི་གང་ཞིག་ལ། དེའི་ནང་ལོག་དང་ཆ་ཚང་རི་རབ་ཡིན་པས་ཡིན། ཡིན་ནའང་རི་ཕྱི་མ་དག་ནི་དབྱིབས་གྲུ་བཞི་ཡིན་ཡང་གྲུ་བཞི་དེའི་ནང་ལོག་ཆ་ཚང་རི་རང་ཉིད་མིན་ཏེ། དཔེ་ན་གཉའ་ཤིང་འཛིན་གྱི་རི་ཡི་ནང་དུ་རོལ་མཚོ་དང་པོ་དང་རི་རབ་གཉིས་ཀ་ཡོད་པ་ལྟ་བུ་ཡིན། དེའི་ན་རི་ཕྱི་མ་དག་གི“རྔམས་སུ་འཕངས་དང་མཉམ”ཚུལ་དེ་རི་རབ་ལ་ལྟོས་པའི་ཤར་ནས་ནུབ་དང་ལྷོ་ནས་བྱང་ལྟ་བུ་ལ་འཇལ་རྒྱུ་མིན་པར། རི་རབ་ལ་ལྟོས་པའི་ཤར་ཆའི་ཁ་ཞེང་། ལྷོ་ཆའི་ཁ་ཞེང་། ནུབ་ཆའི་ཁ་ཞེང་། བྱང་ཆའི་ཁ་ཞེང་ཞེས་སོ་སོར་འཇལ་དགོས་པ་ཡིན། དེ་ནས་གཉའ་ཤིང་འཛིན་རིའི་ཕྱོགས་རེའི་ཁ་ཞེང་ལ་དཔག་ཚད་བཞི་ཁྲི(༤༠༠༠༠)རེ་ཡོད། འཆད་འགྱུར་གྱི་རི་དག་གི་ཁ་ཞེང་གི་ཚད་ཀྱང་འདི་བཞིན་འཇལ་དགོས་པར་ཤེས་པ་བྱའོ། ། རི་འདིའི་དབྱིབས་ནི་གྲུ་བཞི་ཡིན་ལ་གནས་སྟངས་ནི་རོལ་མཚོ་དང་པོའི་མཐའ་བསྐོར་ནས་གནས་ཡོད། རི་འདི་རྒྱུ་ཆའམ་གྲུབ་ཆ་ནི་གསེར་ཡིན་ཏེ། རི་བདུན་པོ་ཐམས་ཅད་ཀྱི་རྒྱུ་ཆ་གསེར་ཡིན་པའི་ཕྱིར། སྤྱིར་མཛོད་གཞུང་ལྟར་ན་དང་པོ་རི་དག་འཆད་ཅིང་དེ་ནས་མཚོ་དག་འཆད་མོད། འདིར་ཅུང་གོ་བདེ་བར་བསམ་ཏེ་རི་མཚོ་དག་སྲེ་ནས་བཤད་རྒྱུ་ཡིན། ལྷུན་པོ་དང་གཉའ་ཤིང་འཛིན་གཉིས་ཀྱི་བར་དུ་མཚོ་ཞིག་ཡོད་པ་དེ་ལ་རོལ་མཚོ་དང་པོ་ཞེས་བྱ་བ་ཡིན་ལ། འདི་ཉིད་ནས་མཐའ་ཡི་རྒྱ་མཚོ་དང་བཅས་པའི་མཚོ་བརྒྱད་ཀ་ཡིན་རྒྱུ་ནི་སྔོན་གསེར་གྱི་ས་གཞི་ཐོག་ཏུ་རྒྱ་མཚོ་དཔག་ཚད་བརྒྱད་ཁྲི་ཅན་ཞིག་ཡོད་པ་དེ་ཡིན་ལ། གསེར་གྱི་རི་བདུན་རི་རབ་ལྕགས་རི་དང་བཅས་པར་རྒྱ་མཚོར་དཔག་ཚད་བརྒྱད་ཁྲི་ནུབ་སའི་རྒྱ་མཚོ་དེའང་དེ་ཡིན། ཕྱིས་ནས་རྒྱ་མཚོ་དེ་རླུང་རབ་འབྲིང་ཐ་གསུམ་གྱིས་ཡང་ཡང་དཀྲུགས་པས་རི་རབ་དང་གསེར་གྱི་རི་བདུན་ལྕག་རི་དང་བཅས་པ་གྲུབ་པ་ལས། དེ་དག་གི་བར་དུ་མཚོ་འདི་དག་ངང་གིས་གྲུབ་པ་ཡིན། མཚོ་བརྒྱད་པོ་རྔམས་སུ་དཔག་ཚད་བརྒྱད(༨༠༠༠༠)ཁྲི་ཡོད་པ་འདྲ་འདྲ་ཡིན་ལ། ཁ་ཞེང་ལ་ཆེ་ཆུང་ཡོད་པ་ཡིན། མཐའ་ཡི་རྒྱ་མཚོ་ཕུད་པའི་མཚོ་བདུན་ནི་ནང་མ་དག་ལས་ཕྱི་མ་དག་ཁ་ཞེང་ཕྱེད་ཕྱེད་ཀྱི་ཆུང་བ་ཡིན། དེའང་རོལ་མཚོ་དང་པོའི་ཕྱོགས་བཞི་རེ་རེའི་ཁ་ཞེང་ལ་དཔག་ཚད་བརྒྱད་ཁྲི་(༨༠༠༠༠)ཡོད་ལ། དབྱིབས་ནི་གྲུ་བཞི་དང་། གནས་སྟངས་ནི་རི་རབ་ཀྱི་མཐའ་བསྐོར་ནས་གནས་ཡོད། རོལ་མཚོ་བདུན་པོ་ནི་དྭངས་གསལ་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ཡིན་པ་དང་། རོལ་མཚོ་འདིའི་རི་རབ་ལ་ལྟོས་པའི་ཤར་མཐའ་ནས་ནུབ་མཐའ་དང་། ལྷོ་མཐའ་ནས་བྱང་མཐའི་བར་ངོས་གང་དུ་འཇལ་རུང་དཔག་ཚད་ཉིས་འབུམ་བཞི་ཁྲི་(༢༤༠༠༠༠)ཡོད་པ་ཡིན་ཏེ། རོལ་མཚོ་རང་གི་ཤར་ནུབ་གཉིས་དང་ལྷོ་བྱང་གཉིས་གང་ཡིན་ཡང་དཔག་ཚད་གཅིག་འབུམ་དྲུག་ཁྲི་ཡོད་ལ། དེའི་ཐོག་ཏུ་ཤར་ནུབ་དང་ལྷོ་བྱང་གང་དུ་འཇལ་རུང་རི་རྒྱལ་གྱི་ཕྱོགས་ཆ་གཅིག་སྣོན་དགོས་པས། དེ་ལ་དཔག་ཚད་བརྒྱད་ཁྲི་ཡོད་ཅིང་། བསྡོམས་ན་དཔག་ཚད་ཉིས་འབུམ་བཞི་ཁྲི་ཡོད་པའི་ཕྱིར། དེ་ཡི་ངོས་སུམ་འགྱུར་བྱ་ཚུལ་ཡང་འདི་ཡིན་པའི་ཕྱིར། དེ་བཞིན་དུ་རོལ་མཚོ་ཕྱི་མ་དག་གི་ཤར་མཐའ་ནས་ནུབ་མཐའ་འམ་ལྷོ་མཐའ་ནས་བྱང་མཐའི་ཚད་ཀྱང་རང་གི་ནང་རོལ་གྱི་རི་མཚོ་དུ་ཡོད་ཀྱི་ཕྱོགས་རེའི་ཚད་དང་བཅས་པར་འཇལ་དགོས་པ་འདི་ཤེས་པར་བྱའོ། ། རོལ་མཚོ་འདིའི་མཐའ་བསྐོར་བའི་ཚད་ནི་དཔག་ཚད་དགུ་འབུམ་དྲུག་ཁྲི(༩༦༠༠༠༠)ཡོད་ཅིང་། མདོར་བསྡུས་ཏེ་བཤད་ན་ཚད་འདི་ནི་རི་རབ་དང་རོལ་མཚོ་དང་པོ་གཉིས་ཀྱི་མཐའ་བསྐོར་བའི་ཚད་ཡིན་ནོ། ། དེ་བཞིན་དུ་རོལ་མཚོ་གང་དང་གང་གི་མཐར་བསྐོར་བའི་ཚད་ནི་རོལ་མཚོ་དེའི་ནང་དུ་ཡོད་པའི་རི་མཚོ་དུ་ཡོད་དང་བཅས་པའི་མཐར་བསྐོར་བའི་ཚད་ཡིན་པ་ངེས་པར་བྱའོ། ། རི་མཚོ་དག་བཤད་བའི་སྐབས་འདིར་མཚོ་གང་དང་གང་ཡིན་ཡང་རང་གི་ནང་རོལ་གྱི་རི་དེ་དང་ཁ་ཞེང་གི་ཚད་མཉམ་པའི་གནད་འདི་གོ་ན། རི་མཚོ་དག་གི་ཚད་མཉམ་གཅིག་ཏུ་གོ་ནུས་པའི་ཕན་ཐོག་ཆེན་པོ་ཡོད།
གསེར་རི་གཉིས་པ་གཤོལ་མདའ་འཛིན་གྱི་ཆུའི་སྟེང་ལ་འཕགས་པའི་མཐོ་ཚད་ལ་དཔག་ཚད་ཉིས་ཁྲི(༢༠༠༠༠)ཡོད། རི་དེའི་ཕྱོགས་རེའི་ཁ་ཞེང་ཡང་དཔག་ཚད་ཉིས་ཁྲི(༢༠༠༠༠)རེ་ཡོད། རི་འདིའི་དབྱིབས་ནི་གྲུ་བཞི་ཡིན་ལ་གནས་སྟངས་ནི་རོལ་མཚོ་གཉིས་པའི་མཐའ་བསྐོར་ནས་གནས་ཡོད།
དེ་ནས་རོལ་མཚོ་གཉིས་པ་ནི་གཉའ་ཤིང་འཛིན་དང་གཤོལ་མདའ་འཛིན་འདི་གཉིས་ཀྱི་བར་གྱི་མཚོ་དེ་ཡིན་ལ། དེའི་ཕྱོགས་རེའི་ཁ་ཞེང་ནི་དཔག་ཚད(༤༠༠༠༠)རེ་ཡོད་པ་ཡིན། རོལ་མཚོ་འདིའི་རི་རབ་ལ་ལྟོས་པའི་ཤར་མཐའ་ནས་ནུབ་མཐའ་དང་། ལྷོ་མཐའ་ནས་བྱང་མཐའི་བར་གང་དུ་འཇལ་རུང་དཔག་ཚད་བཞི་འབུམ(༤༠༠༠༠༠)ཡོད་ལ། རོལ་མཚོ་འདིའི་མཐའ་བསྐོར་བའི་ཚད་ནི་དཔག་ཚད་ཡ་ས་གཅིག་དང་འབུམ་དྲུག(༡༦༠༠༠༠༠)ཡོད།
གསེར་རི་གསུམ་པ་སེང་ལྡེང་ཅན་གྱི་ཆུའི་སྟེང་ལ་འཕགས་པའི་མཐོ་ཚད་ལ་དཔག་ཚད་ཆིག་ཁྲི(༡༠༠༠༠)ཡོད་ལ། རི་དེའི་ཕྱོགས་རེའི་ཁ་ཞེང་ཡང་དཔག་ཚད་ཆིག་ཁྲི(༡༠༠༠༠)རེ་ཡོད། རི་འདིའི་དབྱིབས་ནི་གྲུ་བཞི་ཡིན་ལ་གནས་སྟངས་ནི་རོལ་མཚོ་གསུམ་པའི་མཐའ་བསྐོར་ནས་གནས་ཡོད།
དེ་ནས་རོལ་མཚོ་གསུམ་པ་ནི་གཤོལ་མདའ་འཛིན་དང་སེང་ལྡེང་ཅན་འདི་གཉིས་ཀྱི་བར་གྱི་མཚོ་དེ་ཡིན་ལ། དེའི་ཕྱོགས་རེའི་ཁ་ཞེང་ནི་དཔག་ཚད་ཉིས་ཁྲི(༢༠༠༠༠)རེ་ཡོད་པ་ཡིན། རོལ་མཚོ་འདིའི་རི་རབ་ལ་ལྟོས་པའི་ཤར་མཐའ་ནས་ནུབ་མཐའ་དང་། ལྷོ་མཐའ་ནས་བྱང་མཐའི་བར་གང་དུ་འཇལ་རུང་དཔག་ཚད་བཞི་འབུམ་བརྒྱད་ཁྲི(༤༨༠༠༠༠)ཡོད། རོལ་མཚོ་འདིའི་མཐའ་བསྐོར་བའི་ཚད་ནི་དཔག་ཚད་ས་ཡ་གཅིག་དང་འབུམ་དགུ་ཁྲི་གཉིས(༡༩༢༠༠༠༠)ཡོད།
གསེར་རི་བཞི་པ་བལྟ་ན་སྡུག་རིའི་ཆུའི་སྟེང་ལ་འཕགས་པའི་མཐོ་ཚད་ལ་དཔག་ཚད་ལྔ་སྟོང(༥༠༠༠)ཡོད། རི་དེའི་ཕྱོགས་རེའི་ཁ་ཞེང་ཡང་དཔག་ཚད་ལྔ་སྟོང(༥༠༠༠)རེ་ཡོད། རི་འདིའི་དབྱིབས་ནི་གྲུ་བཞི་ཡིན་ལ་གནས་སྟངས་ནི་རོལ་མཚོ་བཞི་པའི་མཐའ་བསྐོར་ནས་གནས་ཡོད།
དེ་ནས་རོལ་མཚོ་བཞི་པ་ནི་སེང་ལྡེང་ཅན་དང་ལྟ་ན་སྡུག་རི་འདི་གཉིས་ཀྱི་བར་གྱི་མཚོ་དེ་ཡིན་ལ། དེའི་ཕྱོགས་རེའི་ཁ་ཞེང་ནི་དཔག་ཚད་ཆིག་ཁྲི(༡༠༠༠༠)རེ་ཡོད་པ་ཡིན། རོལ་མཚོ་འདིའི་རི་རབ་ལ་ལྟོས་པའི་ཤར་མཐའ་ནས་ནུབ་མཐའ་དང་། ལྷོ་མཐའ་ནས་བྱང་མཐའི་བར་གང་དུ་འཇལ་རུང་དཔག་ཚད་ལྔ་འབུམ་ཉིས་ཁྲི(༥༢༠༠༠༠)ཡོད། རོལ་མཚོ་འདིའི་མཐའ་བསྐོར་བའི་ཚད་ནི་དཔག་ཚད་ས་ཡ་གཉིས་དང་ཁྲི་བརྒྱད(༢༠༨༠༠༠༠)ཡོད།
གསེར་རི་ལྔ་པ་རྟ་རྣ་ཆུའི་སྟེང་ལ་འཕགས་པའི་མཐོ་ཚད་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ(༢༥༠༠)ཡོད། རི་དེའི་ཕྱོགས་རེའི་ཁ་ཞེང་ཡང་དཔག་ཚད་ཉིས་སྟོང་ལྔ་བརྒྱ(༢༥༠༠)རེ་ཡོད། རི་འདིའི་དབྱིབས་ནི་གྲུ་བཞི་ཡིན་ལ་གནས་སྟངས་ནི་རོལ་མཚོ་ལྔ་པའི་མཐའ་བསྐོར་ནས་གནས་ཡོད།
དེ་ནས་རོལ་མཚོ་ལྔ་པ་ནི་བལྟ་ན་སྡུག་རི་དང་རྟ་རྣ་འདི་གཉིས་ཀྱི་བར་གྱི་མཚོ་དེ་ཡིན་ལ། དེའི་ཕྱོགས་རེའི་ཁ་ཞེང་ནི་དཔག་ཚད་ལྔ་སྟོང(༥༠༠༠)རེ་ཡོད་པ་ཡིན། རོལ་མཚོ་འདིའི་རི་རབ་ལ་ལྟོས་པའི་ཤར་མཐའ་ནས་ནུབ་མཐའ་དང་། ལྷོ་མཐའ་ནས་བྱང་མཐའི་བར་གང་དུ་འཇལ་རུང་དཔག་ཚད་ལྔ་འབུམ་བཞི་ཁྲི(༥༤༠༠༠༠)ཡོད། རོལ་མཚོ་འདིའི་མཐའ་བསྐོར་བའི་ཚད་ནི་དཔག་ཚད་ས་ཡ་གཉིས་དང་འབུམ་གཅིག་ཁྲི་དྲུག(༢༡༦༠༠༠༠)ཡོད།
གསེར་རི་དྲུག་པ་རྣམ་འདུད་ཆུའི་སྟེང་ལ་འཕགས་པའི་མཐོ་ཚད་ལ་དཔག་ཚད་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ(༡༢༥༠)ཡོད། རི་དེའི་ཕྱོགས་རེའི་ཁ་ཞེང་ཡང་དཔག་ཚད་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ(༡༢༥༠)ཡོད། རི་འདིའི་དབྱིབས་ནི་གྲུ་བཞི་ཡིན་ལ་གནས་སྟངས་ནི་རོལ་མཚོ་དྲུག་པའི་མཐའ་བསྐོར་ནས་གནས་ཡོད།
དེ་ནས་རོལ་མཚོ་དྲུག་པ་ནི་རྟ་རྣ་དང་རྣམ་འདུད་འདི་གཉིས་ཀྱི་བར་གྱི་མཚོ་དེ་ཡིན་ལ། དེའི་ཕྱོགས་རེའི་ཁ་ཞེང་ནི་དཔག་ཚད་ཉིས་སྟོང་ལྔ་བརྒྱ(༢༥༠༠)རེ་ཡོད་པ་ཡིན། རོལ་མཚོ་འདིའི་རི་རབ་ལ་ལྟོས་པའི་ཤར་མཐའ་ནས་ནུབ་མཐའ་དང་། ལྷོ་མཐའ་ནས་བྱང་མཐའི་བར་གང་དུ་འཇལ་རུང་དཔག་ཚད་ལྔ་འབུམ་ལྔ་ཁྲི(༥༥༠༠༠༠)ཡོད། རོལ་མཚོ་འདིའི་མཐའ་བསྐོར་བའི་ཚད་ནི་དཔག་ཚད་ས་ཡ་གཉིས་དང་འབུམ་གཉིས(༢༢༠༠༠༠༠)ཡོད།
གསེར་རི་བདུན་པ་མུ་ཁྱུད་འཛིན་རི་ཆུའི་སྟེང་ལ་འཕགས་པའི་མཐོ་ཚད་ལ་དཔག་ཚད་དྲུག་བརྒྱ་ལྔ་བཅུ(༦༥༠)ཡོད། རི་དེའི་ཕྱོགས་རེའི་ཁ་ཞེང་ཡང་དཔག་ཚད་དྲུག་བརྒྱ་ལྔ་བཅུ(༦༥༠)ཡོད། རི་འདིའི་དབྱིབས་ནི་གྲུ་བཞི་ཡིན་ལ་གནས་སྟངས་ནི་རོལ་མཚོ་བདུན་པའི་མཐའ་བསྐོར་ནས་གནས་ཡོད།
དེ་ནས་རོལ་མཚོ་བདུན་པ་ནི་རྣམ་འདུད་དང་མུ་ཁྱུད་འཛིན་རི་འདི་གཉིས་ཀྱི་བར་གྱི་མཚོ་དེ་ཡིན་ལ། དེའི་ཕྱོགས་རེའི་ཁ་ཞེང་ནི་དཔག་ཚད་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ(༡༢༥༠)རེ་ཡོད་པ་ཡིན། རོལ་མཚོ་འདིའི་རི་རབ་ལ་ལྟོས་པའི་ཤར་མཐའ་ནས་ནུབ་མཐའ་དང་། ལྷོ་མཐའ་ནས་བྱང་མཐའི་བར་གང་དུ་མཇལ་རུང་དཔག་ཚད་ལྔ་འབུམ་ལྔ་ཁྲི་ལྔ་སྟོང(༥༥༥༠༠༠)ཡོད། རོལ་མཚོ་འདིའི་མཐའ་བསྐོར་བའི་ཚད་ནི་དཔག་ཚད་ས་ཡ་གཉིས་དང་འབུམ་གཉིས་ཁྲི་གཉིས(༢༢༢༠༠༠༠)ཡོད།
ཁོར་ཡུག་གམ་མཐའ་ཡི་ལྕགས་རི་ཆུའི་སྟེང་ལ་འཕགས་པའི་མཐོ་ཚད་ལ་དཔག་ཚད་སུམ་བརྒྱ་བཅུ་གཉིས་དང་རྒྱང་གྲགས་བཞི(༣༡༢ / ༤)ཡོད། རི་དེའི་ཕྱོགས་རེའི་ཁ་ཞེང་ཡང་དཔག་ཚད་སུམ་བརྒྱ་བཅུ་གཉིས་དང་རྒྱང་གྲགས་བཞི(༣༡༢ / ༤)ཡོད། རི་འདིའི་དབྱིབས་ནི་གྲུ་བཞི་ཡིན་ལ་གནས་སྟངས་ནི་མཐའ་ཡི་རྒྱ་མཚོའི་མཐའ་བསྐོར་ནས་གནས་ཡོད།
དེ་ནས་མཐའ་ཡི་རྒྱ་མཚོ་ནི་མུ་ཁྱུད་འཛིན་རི་དང་ལྕགས་རི་འདི་གཉིས་ཀྱི་བར་གྱི་མཚོ་དེ་ཡིན་ལ། འདི་ནི་རོལ་པའི་མཚོ་བདུན་དང་མི་འདྲ་བར་བ་ཚྭ་དང་སྲོག་ཆགས་རུལ་བས་ཚྭ་སྒོ་ཅན་སོགས་ཡོད་པའི་དུག་ཅན་གྱི་ཆུ་ཡིན། དེའི་ཕྱོགས་རེའི་ཁ་ཞེང་ནི་དཔག་ཚད་སུམ་འབུམ་ཉིས་ཁྲི་ཉིས་སྟོང(༣༢༢༠༠༠)རེ་ཡོད། མཐའ་ཡི་རྒྱ་མཚོ་འདིའི་མཐའ་བསྐོར་བའི་ཚད་ནི་དཔག་ཚད་ས་ཡ་གསུམ་དང་འབུམ་དྲུག་ཆིག་སྟོང་སུམ་བརྒྱ་བདུན་ཅུ་དོན་ལྔ(༣༦༠༡༣༧༥)ཡོད། མདོ་ན་རི་རབ་དང་གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་མཐའ་ཡི་རྒྱ་མཚོ་དང་ལྕགས་རི་བཅས་པའི་མཐའ་བསྐོར་བའི་ཚད་ནི་དཔག་ཚད་ས་ཡ་གསུམ་དང་འབུམ་དྲུག་ཉིས་སྟོང་དྲུག་བརྒྱ་ཉེ་ཤུ་རྩ་ལྔ(༣༦༠༢༦༢༥)ཡོད་པ་ཡིན་ལ། ཚད་འདི་ཡིས་ཆུ་གསེར་གྱི་དཀྱིལ་འཁོར་གྱི་ཚད་ལ་ཁོར་མོ་ཡུག་ཏུ་བདུན་སྟོང་བདུན་བརྒྱ་ཉེར་ལྔས(༧༧༢༥)མ་འདང་པ་ཡིན་ནོ། །
དེ་འབྲེལ་གྱི་དོགས་པ་དང་དོགས་སེལ་འགའ།
ཚིག་འགྲེལ་གཅིག འདིར་ཐ་སྙད་སྤྱོད་སྟངས་བསྐོར་ཉུང་ངུ་ཞིག་ཞུས་ན། སྤྱིར་འདི་དོགས་གནད་ཆེན་པོ་ཞིག་མིན་ཡང་། མཛོད་ཀྱི་རི་མཚོའི་མཐོ་ཚད་དང་ཁ་ཞེང་བཤད་པའི་སྐབས་འདིར། ཚད་ཀྱི་བསྐོར་གྱི་ཐ་སྙད་ཉུང་ཤས་ཞིག་རེ་མོས་སུ་བསྲེ་ནས་བཀོལ་གྱིན་ཡོད་སྟབས། བློ་གསལ་བུ་བ་དང་ཅུང་ཟད་དབང་རྟུལ་ང་ལྟ་བུ་དག་གིས་ཧང་ཙམ་བལྟས་ན་དེ་འདྲའི་གོ་བདེ་ཞིག་མིན་པས། ནམ་རྒྱུན་ཐ་སྙད་ཀྱིས་གོ་འཛོལ་བྱུང་གིན་ཡོད། དཔེ་ན“རླུང་གི་དཀྱིལ་འཁོར་རྔམས་སུ་ནི”ཞེས་པའི་སྐབས་ཀྱི“རྔམས”ཞེས་པའི་ཐ་སྙད་འདི་དཀྱིལ་ཁོར་གྱི་མཐོ་ཚད་ལ་གོ་དགོས་བ་ལས་ཁ་ཞེང་ལ་གོ་ཡིས་མེད། དེ་མཚུངས་སུ“ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང”ཞེས་དང་། “ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད”ཅེས་པ་རྣམས་ཀྱི་ནང་གི“རྔམས”ཞེས་པ་དེའང་དེ་བཞིན་དུ་མཐོ་ཚད་ཉིད་ལ་གོ་བ་ལེན་དགོས་པ་ལས་ཁ་ཞེང་ལ་གོ་རྒྱུ་མེད། ཡང“བརྒྱད་པོ་འཕང་དུ་ཕྱེད་ཕྱེད་དབྲི”ཞེས་པའི་སྐབས་སུ་“འཕང”ཞེས་པ་དེའང་དེ་བཞིན་དུ་མཐོ་ཚད་ལ་གོ་བ་ལེན་དགོས་པ་ཡིན། ཡང་མཛོད་རང་འགྲེལ་ལས། “ཆུའི་སྟེང་དུ་ཡང་། དཔག་ཚད་དག་ནི་བརྒྱད་ཁྲིའོ། ། དེ་ལྟར་ན་རི་རབ་ནི་འཕང་དུ་དཔག་ཚད་འབུམ་དྲུག་ཁྲིའོ”ཞེས་གསུང་པའི་སྐབས་ཀྱི“འཕང”ཞེས་པ་འདི་ཡང་གཅིག་མཚུངས་སུ་མཐོ་ཚད་ལ་གོ་དགོས་པ་ཡིན། ད་དུང་འཇིག་རྟེན་གཞག་པ་དང་མཛོད་རང་འགྲེལ་དག་ལས་ཀྱང་གོང་གཉིས་དང་འཇུག་པ་མཚུངས་པའི་ཐ་སྙད་གཞན་ཞིག་བེད་སྤྱོད་ཀྱིན་ཡོད། དེ་ནི“ཆུ”ཞེས་པ་དེ་ཡིན། འདི་ཡང་མཐོ་ཚད་ལ་འཇུག་པ་ཞིག་ཡིན། དེ་ལྟར“རྔམས” “འཕང” “ཆུ” ཞེས་པའི་ཐ་སྙད་གསུམ་པོ་འདི། མཛོད་གཞུང་འདི་དག་ཏུ་རེ་མོས་སུ་མཐོ་ཚད་ཀྱི་མིང་གི་ཚབ་ཏུ་བཀོལ་ནས་ཡོད་སྟབས། ང་ཚོས་ཀྱང་དེ་བཞིན་གོ་བ་བླངས་ཏེ་གཞུང་འདི་འཆད་སྦྱོང་བྱེད་ཀྱིན་ཡོད་མོད། གློ་བུར་དུ“དེ་དག་རྔམས་སུའང་འཕང་དང་མཉམ”ཞེས་པའི་ཚིག་གཅིག་ཐོན་ཡོང་དུས་ཅུང་ཟད་གོ་དཀའ་བ་ཞིག་ཏུ་འགྱུར་འགྲོ། སྔར་བཞིན་གོ་བ་ལེན་དུས་འདིའི་ཚིག་རིས་ལས་མངོན་ཡོང་བ་ནི“དེ་དག་རྔམས་སུ་རྔམས་དང་མཉམ”ཞེས་པ་ལྟ་བུ་ཞིག་གོ་ཡོང་བས་ཚིག་དེ་ནུས་མེད་ཞིག་ཏུ་འགྱུར་འགྲོ། ཡིན་ནའང་དོན་ལ་སྐབས་འདིའི་“རྔམས”ཞེས་པ་འདི“ཁ་ཞེང”ལ་གོ་བ་དང་། “འཕང”ཞེས་པ་དང“ཆུ”ཞེས་པ་གཉིས“མཐོ་ཚད”ལ་གོ་བ་ལེན་ནས། རི་སོ་སོའི“ཁ་ཞེང”ཡང་སོ་སོའི་ཆུ་སྟེང་དུ་འཕགས་པའི“མཐོ་ཚད”ཇི་ཙམ་ཡོད་པ་དེ་དང་འདྲའོ་ཞེས་གོ་དགོས་ཏེ། མཛོད་རང་འགྲེལ་ལས། “དེ་དག་རྔམས་སུ་འཕང་དང་མཉམ། །དེ་དག་ཆུ་ལས་ཇི་ཙམ་གྱེན་དུ་འཕགས་པ་རྔམས་སུ་ཡང་དེ་ཙམ་སྟེ། རྒྱར་ཞེས་བྱ་བའི་ཐ་ཚིག་གོ”ཞེས་འབྱུང་ཞིང་། གཞན་རྒྱལ་སྲས་མ་དང་མཆིམས་མཛོད་གཉིས་མཛོད་འགྲེལ་གཞན་དག་ཏུའང་དེ་བཞིན་དུ་གོ་བ་བྱས་ཡོད་དོ། །
དོགས་གནད་གཅིག རི་བདུན་གྱི་མིང་ཐོགས་ཚུལ་ལ་རང་ལུགས་ཡིག་ཆ་དག་ཏུ་གསལ་ཁ་མེད་པ་མ་ཟད། འཇིག་རྟེན་གདགས་པ་དང་མཛོད་རང་འགྲེལ་རྒྱལ་སྲས་མ་སོགས་ནས་ཀྱང་གསལ་ཁ་མ་མཐོང་། ཡིན་ནའང་མཆིམས་མཛོད་མངོན་པའི་རྒྱན་ལས། “ལྷུན་པོའི་ཕྱི་རོལ་དུ་གཉའ་ཤིང་འཛིན་དང་། གཤོལ་མདའ་འཛིན་དང་། སེང་ལྡེང་ཅན་དང་། དེ་བཞིན་ལྟ་ན་སྡུག་གི་རི་དང་། རྟ་རྣ་དང་། རྣམ་མདུད་དང་། མུ་ཁྱུད་འཛིན་གྱི་རི་ཞེས་བྱ་བ་བདུན་ཆགས་ཏེ། རི་དེ་དག་གི་རྩེ་མོ་ཉི་མའི་ཤིང་རྟའི་གཉའ་ཤིང་འཛིན་པའམ། གཉའ་ཤིང་གི་རྣམ་པ་དང་། གཤོལ་མདའི་རྣམ་པ་དང་། སེང་ལྡེང་གི་མདངས་འདྲ་བ་དང་། ཡིད་དུ་འོང་བ་དང་། བྲག་རྟའི་རྣ་བ་འདྲ་བ་དང་། དབུས་ཕྱོགས་སུ་རྣམ་པར་འདུད་པ་དང་། ཐམས་ཅད་ཀྱི་མཐའ་བསྐོར་བའི་ཕྱིར་རིམ་པ་བཞིན་དུ་དེ་སྐད་དུ་བརྗོད་དོ། ། {དེ་དག་ནི་རི་དགུ་ཡིན་ལ། སའི་དངོས་གཞི་ལས་ནི་རྣམ་པར་མདུད་པ་དང་། རྟ་རྣ་རི་དང་། བལྟ་ན་སྡུག་དང་། སེང་ལྡེང་ཅན་དང་། གཤོལ་མདའ་འཛིན་དང་། ཞེས་བར་པ་ལྔ་གོ་རིམ་བཞིན་དུ་བཤད་ཅིང་། རི་དེ་དག་གི་མིང་དེ་རྣམས་ནི་དེ་དག་གི་རྩེ་མོའི་རྣམ་པ་འདྲ་བའི་བྱེ་བྲག་ལས་བལྟ་བ་བྱའོ། ། ཞེས་བཤད་དོ། ། } “ཞེས་འབྱུང་བས། རི་འདི་དག་གི་མིང་གི་ཐོགས་ཚུལ་སའི་དངོས་གཞི་ལས་གསུང་གི་ཡོད་པ་འདྲ། ཞིབ་ཏུ་བསམ་བློ་བཏང་ན་རི་འདི་དག་ནི་འདི་འདྲ་བ་ཞིག་ཡོད་དམ་སྙམ་པའི་དོན་སྤྱི་ཞིག་ནི་ཁོ་བོའི་བློ་ངོར་ཤར་བ་མི་འདུག འདིར་དོགས་གནས་ཤིག་ཡོད་པ་ནི། “དེ་དག་རྔམས་སུའང་འཕང་དང་མཉམ”ཞེས་པའི་སྐབས་ཀྱི་ཁ་ཞེང་གི་ཚད་དེ་རི་དག་གི་རྩེ་མོ་ནས་འཇལ་བ་ཡིན་ནམ། རྩ་བ་གསེར་དཀྱིལ་གྱི་མཚམས་ནས་འཇལ་བ་ཡིན་ནམ། ཆུ་མཚམས་ནས་མཇལ་བ་ཡིན། གལ་ཏེ་རི་དག་གི་རྩེ་མོ་ནས་འཇལ་བ་ཡིན་ཡང་། རི་རང་རང་གི་མཐོ་ཚད་དང་མཐུན་པའི་དཔག་ཚད་དག་ཡོད་པ་ཡིན་ན། རི་དག་གི་རྣམ་པ་ནི་ཕལ་ཆེར་རི་རབ་བཞིན་རྩ་ནས་རྩེ་མོའི་བར་ཁ་ཞེང་ལ་ཆེ་ཆུང་མེད་པར་གྲུ་བཞི་ཡིན་པ་འདུག་པས། དེ་ལྟར་ན་རི་ཡི་རྩེ་མོ་རྟ་རྣ་དང་འདྲ་བ་དང་གཤོལ་མདའ་དང་འདྲ་བ་ཞེས་ཤོད་ཚུལ་མེད་པ་འདྲ། གལ་ཏེ་རི་སྟོད་རྩེ་མོ་དག་ལ་ནི་རི་རང་གི་མཐོ་ཚད་ལྟར་གྱི་ཁ་ཞེང་མེད་མོད། རི་སྨད་ནས་མར་ཁ་ཞེང་ཆེ་བས་རི་རང་གི་མཐོ་ཚད་བཞིན་ཆུ་མཚམས་ནས་འཇལ་ན་ཁ་ཞེང་དེ་ཚད་ཡོད་ཅེ་ན། དེ་ལྟར་ཡིན་ཚེ་རི་གཞན་དག་གི་རྣམ་པ་ནི་དབུས་ཀྱི་རི་རབ་བཞིན་དུ་ནི་གོ་རྒྱུ་མ་ཡིན་པར། ང་ཚོའི་མཐོང་ལམ་ན་མངོན་པའི་སྤྱི་གཏང་གི་རི་བཞིན་གོ་དགོས་པ་ཡིན། ཡིན་ན་འདི་བཞིན་བཤད་ན་མཛོད་དང་མཐུན་མིན་ཧ་གོ་ཡིས་མི་འདུག
དོགས་པ་དང་དོགས་སེལ། རི་མཚོ་ལྕགས་རི་དང་བཅས་པའི་མཐའ་བསྐོར་བའི་ཚད་ཀྱིས། འོག་གཞི་ཆུ་གསེར་གྱི་དཀྱིལ་འཁོར་གཉིས་ཀྱི་ཚད་ལ་བདུན་སྟོང་བདུན་བརྒྱ་ཉེར་ལྔས(༧༧༢༥)མ་འདང་པ་ཡིན་པ་ལ། དེ་ཡང་ཕྱོགས་རེ་རེ་ནས་ཅིག་སྟོང་ཉིས་བརྒྱ་བརྒྱད་ཅུ་གྱ་བདུན་དང་རྒྱང་གྲགས་བཞི(༡༢༨༧ / ༤ )ཡིས་མ་འདང་པ་ཡིན་ཏེ། མཛོད་ཀྱི་འགྲེལ་བཤད་ལས། “འདིར་མ་ཚང་བས་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་གཞན་གཉིས་དང་བརྒྱད་ཅུ་རྩ་ཕྱེད་དང་བརྒྱད་ཁོ་ནའོ་ཞེས་བརྗོད་པར་བྱ་ལ། ཕྱོགས་ཅིག་ཤོས་ལ་ཡང་དེ་དང་འདྲ་བར་བརྗོད་དགོས་སོ། །དེ་ལྟར་དཔག་ཚད་སྟོང་ཕྲག་གཉིས་དང་བརྒྱ་ཕྲག་ལྔ་དང་བདུན་ཅུ་རྩ་ལྔ་དག་གིས་བསྣན་ན། ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །ཞེས་བྱ་བ་འདིས་བཤད་པ་གང་ཡིན་པའི་གཞི་དེ་གཉེར་སོད་པར་འགྱུར་ཏེ། གླིང་བཞིའི་བརྩི་བས་ཇི་ལྟར་བཀོད་པ་བས་ནི་ལྷག་པའི་ཕྱིར་རོ་ཞེ་ན། “ཞེས་ཁ་ཅིག་གི་འདོད་པ་བསྟན་ལ། དེ་ཡང་གོ་བདེ་བར་བཤད་ན། རི་མཚོ་ལྕགས་རི་དང་བཅས་པའི་ཚད་ཀྱིས་ཆུ་གསེར་གྱི་ཚད་ལ་མ་འདང་པ་འདིར། ཕྱོགས་རེར་དཔག་ཚད་ཅིག་སྟོང་ཉིས་བརྒྱ་བརྒྱད་ཅུ་གྱ་བདུན་དང་རྒྱང་གྲགས་བཞིས་(༡༢༨༧ / ༤)ཡིས་མ་འདང་པས། དེ་ངེས་པར་དུ་སྣོན་དགོས་ཏེ། དེ་ལྟར་མ་སྣོན་ན་ལྕགས་རིའི་ཕྱིར་དཀྱིལ་འཁོར་ལྷག་པས་མི་ཐད་དོ་ཞེ་ན་ཞེས་པའི་དོན་ཡིན། དེ་ལ་ལན་ནི་དེར། “འདིའི་ལན་གདབ་པར་བྱ་སྟེ། དེ་ནི་ཁོར་ཡུག་གི་ཕྱི་རོལ་ན་ཆུ་དང་གསེར་གྱི་དཀྱིལ་འཁོར་དེ་ཙམ་ལྷག་པའི་ཕྱིར་ཉེས་པ་མེད་དོ། །འོ་ན་ནི་ཁོར་ཡུག་དེས་གླིང་བཞི་པ་ཁོར་ཡུག་ཏུ་བསྐོར་བ་མ་ཡིན་ནོ་ཞེ་ན། དེས་ནི་སྟེང་གི་ས་ཁོར་ཡུག་ཏུ་བསྐོར་བ་ཡིན་གྱི། ཆུ་དང་གསེར་གྱི་དཀྱིལ་འཁོར་ནི་མ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །” ཞེས་པའི་ལན་འདི་འབྱུང་། དོན་ནི་ལྕགས་རིའི་ཕྱི་རོལ་ལ་ཆུ་གསེར་གྱི་དཀྱིལ་འཁོར་ལྷག་ཀྱང་སྐྱོན་མེད་དེ། ལྕགས་རིས་ནི་རི་མཚོ་གླིང་དག་བསྐོར་བ་ཡིན་གྱི། འོག་གཞི་དཀྱིལ་འཁོར་དག་བསྐོར་བ་མིན་ནོ་ཞེས་པ་དེ་ཡིན། ག་ལེར་ཞིབ་ཏུ་འདང་རྒྱབ་ན་འདི་ལ་དོགས་གནད་ཞེས་པ་ཆེར་མེད་མོད། འོན་ཏང་འདིའི་བསྐོར་འདི་བསམ་བློ་གཟབས་གཟབས་ཞིག་མ་གཏོང་ན་ཅུང་མགོ་འཁྲུག་ས་ཞིག་ཡིན། དཔེ་ན་ལྕགས་རིའི་ཕྱི་ལ་ལྷག་པའི་ཆུ་གསེར་གྱི་དཀྱིལ་འཁོར་ལ་དཔག་ཚད་བདུན་སྟོང་བདུན་བརྒྱ་ཉེ་ཤུ་རྩ་ལྔ(༧༥༢༥)ཡོད་ཅིང་། འོ་ན་ཕྱོགས་རེ་ལ་ཆིག་སྟོང་ཉིས་བརྒྱ་བརྒྱད་ཅུ་གྱ་བདུན་དང་རྒྱང་གྲགས་བཞི(༡༢༨༧ / ༤)རེ་མ་གཏོགས་མེད་དོན་གང་ཡིན་ནམ། དེ་ཡང་“འདིར་མ་ཚང་བས་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་གཞན་གཉིས་དང་བརྒྱད་ཅུ་རྩ་ཕྱེད་དང་བརྒྱད་ཁོ་ནའོ་ཞེས་བརྗོད་པར་བྱ་ལ། ཕྱོགས་ཅིག་ཤོས་ལ་ཡང་དེ་དང་འདྲ་བར་བརྗོད་དགོས་སོ། ། དེ་ལྟར་དཔག་ཚད་སྟོང་ཕྲག་གཉིས་དང་བརྒྱ་ཕྲག་ལྔ་དང་བདུན་ཅུ་རྩ་ལྔ་དག་གིས་བསྣན་ན།” ཞེས་པའི་གཞུང་ཚིག་འདི་ལ་གོ་བ་ཇི་ལྟར་ལེན་གྱིས་ཡོད། ལྕགས་རིའི་ཕྱི་རོལ་ཏུ་ལྷག་པའི་ཆུ་གསེར་གྱི་དཀྱིལ་འཁོར་ལ་ཤར་ནས་ནུབ་དང་ལྷོ་ནས་བྱང་གང་དུ་འཇལ་རུང་དཀྱིལ་ཐིག་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་བདུན་ཅུ་དོན་ལྔ(༢༥༧༥)ཡོད་པ་ཡིན་སྟབས། དཀྱིལ་ཐིག་གཉིས་པོ་བསྡོམས་པས་དཔག་ཚད་ལྔ་སྟོང་ཆིག་བརྒྱ་ལྔ་བཅུ(༥༡༥༠)ལས་མེད་ན། ཕྱི་རོལ་དུ་དཀྱིལ་འཁོར་གཉིས་ཀྱི་ཚད་འདི་ཙམ་ཞིག་མ་གཏོགས་ལྷག་མེད་པ་རེད་དམ། ཡང་ན་ཕྱི་རོལ་དུ་ལྷག་པའི་ཕྱོགས་རེར་ཆིག་སྟོང་ཉིས་བརྒྱ་བརྒྱད་ཅུ་གྱ་བདུན་དང་རྒྱང་གྲགས་བཞི་རེ་ཡོད་སྟབས། དེ་ལྟར་ཤར་ནས་ལྷོ། ལྷོ་ནས་ནུབ། ནུབ་ནས་བྱང་ཏུ་བསྐོར་བ་བྱས་ནས་འཇལ་ཚེ། ཤར་མཐའ་ནས་ལྷོ་མཐར་དཔག་ཚད་ཉིས་སྟོང་ལྔ་བརྒྱ་བདུན་བཅུ་དོན་ལྔ(༢༥༧༥)ཡོད་ལ། དེ་བཞིན་དུ་ཕྱོགས་གཞན་པ་གསུམ་པོའི་མཐའ་ནས་མཐའ་རུ་འཇལ་ཚེ་ཡང་དེ་དང་འདྲའོ་སྙམ་ན། འོ་ན་དཔག་ཚད་ཉིས་སྟོང་ལྔ་བརྒྱ་བདུན་བཅུ་དོན་ལྔ་བཞི་སྡོམ་ན། དཔག་ཚད་ཆིག་ཁྲི་སུམ་བརྒྱ(༡༠༣༠༠)ཡོད་པ་གྱུར་ལ། དེའང་མི་ཐད་དེ། ལྕགས་རིའི་ཕྱི་རོལ་དུ་དཀྱིལ་འཁོར་གཉིས་ཀྱི་རྒྱ་དེ་ཚད་ལྷག་མེད་པའི་ཕྱིར། འོ་ན་ཇི་ལྟར་བྱེད་ནས་བརྩི་དགོས་པ་ཡིན་ནམ། བསམ་བློ་ཞིག་ཐོང་དང་ཤིན་ཏུ་བདེ་མོ་ཡིན་པའི་འདིའི་རིགས་ལའང་ཞིབ་པར་འདང་རེ་རྒྱབ་ན། ང་ཚོས་གོ་མ་ཐུབ་པ་དང་བསམ་བློ་མ་གཏང་ས་མང་ཙམ་ལྷག་གིན་མི་འདུག་གམ། གཅིག་བྱས་ན་ང་རང་ཉིད་གཅིག་པུར་མགོ་འཁོར་སོང་བ་ལས། གཞན་མཛོད་ཀྱི་འཆད་ཉན་མཁན་རྣམས་ཀྱིས་འདིའི་སྐབས་སུ་ཐོག་པ་མེད་པར་གཞུང་དོན་དག་རྟོགས་འགྲོ་ཡིས་ཡོད་ནའང་ཐང་།
ཁོ་བོས་ནི་དེ་སྔོན་ལྕགས་རི་ཕྱི་རོལ་དུ་ཡོད་པའི་དཀྱིལ་འཁོར་གཉིས་ཀྱི་དཀྱིལ་ཚད་དེ་གང་ནས་གང་དུ་འཇལ་ན། ཚད་འདི་ཙམ་ཞིག་ལྷག་ཡོད་པ་ཡིན་ནོ་ཞེས་གསལ་ཁ་དང་བཅས་བཤད་པ་ཞིག་མཐོང་མ་སོང་། གནད་ཐོག་ཏུ་བབས་ཏེ་མོལ་ན། དོན་དུ་འདི་ལྟར་གོ་དགོས་པ་ཡིན་ཏེ“དེ་ལྟར་དཔག་ཚད་སྟོང་ཕྲག་གཉིས་དང་བརྒྱ་ཕྲག་ལྔ་དང་བདུན་ཅུ་རྩ་ལྔ་དག་གིས་བསྣན་ན།”ཞེས་པའི་གཞུང་ཚིག་འདིའི་དོན་ནི། ལྕགས་རིའི་ཕྱི་རོལ་དུ་ཡོད་པའི་དཀྱིལ་འཁོར་གཉིས་ཀྱི་དཀྱིལ་ཚད་བསྟན་པ་ཡིན། ཤར་ནུབ་ཀྱི་དཀྱིལ་ཐིག་དང་ལྷོ་བྱང་གི་དཀྱིལ་ཐིག་གང་དུ་འཇལ་རུང་། ཕྱི་རོལ་དུ་ལྷག་པའི་ཁ་ཞེང་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་བདུན་ཅུ་དོན་ལྔ(༢༥༧༥)ཡོད་པ་ཡིན་ལ། མཐའ་བསྐོར་བའི་ཚད་ནི་དེ་སུམ་འགྱུར་དགོས་ཏེ། དེའི་དབྱིབས་ཟླུམ་པོ་ཡིན་པའི་ཕྱིར། དེའང་མཛོད་ཀྱི་འགྲེལ་བཤད་ལས་“འདིའི་ཁོར་ཡུག་ཏུ་བསྐོར་བའི་ཚད་ནི་ཐད་ཀའི་ཚད་སུམ་འགྱུར་ཁོ་ན་ཡིན་པ་གང་ཡིན་པ་འདི་ནི་ཟླུམ་པོ་ཐམས་ཅད་ཀྱི་ཚུལ་ཡིན་ནོ། །”ཞེས་གསུངས་པ་བཞིན་ནོ། ། ཉིས་སྟོང་ལྔ་བརྒྱ་བདུན་བཅུ་དོན་ལྔ་སུམ་འགྱུར་ནི། བདུན་སྟོང་བདུན་བརྒྱ་ཉེ་ཤུ་རྩ་ལྔ(༧༧༢༥)ཡིན་པས། ལྕགས་རིའི་ཕྱི་རོལ་དུ་ལྷག་པའི་དཀྱིལ་འཁོར་གཉིས་ཀྱི་ཚད་ནི་ཏག་ཏག་འདི་ཡིན་ནོ། །
གཞན་ཡང་མཆིམས་མཛོད་མངོན་པའི་རྒྱན་ལས། “སློབ་དཔོན་རྒྱལ་པོའི་སྲས་ནི་འཁོར་ཡུག་གི་ཕྱི་རོལ་དུ་ངོས་རེ་རེར་གསེར་དང་ཆུ་དཔག་ཚད་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་གཉིས་དང་བརྒྱད་ཅུ་རྩ་ཕྱེད་དང་བརྒྱད་ལྷག་པས་ཁོར་ཡུག་ཚུན་ཆད་པས་ཆུ་དང་གསེར་རྒྱ་ཆེ་བར་འདོད་པའི་ཕྱིར་སྐྱོན་མེད་དེ། ངོས་གཅིག་ནའང་དེ་བཞིན་ཏེ་དེ་ལྟར་ཕྱོགས་གཉིས་ཀ་བསྡོམས་ཏེ། སྟོང་ཕྲག་གཉིས་དང་བརྒྱ་ཕྲག་ལྔ་དང་བདུན་ཅུ་རྩ་ལྔ་དག་གིས་བསྣན་ན་འབུམ་ཕྲག་བཅུ་གཉིས་དང་སུམ་སྟོང་དང་ཕྱེད་དང་ལྔ་བརྒྱར་འགྱུར་བས་ཆུ་དང་གསེར་གྱི་ཚད་དང་མཉམ་པར་འགྱུར་རོ་ཞེས་ཟེར་རོ། །”ཞེས་གསུང་པའི་ཚིག་འདིའི་ཚིག་རིས་ལས་གོ་ལོག་ཏུ་འགྲོ་ཉེས་ཤིན་ཏུ་ཆེ་སྟེ། ཐོག་མའི་གསལ་བྱེད་“རྒྱལ་པོའི་སྲས་ནི”ཞེས་པ་དང་། དེའི་འོག་ཏུ“སྐྱོན་མེད་དེ།” ཞེས་དམ་བཅས་ཏེ་དེའི་སྒྲུབ་བྱེད་དམ་རྒྱུ་མཚན་དུ། “དག་གིས་བསྣན་ན”ཞེས་དང་། “མཉམ་པ་འགྱུར་རོ”ཞེས་སྐྱོན་སྤང་བ་ལ་བལྟས་ན། རྒྱལ་པོའི་སྲས་ཀྱིས་ལྕགས་རི་འོག་གཞི་དཀྱིལ་འཁོར་གཉིས་དང་མཉམ་དགོས་པས་དཔག་ཚད“སྟོང་ཕྲག་གཉིས་དང་བརྒྱ་ཕྲག་ལྔ་དང་བདུན་ཅུ་རྩ་ལྔ(༢༥༧༥)དག་གིས་བསྣན་ན”དེ་ལྟར་འགྱུར་བས་བསྣན་དགོས་ཞེས་ཁས་ལེན་པ་གོ་ཡོང་ལ། དེ་ནི་གོ་ལོག་ཆེན་པོ་ཞིག་ཡིན་ཏེ་རྒྱལ་པོའི་སྲས་ཀྱི་མཛོད་ཀྱི་འགྲེལ་བཤད་ལས“འོ་ན་ནི་ཁོར་ཡུག་དེས་གླིང་བཞི་པ་ཁོར་ཡུག་ཏུ་བསྐོར་བ་མ་ཡིན་ནོ་ཞེ་ན། དེས་ནི་སྟེང་གི་ས་ཁོར་ཡུག་ཏུ་བསྐོར་བ་ཡིན་གྱི། ཆུ་དང་གསེར་གྱི་དཀྱིལ་འཁོར་ནི་མ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །”ཞེས་པ་འདི་དང་ཕྱིན་ཅི་ལོག་ཏུ་སོང་བ་ཡིན་པས་སོ། ། དོན་ལ་རྒྱལ་པོའི་སྲས་ཀྱིས་ནི་ལྕགས་རིའི་ཕྱི་ལ་དཀྱིལ་འཁོར་གཉིས་དེ་ཚད་ལྷག་ཀྱང་སྐྱོན་མེད་དེ། ལྕགས་རིས་དཀྱིལ་འཁོར་གཉིས་བསྐོར་བ་མ་ཡིན་པར་རི་མཚོ་དག་བསྐོར་བ་ཡིན་པའི་ཕྱིར་ཞེས་པ་འདི་ཡིན་གྱི། ཚད་མཉམ་དགོས་པས་སྟེང་གི་རི་མཚོ་དང་ལྕགས་རི་དག་གི་ཚད་ལ་ཁ་སྣོན་རྒྱབ་དགོས་ཟེར་བ་ཞིག་གཏན་ནས་མིན། མཆིམས་མཛོད་ཀྱི་ཚིག་འདིར་དོན་ལ་མི་མཐུན་ཞེས་སྨྲ་བ་ག་ལ་སྤོབས་མོད། ཚིག་འགྲོས་འདིས་གོ་ལོག་ཞིག་སྤྲད་པའི་ཉེས་ཁ་ཤིན་ཏུ་ཆེའོ། ། ཡང་ཁ་གཅིག་གིས་ལྕགས་རི་དང་འོག་གཞི་དག་མཉམ་པ་ཡིན་ཏེ། རི་དག་ནི་འབྲུའི་ཕུང་པོ་བཞིན་སྟོད་ཁྲ་ལ་སྨད་སྦོམས་པས། ཆུ་མཚམས་ཡན་དུ་ཁ་ཞེང་དེ་ཚད་མེད་ཀྱང་ཆུ་རྩ་ནས་ཁ་ཞེང་ཆེ་བས་དོན་ལ་མཉམ་པའོ་ཞེས་སྨྲ། ཞེས་འགྲེལ་བ་དག་དག་ཏུ་བཀོད་ལ། འདོད་པ་འདིར་དགག་སྒྲུབ་གང་ཡང་བྱས་མི་འདུག་ཀྱང་། དེའང་རྒྱལ་པོའི་སྲས་ཀྱི་དགོངས་པ་དང་ནི་གཏན་ནས་མི་མཐུན་ནོ། །
ཞོར་འཕྲོས་གཞན་ཞིག གྲངས་གནས་དྲུག་བཅུ་བརྩི་བའི་ཚེ། གཅིག བཅུ། བརྒྱ། སྟོང་། ཁྲི། འབུམ། ས་ཡ། བྱེ་བ། ཞེས་སོགས་ཀྱི་བརྩི་ཚུལ་ཞིག་དང་། ཡང་གཅིག་ནས་འབུམ་གྱི་བར་སྔར་བཞིན་ལ། འབུམ་གྱི་མཚམས་སུ། བྱེ་བ། ས་ཡ་ཞེས་སོགས་ཀྱི་བརྩི་ཚུལ་ཞིག་ཏེ་གཉིས་ཡོད་པ་ལས། ཕྱི་མ་འདི་བཀའ་བརྒྱུད་པའི་ལུགས་ཡིན་ནོ་ཞེས་ཁ་བརྡ་དང་དགེ་སློབ་ཚོའི་འགྲམ་ནས་ཡང་ཡང་ཐོས་མྱོང་ལ། ཆུང་དུས་ནས་ཁྱིམ་མི་རྒན་པ་དག་གི་བརྩི་ཚུལ་ཡང་དེ་བཞིན་དུ་ཐོས་སྟབས་ཀྱིས། རང་གི་ཁ་ལའང་ཕྱི་མ་འདི་བཞིན་བྱང་འདུག་མོད། ཡིན་ནའང་མཛོད་ཀྱི་འཇིག་རྟེན་བསྟན་པའི་སྐབས་འདིར། དེ་སྔོན་ལག་སོན་བྱུང་བའི་བཀའ་བརྒྱུད་པའི་མཛོད་འགྲེལ་ཀུན་གྱིས་གྲངས་ནི་སྔར་མ་བཞིན་བརྩི་བཞིན་འདུག་ལ། རྩ་བ་རང་ནས་ཀྱང་དེ་ལྟར་བྱུང་ཞིང་། ཀུན་མཁྱེན་བུ་སྟོན་གྱིས་ཆོས་འབྱུང་གི་སྐབས་སུ་ཡང་ས་ཡ་བྱེ་བ་ཞེས་གྲངས་བགྲང་མཛད་འདུག འོན་ཏང་གྲངས་གནས་དྲུག་ཅུ་ལུང་སིལ་བུ་ལས་བྱུང་བ་སྡོམ་དུ་བྱས་པ་དེ། མི་བསྐྱོད་རྡོ་རྗེའི་མཛོད་ཊཱིཀ་དུ་དྲངས་སྐབས། “གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། ། བྱེ་བ་ས་ཡ་དུང་ཕྱུར་དགུ། ། ཟུང་དང་བཅས་པ་མིན་པ་སྟེ། །”ཞེས་བྱེ་བ་སྔོན་དུ་བྱས་ནས་ས་ཡ་རྗེས་སུ་བྱས་པའི་ལུང་གཅིག་དྲངས་འདུག་མོད། ཡིན་ནའང་མཛོད་འགྲེལ་གཞན་ཏེ། མཆིམས་མཛོད་མངོན་པའི་རྒྱན། མཆིམས་མཛོད་རྣམ་བཤད་སྙིང་པོ་བསྡུས་པ། མཆིམས་མངོན་གསལ་བྱེད་ལེགས་བཤད་རྒྱ་མཚོ། མཛོད་འགྲེལ་རྒྱལ་བྱིན་ཐོགས་པའི་ནོར་བུ། མཛོད་ཀྱི་བཤད་པ་འགྲེལ་པ་ལུགས་སོགས་སུ་ཚིག་རིས་ཅུང་ཟད་མི་འདྲ་བ་ལས། དོན་མཐུན་གཅིག་མཚུངས་སུ། “གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། ། ས་ཡ་བྱེ་བ་དུང་ཕྱུར་རྣམས། ། རྐྱང་པ་ཡིན་པར་ཤེས་པ་བྱ། །”ཞེས་ས་ཡ་སྔོན་དང་། བྱེ་བ་རྗེས་སུ་བྱས་པའི་ལུང་ཚིག་འདི་དྲངས་འདུག འདི་གཉིས་གང་རུང་ཞིག་ནི་ནོར་བ་ཡིན་འདུག་པས། གང་བདེན་དཔྱད་པ་མཛོད་ཅིག །
གླིང་བཞི་གླིང་ཕྲན་སྐོར་རོབ་ཙམ་མོལ་བ།
འདིར་ཡང་དུག་ཅན་གྱི་མཚོ་མཐའ་ཡི་རྒྱ་མཚོ་དེ་ཉིད་རླུང་གིས་དཀྲུགས་པ་ལ་བརྟེན་ནས་རི་རབ་ཀྱི་ཕྱོགས་བཞི་མཐའ་ཡི་རྒྱ་མཚོའི་ཁ་ན་གླིང་བཞི་ཆགས་པ་ཡིན་ནོ། །
དེ་ལ་དང་པོ་རི་རབ་ཀྱི་ལྷོ་ཕྱོགས་ན་འཛམ་བུ་གླིང་ཆགས་པ་ཡིན་ཞིང་། དེའི་གྲུབ་ཆ་ནི་ས་ཡིན་ལ། ཆུར་ནུབ་པའི་ཚད་ནི་རི་ཀུན་དང་འདྲ་བ་དཔག་ཚད་བརྒྱད་ཁྲི(༨༠༠༠༠)ནུབ་པ་ཡིན་ལ། སྟེང་ལ་འཕགས་ཚད་ནི་མཐའ་ཡི་རྒྱ་མཚོ་དང་མཉམ་ལ། དབྱིབས་ནི་ཤིང་རྟའི་དབྱིབས་དང་མཚུངས་པ་སྟེ་རི་རབ་ལ་གཏད་པའི་ངོས་དང་གཡས་གཡོན་གྱི་ངོས་དག་ཏེ་དེ་གསུམ་ལ་ནི་དཔག་ཚད་སྟོང་ཕྲག་གཉིས(༢༠༠༠)རེ་ཡོད་ལ། ལྕགས་རི་ལ་ཁ་གཏད་པའི་ངོས་ལ་དཔག་ཚད་གསུམ་དང་རྒྱང་གྲགས་བཞི( ༣/ ༤ )ཡོད་པ་ཡིན། མཐའ་བསྐོར་པའི་ཚད་ལ་དཔག་ཚད་དྲུག་སྟོང་བརྒྱ་མེད་བཅུ་མེད་གསུམ་དང་རྒྱང་གྲགས་བཞི(༦༠༠༣ / ༤ )ཡོད་པ་ཡིན་ནོ། ། འཛམ་བུ་གླིང་ཞེས་པའི་སྒྲ་བཤད་ནི་ཤིང་འཛམ་བུ་ཡོད་པའི་གླིང་ཡིན་པས་ན་དེ་སྐད་དུ་བཏགས་ཅེས་བཤད་དོ། །
གཉིས་པ་རི་རབ་ཀྱི་ཤར་ཕྱོགས་ན་ལུས་འཕགས་པོའི་གླིང་ཆགས་པ་ཡིན་ཞིང་། དེའི་གྲུབ་ཆ་དང་ཆུར་ནུབ་པའི་ཚད་དང་སྟེང་འཕགས་པའི་ཚད་དག་ནི་གོང་དང་འདྲ་ལ། དབྱིབས་ནི་ཟླ་གམ་སྟེ་རི་རབ་ལ་གཏད་པའི་ངོས་དང་གཡས་ཡོན་གྱི་ངོས་ཏེ་ངོས་གསུམ་ནི་གོང་དང་འདྲ་བར་དཔག་ཚད་ཉིས་སྟོང(༢༠༠༠)རེ་ཡོད་ལ། ལྕགས་རི་ལ་གཏད་པའི་ངོས་ནི་ཟླུམ་པོ་སྟེ་དཔག་ཚད་སུམ་བརྒྱ་ལྔ་བཅུ(༣༥༠)ཡོད། མཐའ་བསྐོར་བའི་ཚད་ནི་དཔག་ཚད་དྲུག་སྟོང་སུམ་བརྒྱ་ལྔ་བཅུ(༦༣༥༠)ཡོད་པ་ཡིན་ཞིང་། ལུས་འཕགས་གླིང་ཞེས་པའི་སྒྲ་བཤད་ནི། འདི་གའི་མི་ཡི་ལུས་ནི་འཛམ་བུ་གླིང་གི་མི་ལུས་ལས་ཉིས་འགྱུར་གྱིས་ཆེ་བས། ལུས་འཕགས་གླིང་ཞེས་བཏགས་པ་ཡིན་ནོ། །
གསུམ་པ་རི་རབ་ཀྱི་ནུབ་ཕྱོགས་ན་བ་ལང་སྤྱོད་གླིང་ཆགས་པ་ཡིན་ཞིང་། དེའི་གྲུབ་ཆ་དང་ཆུར་ནུབ་པའི་ཚད་དང་སྟེང་འཕགས་པའི་ཚད་དག་ནི་གོང་དང་འདྲ་ལ། དབྱིབས་ནི་ཟླུམ་པོ་སྟེ་ཟླ་བ་ཉ་གང་བ་བཞིན་ཡོད་ལ། དེའི་དཀྱིལ་ཐིག་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ(༢༥༠༠)ཡོད། མཐའ་བསྐོར་བའི་ཚད་ལ་སྟོང་ཕྲག་བདུན་དང་ལྔ་བརྒྱ(༧༥༠༠)ཡོད། བ་ལང་སྤྱོད་ཅེས་པའི་སྒྲ་བཤད་ནི། བ་གླང་དང་རིན་པོ་ཆེན་དག་ལ་གཙོ་བོ་ལོངས་སྤྱོད་པས། བ་ལང་སྤྱོད་ཅེས་བཏགས་སོ། །
བཞི་པ་རི་རབ་ཀྱི་བྱང་གི་ཕྱོགས་ན་སྒྲ་མི་སྙན་གྱི་གླིང་ཆགས་པ་ཡིན་ཞིང་། དེའི་གྲུབ་ཆ་དང་ཆུར་ནུབ་པའི་ཚད་དང་སྟེང་འཕགས་པའི་ཚད་དག་ནི་གོང་དང་འདྲ་ལ། དབྱིབས་ནི་གྲུ་བཞི་སྟེ། ཕྱོགས་རེར་དཔག་ཚད་ཉིས་སྟོང(༢༠༠༠)རེ་ཡོད་ལ། མཐའ་བསྐོར་བའི་ཚད་ནི་དཔག་ཚད་བརྒྱད་སྟོང(༨༠༠༠)ཡོད་དོ། ། སྒྲ་མི་སྙན་ཞེས་བྱ་བའི་སྒྲ་བཤད་ནི། དེར་སྐྱེས་པའི་སེམས་ཅན་དེ་དག་འཆི་བའི་ཞག་བདུན་གྱི་གོང་དུ་ཁྱོད་འཆིའོ་ཞེས་པའི་སྒྲ་མི་སྙན་པ་ནམ་མཁའ་ལས་ཐོས་པའི་ཕྱིར་རམ། པི་ཤ་ཙི་ཏ་འདྲེའི་སྐད་དུ་སྨྲ་བའི་ཕྱིར། སྒྲ་མི་སྙན་ཞེས་བཏགས་སོ། ། གླིང་འདི་དག་གང་དང་གང་གི་མི་ཡིན་རུང་རང་རང་གི་བྱད་གཟུགས་ཀྱི་དབྱིབས་ནི། གླིང་རང་རང་གི་ས་དབྱིབས་དང་མཚུངས་པ་བཤད་དོ། ། དེ་བཞིན་གླིང་ཕྲན་བརྒྱད་ནི་གླིང་ཆེན་བཞིའི་གླིང་གཡོག་ཡིན་ཞེས་བཤད་ཅིང་། དབྱིབས་ནི་རང་རང་འཁོར་དུ་འགྲོ་ཡུལ་གྱི་གླིང་ཆེན་དེའི་དབྱིབས་ཇི་ལྟ་ཡིན་པ་བཞིན་ཡོད་པ་བཤད། དེ་དག་དང་གླིང་ཆེན་དག་གི་བར་གྱི་བར་ཐག་དང་། གླིང་ཕྲན་དེ་དག་གི་རྒྱ་ཁྱོན་སོགས་ནི། མཆིམས་མཛོད་མངོན་པའི་རྒྱན་ལས། “ཚད་ནི་མངོན་པར་མ་གསུངས་སོ། ། “ཞེས་གསུང་པ་བཞིན་མཛོད་ཀྱི་སྐབས་སུ་ཚད་ཏག་ཏག་གཅིག་བཤད་མེད། དེ་ཡང་ཤར་གླིང་གི་འཁོར་དུ་ལུས་དང་ལུས་འཕགས་གཉིས། བྱང་གླིང་གི་འཁོར་དུ་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་གཉིས། ལྷོ་གླིང་གི་འཁོར་དུ་རྔ་ཡབ་དང་རྔ་ཡབ་གཞན་གཉིས། ནུབ་གླིང་གི་འཁོར་དུ་གཡོ་ལྡན་དང་ལམ་མཆོག་འགྲོ་གཉིས་བཅས་ཡོད་པ་ཡིན་ནོ། །
གླིང་བཞི་གླིང་ཕྲན་དང་འབྲེལ་བའི་དོགས་གནད།
དོགས་གནད་དང་པོ། རིགས་གཞུང་དག་ཏུ་གླིང་བཞི་འདི་བཤད་པའི་སྐབས་སུ། ཤར། ལྷོ། ནུབ། བྱང་། ཞེས་པ་ལྟ་བུ་ཆགས་པའི་གོ་རིམ་བཞིན་མ་བཤད་པར། ཡར་མར་སྲེ་ནས་བཤད་འདུག་ལ། གླིང་ཕྲན་རྣམས་བཤད་པའི་ཚེ་ཡང་། གླིང་ཆེན་དག་བཤད་པའི་གོ་རིམ་བཞིན་མ་བཤད་པ་ཡར་མར་སྲེ་ནས་བཤད་འདུག སྤྱིར་ན་གོ་རིམ་བཞིན་བཤད་ཡོད་ན་ཅུང་ཟད་སྟབས་བདེ་བའི་སྣང་ཚུལ་ཞིག་ཡོད་དོ། གླིང་བཞི་པོ་འདི་ཆུ་མཚམས་ནས་སྟེང་ལ་འཕགས་ཚད་བཞི་ཀ་འདྲ་བར་ཆུ་དང་མཉམ་པ་འཇིག་རྟེན་གཞག་པས་བཤད་མོད། འོན་ཀྱང་མཆིམས་མཛོད་མངོན་པའི་རྒྱན་དང་ཀར་ཊཱིག་དག་ཏུ་ལུས་འཕགས་གླིང་འདི་ཆུ་མཚམས་ལས་སྲིད་དུ་ཤིང་ཏཱ་ལ་བདུན་སྲིད་དུ་འཕགས་ཅེས་གསུང་འདུག་ན། གཅིག་བྱས་ན་འདི་གཉིས་དོན་དུ་དགོངས་པ་གཅིག་ཡིན་ཆོག་ཡང་སྲིད། བལྟས་ཚོད་ལ་ཅུང་ཟད་མི་མཐུན་པའི་ཚུལ་དུ་སྣང་། འགྲེལ་བ་འདི་དག་ཏུ་བཤད་པ་འདི་ནི་བྱང་ས་ལ་སོགས་པའི་བསྟན་བཅོས་གཞན་གྱི་བཤད་ཚུལ་ཡིན་ཡང་སྲིད་དེ། གླིང་འདི་དག་གི་ཚད་བཤད་སྐབས་ཀྱང་བྱང་ས་དང་མངོན་པ་གཉིས་མི་མཐུན་པ་གསུང་པ་ལྟ་བུའོ། ། སྤྱི་ནར་གླིང་འདི་དག་ཆུ་མཚམས་ལས་ཅུང་ཟད་གཅིག་འཕགས་དགོས་པ་འདྲ་སྟེ། ཆུ་དང་ཚད་མཉམ་པ་ཡིན་ན་རྒྱ་མཚོ་སྟེང་དུ་འཕྱུར་ཡོང་བའི་ཕྱིར།
དོགས་གནད་གཉིས་པ། གླིང་ཕྲན་དག་གི་གནས་ཚུལ་དེང་གི་དཔེ་རིས་ལས་གསལ་བ་ལྟར་ན། གླིང་ཆེན་བཞི་པོ་སོ་སོའི་གླིང་གཉིས་པོ་དེ་སོ་སོའི་གཡས་གཡོན་གཉིས་སམ། ཤར་ནུབ་གཉིས་རྐྱང་རྐྱང་ལ་བཞག་འདུག་ལ། ཀར་ཊཱིཀ་དང་སི་ཏུ་པའི་འགྲེལ་ཆེན་སོགས་ལས། གླིང་གཡོག་དག་ཁ་གཅིག་གི་གཡས་བསྐོར་དུ་འདོད་ཀྱང་། སྣར་ཐང་པའི་བཞེད་པ་ལྟར་གཡོན་བསྐོར་དུ་འཐད་ཅེས་གསུང་པ་ལ་བལྟས་ནའང་། གླིང་རྣམ་གནས་ཚུལ་ནི་དཔེ་རིས་དག་ལས་གསལ་བ་བཞིན་ལོས་ཡིན་སྙམ་པ་ཞིག་འདུག འོན་ཀྱང་མཆིམས་མཛོད་མངོན་པའི་རྒྱན་ལས། “གླིང་བཞི་པོ་དེའི་བར་གྱི་གླིང་ཕྲན་བརྒྱད་པོ་རྣམས་ནི་ལུས་འཕགས་པོའི་ལྷོ་ན་ལུས་དང་བྱང་ན་ལུས་འཕགས་ཞེས་བྱ་བ་ནི་ལུས་འཕགས་པོའི་གླིང་གཡོག་ཡིན་ནོ། ། སྒྲ་མི་སྙན་གྱི་ཤར་ན་སྒྲ་མི་སྙན་དང་ནུབ་ན་སྒྲ་མི་སྙན་གྱི་ཟླ་དང་གཉིས་ནི་སྒྲ་མི་སྙན་གྱི་གླིང་གཡོག་ཡིན་ནོ། ། འཛམ་བུའི་གླིང་གི་ནུབ་ན་རྔ་ཡབ་དང་ཤར་ན་རྔ་ཡབ་གཞན་གཉིས་ནི་འཛམ་བུའི་གླིང་གི་གླིང་གཡོག་ཡིན་ནོ། ། བ་ལང་སྤྱོད་ཀྱི་བྱང་ན་གཡོ་ལྡན་དང་ལྷོ་ན་ལམ་མཆོག་འགྲོ་གཉིས་ནི་བ་ལང་སྤྱོད་ཀྱི་གླིང་གཡོག་ཡིན་ནོ། ། ” ཞེས་གསུང་པ་ལྟར་ན། ཤར་ལྷོ་གཉིས་ཀྱི་གླིང་གཡོག་དག་གནས་སྟངས་སྔར་བཞིན་ཡིན་ནའང་། ནུབ་བྱང་གཉིས་ཀྱི་གླིང་གཡོག་དག་ནུབ་བྱང་གཉིས་ཀྱི་ཤར་ནུབ་བམ་གཡས་གཡོན་ལ་གནས་པ་མ་ཡིན་པར། ལྷོ་བྱང་ངམ་མདུན་རྒྱབ་ལ་གནས་པ་བསྟན་འདུག་པས། དེ་ལྟར་ན་དཔེ་རིས་བཞིན་གཏན་ནས་གནས་ཐགས་མི་འདུག་གོ །
དོགས་གནད་གསུམ་པ། ཀར་ཊིག་ཏུ། “བོད་ཁ་ཅིག་རི་གླིང་གི་ཚུལ་འདི་སྟོན་པ་ཤཱཀ་ཐུབ་ཀྱི་དུས་ཏེ། སྐྱེ་རྒུའི་བསོད་ནམས་འཕེལ་འགྲིབ་ཀྱིས་བ་ཚྭ་ཅན་གྱི་ཆུ་འཕེལ་འགྲིབ་བྱེད་པས། ད་ལྟ་ནི་གླིང་འདི་རྣམས་ཚད་འདི་དག་ལས་ཆུང་ལ། བྱམས་མགོན་དུས་འཛམ་གླིང་དཔག་ཚད་བརྒྱད་ཁྲིར་འཕེལ་ཟེར་བ་ནི་མངོན་པ་གོང་མ་སོགས་ཀྱི་མདོ་ཁུངས་དང་སྦྱར་ན་རུང་ཡང་། མཛོད་ཀྱི་མདོ་ཁུངས་དང་སྦྱར་ན་མི་བཏུབ་བོ། །”ཞེས་གསུང་པ་མཛད་མོད། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་མཛོད་འགྲེལ་ལས། “ཕྱིའི་རྒྱ་མཚོ་ལ་འཕེལ་བའམ་འགྲིབ་པའང་མི་རིགས་པ་མ་ཡིན་ཏེ། གདགས་པ་ལས་འཁོར་སྒྱུར་འབྱུང་བའི་ཚེ་ཅུང་ཟད་འགྲིབ་པར་བཤད་པའི་ཕྱིར།”ཞེས་གསུང་འདུག་པས། མཛོད་ལུགས་ལའང་འཕེབ་འགྲིབ་འདི་འཐད་ཅེས་འཆད་དགོས་པ་འདྲ་ལ། གདགས་པའི་ལུང་དེའང་རྙེད་སོན་བྱུང་ན་ཡག་པ་ལ་ཨང་།
འཛམ་གླིང་དམིགས་སུ་བཤད་པ།
འུ་ཅག་ནི་འཛམ་བུ་གླིང་པ་ཡིན་ལ། འཛམ་བུ་གླིང་འདི་ཡི་དཀྱིལ་རྡོ་རྗེ་གདན་འདི་ནས་བྱང་དུ་རི་ནག་པོ་དགུ་འདས་པའི་ཕ་རོལ་ན་གངས་རི་ཞིག་ཡོད་ལ། དེ་ཡི་བྱང་སྤོས་ངད་ལྡན་པའི་ཚུ་རོལ་ན་ཀླུའི་རྒྱལ་པོ་མ་དྲོས་པའི་གནས་མཚོ་མ་དྲོས་པ་ཞེས་བྱ་བ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ་ཞིག་ཡོད་ཅིང་། མཆུ་དང་ཞེང་དང་ཟབས་སུ་དཔག་ཚད་ལྔ་བཅུ(༥༠)རེ་ཡོད་པ། མཐའ་ཁ་ལ་དཔག་ཚད་ཉིས་བརྒྱས(༢༠༠)འཁོར་བ་ཞིག་ཡོད། དེ་ཡི་ཕྱོགས་བཞི་ལས་ཆུ་བོ་ཆེན་པོ་བཞི་འབབ་བཞིན་ཡོད་ལ། ཆུ་བོ་དེ་དག་གིས་མཚོ་མ་དྲོས་པ་གཡས་བསྐོར་བྱས་ནས་ཆུ་ཕྲན་ལྔ་བརྒྱ་དང་བཅས་རྒྱ་མཚོར་བབས་པ་བཤད། དེ་ཡང་ཤར་ཕྱོགས་ནས་བྲག་གླང་པོའི་ཁ་འདྲ་བ་ལས་ཆུ་བོ་གངྒཱ་དང་། ལྷོ་ཕྱོགས་བྲག་ཁྱུ་མཆོག་གི་ཁ་འདྲ་བ་ལས་སིནྡྷུ་དང་། ནུབ་ཕྱོགས་རྟའི་ཁ་འདྲ་བ་ལས་པཀྵུ་དང་། བྱང་ཕྱོགས་སེང་གེའི་ཁ་འདྲ་བ་ལས་སི་ཏཱ་དང་བཅས་བབས་པ་བཤད་དོ། གཞན་ཡང་མཚོ་མ་དྲོས་པའི་འགྲམ་ན་ཤིང་འཛམ་བུ་པྲི་ཤ་ཞེས་བྱ་བ་འབྲས་བུ་མངར་པོ་རྫ་མ་ཙམ་དང་ལྡན་པ་དེ་སྨིན་པ་ཆུར་ལྷུང་བ་ལས་འཛམ་བུ་ཞེས་པའི་སྒྲ་དང་འཛམ་བུ་ཆུ་བོའི་གསེར་དྲི་མ་མེད་པར་འབྱུང་སྟེ། ཤིང་དེའམ་དེའི་འབྲས་བུས་མཚོན་པའི་གླིང་ཡིན་པས་འཛམ་བུ་གླིང་ཞེས་བྱ་བ་ཡང་བཤད། མཚོ་མ་དྲོས་པའི་བྱང་དུ་བྲག་གསེར་གྱི་བྱ་སྐྱིབས་ཞེས་བྱ་བ་རྫིང་བུ་དལ་གྱིས་འབབ་ཅེས་པའི་ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བ་ཞིག་ཡོད་ལ། དེའི་ནང་དུ་པདྨའི་འདབ་མ་བ་ལང་གི་ཀོ་བ་ཙམ་དང་། སྡོང་བུ་གཤོལ་མདའ་ཙམ། མེ་ཏོག་ཤིང་རྟའི་འཕང་ལོ་ཙམ། རོ་སྦྲང་རྩི་དང་མཚུངས་པ་སོགས་དང་། གཞན་ཡང་གླང་པོ་ཆེ་སཱ་ལ་རབ་བརྟན་སོགས་ཡོད་པས་ཁྱད་པར་དུ་འཕགས་ཤིང་། རྫུ་འཕྲུལ་དང་མི་ལྡན་པའི་མིས་བགྲོད་པ་དཀའ་བ་བཤད། གཞན་ཡང་འཛམ་བུ་གླིང་འདི་ན་ཡུལ་ཆེན་བཅུ་དྲུག ཡུལ་ཕྲན་སྟོང་། གྲོང་ཁྱེར་ཆེན་པོ་དྲུག་གིས་བརྒྱན་པའི་དབུས་དང་མཐའ་འཁོབ་ཀྱིས་ཕྱེ་བས་མི་རིགས་དང་སྐད་ཡིག་སྣ་ཚོགས་པ་ཡོད་པ་བཤད་དོ། ། མ་ཚད་ཤར་ན་འཇམ་དབྱངས་བཞུགས་པའི་གནས་རྒྱ་ནག་རི་བོ་རྩེ་ལྔ་དང་། ལྷོ་ན་རྩེ་མོ་སྤྱན་རས་གཟིགས་དང་འོག་ན་སྒྲོལ་མ་བཞུགས་པའི་གནས་རི་བོ་གྲུ་འཛིན་དང་། ནུབ་ན་ཨོ་རྒྱན་མཁའ་འགྲོའི་གླིང་དང་། བྱང་ན་ཆོས་རྒྱལ་རིགས་ལྡན་བཞུགས་པའི་གནས་ཤམ་བྷ་ལ་ལ་སོགས་པ་ཡོད་པ་བཤད་དོ། །
འདིར་གངས་ཅན་ཞེས་པ་དེ་ཏི་སེ་ཡིན་པར་རྗེ་བཙུན་མི་ལའི་མགུར་ལས་བྱུང་བ་ལ། དེ་ལ་མཛོད་ནས་བཤད་པའི་ཁྱད་ཆོས་ཇི་བཞིན་མི་མངའ་བས་མི་འཐད་ཅེས་ས་པཎ་སོགས་ཀྱིས་དགག་པ་མཛད་ལ། ཕྱིས་ཀྱི་ཀར་ཊིག་སོགས་ལས་དགག་བཞག་མང་ཙམ་བྱུང་ལ། བཀའ་བརྒྱུད་པ་དག་གིས་གངས་ཅན་ཞེས་པའི་རི་དེ་ནི་ཏི་སེ་ཡིན་པ་དང་། མཚོ་མ་དྲོས་པ་ཡང་དེའི་ཞོལ་ན་ཡོད་པ་དང་། ཁ་འབབ་ཀྱི་ཆུ་བོ་བཞི་ཡང་དེ་ནས་འབབ་ཀྱིན་ཡོད་ཚུལ་སོགས་མང་དུ་གསུང་བ་མཛད།
དོན་ལ་མཛོད་ནས་བཤད་པ་བཞིན་གངས་ཅན་དང་མཚོ་མ་དྲོས་པ་སོགས་ཀྱི་ཁྱད་ཆོས་དེ་དག་ལྡན་མིན་ཇི་ལྟར་རུང་དེང་དུས་ཀྱི་བསམ་བློ་བཞིན་བཤད་ན། མངོན་པའི་འཇིག་རྟེན་ཆགས་རིམ་འདི་སྤྱིའི་ཆ་ནས་འགྲིག་མེད་ནའང་། བྱེ་བྲག་རྒྱ་གར་རྡོ་རྗེ་གདན་དང་རི་གངས་ཅན་མཚོ་མ་དྲོས་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་སོགས་ཀྱི་ངོས་འཛིན་ཚུལ་ནི། ཏག་ཏག་འགྲིག་ཡོད་པ་ཡང་སྲིད་ཅིང་། དེའང་གངས་ཅན་ཞེས་པ་ནི་ཏི་སེ་ཡིན་སྲིད་དེ། མཛོད་གཞུང་རྩོམ་པ་པོ་དག་ནི་སྐབས་དེའི་རྒྱ་གར་གྱི་ནང་པའི་མཁས་པ་དག་ཡིན་སྟབས། ས་བབས་ཀྱི་ངོས་ཐད་ནས་བལྟས་ན་ཡང་ཁོ་ཚོས་དེ་ལྟར་བཤད་ན་འཐད་པ་ཡིན་ལ། དེང་གི་འཛམ་གླིང་ལོ་རྒྱུས་ཞིབ་འཇུག་པས་བཤད་པ་ལྟར་ན། སྐབས་དེར་འཛམ་གླིང་གི་ཆོས་ལུགས་ཡིན་ནའང་འདྲ། བཙན་རྒྱལ་ཡིན་ནའང་འདྲ། སོ་སོའི་ས་གནས་ཀྱི་ས་ཁྲ་དང་ཆགས་སྟངས་མ་ནོར་པར་བྲིས་མཁན་མང་དུ་བྱུང་ཞིང་། དེ་དང་ལྷན་དུ་འཛམ་གླིང་གི་ས་ཁམས་ཆགས་ཚུལ་སོགས་ཀྱི་གནས་སྟངས་དང་ས་ཁྲ་འབྲི་བའི་ཚེ། ཡུལ་དུས་དང་ཤེས་རབ་གང་གིས་ཐད་ནས་ཀྱང་དཀའ་ཁག་ཆེ་བས་ཚོད་དཔག་དང་འོལ་ཚོད་ཀྱིས་ནོར་འཁྲུལ་དཔེ་མེད་བྱུང་ཡོད་པའི་བདེན་དཔང་མང་དུ་ཡོད་པ་བཞིན། མངོན་པ་པ་དག་གིས་སྤྱི་ཡི་ཉི་ཟླ་རི་རབ་དང་བཅས་པའི་འཇིག་རྟེན་ཆགས་ཚུལ་སྐོར་གླེང་བའི་ཚེ་ནོར་འཁྲུལ་ཆེར་ཙམ་ཤོར་ཡོད་སྲིད་ནའང་། བྱེ་བྲག་རྒྱ་གར་པའི་ས་ཁམས་ཆགས་ཚུལ་དང་རི་ཆུའི་གནས་སྟངས་སྐོར། དཔེ་ན་གངས་ཅན་དང་ཏི་སེ། མ་དྲོས་མཚོ་དང་ཁ་འབབ་ཆུ་བོ། གཞན་ཡང་ཤར་ལྷོ་ནུབ་བྱང་གི་ས་ཆ་དེ་དག་ཏག་ཏག་ཤོད་ཡོད་ཀྱང་སྲིད་པས། མཛོད་ནས་བསྟན་པ་བཞིན་ད་དུང་ཡང་ངོས་བཟུང་རྒྱུ་ཡོད་པའང་སྲིད་དོ་ཞེས་འཆད་ཀྱང་འོས་པ་སྙམ་མོ། ། ཡང་ན་ང་ཚོས་བཤད་པ་བཞིན་མངོན་པའི་འཇིག་རྟེན་ཆགས་རིམ་ནི་གང་ཟག་གང་ཡང་རུང་བ་ཞིག་གི་ལས་སྣང་ངམ། སྐབས་དེའི་དུས་ཀྱི་གདུལ་བྱ་ལ་ལྟོས་ནས་འཆད་པ་ཡིན་ཚུལ་སོགས་ཀྱི་འགྲེལ་བཤད་གནང་ན་གངས་ཅན་དང་མཚོ་མ་དྲོས་སོགས་ཀྱང་དེ་བཞིན་དུ་འགྲེལ་ཆོག་པས། དེ་གཅིག་པུར་ཟུར་དུ་བཅད་དེ་ཨུ་ཚུགས་ཀྱིས་ང་ཚོའི་མིག་མཐོང་གི་ཏི་སེ་ཡིན་རབ་སོགས་ཀྱིས་སྒྲུབ་པ་ལའང་དགོས་གལ་ཆུང་བ་སྣང་ངོ་། །
ཉི་ཟླ་སྐར་གསུམ་གྱི་ཚད་དང་དབྱིབས།
ཉི་མ་དང་ཟླ་བ་སྐར་མ་དག་གི་རི་རབ་ལྷུན་པོའི་ཆུ་མཚམས་ནས་འཕགས་པའི་སྟོད་ཀྱི་ཕྱེ་སྟེ་གཉའ་ཤིང་འཛིན་གྱི་དབུ་ནས་རྒྱུ་བཞིན་ཡོད་ལ། ཟླ་བའི་དཀྱིལ་ཐིག་ལ་དཔག་ཚད་ལྔ་བཅུ(༥༠)ཡོད་དང་མཐའ་བསྐོར་བའི་ཚད་ལ་དཔག་ཚད་གཅིག་བརྒྱ་ལྔ་བཅུ(༡༥༠)ཡོད། དབྱིབས་ལེགས་ཤིང་ལྟ་ན་སྡུག་པ། ཆུ་ཤེལ་ལས་གྲུབ་པ། མུན་པ་བསལ་ཞིང་བསིལ་བ་བསྩལ་བ་བྱེད་པའི་ནུས་པ་ཅན་བཅས་ཡིན་ནོ། །
ཉི་མའི་དཀྱིལ་ཐིག་ལ་དཔག་ཚད་ལྔ་གཅིག(༥༡)ཡོད་ལ་མཐའ་བསྐོར་བའི་ཚད་ལ་དཔག་ཚད་གཅིག་བརྒྱ་ལྔ་བཅུ་ང་གསུམ(༡༥༣)ཡོད། དབྱིབས་ལེགས་ཤིང་ལྟ་ན་སྡུག་པ། མེ་ཤེལ་ལས་གྲུབ་པ། མུན་པ་བསལ་ཞིང་དྲོད་ཁོལ་སྟེར་བ་བྱེད་པའི་ནུས་པ་ཅན་བཅས་ཡིན་ནོ། ། ཉི་ཟླ་གཉིས་ཀྱི་རྔམས་སུ་ནི“དཔག་ཚད་ཕྱེད་དང་དྲུག་དང་བཅོ་བརྒྱད་ཀྱི་ཆ་གཅིག”ཡོད་ཅེས་པ་སྟེ། དོན་དུ་གོ་བདེ་བར་བཤད་ན། དཔག་ཚད་ལྔ་དང་རྒྱང་གྲགས་བཞི་དང་གཞུ་འདོམ་གཉིས་བརྒྱ་ཉེ་ཤུ་རྩ་གཉིས་དང་། ཁྲུ་གཉིས། སོ་མོར་ཉེ་ཤུ་རྩ་གཉིས། ནས་གཉིས། ཤིག་གཉིས། སྲོ་མ་གཉིས(༥/༤/༢༢༢/༢/༢༢/༢/༢/༢)བཅས་ཡོད་པ་ཡིན། ཉི་ཟླ་གཉིས་ཀྱི་ཐོག་ཏུ་གསེར་གྱི་ར་བས་བསྐོར་བ། དངུལ་དང་བཻ་ཌཱུརྱ་དང་ཤེལ་དང་གསེར་གྱི་རྩིག་སྐྱབས་བཞི་དང་། མདའ་ཡབ་དང་ལྡན་པ། དཀྱིལ་འཁོར་གྱི་ནང་དུ་ལྗོན་ཤིང་རྫིང་བུ་དང་མེ་ཏོག་དང་བྱ་དང་ལྷའི་བུ་བུ་མོ་མང་པོ་དང་། དེ་རྣམས་ཀྱི་གནས་ཁང་བརྩེགས་དང་ཁང་བཟང་སོགས་དང་། ཁ་ཟས་དང་རོལ་མོ་ལ་སོགས་པའི་འདོད་ཡོན་གྱིས་གང་བ། ལྷ་ཡི་བུ་ཉི་མ་དང་ཟླ་བ་འཁོར་དང་བཅས་པའི་གནས་ཡིན་པ་བཤད་ཅིང་། ། གླིང་བཞིའི་འཇིག་རྟེན་རེ་རེ་ན་ཉི་ཟླ་ཆ་གཅིག་ལས་མེད་དོ། །
སྐར་མ་ནི། གླིང་བཞི་རི་རབས་དང་བཅས་པའི་འཇིག་རྟེན་གཅིག་ལ་སྐར་མའི་གྲངས་ནི་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་དང་ས་ཡ་ལྔ(༢༨༥༠༠༠༠༠༠)ཡོད་པར་དྲང་སྲོང་གར་གའི་ལྟས་ཀྱི་རྣམ་པ་བསྟན་ལས་གསུངས་སོ། ། སྐར་མའི་ཆེ་ཆུང་གི་ཚད་ནི་ཆེ་བ་ལ་རྒྱང་གྲགས་བཅོ་བརྒྱད(༡༨)དང་ཆུང་བ་ལ་རྒྱང་གྲགས་གསུམ(༣)དང་ཕལ་ཆེར་བ་ལ་རྒྱང་གྲགས་བཅུ(༡༠)པ་དང་བཅུ་གཉིས(༡༢)པ་ཡོད་ཚུལ་གདགས་པ་ལས་བཤད་དོ། ། ཉི་ཟླས་གླིང་བཞི་ལ་བྱ་བ་བྱེད་ཚུལ་ནི། ཤར་ལུས་འཕགས་པོ་རུ་ཉིན་གུང་གི་ཚེ། ལྷོ་འཛམ་བུ་གླིང་དུ་ཉི་མ་འཆར་དུས་དང་། ནུབ་བ་ལང་སྤྱོད་དུ་མཚན་གུང་གི་དུས་དང་། བྱང་སྒྲ་མི་སྙན་དུ་ཉི་མ་ནུབ་པའི་དུས་དང་བཅས་དུས་མཉམ་ཡིན། དེ་བཞིན་དུ་ལྷོ་ནས་ཉིན་གུང་གི་དུས་ནུབ་ནས་ཉི་ཤར་གྱི་དུས་དང་། བྱང་ནས་མཚན་གུང་དང་། ཤར་ནས་ཉི་ནུབ་ཀྱི་དུས་བཅས་ཡིན་ཞིང་། གླིང་གཞན་གཉིས་ལའང་དེ་བཞིན་དུ་སྦྱར་ཆོག་གོ། འདིར་མཆིམས་མཛོད་མངོན་པའི་རྒྱན་ལས། “དེ་ཡང་སའི་བསྟོད་འགྲེལ་ལས། གང་གི་ཚེ་ཉིན་ཞག་མཉམ་པ་དེའི་ཚེ་ན་དེ་ལྟར་བགྲང་གི་གཞན་ན་ནི་ཆ་ཡོད་པར་བལྟའོ་ཞེས་འབྱུང་བས་ཉིན་མཚན་མཉམ་པའི་དབང་དུ་བྱས་ཀྱི་མི་མཉམ་པའི་དུས་སུ་ནི་དེ་ལྟར་ངེས་པ་མེད་པའི་ཕྱིར་རོ། །”ཞེས་གསུང་འདུག་ནའང་། ཉི་མཚན་མཉམ་རུང་མ་མཉམ་རུང་ཉི་མ་གཅིག་གི་གླིང་བཞི་ལ་བྱ་བ་བྱེད་ཚུལ་དེ་གོང་བཞིན་དུ་ངེས་པ་ལས། ཉི་མ་རིང་ཐུང་གི་དབྱེ་བས་མི་འགྲིག་པ་འབྱུང་ཚུལ་ཞིག་ལ་ནས་མེད་དོ། །
ཉི་ལྡོག་དང་ཟླ་བའི་འཕེལ་འགྲིབ།
འདིའི་སྐབས་སུ་མཛོད་ཀྱི་གཞུང་ལ་འཆད་ཉན་མཛད་པའི་རིག་སྨྲ་བ་དག་ལ་དཀའ་ངལ་ཞིག་ཡོད་པ་ནི་ཉི་ལྡོག་དང་དེ་ལས་འཕྲོས་པའི་དབྱར་དགུན་གྱི་ཟླ་བ་དག་ངོས་འཛིན་ཚུལ་གྱི་སྐོར་འདི་ཡིན། འདུལ་མཛོད་ཀྱི་ལུགས་སུ་དགུན་འགོ་འཛིན་ཚུལ་ལ། བོད་དུ་འདོད་ཚུལ་མི་འདྲ་བ་དུ་མ་བྱུང་བའི་དབང་གིས། དབྱར་གནས་པའི་དུས་ཚིགས་དང་ཉི་ལྡོག་གི་དུས་ཚིགས་ངོས་བཟུང་ཚུལ་དང་། གསོ་སྦྱོང་ཞག་མི་ཐུབ་པའི་ཟླ་བ་ངོས་བཟུང་ཚུལ་བཅས་ལ་འདོད་པ་དང་ཕྱག་ལས་ཐ་དད་དུ་སོང་བ་ཡིན། ལྟོག་མུ་གེའི་ཐོག་ཏུ་ཟླ་ལྷག་ཟེར་བའི་དཔེ་ལྟར། སྤྱིར་ནས་དུས་ཚིགས་ངོས་འཛིན་ཐད་ལ་དཀའ་རྙོག་ཆེ་པོ་ཞིག་ཡོད་ཐོག ལྷག་པར་དུས་ཚིགས་སྐོར་གྱི་མཛོད་གཞུང་དག་ལ་འགྱུར་ཁྱད་ཀྱིས་ཡིན་ནམ། མི་མཁས་པ་ཚོས་མཆན་བཏབ་པ་དག་ཕྱིས་སུ་གཞུང་ཚིག་ཏུ་ཤོར་བ་ཡིན་ནམ་གང་ལྟར་རུང་། གཞུང་གཅིག་ཉིད་ལའང་ཚིག་རིས་མི་འདྲ་བ་དུ་མ་བྱུང་བའི་དབང་གིས་དཀའ་ཉོག་གི་ཐོག་ཏུ་དཀའ་ཉོག་བྱུང་བ་ལས། ཐག་ཆོད་པ་དང་བློ་སྐྱེད་ཡོང་བ་གང་ཡང་བྱུང་མེད། དེ་ཡང་གཞུང་གཅིག་ཉིད་ལ་ཚིག་རིས་མི་འདྲ་བ་དུ་མ་བྱུང་ཚུལ། ཀུན་མཁྱེན་མི་བསྐྱོད་ཀྱི་མཛོད་ཊིག་ལས། “མདོར་ན་ཉི་ཟློག་གི་སྐབས་སུ་འདིར་ལོ་པཎ་སྔ་ཕྱིར་བྱོན་པ་རྣམས་ལས་མཁས་པ་ཚིག་དོན་ལ་མ་འཁྲུལ་པ་དག་གིས་འགྱུར་མཛད་པ་ན་ཚིག་དོན་ལ་འཁྲུལ་པ་མེད་མོད། མི་མཁས་པ་མང་པོས་འགྱུར་བཅོས་དང་མཆན་བུ་སྣ་ཚོགས་བྱས་པ་ལ་བརྟེན་ནས་འདུལ་མངོན་གྱི་དུས་ཚིགས་ཀྱི་རྒྱ་གཞུང་མང་དུ་འཕེལ་བ་ལ་ནི་མ་དག་པ་དུ་མ་བྱུང་བར་སྣང་ངོ། །” ཞེས་དང་། “མཛོད་ཀྱི་འགྲེལ་བཤད་རྒྱལ་སྲས་མ་ལ་མཚོན་ནའང་ཁོ་བོའི་ལག་ཏུ་བྱུང་བའི་བོད་ཆོས་རྒྱལ་དུས་སུ་བྲིས་པའི་འགྲེལ་པ་རྒྱལ་སྲས་མ་ཡིག་རྙིང་ཞིག་ལ་དཀྱུས་སུ་དབྱར་གྱི་ཟླ་བ་ནི་དབྱར་ཟླ་འབྲིང་པོའི་ཉ་ནས་བྱ་བ་ལ། དུས་ཕྱིས་ཀྱི་མི་མཁས་པ་ཞིག་གིས་དབྱར་ཟླ་འབྲིང་པོ་ལས་དབྱར་ཟླ་ཐ་ཆུང་དག་པར་སེམས་ནས་དབྱར་ཟླ་ཐ་ཆུང་ཞེས་མཆན་བུ་བཏབ་པ་དང་། ཡང་སྟོན་ཟླ་ར་བའི་ཡར་གྱི་ངོའི་ཚེས་དགུ་ནས་མཚན་རིང་བར་འགྱུར་ཞེས་པ་ལ། དབྱར་ཟླ་ཐ་ཆུང་གི་མཆན་བཏབ་པ་དང་། དེ་ལ་དཔྱིད་ཟླ་ར་བ་ཡར་གྱི་ངོའི་ཚེས་དགུ་ནས་མཚན་རིང་བར་འགྱུར་ཞེས་པ་ལ་དགུན་ཟླ་ཐ་ཆུང་གི་མཆན་བཏབ་པ་དང་། རྒྱལ་སྲས་མའི་ཡི་གེ་ལ་ལར། དབྱར་ཐ་ཆུང་དང་དགུན་ཐ་ཆུང་ནས་ཉི་མ་ལྡོག་ཟེར་བ་སོགས་སྣ་ཚོགས་ཤིག་བྱུང་འདུག” ཞེས་དང་། “མཆིམས་བློ་བཟང་བའི་ཊཱི་ཀར། མཽ་གལ་གྱི་བུས་གདགས་བའི་བསྟན་བཅོས་སུ་དབྱར་དགུན་ཐ་ཆུང་ལ་ཉི་མ་ལྡོག་པར་བཤད་ཡོད་པ་ནི་འཇིག་རྟེན་པའི་ཐ་སྙད་དང་བསྟུན་པ་ཡིན་ལ། འཇིག་རྟེན་པའི་ཐ་སྙད་ནི་ངེས་པ་མེད་དོ་ཤེས་བྲིས་གདའ་ལ། བློ་གྲོས་མཚུངས་མེད་པས་ནི་གདགས་པར། སྟོན་ར་དང་དཔྱིད་ར་ལ་དབྱར་དགུན་ཉི་མ་ལྡོག་པར་བཤད་ལ། སློབ་དཔོན་གྱིས་གཞུང་འདི་བརྩམས་དུས་དབྱར་ཐ་དང་དཔྱིད་ར་ལ་ལྡོག་པར་བཤད་པ་ཡིན་ཞེས་བྲིས་གདའ་བ། སྣར་ཐང་པ་བློ་བཟང་དང་གསང་ཕུ་བ་བློ་གྲོས་མཚུམས་མེད་པ་གཉིས་ཀྱིས་ཀྱང་གདགས་པའི་བསྟན་བཅོས་ཚིག་རིས་མི་གཅིག་པ་གཉིས་གཟིགས་འདུག་པས་གང་རུང་གཅིག་གིས་གཟིགས་པ་དེ་མ་དག་པར་སེམས་སོ། །”ཞེས་སོགས་མང་དུ་འབྱུང་བ་ལྟར་རོ། །
ཉི་ལྡོག་གི་དུས་ཚིགས་ལ་གོ་བདེ་བར་བཤད་ན། ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཀྱི་དུས་ལ་བཞི་བཞི་རུ་བྱས་ཏེ། དབྱར་དགུན་དཔྱིད་གསུམ་དུ་བསྒོས་ཤིང་། དེའང་དགུན་ཟླ་བཞི་བའི་ཡར་ཚེས་བརྒྱད་ལ་དགུན་ཉི་ལྡོག་བྱུང་བ་དང་། དབྱར་ཟླ་གཉིས་པའི་ཚེས་བརྒྱད་ལ་དབྱར་ཉི་ལྡོག་བྱུང་བ་ནི། འདུལ་མཛོད་ཀྱི་གཞུང་ལུགས་སྨྲ་བ་ཀུན་ཀྱང་མཐུན་མོད། འོན་ཏང་དེ་ལྟ་བུའི་དགུན་ཟླ་བཞི་པ་དེ་གང་ཡིན་དང་། དབྱར་ཟླ་གཉིས་པ་དེ་གང་ཡིན་ཞེས་དྲིས་ཚེ། དེ་ཉིད་ངོས་འཛིན་ཚུལ་ལ་ལན་གཏན་ནས་མི་འདྲ་བ་ཡིན། དེའང་དུས་ཚིགས་ཀྱི་བསྐོར་བཤད་ཚུལ་ལ། བོད་འདིར་འདོད་པ་མི་འདྲ་བ་གཙོ་བོ་རྣམ་པ་གསུམ་ཙམ་ཡོད་དེ། དང་པོ་མཆིམས་མཇའ་དབྱངས་དང་མཆིམས་ནམ་གྲགས་སོགས་ཀྱིས་དབྱར་ཟླ་གཉིས་པ་ནི། ཧོར་ཟླ་དྲུག་པ་ཡིན་པར་སྨྲ་ཞིང་། དེའི་ཚེས་བརྒྱད་ལ་དབྱར་ཉི་ལྡོག་པ་དང་། དགུན་ཟླ་བཞི་པ་ནི་ཧོར་ཟླ་བཅུ་གཉིས་པ་ཡིན་པ་སྨྲ་ཞིང་། དགུན་ཉི་དེ་ནས་ལྡོག་པ་བཤད་ལ། གཉིས་པ་ཀུན་མཁྱེན་བུ་སྟོན་གཙོས་པའི་སོགས་ཀྱིས་དབྱར་ཟླ་གཉིས་པ་ནི། ཧོར་ཟླ་བདུན་པ་ཡིན་པར་སྨྲ་ཞིང་། དེའི་ཚེས་བརྒྱད་ལ་དབྱར་ཉི་ལྡོག་པ་དང་། དགུན་ཟླ་བཞི་པ་ནི་ཧོར་ཟླ་དང་པོ་ཡིན་ལ། དགུན་ཉི་དེ་ནས་ལྡོག་པ་བཤད་པ་དང་། གསུམ་པ་མཚོ་སྣ་བ་སོགས་ཀྱིས་དབྱར་ཟླ་གཉིས་པ་ནི། ཧོར་ཟླ་བརྒྱད་པ་ཡིན་པར་སྨྲ་ཞིང་། དེའི་ཚེས་བརྒྱད་ལ་དབྱར་ཉི་ལྡོག་པ་དང་། དགུན་ཟླ་བཞི་པ་ནི་ཧོར་ཟླ་གཉིས་པ་ཡིན་ལ། དགུན་ཉི་དེ་ནས་ལྡོག་པ་བཤད་ལ། རང་ལུགས་ཡིག་ཆ་དག་ལ་ཆགས་བཞག་ནའང་དེ་གསུམ་ཀའི་ཅི་རིག་གི་རྗེས་སུ་འབྲངས་པ་ལས། ཀུན་གྱི་གཅིག་མཐུན་གྱིས་ཕྱོགས་གཅིག་ཁོ་ནར་བཟུང་བ་མི་འདུག དེང་སང་ཉི་ལྡོག་དངོས་ནི་དབྱར་ཉི་ཧོར་ཟླ་བཞི་པའི་མཇུག་དང་ལྔ་པའི་མགོར་ཅི་རིག་ལ་ལྡོག་ཅིང་། དགུན་ཉི་ཧོར་ཟླ་བཅུ་པའི་མཇུག་དང་བཅུ་གཅིག་གི་མགོ་ཡས་མས་སུ་ལྡོག་གིན་འདུག་ན། ཕྱོགས་དང་པོས་བཤད་པའི་དབྱར་ཉི་ལྡོག་གི་དུས་དང་ད་ལྟའི་ཉི་ལྡོག་དུས་ཀྱི་བར་ཕལ་ཆེར་ཟླ་བ་གཅིག་ཡས་མས་སུ་ཧེ་བག་ཡོད་ལ། ཕྱོགས་གཉིས་པ་དང་ཟླ་བ་གཉིས་ཡས་མས་སུ་ཧེ་བག་ཡོད་ཅིང་ཤོར་། ཕྱོགས་གསུམ་པ་ལྟར་ན་ཟླ་བ་གསུམ་ཡས་མས་ཀྱི་ཧེ་བག་ཡོད་སྟབས། མདོར་ན་ཇི་ལྟར་བཤད་ཀྱང་སྔོན་གྱི་འདུལ་མཛོད་ནས་བཤད་པའི་ཉི་ལྡོག་དང་དེང་གི་ཉི་ལྡོག་གཉིས་ལྷུར་ཐུག་ཐབས་མེད་དོ། ། དེ་ཡང་ཧང་སང་བ་ཞིག་ཀྱང་མིན་ཏེ། ཆེ་ས་ནས་གླིང་བཞི་རི་རབ་དང་བཅས་པའི་ཆགས་ཚུལ་དག་དེང་གི་མཐོང་སྣང་དང་མཐུན་ཐབས་མེད་པས། ཆུང་ས་ནས་ཉི་ལྡོག་གི་དུས་ཙམ་ཞིག་འགྲིག་རུང་མ་འགྲིག་རུང་ཨུ་ཚུགས་ཀྱིས་མཐུན་ཐབས་བྱེད་ཆེད་ངལ་བས་འབད་པ་ལ་དགོས་པ་ཡོད་པ་མ་མཐོང་ངོ་། །
འོན་ཏང་གཞུང་ལུགས་ཁོ་རང་གི་རྣམ་བཞག་བཞིན་དུ་འདུལ་མཛོད་ཀྱི་དུས་ཚིགས་བཤད་པའི་སྐབས་འདིར། ཉ་སྐར་གྱི་མིང་། དུས་ཀྱི་དབྱེ་ཚུལ་འདྲ་མིན། གསོ་དགག་དབྱར་གསུམ་བྱེད་པའི་དུས། ཉི་ལྡོག་བྱུང་བའི་དུས་སོགས་གཅིག་ལ་གཅིག་འབྲེལ་གྱི་ཚུལ་དུ་མོལ་དགོས་པ་གང་མང་ཞིག་ཡོད་མོད། འདིའི་སྐོར་རང་གི་གང་ཤེས་པ་དག་དཔྱད་གཏམ་ཅུང་ཟད་རྒྱས་པ་ཞིག་ཀྱང་སྔོན་ནས་སྤེལ་ཟིན་ཅིང་། དེར་གསལ་ཁ་མ་ཐོན་པ་དང་སྣོན་ཕྲི་དགོས་པ་ཡང་ཅུང་ཟད་རེ་མཆིས་པས། སླད་ནས་ཞིབ་བཅོས་སྣོན་ཕྲིས་དང་བཅས་བསྐྱར་དུ་ལེགས་སྒྲིག་འདོད་པས། འདིར་དེ་དག་གི་སྐོར་མང་པོ་ཞིག་མ་བྲིས་སོ། ། དབྱར་དགུན་ཉི་ལྡོག་འབྱུང་ཚུལ་ནི། ལོ་གཅིག་ལ་ཉི་མ་ལྷོ་བགྲོད་དང་བྱང་བགྲོད་གཉིས་ཞེས་འབྱུང་ལ། བྱང་བགྲོད་མཐར་ཐུག་ཏེ་ལྷོ་རུ་འགྲོ་འགོ་རྩོམ་པའི་ཚེ་དབྱར་ཉི་ལྡོག་བྱུང་བ་ཡིན་ལ། ལྷོ་བགྲོད་མཐར་ཐུག་ཏེ་བྱང་དུ་འགྲོ་འགོ་རྩོམ་པའི་ཚེ་དགུན་ཉི་ལྡོག་བྱུང་བ་ཡིན་ནོ། ། དེའང་ལྷོ་འཛམ་བུ་གླིང་ལ་ཆགས་ན། ཉི་མ་བྱང་ཁར་མཐར་ཐུག་པ་སླེབ་པའི་ཚེ་ལྷོ་འཛམ་བུ་གླིང་དུ་ཉི་མ་ཆེས་རིང་སྟེ། ཉིན་མོ་ཡུད་ཙམ་བཅོ་བརྒྱད་ཡོད་ལ་མཚན་མོ་ཤིན་ཏུ་ཐུང་སྟེ་མཚན་མོ་ཡུད་ཙམ་བཅུ་གཉིས་ལས་མེད་དོ། ། ཉི་མ་ལྷོ་ཁར་མཐར་ཐུག་པ་སླེབ་པའི་ཚེ་ཉི་མ་ཆེས་ཐུང་སྟེ། ཉིན་མོ་ཡུད་ཙམ་བཅུ་གཉིས་ལས་མེད་ལ། མཚན་མོ་ཤིན་ཏུ་རིང་སྟེ་མཚན་མོ་ཡུད་ཙམ་བཅོ་བརྒྱད་ཡོད་དོ། ། ལྷོ་བགྲོད་ཀྱི་ཚེ་ཉིན་རེ་ཉི་མ་ཐང་གཅིག་རེར་ཐུང་བ་འགྱུར་ཞིང་། མཚན་མོ་ཐང་གཅིག་རེར་རིང་བ་འགྱུར་ལ། བྱང་བགྲོད་ཀྱི་ཚེ་ཉིན་རེ་ཉི་མ་ཐང་གཅིག་རེར་རིང་བ་འགྱུར་ཞིང་། མཚན་མོ་ཐང་གཅིག་རེར་ཐུང་བ་འགྱུར་བ་བཤད་དོ། ། དེའང་དེ་ལྟར་ལྷོ་བགྲོད་ཀྱི་ཚེ་ཉིན་མོ་རིམ་གྱིས་ཐུང་བ་དང་བྱང་བགྲོད་ཀྱི་ཚེ་མཚན་མོ་རིམ་གྱིས་ཐུང་བའི་རྒྱུ་མཚན་ནི། ཉི་མ་ལྷོ་མཐར་འགྲོ་བའི་ཚེ་འཛམ་བུ་གླིང་ལས་དཔག་ཚད་དྲུག་ལྷག་གི་ཕྱི་རོལ་རྒྱ་མཚོའི་ཐོག་ཏུ་ཕར་འགྲོ་བས་ན་འཛམ་བུ་གླིང་དུ་མཚན་མོ་རིང་བ་དང་། བྱང་བགྲོད་མཐར་ཐུག་པའི་ཚེ་ཉི་མ་འཛམ་བུ་གླིང་གི་ཀླད་དཀྱིལ་དུ་ཡོང་བ་ཡིན་པས་འཛམ་བུ་གླིང་དུ་ཉི་མ་རིང་བར་འགྱུར་རོ་ཞེས་མཛོད་གཞུང་སྨྲ་བ་དག་གིས་སྨྲ་བ་བྱེད། དེའང་མཆིམས་མཛོད་མངོན་པའི་རྒྱན་ལས་ཀྱང་། “དེའི་ཕྱིར་སོས་ཀ་ནི་ཉི་མའི་འོད་ཟེར་ཚ་སྟེ། གླིང་གི་སྟེང་ནས་ཐད་ཀར་འབབ་པའི་ཕྱིར་རོ། ། ཉི་མ་རིང་བའང་ཡིན་ཏེ། ཤར་ནུབ་ཏུ་རྒྱུ་བའི་ཐག་རིང་བའི་ཕྱིར་རོ། ། དགུན་ནི་ཉི་མའི་འོད་ཟེར་དེ་ཙམ་དུ་ཚ་བ་མ་ཡིན་ཏེ། གླིང་གི་སྟེང་གི་ཐད་ཀ་ནས་མི་འཕོག་པར་ལྷོ་ནས་འདིར་ཟུར་གྱིས་འཕོག་པའི་ཕྱིར་རོ། ། ཉི་མ་ཐུང་བའང་ཡིན་ཏེ། ཤར་ནུབ་ཏུ་བགྲོད་པའི་ཐག་ཐུང་བའི་ཕྱིར་རོ། །”ཞེས་རྒྱུ་མཚན་ཞིག་ཀྱང་བཀོད་མོད།
འོན་ཀྱང་འདི་དག་ནི་རྒྱུ་མཚན་དུ་འགྲོ་དཀའ་བ་མ་ཟད། གུས་ཞབས་མེད་པའི་སྐད་ཆ་ཞིག་བཤད་ན། ཕལ་ཆེར་རྒྱུ་མཚན་ལོག་པར་དུ་སོང་འདུག་གོ དེའང་སྤྱིའི་ཆ་ནས་སམ་དེང་གི་དཔྱད་ཐབས་དང་བསྟུན་ན་རྒྱུ་མཚན་དང་འགལ་འདུག་ཟེར་ནས་བཤད་རྒྱུ་མ་ཡིན་པར། མཛོད་གཞུང་རང་གི་འཇིག་རྟེན་ཆགས་རིམ་ལྟར་བཤད་ཚེ་ནང་འགལ་ལྟ་བུ་ཞིག་སོང་འདུག་པ་སྣང་། དཔེ་ན་རི་བོ་མཆོག་རབ་ཀྱི་ལྷོ་ཕྱོགས་ལ་ཆགས་བཞག་ནས་བཤད་ན། འཛམ་བུ་གླིང་གི་སྟེང་ནས་ཤར་ནས་ནུབ་ཏུ་བགྲོད་པའི་ལམ་ཐག་དང་། འཛམ་བུ་གླིང་གི་ཕར་ནང་མཐའ་ཡི་རྒྱ་མཚོའི་སྟེང་གི་ཤར་ནས་ནུབ་ཏུ་བགྲོད་པའི་ལམ་ཐག་གཉིས། ཕར་ནང་རྒྱ་མཚོ་སྟེང་གི་ཤར་ནས་ནུབ་ཏུ་འགྲོ་བ་དེ་ལམ་ཐག་རིང་བ་ཡིན་ཏེ། བགྲོད་ཡུལ་ལམ་ཐིག་ཟླུམ་པོ་ཡིན་པ་གང་ཞིག ཟླུམ་པོའི་མཐའ་ནས་བསྐོར་དེ་འགྲོ་བ་དང་ཟླུམ་པོའི་དཀྱིལ་ནས་བསྐོར་དེ་འགྲོ་བ་གཉིས། ཟླུམ་པོའི་མཐའ་ནས་བསྐོར་བ་དེ་ཐག་རིང་བ་ཟླུམ་པོའི་སྤྱི་ལུགས་ཡིན་པའི་ཕྱིར། ཡང་ལྷོ་བགྲོད་ཀྱི་ཚེ་ཉི་མ་འཛམ་བུ་གླིང་གི་ཀླད་ལ་མེད་སྟབས་ཚ་བ་ཆུང་ཞེས་བཤད་པ་དེ་འགྲིག་དུ་ཆུག་ཀྱང་། འཛམ་བུ་གླིང་གི་ཕར་ཕྱོགས་རྒྱང་རིང་ན་ཡོད་པས། འཛམ་བུ་གླིང་ན་མཚན་རིང་ཞིང་ཉིན་ཐུང་ངོ་ཞེས་པ་འདི་ལ་རྒྱུ་མཚན་ཁྱོན་ནས་མེད། ཉི་མས་བར་སྣང་ནས་རྒྱང་བསྐྱེད་ཀྱང་འཛམ་བུ་གླིང་ལ་ཉི་མ་མི་སྣང་བ་བྱེད་པའི་དངོས་པོ་གཞན་ནི་མེད་ལ། རང་གར་རྒྱང་བསྐྱོད་པ་ཙམ་གྱིས་འཛམ་གླིང་ལ་མུན་རུབ་སྔ་བའི་རྒྱུ་མཚན་ཅི་ཡང་མེད། དེ་ལས་ལྡོག་ནས་འཛམ་བུ་གླིང་གི་དཀྱིལ་ནས་ཉི་མ་བགྲོད་པའི་ཚེ། བགྲོད་ཐག་ཐུང་བས་མུན་རུབ་སྔ་ཞེས་བཤད་ན་ཤིན་ཏུ་འཐད་པ་ཡིན། འདི་ལྟར་མཛོད་ལུགས་ལྟར་ལྟས་ཚེ། ཉི་མའི་བགྲོད་ཐག་རིང་བ་ལ་བགྲོད་ཐག་ཐུང་ཞེས་བཤད་པ་དང་། བགྲོད་ཐག་ཐུང་བ་ལ་རིང་ཞེས་ནང་འགལ་ལྟ་བུ་ཞིག་བཤད་དགོས་ཐུག་པ་ནི། ལྷོ་བགྲོད་ཀྱི་ཚེ་ཉི་མ་ཐུང་བ་དང་བྱང་བགྲོད་ཀྱི་ཚེ་ཉི་མ་རིང་བ་དངོས་སུ་མཐོང་ལམ་དུ་གྱུར་པ་འདིའི་གནོད་པས་མ་བཟོད་པ་སྨྲ་དགོས་ཐུག་པ་ཡིན་པ་འདུག་གོ །
ཡར་ངོའི་ཚེ་ཟླ་བ་རིམ་གྱིས་སྣང་བ་འགྱུར་བ་དང་མར་ངོའི་ཚེ་ཟླ་བ་རིམ་གྱིས་མི་སྣང་བ་འགྱུར་དོན་ནི། ཟླ་བ་ཉི་མ་དང་རྒྱང་རིང་གིན་རིང་ནས་ཟླ་བའི་དཀྱིལ་འཁོར་ཇེ་གསལ་དུ་འགྱུར་ལ། ཟླ་བ་ཉི་མ་དང་ཉེ་ཡིས་ཉེ་ནས་ཟླ་བའི་དཀྱིལ་འཁོར་མི་སྣང་བར་གྱུར་རོ་ཞེས་སྨྲ་ཞིང་། སྤྱིར་ཟླ་བ་ལ་རང་འོད་ཅུང་ཟད་རེ་ཡོད་མོད། ཉི་མའི་འོད་དང་བསྡུར་ཐབས་མེད་ཅིང་། ཉི་མ་དང་རྒྱང་ཐག་རིང་བའི་ཚེ་ཟླ་བའི་དཀྱིལ་འཁོར་གསལ་བར་སྣང་དོན་ནི། རང་འོད་ཀྱིས་མ་ཡིན་པར་ཉི་འོད་ཀྱིས་སྣང་བ་ཡིན་ཏེ། དཔེ་ན་སྒྲོན་མེ་ཐག་རིང་ན་གནས་ཚེ་ཀ་བ་གསལ་བར་སྣང་བ་འགྱུར་ལ། སྒྲོན་མེ་ཀ་བ་དང་ཉེ་བར་བཅར་ཚེ་ཀ་བའི་གྲིབ་མའི་དབང་གིས་ཀ་བ་མི་སྣང་པ་བཞིན་ནོ་ཞེས་བཤད་དོ། །
དམྱལ་བའི་གནས་ཚུལ།
འཛམ་བུ་གླིང་འདིའི་འོག་དཔག་ཚད་ཉིས(༢༠༠༠༠)ཁྲི་ཡི་མཚམས་ན་དམྱལ་བ་མནར་མེད་གནས་ཡོད་ཅིང་། དེའི་དབྱིབས་ནི་གྲུབ་བཞི་ཡིན་ལ་ཕྱོགས་རེའི་ཚད་ཀྱང་དཔག་ཚད་ཉིས་ཁྲི་རེ(༢༠༠༠༠)ཡོད་པ་ཡིན། རྔམས་སམ་མཐོ་ཚད་ལའང་དཔག་ཚད་ཉིས་ཁྲི(༢༠༠༠༠)ཡོད། དེ་ཡང་མནར་མེད་ཅེས་པ་ནི་སྡུག་བསྔལ་གྱི་བར་མཚམས་མེད་པའི་དོན་ཏེ། དེར་སྐྱེས་པའི་དམྱལ་བ་པ་དག་སྡུག་བསྔལ་གྱིས་ཉིན་མཚན་དུས་དྲུག་ཏུ་མནར་ནས། སྡུག་བསྔལ་མེད་པའི་དུས་ཡུན་ཙམ་ཞིག་ཀྱང་ཡོད་པ་མིན་པས་དེ་སྐད་དུ་བཏགས་སོ། ། གཞན་གྱིས་འཛམ་གླིང་འདིར་མཐའ་བསྐོར་བའི་ཚད་ལ་དཔག་ཚད་སྟོང་ཕྲག་དྲུག་དང་ཕྱེད་བཞི་ལས་མེད་ཅིང་། དམྱལ་བའི་མཐའ་བསྐོར་བའི་ཚད་ལ་དཔག་ཚད་བརྒྱད་ཁྲི་ཡོད་པས། འཛམ་བུ་གླིང་འདིའི་འོག་ཏུ་ཇི་ལྟར་ཆུད་ཅེས་ན། གླིང་འདི་ནི་ཟངས་ཡག་བཞིན་མ་ཡིན་པར་འབྲུ་ཡི་ཕུང་པོ་ལྟར་ལགས་པས། སྐྱོན་མེད་ཅེས་མཆིམས་མཛོད་མངོན་རྒྱན་དང་རྣམ་བཤད་སྙིང་བསྡུས་སུ་ལན་བཏབ་པ་མཛད་དོ། ། མཛོད་འགྲེལ་རྒྱལ་བྱིན་ཐོགས་པའི་ནོར་བུ་ལས། “གླིང་འདི་ཉིད་ཀྱི་འོག་ཁོ་ནར་མནར་མེད་ཡོད་པ་ཅི་ཞེས་ན། འཛམ་གླིང་ཁོ་ན་ལས་ངན་སྤྱོད་པ་ཤས་ཆེ་བ་དང་མཚོན་ཆས་འཐབ་པའི་ལས་ཡོད་པ་དང་བློ་རྣོ་བས་སྡིག་ལས་ཀྱི་ཁྱད་པར་དུ་མ་སྒྲུབ་པའི་ཕྱིར་འདིའི་འོག་ཏུ་ཡོད་པ་ཡིན་ནོ། །”ཞེས་གསུངས་སོ། ། མནར་མེད་པའི་དམྱལ་བ་དེའི་སྟེང་དུ་རིམ་པས་ཚ་དམྱལ་བརྒྱད་གནས་ཡོད་ལ། དེའང་ཡན་ནས་མན་ལ་རིམ་པས་བརྩིས་ན། ཕན་ཚུན་བསད་ནས་གཏུབ་པ་བྱེད་ཅིང་སླར་ནམ་མཁའ་ནས་ཡང་སོས་པ་གྱུར་ཅིག་ཅེས་སྒྲ་གྲགས་པ་ན་ཡང་སོས་པ་གྱུར་པས་ཡང་སོས་དང་། དེའི་འོག་ཏུ་ལུས་ལ་ཐིག་ནག་པོ་བཏབ་ཅིང་དྲལ་ཞིང་འཇོམ་པས་ཐིག་ནག་དང་། དེའི་འོག་ཏུ་རི་ལུག་གི་གདོང་པ་འདྲ་བ་དག་གི་བར་ལ་བཙིར་ནས་བརྡུངས་བས་བསྡུས་འཇོམས་དང་། ལྕེ་ཡི་སྟེང་དུ་ལྕགས་བསྲེགས་ཀྱིས་ཞིང་རྨོད་པས་སྐྲག་པའི་ང་རོ་འབྱིན་པས་ངུ་འབོད་དང་། དེའི་འོག་ཏུ་དེ་ལས་སྡུག་བསྔལ་ཉིས་འགྱུར་གྱི་ཆེ་བས་ངུ་འབོད་ཆེན་པོ་དང་། དེའི་འོག་ཏུ་ལྕགས་ཀྱི་བུམ་པ་སུམ་རིམ་གྱི་ནང་དུ་འཚེད་ཅིང་སྲེག་པ་བྱེད་པས་ཚ་བ་དང་། དེའི་འོག་ཏུ་དེ་ལས་སྡུག་བསྔལ་ཉིས་འགྱུར་གྱི་ཆེ་བས་རབ་ཏུ་ཚ་བ་སྟེ་ཚ་དམྱལ་བརྒྱད་དོ། ། མཛོད་འགྲེལ་རྣམ་བཤད་སྙིང་བསྡུས་ལས། “འདིར་བར་ཐག་གི་ཚད་མ་བཤད་ལ། ས་ལས་འདི་ནས་སུམ་ཁྲི་ཉིས་སྟོང་ན་ཡང་སོས་ཡོད་ལ། གཞན་བཞི་སྟོང་བཞི་སྟོང་གིས་ཆོད་པར་གསལ་ལོ། །”ཞེས་འབྱུང་ངོ་། ། ས་ལས་བཤད་པའི་ཚད་འདི་མཛོད་དང་མི་མཐུན་པ་འདྲ་སྟེ། མཛོད་ལུགས་ལྟར་ན། འཛམ་གླིང་འདི་ནས་མནར་མེད་ཀྱི་བར་དུ་དཔག་ཚད་ཉིས་ཁྲི་མ་གཏོགས་མེད་པས། འདི་ནས་ཡང་སོས་ཀྱི་བར་དུ་དཔག་ཚད་སུམ་ཁྲི་ཉིས་སྟོང་ཡོད་སྟངས་མེད་དོ། ། ཡང་ན་གཞན་གྱིས་འདོད་པ་བཞིན། གོང་འོག་ཏུ་བརྩེགས་པའི་ཚུལ་དུ་མ་ཡིན་པར། གཡས་གཡོན་དག་ཏུ་གནས་པ་འདོད་ན་ནི་ལུགས་གཞན་ཡིན་ནོ། །
ལྷག་པ་བཅུ་དྲུག་ཞེས་བྱ་བ་ཚ་དམྱལ་བརྒྱད་པོ་དེ་དག་གི་རེ་རེའི་ཉེ་འཁོར་གྱི་ཕྱོགས་བཞི་ན་བཅུ་དྲུག་པོ་དེ་ཚོ་བཞི་བཞིར་གནས་ཡོད། དེ་ཡང་དཔེ་ན་ཡང་སོས་ཀྱི་ཤར་ཕྱོགས་ན་ཐོག་མར་མེ་མ་མུར་གྱི་འོབས་རྐང་པ་བཞག་པ་ཙམ་གྱིས་ཤ་ཁྲག་པགས་པ་སོགས་ཞིག་པ་འགྱུར་ལ། ཡར་བཏེག་ན་སླར་ཤ་ཁྲག་དག་སྐྱེ་བ་འགྱུར་བའི་ཉེ་འཁོར་བའི་དམྱལ་བ་མེ་མ་མུར་ཞེས་བྱ་བ་ཡོད། ཡང་དེའི་མཚམས་སུ་རོ་མྱགས་སྐྱག་པའི་འདམ་རྫབ་སྐེད་པ་ཙམ་ནུབ་པ་འབུ་མཆུ་རྣོན་ཞེས་བྱ་བ་ལྕགས་ཀྱི་མཆུས་ལུས་ལ་རུས་པའི་བར་དུ་འབིགས་པ་བྱེད་པའི་འབུ་དག་ཡོད་པའི་ཉེ་འཁོར་བའི་དམྱལ་བ་རོ་མྱགས་ཀྱི་འདམ་ཞེས་བྱ་བ་ཡོད། ཡང་དེའི་མཚམས་སུ་སྤུ་གྲི་ཡི་ལམ་པོ་ཆེ་རྐང་པ་འདེགས་འཇོག་བྱེད་པ་ན་ཤ་ཁྲག་དག་འཇིག་པ་དང་སྐྱེ་བ་བྱེད་པའི་སྤུ་གྲིའི་ཐང་ཡོད་ལ། ཡང་རལ་གྲི་དག་ལྷུང་བ་ན་ཡན་ལག་ཡང་ཉིང་ལག་བཅོད་པ་བྱེད་པའི་རལ་གྲི་ལོ་མའི་ནགས་ཚལ་ཡོད་ཅིང་། ཡང་ལྕགས་ཀྱི་ཤལ་མ་ལིའི་སྡོང་པོ་ཚེར་མ་རྣོན་པོ་སོར་བཅུ་དྲུག་པ་སེམས་ཅན་གྱེན་དུ་འཛེག་པ་ན་ཁ་ཐུར་དུ་ལྟ་བ་དང་། སེམས་ཅན་ཐུར་དུ་འབབ་པ་ན་ཁ་གྱེན་དུ་ལྟ་བའི་ཤལ་མ་ལིའི་སྡོང་པོ་ཡོད་ལ། དེ་གསུམ་པོ་ནི་མཚོན་ཆས་འཇིགས་པ་ཅན་ཡིན་པས་གཅིག་ཏུ་བགྲང་ནས་ཉེ་འཁོར་བའི་དམྱལ་བ་སྤུ་གྲི་ལམ་སོགས་ཞེས་བྱ་བ་དེ་ཡོད་པ་ཡིན་ནོ། ། ཡང་དེའི་མཚམས་སུ་ཐལ་ཚན་གྱི་ཆུ་བོ་རབ་མེད་པ་སེམས་ཅན་དག་འབྲས་འཚེད་པ་བཞིན་དུ་འཚེད་པའི་ཉེ་འཁོར་བའི་དམྱལ་བ་ཆུ་བོ་རབ་མེད་ཡོད་པ་ཡིན་ནོ། ། དེ་བཞིན་དུ་ཡང་སོས་ཀྱི་ལྷོ་ཕྱོགས་དང་ནུབ་ཕྱོགས་བྱང་ཕྱོགས་བཅས་ལའང་བཞི་པོ་དེ་ཡོད་པ་ཡིན་ལ། དེ་ལྟར་ཚ་དམྱལ་རེ་རེའི་ཉེ་འཁོར་ན་དེ་དག་བཅུ་དྲུག་ཡོད་པས་ལྷག་པ་བཅུ་དྲུག་ཡིན་ཞིང་། དེའང་ལྷག་པ་ཞེས་པ་ནི་དམྱལ་བའི་གནས་སུ་ཟུག་ངུ་དྲག་པོ་མྱོང་ནས་སླར་ཉེ་འཁོར་བའི་དམྱལ་བ་འདི་དག་ཏུ་སྡུག་བསྔལ་ལྷག་པོ་མྱོང་དགོས་པས་དེ་སྐད་དུ་བྱའོ། ། སེམས་ཅན་གང་ཞིག་ཚ་དམྱལ་བརྒྱད་པོ་དེ་དག་ཏུ་སྐྱེས་ནས་སླར་ཐར་བ་ན། ཉེ་འཁོར་བའི་དམྱལ་བ་དེ་དག་རིམ་པས་བགྲོད་ནས་ཡོང་པ་ཡིན་མོད། ཚ་དམྱལ་དངོས་དག་གི་སྡུག་བསྔལ་ལས་ཉེ་འཁོར་གྱི་སྡུག་བསྔལ་ལྷག་པ་མིན་ནོ། ། དེ་ལྟར་ཚ་དམྱལ་རེ་རེའི་ཉེ་འཁོར་དུ་ལྷག་པའི་དམྱལ་བ་བཅུ་དྲུག་རེ་ཡོད་པས་ཞིབ་ཏུ་དབྱེ་ན་ཉེ་འཁོར་བའི་དམྱལ་བ་གཅིག་བརྒྱ་ཉེར་བརྒྱད(༡༢༨)ཡོད་ལ། དེའི་ནང་ནས་མེ་མ་མུར་སོ་གཉིས་(༣༢)། རོ་མྱགས་འདམ་སོ་གཉིས(༣༢)། སྤུ་གྲི་ལམ་སོགས་སོ་གཉིས(༣༢)། ཆུ་བོ་རབ་མེད་སོ་གཉིས(༣༢)བཅས་ཡོད་པ་ཡིན་ནོ། ། ཆུ་བོ་རབ་མེད་ཐལ་ཆུ་ཁོལ་མའི་འགྲམ་གྱི་དམྱལ་སྲུང་པ་དེ་དག་སེམས་ཅན་ཡིན་ནམ་མིན་ཞེ་ན། ནང་པའི་གྲུབ་མཐའ་དག་གི་འདོད་པ་མི་འདྲ་སྟེ། དེ་ཡང་བྱེ་བྲག་ཏུ་སྨྲ་བས་སེམས་ཅན་དུ་འདོད་ལ། མདོ་སྡེ་པས་སེམས་ཅན་མ་ཡིན་པ་འདོད་ཅིང་། སེམས་ཙམ་པས་སེམས་ཀྱི་སྣང་བ་འདོད་པ་མཛོད་འགྲེལ་རྣམ་བཤད་སྙིང་བསྡུས་ལས་སོ་སོའི་རྒྱབ་རྟེན་གྱི་ལུང་དང་བཅས་གསལ་བར་གསུངས་པ་བཞིན་ཤེས་པ་བྱའོ། །
གྲང་དམྱལ་ནི་ཚ་དམྱལ་གྱི་ཐད་ཀར་ན་གནས་པ་བཤད་ལ། དེའང་གྲང་དམྱལ་བརྒྱད་ནི། ཆུ་བུར་ཅན་དང་། ཆུ་བུར་བརྡོལ་བ། སོ་ཐམ་ཐམ་པ། ཨ་ཆུ་ཟེར་བ། ཀྱི་ཧུད་ཟེར་བ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་ཆེར་གས་པ་དང་བརྒྱད་དོ། ། འདི་དག་ལས་དང་པོ་གཉིས་དང་ཕྱི་མ་གསུམ་བཅས་ལྔ་པོ་འདིའི་མིང་ནི། ལུས་འགྱུར་བ་ལས་བཏགས་པ་ཡིན་ལ། གཞན་གསུམ་པོ་ནི་སྒྲ་འགྱུར་བ་ལས་བཏགས་པ་ཡིན་ནོ། ། དེའང་སྒྲ་འགྱུར་བ་ལས་བཏགས་ཚུལ་ནི། དེ་གསུམ་པོ་སྡུག་བསྔལ་དྲག་པོ་ཡིས་མནར་བ་ན་ཁ་ནས་བརྡར་སྐད་འདྲ་མིན་ཤོར་ཚུལ་གྱི་སྒོ་ནས་བཏགས་པས་ཡིན། ལུས་འགྱུར་བ་ལས་བཏགས་ཚུལ་ནི། དེ་ལྔ་པོ་སྡུག་བསྔལ་དྲག་པོ་ཡིས་མནར་བ་ན་ལུས་ལ་རྨ་ཤུལ་འདྲ་མིན་དོད་ཚུལ་གྱི་སྒོ་ནས་བཏགས་པས་ཡིན། ཉི་ཚེ་བའི་དམྱལ་བ་ནི་གནས་ངེས་མེད་དུ་གནས་པ་བཤད་དོ། །
ངན་སོང་གཞན་གཉིས་ཀྱི་གནས་ཚུལ།
གྲུབ་བདེའི་དཔྱིད་འཇོ་ལས། “དུད་འགྲོ་ནི་ཐང་དང་ཆུ་དང་ནམ་མཁའི་སྤྱོད་ཡུལ་བ་དག་ཡིན་ནོ། ། གནས་ཀྱི་རྩ་བ་ནི་རྒྱ་མཚོ་སྟེ། གཞན་ནི་དེ་ལས་འཕྲོས་པའོ། །
ཡི་དྭགས་རྣམས་ཀྱི་རྒྱལ་པོ་ནི་གཤིན་རྗེ་སྟེ། དེའི་གནས་ཀྱི་རྩ་བ་ནི་འཛམ་བུ་གླིང་འདིའི་རྒྱལ་པོའི་ཁབ་ཀྱི་འོག་དཔག་ཚད་ལྔ་བརྒྱར་བཅད་པ་ན་ཡོད་ལ། གཞན་ནི་དེ་ལས་འཕྲོས་པའོ། ། ཡི་དྭགས་རྫུ་འཕྲུལ་ཆེ་བ་ཁ་ཅིག་ནི་ལྷའི་དཔལ་ལྟ་བུའང་མྱོང་ངོ་། ལྷག་ཡི་དྭགས་ཀྱི་རྟོགས་བརྗོད་ལས་འབྱུང་བ་བཞིན་ནོ”ཞེས་འབྱུང་བ་ལྟར་ཤེས་པ་བྱའོ། །
ལྷ་ཡི་གནས་ཚུལ།
དབུས་ཀྱི་རི་བོ་མཆོག་རབ་ལ་བང་རིམ་བཞི་ཡོད་ལ། དེའང་བང་རིམ་དང་པོ་རི་རབ་ལས་ཕྱིར་འཕགས་ཚད་ལ་ཕྱོགས་རེར་དཔག་ཚད་ཆིག་ཁྲི་དྲུག་སྟོང(༡༦༠༠༠)ཡོད་ལ། རྔམས་སམ་རྩག་ཀ་ནི་བང་རིམ་བཞི་ཀ་འདྲ་བར་དཔག་ཚད་ཆིག་ཁྲི(༡༠༠༠༠)རེ་ཡོད་ཅིང་། བང་རིམ་གཉིས་པ་ལ་ཕྱིར་འཕགས་ཚད་དཔག་ཚད་བརྒྱད་སྟོང(༨༠༠༠)དང་། གསུམ་པ་ལ་དཔག་ཚད་བཞི་སྟོང(༤༠༠༠)དང་། བཞི་པ་ལ་ཉིས་སྟོང(༢༠༠༠)བཅས་ཡོད་པ་ཡིན། བང་རིམ་བཞི་པོ་འདི་ཆུ་མཚམས་ནས་ཡན་ལ་རི་བོ་མཆོག་རབ་ཀྱི་སྟོད་ཀྱི་ཕྱེད་ཀ་ལ་སླེབ་པ་ཡིན་ལ། བང་རིམ་གོང་མ་འདི་དང་གཉའ་ཤིང་འཛིན་གཉིས་མཉམ་པ་ཡིན། བང་རིམ་འདི་དག་ཆུ་མཚམས་ནས་ཡན་དུ་ཡོད་པ་ཡིན་ལ། རོལ་མཚོ་དང་པོ་ནི་བང་རིམ་དང་པོའི་འོག་ནས་རི་རབ་ལ་ཐུག་ནས་ཡོད་པ་ཡིན། འདིར་བསམ་བློ་ཞིབ་མོ་ཞིག་མ་བཏོང་ན། མཚམས་མཚམས་ལ་བང་རིམ་འདི་དག་རི་རབ་ལས་དེ་ཚད་ཕྱིར་འཕགས་ན། རོལ་མཚོ་དང་པོ་ལ་སྔོན་གྱི་ཚད་བཤད་པ་ཇི་བཞིན་མི་གནས་སོ་སྙམ་པའི་དོགས་པ་སྐྱེ་བའང་ཡོད། བང་རིམ་དང་པོ་ནི་ལག་ན་གཞོང་ཐོགས་ཀྱི་གནས་སོ། ། གཉིས་པ་ནི་ཕྲེང་ཐོགས་ཀྱི་གནས་སོ། ། གསུམ་པ་ནི་རྟག་མྱོས་ཀྱི་གནས་སོ། ། བཞི་པ་ནི་རྒྱལ་ཆེན་རིགས་བཞིའི་གནས་སོ། ། དེའང་རྒྱལ་ཆེན་བཞི་པོ་གནས་ཚུལ་ནི། རི་རབ་ཀྱི་བང་རིམ་བཞི་པའི་ཤར་དུ་ཡུལ་འཁོར་སྲུང་། ལྷོ་རུ་འཕགས་སྐྱེས་པོ། ནུབ་ཏུ་མིག་མི་བཟང་། བྱང་དུ་རྣམ་ཐོས་སྲས་ཏེ་རང་རང་གི་འཁོར་དང་བཅས་གནས་སོ། ། གསེར་གྱི་རི་བདུན་ལ་ཡང་རི་རབ་ཀྱི་བང་རིམ་བཞི་པ་ན་རྒྱལ་ཆེན་རིགས་བཞི་གནས་པ་ཇི་ལྟར་བ་བཞིན་དུ། འདིར་ཡང་རྒྱལ་ཆེན་རིགས་བཞི་འཁོར་དང་བཅས་པ་གནས་པར་བཤད་དོ། །
ལྷུན་པོའི་རྩེ་ན་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་གནས་ལ། དེ་ལ་སུམ་ཅུ་རྩ་སུམ་ཞེས་པ་ཅི་ཞེ་ན། ནོར་ལྷ་བརྒྱད། དྲག་པོ་བཅུ་གཅིག ཉི་མ་བཅུ་གཉིས། ཐ་སྐར་གྱི་བུ་གཞོན་ནུ་གཉིས་ཏེ་གཙོ་བོ་སུམ་ཅུ་རྩ་གསུམ་མམ། ཉ་འཕྲུལ་དང་ལྗང་བུ་དང་། མེ་ཏོག་གི་ཚལ་ལ་སོགས་པ་འཛམ་བུ་གླིང་ལ་བསྒྲག་ཏུ་རུང་བའི་གནས་སུམ་ཅུ་རྩ་གསུམ་ཡོད་པས་དེ་སྐད་ཅེས་བཏགས་སོ། ། དེ་ལ་གནས་དེ་དབྱིབས་ནི་གྲུ་བཞི་ཡིན་ལ། ཕྱོགས་རེར་དཔག་ཚད་བརྒྱད་ཁྲི(༨༠༠༠༠)ཡོད་ཅིང་། མཐའ་སྐོར་བའི་ཚད་ལ་དཔག་ཚད་སུམ་འབུམ་ཉིས་ཁྲི(༣༢༠༠༠༠)ཡོད་དོ། ། དེ་ཡི་ཕྱོགས་མཚམས་བཞི་ན་ཁང་པ་བརྩེགས་པ་དཔག་ཚད་ལྔ་བརྒྱ(༥༠༠)གྱེན་དུ་འཕགས་ཤིང་། དབྱིབས་གྲུ་བཞི་རུ་གནས་པ་ཕྱོགས་རེར་དཔག་ཚད་ལྔ་བརྒྱ(༥༠༠)རེ་ཡོད་པ་ལ་གནོད་སྦྱིན་ལག་ན་རྡོ་རྗེ་ཞེས་བྱ་བ་བག་མེད་པའི་ལྷ་རྣམ་སྲུང་བའི་ཕྱིར་གནས་སོ། ། སུམ་ཅུ་རྩ་གསུམ་པའི་གནས་ཞིབ་ཏུ་བཤད་ན། རི་རབ་ཀྱི་སྟེང་གི་དབུས་ན་གྲོང་ཁྱེར་ལྟ་ན་སྡུག་པ་ཞེས་བྱ་བ་ཡོད་ཅིང་། དབྱིབས་གྲུ་བཞི་ངོས་རེ་ན་དཔག་ཚད་ཉིས་སྟོང་ལྔ་བརྒྱ(༢༥༠༠)རེ་དང་། མཐའ་བསྐོར་ལ་དཔག་ཚད་ཁྲི(༡༠༠༠༠)ཡོད་པ། རྒྱུ་ཆ་གསེར་ལས་གྲུབ་པ་ཁ་དོག་རྣམ་པ་བཀྲ་བ་བཅས་ཡོད་དོ། ། ལྟ་ན་སྡུག་པའི་གྲོང་ཁྱེར་དེའི་དབུས་ན་ཁང་བཟང་རྣམ་པར་རྒྱལ་བྱེད་ཅེས་བྱ་བ་ཡོད་ལ། དེའང་རྒྱུ་ཆ་རིན་པོ་ཆེན་སྣ་ཚོགས་པའི་རང་བཞིན། དབྱིབས་གྲུ་བཞི་ངོས་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་བསྐོར་ལ་དཔག་ཚད་སྟོང་ཡོད་པ། གྱེན་དུ་གྲོང་ཁྱེར་ལྟ་ན་སྡུག་པ་ལས་དཔག་ཚད་བཞི་དང་རྒྱང་གྲགས་བཞི(༤ / ༤)ཡིས་འཕགས་པ། དེའི་ཕྱིར་རོལ་དང་མཚམས་སོགས་སུ་དང་། དེའི་ཉེ་འཁོར་གྱི་གནས་དང་དགའ་ཚལ་དག་ཡིད་འོང་ལྟ་ན་སྡུག་པ། ལོངས་སྤྱོད་ཕུན་སུམ་ཚོགས་པ། འདོད་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་པའི་ཚུལ་རྒྱས་པ་མཆིམས་མཛོད་མངོན་པའི་རྒྱན་དང་མཛོད་ཀྱི་འགྲེལ་ཆེན་དག་ཏུ་རྒྱས་ཤིང་རྒྱས་པར་གསལ་ལོ། ། དེ་ནས་སུམ་ཅུ་རྩ་གསུམ་པའི་ཡན་གྱི་ལྷ་རྣམ་ནི་ས་དང་མ་འབྲེལ་པར་ནམ་མཁར་སྤྲིན་བཞིན་དུ་གཞལ་ཡས་ཁང་དག་ལ་གནས་སོ། ། དེ་དག་ནི་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་ཆེན་ཕུད་ན་གཟུགས་ཁམས་གནས་རིས་བཅུ་དྲུག་དང་། དེ་རྩིས་ན་གཟུགས་ཁམས་གནས་རིས་བཅུ་བདུན། དེའི་ཁར་ཐེག་ཆེན་གྱི་ལུགས་ཀྱི་དབང་ཕྱུག་ཆེན་པོའི་གནས་བགྲང་ན། ལྷ་གནས་ཉེར་གསུམ་མམ་ཉེར་བཞི་དེ་དག་གོང་ནས་གོང་དུ་རྩིག་པ་ལྟར་གནས་སོ། ། རྒྱལ་ཆེན་རིགས་བཞི། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་བཅས་ཏེ་དྲུག་ལ་འདོད་ལྷ་རིགས་དྲུག་ཅེས་བཏགས་པ་ཡིན་ནོ། །
འཇལ་བྱེད་དཔག་ཚད་ཀྱི་ཚད་སོགས་བཤད་པ།
གོང་དུ་འོག་གཞི་རླུང་དཀྱིལ་ནས་བཟུང་གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་བཞི་གླིང་ཕྲན། ཉི་མ་ཟླ་བ། དམྱལ་བ་ལྷ་གནས་དང་བཅས་པའི་རྒྱ་ཁྱོན་དང་མཐོ་དམན། བར་ཐག་མ་ལུས་པ་དཔག་ཚད་ཀྱིས་འཇལ་ན། འོ་ན་དཔག་ཚད་ཅེས་པ་དེ་ཇི་ལྟར་རྩི་དགོས་ཞེ་ན། རྡུལ་ཕྲ་རབ་ནས་རིམ་པས་རྩི་དགོས་ལ། དེའང་རྡུལ་ཕྲ་རབ་ཅེས་པའི་ཚད་ཇི་ལྟར་ཞེ་ན། དེ་ནི་གཟུགས་འགྲིབ་པའི་མཐའ་ཆུང་ཤོས་དེ་ཡིན་ལ། མིག་གི་ཡུལ་དུ་བཟུང་མི་ནུས་པ་བཤད་ཅིང་། གཟུགས་ཀྱི་ཆུང་མཐར་ཐུག་པ་དེ་ལྟར་བུ་བདུན་ལ་རྡུལ་ཕྲན་གཅིག་ཡིན་ལ། རྡུལ་ཕྲན་བདུན་ལ་ལྕགས་རྡུལ་དང་། དེ་བདུན་ལ་ཆུ་རྡུལ། དེ་བདུན་ལ་རི་བོང་གི་རྡུལ། དེ་བདུན་ལ་ལུག་རྡུལ། དེ་བདུན་ལ་གླང་རྡུལ། དེ་བདུན་ལ་ཉི་ཟེར་གྱི་རྡུལ། དེ་བདུན་ལ་སྲོ་མ། དེ་བདུན་ལ་ཤིག དེ་བདུན་ལ་ནས། དེ་བདུན་ལ་སོར་ཚིགས་ཞེས་བཤད་དོ། ། འདིའི་སྐོར་ལ་འདོད་པ་མི་འདྲ་བ་འགའ་ཡོད་པ་དེ་མཆིམས་མཛོད་མངོན་པའི་རྒྱན་ལས་བཀོད་པ་ལྟར་ཤེས་པ་བྱའོ། ། སོར་མོ་ཉེ་ཤུ་རྩ་བཞི་ལ་ཁྲུ་གཅིག་ཡིན་ལ། ཁྲུ་བཞི་ལ་འདོམ་པ་གང་ཡིན། འདོམ་པ་ལྔ་བརྒྱ་ལ་རྒྱང་གྲགས་གང་དང་། རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་ཡིན་ནོ། ། སོར་མོ་དང་ཁྲུ་ལ་སོགས་པ་དེ་དག་དེ་བཞིན་གཤེགས་པས་ཆོས་གསུངས་བའི་དུས་སྐྱེ་དགུ་ཚེ་ལོ་བརྒྱ་པའི་དབང་དུ་བྱས་པ་ཡིན་ནོ་ཞེས་ཟེར་ཡང་། མི་སོ་སོའི་གཟུགས་པོ་རིང་ཐུང་མི་འདྲ་བའི་དབང་གིས། འདོམ་པ་དང་ཁྲུ་སོར་མོ་རྣམས་ལ་ཁྱད་པར་ཡོད་པས། རྒྱང་གྲགས་དང་དཔག་ཚད་ཀྱི་ཚད་ལ་ལམ་ལམ་ཞིག་ལས་ཏག་ཏག་ངེས་གཏན་མེད།
དུས་ཀྱི་ཚད་ནི། སྐྱེ་བོ་སྟོབས་དང་ལྡན་པས་སེ་གོལ་གཅིག་གཏོགས་པའི་ཡུན་ལ་ཆ་དྲུག་བཅུ་རྩ་དྲུག་ཕྱེ་བའི་ཆ་གཅིག་ནི་དུས་ཐུང་སྐད་གཅིག་མ་གཅིག་ཡིན་ལ། དེ་བརྒྱ་དང་ཉེ་ཤུ་ལ་དེའི་སྐད་གཅིག་མ་གཅིག དེའི་སྐད་གཅིག་མ་དྲུག་བཅུ་ལ་ཐང་གཅིག་དང་། དེ་སུམ་བཅུ་ལ་ཡུད་ཙམ་གཅིག་དང་། དེ་སུམ་བཅུ་ལ་ཉིན་ཞག་གཅིག དེ་སུམ་བཅུ་ལ་ཟླ་བ་གཅིག དེ་བཅུ་གཉིས་ལ་ལོ་གཅིག་གོ ། ལོ་གཅིག་གི་ཟླ་བ་བཅུ་གཉིས་པོ་མཐའ་དག་ལ་ཉི་ཞག་སུམ་ཅུ་རེ་ཡོད་པ་མིན་ཏེ། དེའང་ཟླ་བ་དྲུག་ལ་ཉིན་ཞག་སུམ་ཅུ་དང་། ཟླ་བ་དྲུག་ལ་ཉེར་དགུ་ལས་མེད་དོ། ། ཞག་མི་ཐུབ་པ་འདི་ཟླ་བ་གང་ཡིན་དང་ཞག་མི་ཐུབ་སོགས། མཁས་པ་དག་མཐུན་པ་མིན་ཏེ། ལོ་འགོ་འཛིན་ཚུལ་མི་འདྲ་བའི་དབང་གིས། འགའ་ཤས་ཀྱིས་ཡ་ཟླ་དག་གི་ཞག་མི་ཐུབ་པར་བཤད་ལ། འགའ་ཤས་ཀྱིས་ནི་ཟུང་ཟླ་དག་ཞག་མི་ཐུབ་པར་བཤད། ཀུན་མཁྱེན་བུ་སྟོན་གྱིས་ཟུང་ཟླ་དག་ཞག་མི་ཐུབ་པ་གསུངས་ཤིང་། དེང་གི་བཀའ་བརྒྱུད་པ་ཕལ་ཆེར་བས་གསོ་དགག་དབྱར་གསུམ་གྱི་སྐབས་སུ་ལག་ལེན་དེ་བཞིན་མཛད་དོ། །
སྟོང་གསུམ་གྱི་སྟོང་ཆེན་པོ།
ཆུ་དཀྱིལ། གསེར་དཀྱིལ། མཐའ་ཡི་རྒྱ་མཚོ། ལྕགས་རི། གླིང་བཞི། གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། རི་བོ་མཆོག་རབ། ཉི་ཟླ། འདོད་ལྷ་རིགས་དྲུག ཚངས་རིས་དང་བཅས་པའི་འཇིག་རྟེན་ཆ་ཚང་བ་སྟོང་ཕྲག(༡༠༠༠)གཅིག་ལ། སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་ཞེས་བྱ་བ་ཡིན་ལ། སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་དེ་སྟོང་ཕྲག་གཅིག(༡༠༠༠)ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་ཞེས་བྱ་བ་ཡིན་ལ། སྟོང་གཉིས་པ་བར་མའི་འཇིག་རྟེན་དེ་སྟོང་ཕྲག་གཅིག(༡༠༠༠)ལ་སྟོང་གསུམ་ཀྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ཡིན་ནོ། ། སྟོང་དང་པོ་དང་གཉིས་པ་གསུམ་པ་གསུམ་པོ་སོ་སོར་ལྕགས་རིས་བསྐོར་བ་རྣམ་བཤད་སྙིང་པོ་བསྡུས་པ་ལས་བཤད་དོ། ། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་གཅིག་ལ་གླིང་བཞི་རི་རབ་དང་བཅས་པའི་འཇིག་རྟེན་དུ་ཡོད་ཅེ་ན། གླིང་བཞི་རི་རབ་དང་བཅས་པའི་འཇིག་རྟེན་ས་ཡ་གཅིག(༡༠༠༠༠༠༠)ཡོད་ལ། དེའང་ཞིབ་པར་བཤད་ན། སྟོང་བར་མ་གཅིག་ལ་གསེར་དཀྱིལ་ས་ཡ་གཅིག ཆུ་དཀྱིལ་ས་ཡ་གཅིག ལྕགས་རི་ས་ཡ་གཅིག མཐའ་ཡི་རྒྱ་མཚོ་ས་ཡ་གཅིག ལྷོ་འཛམ་བུ་གླིང་ས་ཡ་གཅིག ནུབ་བ་ལང་སྤྱོད་ས་ཡ་གཅིག བྱང་སྒྲ་མི་སྙན་ས་ཡ་གཅིག ཤར་ལུས་འཕགས་པོ་ས་ཡ་གཅིག གསེར་གྱི་རི་བདུན་ས་ཡ་རེ་རེ། རོལ་པའི་མཚོ་བདུན་ས་ཡ་རེ་རེ། ལྷུན་པོ་ས་ཡ་གཅིག ཉི་མ་ས་ཡ་གཅིག ཟླ་བ་ས་ཡ་གཅིག འདོད་ལྷ་རིགས་དྲུག་ས་ཡ་རེ་རེ། ཚངས་རིས་ས་ཡ་གཅིག་བཅས་ཡོད་པ་ཡིན། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གཅིག་ལ་གླིང་བཞི་རི་རབ་དང་བཅས་པའི་འཇིག་རྟེན་དུ་ཡོད་ཅེ་ན། གླིང་བཞི་རི་རབ་དང་བཅས་པའི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་སྟེ་དུང་ཕྱུར་བཅུའམ་ཐེར་འབུམ་གཅིག(༡༠༠༠༠༠༠༠༠༠)ཡོད་པ་ཡིན་ནོ། ། ཞིབ་ཏུ་བཤད་ན་ལྷུན་པོ་ཐེར་འབུམ་གཅིག་སོགས་ཏེ་གང་བཞིན་སོ་སོར་ཐེར་འབུམ་རེ་བགྲང་རྒྱུ་ཡོད་དོ། ། དེ་ལྟ་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་དག་ནི་དུས་མཉམ་དུ་འབྱུང་ཞིང་དུས་མཉམ་དུ་འཇིག་པ་འགྱུར་རོ། ། འདིར་མཉམ་དུ་འཇིག་ཅིང་འབྱུང་བ་འགྱུར་ཟེར་བ་ཡང་། འོག་གཞི་རླུང་དཀྱིལ་ནས་བཟུང་བསམ་གཏན་དང་པོ་མན་ཆད་ཀྱི་སྣོད་དག་རིམ་པས་གཅིག་འཇིག་ན་གཅིག་འཇིག་པ་འགྱུར་བ་དང་། གཅིག་འབྱུང་ན་གཅིག་འབྱུང་པ་འགྱུར་བ་ལ་གོ་དགོས་ཀྱི། དུས་ཐུང་ངུ་གཅིག་གི་ནང་དུ་མཉམ་དུ་འཇིག་པ་དང་མཉམ་དུ་འབྱུང་བ་ལྟ་བུ་ལ་གོ་རྒྱུ་ཡོད་པ་མ་ཡིན་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་སྣོད་ཀྱི་འཇིག་རྟེན་འདི་བར་བསྐལ་གཅིག་གི་རིང་ལ་རིམ་གྱིས་འཇིག་པའི་ཕྱིར་རོ། །
འཆགས་འཇིག་གནས་སྟོང་བཞི་ཡི་བསྐལ་བ་དང་བསྐལ་ཆེན།
འདིར་འཆགས་འཇིག་གནས་སྟོང་གི་བསྐལ་བ་དག་ལས། དང་པོ་འཇིག་པའི་བསྐལ་བ་ནི། ཐོགས་མར་བཅུད་ཀྱི་སེམས་ཅན་དག་མ་ལུས་པར་འཇིག་པའི་ཡུན་ལ་བར་བསྐལ་བཅུ་དགུ་འགོར་ལ། དེ་ནས་སྣོད་ཀྱི་འཇིག་རྟེན་དེ་འཇིག་པའི་ཡུན་ལ་བར་བསྐལ་གཅིག་འགོར་བ་ཡིན། དེ་ལྟར་སྣོད་བཅུད་གཉིས་དེ་འཇིག་པའི་ཡུན་ལ་བར་བསྐལ་ཉེ་ཤུ་འགོར་རོ། ། འཇིག་པའི་ཚེ་ཐོག་མར་སེམས་ཅན་དག་འཇིག་པ་བྱེད་ལ། དེའང་མན་རིམ་ནས་ཡར་འཇིག་སྟེ། དང་པོར་དམྱལ་བའི་གནས་སུ་སེམས་ཅན་གསར་དུ་སྐྱེ་བ་མེད་པར་གྱུར་ཞིང་། དེར་ཡོད་པ་དག་ལས་ཟད་ན་ཡི་དྭགས་དང་དུད་འགྲོ་རྣམས་སུ་ཡར་སྐྱེ་ལ། ལས་མ་ཟད་པ་དག་སྟོང་གསུམ་གྱི་འཇིག་རྟེན་གཞན་གྱི་དམྱལ་བར་སྐྱེ་བ་འགྱུར་རོ། ། དེ་ལྟར་དམྱལ་བའི་གནས་སྟོང་པ་གྱུར་རྗེས་རིམ་བཞིན་ཡི་དྭགས་དང་དུད་འགྲོའི་གནས་རྣམས་ཀྱང་སྟོང་བར་འགྱུར། དེ་ནས་ལྷོ་འཛམ་བུ་གླིང་གི་མི་རྣམས་ལ་སློབ་དཔོན་མེད་ཀྱང་གང་ཟག་གང་ཡང་རུང་བ་ཞིག་ལ་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོའི་ཏིང་ངེ་འཛིན་སྐྱེ་ལ། དེ་ལས་ལངས་ནས། ཀྱེ་མ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་བདེ་བའོ་ཞེས་སྨྲ་བ་བྱེད་ལ། མི་གཞན་རྣམས་ཀྱིས་ཀྱང་དེ་ཐོས་ནས་བསམ་གཏན་དང་པོར་སྙོམས་པ་འཇུག་ཅིང་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་འགྱུར་རོ། ། གླིང་གཞན་གཉིས་ཀྱི་མི་དག་ཀྱང་དེ་བཞིན་དུ་སྐྱེའོ། ། སྒྲ་མི་སྙན་ནི་རྣམ་སྨིན་གྱི་སྒྲིབ་པ་ཆེ་བས་ཏིང་ངེ་འཛིན་མི་སྐྱེ་ཡང་ཆོས་ཉིད་ཀྱི་དབང་གིས་འདོད་ལྷ་དག་ཏུ་སྐྱེའོ། ། དེ་ནས་འདོད་ལྷ་རྣམས་ཀྱང་རིམ་པས་ཆོས་ཉིད་ལས་ཐོབ་པའི་ཏིང་ངེ་འཛིན་སྐྱེས་ཏེ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། ། བསམ་གཏན་དང་པོ་དེ་དག་ཀྱང་ཆོས་ཉིད་ཀྱིས་བསམ་གཏན་གཉིས་པར་སྙོམས་པ་ཞུགས་ཏེ་འོད་གསལ་དུ་སྐྱེའོ། ། མས་ནས་ཡས་ལ་རིམ་བཞིན་འཇིག་པ་འདི་གཙོ་ཆེར་བ་ལ་དགོངས་ཀྱི། ཞིབ་ཏུ་བཤད་ན་དུད་འགྲོ་མཐའ་དག་སྔོན་དུ་འཇིག་པ་དང་དེ་ནས་མི་དང་ལྷ་དག་རིམ་བཞིན་རྗེས་ནས་འཇིག་པའི་ངེས་པ་མེད་དེ། མིས་མཐོང་སྣང་དུ་གྱུར་པའི་དུད་འགྲོ་དག་མི་དང་མཉམ་དུ་འཇིག་པ་དང་། ལྷའི་མཐོང་སྣང་དུ་གྱུར་པའི་དུད་འགྲོ་དག་ལྷ་དང་མཉམ་དུ་འཇིག་གོ་ཞེས་ཀུན་མཁྱེན་སི་ཏུ་པཎ་ཆེན་གྱི་མཛོད་ཊཱིཀ་ཏུ་གསལ་བར་གསུངས་སོ། ། དེ་ལྟར་བར་བསྐལ་བཅུ་དགུའི་ཡུན་ལ་བཅུད་ཀྱི་སེམས་ཅན་མ་ལུས་པ་འཇིག་རྗེས། མེ་ཡིས་འཇིག་པའི་ཚེ་ཉི་མ་བདུན་འཆར་ནས་རིམ་གྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་འདི་ཐལ་བའི་ལྷག་མ་ཙམ་མ་ལུས་པ་སྲེག་པ་བྱེད་དོ། ། དེའང་དང་པོར་སྤྲིན་ལས་ཆར་མི་འབབ་ཅིང་། ཉི་མས་རྩྭ་ཤིང་དག་བསྐམས་ནས་ཡུན་རིང་འགོར་བ་ན། ཉི་མ་གཉིས་པ་འཆར་ལ་དེ་ནི་ད་ལྟ་བས་བཞི་འགྱུར་གྱི་ཚ་བ་ཆེ་བས་ཆུ་ཕྲན་དང་ལྟེང་ཀ་རྣམ་སྐམ་པ་དང་། ཉི་མ་གསུམ་པ་འཆར་བའི་ཚེ་ཁ་འབབ་ཀྱི་ཆུ་བོ་བཞི་དང་ཆུ་ཀླུང་རྣམས་སྐམ་པ་དང་། ཉི་མ་བཞི་པ་ཤར་བའི་ཚེ་མཚོ་མ་དྲོས་པ་ལ་སོགས་སྐམ་པ་དང་། ཉི་མ་ལྔ་པ་ཤར་བས་རྒྱ་མཚོ་ཆེན་མོ་རྣམས་སྐམ་པ་དང་། ཉི་མ་དྲུག་པ་ཤར་བས་ཆུ་རྣམས་མ་ལུས་པ་བསྐམས་ནས་ས་ཆེན་རི་རབ་དང་བཅས་པར་དུ་བ་འཐུལ་པ་བྱེད་པ་དང་། ཉི་མ་བདུན་པ་ཤར་བས་སྣོད་ལ་མེ་མཆེད་དེ་དམྱལ་བ་ནས་འདོད་ལྷ་རིགས་དྲུག་གི་གནས་བར་མ་ལུས་པ་མེ་རྒྱུན་གཅིག་གི་སྲེག་པ་བྱེད་ལ། བསམ་གཏན་དང་པོ་ནི་འདོད་ཁམས་ཀྱི་མེ་དང་འབྲེལ་བ་ལས་གཟུགས་ཁམས་ཀྱི་མེས་སྲེག་པ་བྱེད་དོ། ། དེ་ལྟར་སྣོད་ཀྱི་འཇིག་རྟེན་མ་ལུས་པ་འཇིག་པ་ལ་བར་བསྐལ་གཅིག་འགོར་རོ། ། དེ་ནི་འཇིག་པའི་བར་བསྐལ་ཉེ་ཤུ་བྱུང་བའི་ཚུལ་ལོ། །
སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་འདི་འཇིག་པའི་ཚེ་ན་མེ་ཡིས་སྟུད་མར་ལན་བདུན་འཇིག་པའི་མཚམས་སུ་ཆུས་ལན་རེ་འཇིག་པ། ཡང་མེས་བདུན་འཇིག་མཚམས་སུ་ཆུས་ལན་རེ་འཇིག་པ་སྟེ། དེ་ལྟར་ཆུ་ཡིས་ལན་བདུན་འཇིག་པའི་མཇུག་ཏུ་རླུང་གིས་འཇིག་པ་འགྱུར་རོ། ། མེས་འཇིག་པའི་ཚེ་བསམ་གཏན་དང་པོ་མན་ཆད་འཇིག་ལ། ཆུས་འཇིག་པའི་ཚེ་བསམ་གཏན་གཉིས་པ་མན་ཆད་འཇིག་ཅིང་། རླུང་གིས་འཇིག་པའི་ཚེ་བསམ་གཏན་གསུམ་པ་མན་ཆད་འཇིག་པ་གསུངས་སོ། ། དེ་ལྟར་སྣོད་བཅུད་མ་ལུས་པ་འཇིག་ནས་ནམ་མཁའ་སྟོང་པར་ཅི་ཡང་མེད་པར་བར་བསྐལ་ཉེ་ཤུ་ལ་གནས་པ་བཤད་ལ། དེ་ནི་སྟོང་པའི་བར་བསྐལ་ཉེ་ཤུའོ། །
དེ་ནས་གོང་དུ་ཞིབ་པར་བཤད་པ་བཞིན་སེམས་ཅན་གྱི་ལས་ཀྱི་དབང་གིས་སྟོང་ཁམས་ཆེ་མོ་དེར་ཐོག་མར་རླུང་དཀྱིལ་གྲུབ་པ་ནས་བཟུང་རིམ་པས་དཀྱིལ་འཁོར་གཞན་དང་རི་རབ་དག་གྲུབ་བོ། ། ས་དང་མ་འབྲེལ་བའི་ལྷ་དག་གི་གནས་ཡུལ་ནི་ཐོག་མར་ཡན་ནས་མས་ལ་གྲུབ་ལ། ས་དག་ནི་འོག་གཞི་དཀྱིལ་འཁོར་ནས་རིམ་པས་མས་ནས་ཡར་ལ་གྲུབ་པ་ཡིན། དེ་ལྟར་སྣོད་གྲུབ་པའི་ཡུན་ལ་བར་བསྐལ་གཅིག་འགོར་རོ། །
དེ་ནས་བཅུད་ཀྱི་སེམས་ཅན་དག་གྲུབ་ལ། དེའང་ཡས་ནས་མས་ལ་རིམ་པས་གྲུབ་པ་ཡིན་ཏེ། མེས་འཇིག་པའི་རྗེས་ཀྱི་འཆགས་བསྐལ་གྱི་ཚེ། ཐོག་མར་འོད་གསལ་གྱི་ལྷ་རྣམས་འཆི་ནས་ཚངས་ཆེན་དུ་སྐྱེ་ལ། དེ་དག་ཤི་ནས་ཚངས་པ་མདུན་ན་འདོན་དང་། དེ་དག་ཚངས་རིས་དང་། དེ་དག་གཞན་འཕྲུལ་དབང་བྱེད་སོགས་ཏེ། རིམ་པས་སེམས་ཅན་གོང་མ་དག་འོག་ཏུ་སྐྱེས་ཏེ་དམྱལ་བ་དང་བཅས་པའི་རིགས་དྲུག་གི་བཅུད་ཀྱི་སེམས་ཅན་མ་ལུས་པ་འབྱུང་བ་འགྱུར་རོ། ། དེ་ལྟར་བཅུད་ཀྱི་སེམས་ཅན་འཆགས་པ་ལ་བར་བསྐལ་བཅུ་དགུ་འགོར་རོ། ། དེ་ནི་འཆགས་པའི་བསྐལ་པ་ཉེ་ཤུའོ། །
དེ་ནས་གནས་པའི་བསྐལ་པ་ནི། ཡར་ཐོག་རིང་མོ་དང་། བར་གྱི་ཁུག་པ་བཅོ་བརྒྱད། མར་ཐོག་རིང་མོ་ཞེས་གསུམ་དུ་དབྱེ་ལ། དེའང་དང་པོ་ཡར་ཐོག་རིང་མོ་ནི་འཆགས་པའི་བསྐལ་པ་རྫོགས་ཏེ་གནས་པའི་བསྐལ་པ་མགོ་རྩོམ་པའི་དུས་ཏེ། ཆེས་ཐོག་མར་འཆགས་ནས་ཚེ་ལོ་དཔག་མེད་ནས་ཚེ་ལོ་བརྒྱད་ཁྲི་བར་ཡན་ནི་འཆགས་པའི་བསྐལ་བར་བཤད་ལ། ཚེ་ལོ་བརྒྱད་ཁྲི་དེ་ནས་མར་རིམ་གྱིས་འགྲིབ་སྟེ་ཚེ་ལོ་བཅུ་པའི་བར་ནི་གནས་བསྐལ་དང་པོ་སྟེ་ཡར་ཐོག་རིང་མོའི་བསྐལ་བ་ཡིན་ནོ། ། དེ་ནས་ཚེ་ལོ་ཡར་བརྒྱད་ཁྲིའི་བར་འཕེལ་ཞིང་། ཡང་མར་ཚེ་ལོ་བཅུ་པའི་བར་འགྲིབ་པའི་འཕེལ་འགྲིབ་ཁུག་པ་གཅིག་གམ། ཡར་འཕེལ་མ་འགྲིབ་ཆ་གཅིག་ལ་བར་གྱི་ཁུག་པ་རེ་ཡིན་ལ། དེ་འདྲའི་བཅོ་བརྒྱད་ལ་བར་གྱི་ཁུག་པ་བཅོ་བརྒྱད་དམ། བར་བསྐལ་བཅོ་བརྒྱད་ཡིན། དེ་ནས་མཐའ་མ་ཚེ་ལོ་བཅུ་པ་ནས་ཡར་འཕེལ་ཏེ་ཚེ་ལོ་བརྒྱད་ཁྲི་པར་སླེབ་པ་ནི་མར་ཁུག་རིང་མོ་ཡིན་ནོ། ། དེ་ལྟར་བར་བསྐལ་ཉེ་ཤུ་ལ་གནས་པའི་བསྐལ་པ་ཞེས་འཆད་དོ། །
འོ་ན་བར་གྱི་ཁུག་པ་བཅོ་བརྒྱད་ལ་ཡར་འཕེལ་མ་འགྲིབ་གཉིས་རེ་ལ་བར་བསྐལ་གཅིག་ཡིན་ན། ཡར་ཐོག་མ་ཐོག་གཉིས་པོ་ལ། ཡར་འཕེལ་ཙམ་ལ་བར་བསྐལ་གཅིག་དང་། མར་འགྲིབ་ཙམ་ལ་བར་བསྐལ་གཅིག་ཡོད་དོན་ཅི་ཞེས་ན། དེ་ནི་ཆོས་ཉིད་ཀྱིས་ཏེ་མཐོ་མཐའ་གཉིས་འཕེལ་འགྲིབ་ཤིན་ཏུ་དག་ལ། བར་ཁུག་དག་འཕེལ་འགྲིབ་འཇོག་གོ་ཞེས་བསྟན་བཅོས་རྣམས་སུ་འཆད་དོ། །
འདིར་ཡར་ཐོག་རིང་མོ་ངོས་འཛིན་ཚུལ་མི་འདྲ་བ་ཅུང་ཟད་མངོན་ཏེ། ཁོ་བོས་འདིར་བྲིས་པ་ནི་མཆིམས་མཛོད་གཉིས་ཀྱི་དགོངས་པ་བཞིན་བྲིས་མོད། རང་ལུགས་སི་ཏུ་པཎ་ཆེན་གྱི་མཛོད་ཊཱིཀ་ཏུ། “ཚེ་ལོ་དཔག་མེད་ནས་ཚེ་ལོ་བཅུ་པའི་བར་དུ་བར་བསྐལ་གཅིག་འདའ་བ་དེ་ནི་གནས་བསྐལ་གྱི་དང་པོ་ཡིན་ཏེ། དེ་ནི་ཡར་ཐོག་རིང་མོ་ཞེས་བྱའོ། །”ཞེས་ཡར་ཐོག་རིང་མོའི་བར་བསྐལ་ལ། ཚེ་ལོ་དཔག་མེད་ནས་ཚེ་ལོ་བཅུ་པའི་བར་གྱི་དུས་ཡུན་ལ་བཞག་པ་མཛད་ལ། དེའང་མཛོད་ཀྱི་འགྲེལ་བཤད་ལ་དེ་ཙམ་གསལ་ཁ་མེད་ཀྱང་ཚིག་ཟོལ་ལ་བལྟས་ན་ཕལ་ཆེར་དགོངས་པ་དེར་ལྟར་མིན་ནམ་སྙམ་པ་ལྟ་བུ་འདུག འོན་ཀྱང་ཡར་ཐོག་མར་ཐོག་གཉིས་ལ་མར་འགྲིབ་ཡར་འཕེལ་རེ་རེ་ལས་མེད་ཅིང་། ཁུག་པ་བཅོ་བརྒྱད་ལ་ཡར་འཕེལ་མ་འགྲིབ་ཟུང་རེ་ཡོད་པས། དེ་དག་བར་བསྐལ་རེ་རེ་ཡིན་པའི་དུས་ཇི་ལྟར་མཉམ་ཞེ་ན། སི་ཏུའི་མཛོད་ཊིཀ་ཏུ། གོང་བཞིན་དལ་བུལ་གྱི་ཁྱད་ལས་ཡིན་ཞེས་ལན་འདེབས་མཛད་འདུག དེ་ལྟར་ཡར་ཐོག་རིང་མོ་ལ་དང་པོ་ནས་ཚེ་ལོ་དཔག་མེད་ནས་བཅུ་པའི་བར་གྱི་དུས་ཡུན་རིང་མོ་དེ་ཡོད་ལ། དེའི་ཁར་ཡར་ཐོག་རིང་མོའི་དུས་དེ་དལ་མོ་ཞིག་ཡིན་ན། ཁུག་པ་དག་ལས་ཀྱང་དུས་ཡུན་རིང་བ་མིན་ནམ་སྙམ་པ་ལྟ་བུ་ཞིག་འདུག ཀུན་མཁྱེན་མི་བསྐྱོད་པའི་མཛོད་ཀྱི་ཊིཀ་ཆེན་དུ། “དེ་ནས་ཆགས་པའི་མཇུག་རྫོགས་པ་དང་། གནས་པའི་མགོ་རྩོམ་པ་དང་། ཚེ་ལོ་དཔག་ཏུ་མེད་པ་ཐོབ་པ་ལས་འགྲིབ་པའི་མགོ་རྩོམ་པ་རྣམས་དུས་གཅིག་པའི་དབང་དུ་བྱས་པ་ཡིག་གྱི། གཞན་དུ་ན་བར་བསྐལ་གཅིག་ལ་བར་བསྐལ་བཅུ་དགུ་འོང་ས་མེད།” ཅེས་གསུངས་པ་འདི་ཡང་སི་ཏུའི་དགོངས་པ་བཞིན་འགྲོ་དགོས་པ་མིན་ནམ། གང་ལྟར་གཞུང་ཚིག་འདིར་གོ་བ་བདེ་མོ་ཞིག་ཆགས་ཀྱིན་མི་འདུག དེ་ལྟར་འཇིག་པའི་བར་བསྐལ་ཉེ་ཤུ། སྟོང་པའི་བར་བསྐལ་ཉེ་ཤུ། འཆགས་པའི་བར་བསྐལ་ཉེ་ཤུ། གནས་པའི་བར་བསྐལ་ཉེ་ཤུ་སྟེ། བར་གྱི་བསྐལ་བ་བརྒྱད་བཅུ་ལ་བསྐལ་ཆེན་གཅིག་ཞེས་བཏགས་ལ། དོན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་འདི་འཆགས་འཇིག་གནས་སྟོང་བཞི་ཡི་དུས་ཚོད་ཆ་ཚང་ཞིག་གི་ཡུན་ལ་བསྐལ་ཆེན་ཞེས་གོ་དགོས་སོ། །
མཇུག་སྡུད་པའི་གཏམ།
དུས་ཚོད་ཀྱི་ཡུན། དཔེ་ཀློག་གི་ཚགས། བསམ་གཞིག་སོགས་ཀྱི་དཀའ་ཚེགས་གང་མང་རྒྱུད་དེ། རང་གི་འབྲི་འདོད་པའི་བརྩམས་ཆོས་རེ་ལེགས་གྲུབ་བྱུང་བའི་དགའ་ཚོར་ནི། རྩོམ་འབྲི་ལ་ནན་གྱིས་ཞུགས་པའི་མི་ཚོ་ཁོ་ནས་མྱོང་བྱ་ཞིག་ཡིན། དུས་ཡུན་ཟླ་བ་གཉིས་ལྷག་ལ་རང་ནུས་གང་ལྕོགས་ཀྱི་འབད་འབུང་བགྱིས་པའི་འབྲས་བུ་རུ། ད་ལྟ་དཔྱད་རྩོམ་ཟེར་མི་ཕོད་ཀྱང་རང་གི་གང་ངེས་ཙམ་ཐོ་རུ་བཀོད་པའི་བརྩམས་ཆོས་འདི་འདྲ་ཞིག་ལེགས་པར་གྲུབ་པས་དགའ་བ་རབ་ཏུ་འཕེལ། འདིར་ལེགས་ཆ་དང་བཟང་ཆ་ཡོད་ཟེར་མི་ཕོད་ཀྱང་། རང་ངོས་ནས་བསམ་ན་བྲིས་བྲིས་པའི་ཡིག་ཉོབ་དག་ལས་ཅུང་ལེགས་ཤོས་དེ་ཡིན་ཟེར་ན་མི་ཆོག་པ་མེད།
བརྩམས་ཆོས་འདིའི་གོ་རིམ་གྱི་སྒྲིག་གཞི་ལ་བསམ་ན། སྲོལ་རྒྱུན་གྱི་རིགས་གཞུང་དག་འབྲི་སྐབས་ཀྱི་ས་བཅད་ལྟར་འདིར་བྲིས་མེད་ལ། དེ་བཞིན་གང་ཞིག་བཤད་པ་དག་ལ་ལུང་འདྲེན་གྱི་རྒྱབ་སྐྱོར་འབོལ་ཆེན་བྲིས་ཏེ་ཡིག་ཚོགས་མངས་སུ་གཏོང་མེད། སྲོལ་རྒྱུན་དུ་བྱུང་བ་དེ་དག་ལེགས་པོ་མ་རེད་ཅེས་དང་། བདག་གི་འདི་ལ་ཁྱད་ཆོས་ཡོད་དོ་ཞེས་དུས་ནམ་ཡང་འཆད་པ་མིན་མོད། འོན་ཏང་རང་གི་བསམ་ན་རྩོམ་འདིའི་ཚན་པ་བགོ་ཚུལ་དང་ནང་ཚིག་རིས་འགོད་ཚུལ་གང་ཐད་ནས་ཅུང་ཟད་ཟོལ་ཡངས་སུ་བྲིས་ཡོད་པའི་ཚོད་དུ་རློམ་བཞིན་ཡོད། བརྩམས་ཆོས་འདིའི་གོ་རིམ་ཡང་གང་འདོད་དུ་གོང་འོག་བསྲེ་ནས་བྲིས་པ་ལས། མཛོད་གཞུང་ནས་འབྱུང་བ་བཞིན་གོང་འོག་བསྒྲིགས་ནས་བྲིས་མེད། དེ་བཞིན་མཛོད་གཞུང་གི་ལུང་ཚིག་དག་ཏུ་ཡིག་ནོར་ཡིན་ངེས་པ་འགའ་མཐོང་ཡང་། མ་དཔེ་བཞིན་བསྐྱུར་བ་ལས་མཁས་མདོག་གིས་བསྒྱུར་བཅོས་བྱེད་མ་ཕོད།
བརྩམས་ཆོས་འདིའི་ནང་དོན་གྱི་ཆ་ལ་བསམ་ན། འདིར་སྣོད་བཅུད་གཉིས་ལས་སྣོད་ཀྱི་སྐོར་གཙོ་བོས་བྱས་ནས་བྲིས་ཡོད་སྟབས། གནས་གསུམ་པར་བྱུང་བའི་རྟེན་འབྲེལ་གྱི་སྐོར་དང་། རིགས་དྲུག་གི་ཚེ་ཚད་དང་འཚོ་བ། ལུས་ཀྱི་ཁྱད་དབྱིབས་དང་། བསྐལ་བ་ཡར་འཕེལ་མ་འགྲིབ་སྐབས་ཀྱི་འཚོ་གནས་རོལ་སྟངས་དང་། དགེ་མི་དགེའི་རྣམ་སྨིན་བྱུང་ཚུལ་སོགས་འདིར་བྲིས་མེད། དེ་དག་མཐའ་གཅིག་ཏུ་བཅུད་ཁོ་ན་ལས་སྣོད་དང་འབྲེལ་བ་མེད་པ་ཞིག་མིན་རུང་། གཙོ་ཕལ་གྱི་དབང་གིས་དེ་དག་ཟུར་དུ་བཞག་པ་ཡིན།
མངོན་པའི་འཇིག་རྟེན་ཆགས་རིམ་དེ་དེང་གི་དངོས་མཐོང་དང་མཐུན་མིན་ཇི་ལྟར་ཡིན་རུང་། ངོ་མཚར་བའི་བློས་བསླང་འདི་སྒྱུ་རྩལ་གྱི་ཉམས་ཀྱིས་ཕྱུག་ཅིང་། བཀོད་པ་ཕུན་སུམ་ཚོགས་པ། རྟོག་བཟོའི་རྣམ་པ་ཤིན་ཏུ་མཛེས་པ། རྣམ་རིག་ཤིན་ཏུ་བཀྲ་བའི་ཤེས་རབ་ལས་བྱུང་བའི་ཁྱད་ཆོས་མངོན་པ་དོད་པ་བཅས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པར་མཐོང་བས། གལ་ཏེ་ཤེས་རབ་ལ་དགའ་བའི་སྐྱེ་བོ་ཞིག་གིས། མངོན་པའི་འཇིག་རྟེན་ཆགས་རིམ་ལ་རྒྱུན་ལོན་ལེགས་པར་བྱས་པ་ཡིན་ན། འབྲས་བུ་ནི་ཁྱོད་ལ་ཤེས་རབ་ཀྱི་འོད་མདངས་སྔར་ལས་རྒྱས་པ་ལས། ཕན་མེད་ཀྱི་ངལ་བ་ཞིག་མི་འབྱུང་ངོ་ཞེས་ཁོ་བོས་སྨྲ་སྤོབས། ཤེས་རབ་དེའང་ཁྱོད་ཀྱི་ལོ་རྒྱུས་དང་ས་ཁམས་ཤེས་བྱ་སོགས་ལས་སྐྱེས་པའི་ཤེས་རབ་དེ་ཚོའི་འབབ་སྟེགས་སུ་གྱུར་ཆོག་ཆོག་ཡིན་པ་ལས། རང་གར་ཤེས་བྱ་གསར་བ་རེ་ཤེས་པའི་ཕན་མེད་ཀྱི་ཤེས་རབ་ཞིག་ལ་ནས་མིན། ལར་ཤེས་རབ་ཐམས་ཅད་དེ་མཚུངས་ཡིན་ཏེ། གཅིག་ཕན་གཅིག་གྲོགས་སུ་འགྲོ་བ་ལས། ཤེས་རབ་ཀྱིས་ཤེས་རབ་ལ་གེགས་སུ་བྱས་པ་དུས་ནམ་ཡང་མེད་དོ། །
བརྩམས་ཆོས་འདི་འབྲི་ཚུལ་ལ་བསམ་ན། ཨུ་ཚུགས་དང་ཕོ་ཚོད་ཀྱིས་ཤར་མར་ཤེས་མདོག་མདོག་གིས་བྲིས་བཞག་པ་ཞིག་མ་ཡིན་པར། རང་ཁྱིམ་དུ་སྡོད་དགོས་བྱུང་བའི་དུས་སྐབས་འདི་གཅེས་སྤྲས་བྱས་ཏེ་དཔེ་ཀློག་དང་བསམ་གཞིག་གཟབ་ནན་བྱས་ཤིང་བྲིས་པ་ཞིག་ཡིན་ལ། སྐབས་སྐབས་སུ་ནང་དོན་དཀའ་ཉོག་ཅན་རེ་དང་གཏིང་ཟབ་ས་རེར་འཕྲད་ཡོང་དུས་སྟུད་མར་ཉི་མ་གསུམ་བཞི་རེ་ཙམ་དེའི་སྐོར་དཔེ་ཀློག་ཁོ་ན་བྱས་ཏེ་འདིའོ་སྙམ་པའི་རྟོག་པ་རེ་མ་སྐྱེ་བར་དུ་གཟབ་ནན་བྱས་པ་ལས། རང་ལ་ངེས་ཤེས་ཨེ་ཙམ་རེ་མེད་བཞིན་གོ་མདོག་མདོག་གི་དཔེ་བཤུས་བྱས་པ་ལྟ་བུའི་བྱ་ངན་དེ་ལྟར། བརྩམས་ཆོས་འདི་ཐོག་མཐའ་ཀུན་ལ་ཞུགས་མེད་པས། འདིའི་ཆ་ནས་བརྩམས་ཆོས་འདི་འབྲི་ཚུལ་ལ་ནོར་འཛོལ་བྱུང་མེད་སྙམ་ཡོད། གཏན་གཏན་རང་གི་གོ་ཡོད་སྙམ་བཞིན་ཡོད་ནའང་། གནད་མ་ཕིག་པ་དང་། གོ་ནོར་སོང་བ། ཤེས་རབ་ཀྱིས་མ་འདང་ས་ནི་ལོས་ཡོད་དེ། སྤྱི་ན་དེ་ལྟ་བུ་ནི་རྩོམ་འབྲི་བ་ཕལ་ཆེར་ལ་རྒྱུན་འཇགས་སུ་ཡོད་པའི་མ་རིག་པ་ཞིག་ཡིན་ལ། ལྷག་པར་ང་ལྟ་བུ་སྐྱེ་སྦྱོང་གང་ཐད་ནས་རིག་པའི་གསལ་ཆ་ཞན་པའི་སྐྱེ་བོ་རང་གར་བ་དག་ལ་ནི་དེ་ལྟའི་བྱས་ཉེས་མང་དུ་མཆིས་སྲིད་པས། མཁྱེན་ཡངས་ནམ་མཁའ་དང་མཉམ་པའི་སྤྱོད་ལྡན་པ་དག་ལ་སྙིང་བུ་ནས་དགོངས་གསོལ་ཞུ་བཞིན་ཡོད་དོ། །
༢༠༢༣ / ༦ / ༡༢ ཉིན་ལྷོ་ཕྱི་འབྲོག་སྐྱབས་ཆེ་དགོན་གྱི་རིག་པ་སྨྲ་བའི་གྲལ་མཐའ་ཙམ་འཛིན་པ། བཅད་ལྷུག་སྤེལ་མའི་རྩོམ་འབྲི་ལ་རང་བཞིན་གྱི་དགའ་བ་ཅུང་ཟད་ཡོད་མཁན། འདན་རུལ་རྒོལ་ལམ་མིང་གཞན་ལ་ཤེས་རབ་སེང་གེ་རུ་འབོད་པས། རང་ཁྱིམ་གྲུ་བཞི་རུ་དུས་ཡུན་ཟླ་བ་གཉིས་ལྷག་ལ་བྲིས་ཤིང་མཇུག་ལེགས་པར་གྲུབ་པ་བགྱིས་སོ། ། ཤེས་རབ་འཕེལ་བ་གྱུར་ཅིག དགེའོ། །
དཔྱད་གཞི་ཡིག་ཆ་གཙོ་བོ།
འཇིག་རྟེན་གཞག་པ།
འཕགས་པ་མཽད་གལ་གྱི་བུས་མཛད།
སྡེ་བསྟན། མངོན་པ། པོད། ༼ ཨི ༽
མངོན་པ་མཛོད་ཀྱི་རྩ་བ།
སློབ་དཔོན་དབྱིག་གཉེན་གྱིས་མཛད།
སྡེ་བསྟན། མངོན་པ། པོད། ༼ ཀུ ༽
ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད།
སློབ་དཔོན་རྒྱལ་པོའི་སྲས་ཀྱིས་མཛད།
སྡེ་བསྟན། མངོན་པ། པོད། ༼ གུ ༽ ༼ ངུ ༽
ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མངོན་པའི་རྒྱན།
མཆིམས་འཇམ་པའི་དབྱངས་ཀྱིས་མཛད།
བླ་རུང་གཞུང་ལས་དོ་དམ་ཁང་གིས་སྤེལ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་སྙིང་པོ་བསྡུས་པ།
མཆིམས་ནམ་མཁའ་གྲགས་ཀྱིས་མཛད།
སེར་གཙུན་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས།
ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་རྒྱས་པར་སྤྲོས་པ་གྲུབ་བདེའི་དཔྱིད་འཇོ།
ཀུན་མཁྱེན་མི་བསྐྱོད་རྡོ་རྗེས་མཛད།
ཟུར་མང་ལྔ་རིག་གཙུག་ལག་གཅེས་སྐྱོང་ཁང་གི«མངོན་པ»ཕྱོགས་བསྒྲིགས།
ཆོས་མངོན་པ་མཛོད་ཀྱི་ཚིག་དོན་རྣམ་པར་འགྲེལ་པ་བརྒྱ་བྱིན་ཐོགས་པའི་ནོར་བུའི་འོད་སྣང་།
སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བ།
ཟུར་མང་ལྔ་རིག་གཙུག་ལག་གཅེས་སྐྱོང་ཁང་གི«མངོན་པ»ཕྱོགས་བསྒྲིགས།
________________
ཟུར་ལྟའི་དཔེ་ཆ།
ཆོས་མངོན་པའི་མཛོད་ཀྱི་བཤད་པ།
སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་མཛད།
སྡེ་བསྟན། མངོན་པ། པོད། ༼ ཀུ ༽ ༼ ཁུ ༽
ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ།
སློབ་དཔོན་གང་བ་སྤེལ་བས་མཛད་པ།
སྡེ་བསྟན། མངོན་པ། པོད། ༼ ཉུ ༽
ཆོས་མངོན་པའི་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་རྣམ་པར་བཤད་པ།
སློབ་དཔོན་འདུས་བཟངས་ཀྱིས་མཛད།
སྡེ་བསྟན། མངོན་པ། པོད། ༼ ཁུ ༽
ཆོས་མངོན་པའི་འགྲེལ་པ་གནད་ཀྱི་སྒྲོན་མ་ཞེས་བྱ་བ།
སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད།
སྡེ་བསྟན། མངོན་པ། པོད། ༼ ཉུ ༽
མངོན་པ་མཛོད་ཀྱི་སྤྱི་དོན་དབྱིག་གཉེན་བཞེད་པ།
ཀུན་གཟིགས་ཞྭ་དམར་ཆོས་ཀྱི་དབང་ཕྱུག
ཟུར་མང་ལྔ་རིག་གཙུག་ལག་གཅེས་སྐྱོང་ཁང་གི«མངོན་པ»ཕྱོགས་བསྒྲིགས།
དམ་པའི་ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་ལེགས་པར་བཤད་པ་དབྱིག་གཉེན་ཞལ་ལུང་།
ཀརྨ་ངེས་དོན་ཆོས་ཀྱི་ཉི་མ།
ཟུར་མང་ལྔ་རིག་གཙུག་ལག་གཅེས་སྐྱོང་ཁང་གི«མངོན་པ»ཕྱོགས་བསྒྲིགས།
ཆོས་མངོན་པ་མཛོད་ཀྱི་བཤད་པ་འགྲེལ་པ་ལུགས།
ཀུན་མཁྱེན་པདྨ་དཀར་པོ།
ཟུར་མང་ལྔ་རིག་གཙུག་ལག་གཅེས་སྐྱོང་ཁང་གི«མངོན་པ»ཕྱོགས་བསྒྲིགས།
ཆོས་མངོན་པ་མཛོད་ཀྱི་རྣམ་པར་བཤད་པ་ཆོས་མངོན་རྒྱ་མཚོའི་སྙིང་པོ་མཁྱེན་བརྩེའི་ཞལ་ལུང་གཞོན་ནུ་རྣམ་རོལ་ལེགས་བཤད་ཆོས་མིག་རྣམ་འབྱེད་གྲུབ་བདེའི་ཤིང་རྟ།
རྒྱལ་དབང་ཀརྨ་པ་དབང་ཕྱུག་རྡོ་རྗེ།
ཟུར་མང་ལྔ་རིག་གཙུག་ལག་གཅེས་སྐྱོང་ཁང་གི«བཀའ་བརྒྱུད་གསུང་རབ»ཕྱོགས་བསྒྲིགས།
འདུལ་བ་མདོའི་རྣམ་པར་འབྱེད་པ་འདུལ་བ་རྒྱ་མཚོའི་སྙིང་པོ་རབ་ཏུ་གསལ་བར་བྱེད་པ།
བུ་སྟོན་ཐམས་ཅད་མཁྱེན་པས་མཛད།
ཟུར་མང་ལྔ་རིག་གཙུག་ལག་གཅེས་སྐྱོང་ཁང་གི«འདུལ་བ»ཕྱོགས་བསྒྲིགས།
ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ།
མཆིམས་བློ་བཟང་གྲགས་པ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་།
བདེ་བར་གཤེགས་པའི་བསྟན་བའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད།
བུ་སྟོན་རིན་ཆེན་གྲུབ།
ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་སྐྲུན་ཞུས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4178
དཔྱད་མཆན་སྤེལ།