[གནད་བསྡུས།] ཉན་ཐོས་སྡེ་བས་ཐེག་ཆེན་བཀའ་མིན་པའི་རྒྱུ་མཚན་ཅི་ཞིག་བཤད་པ་སོགས་ཀྱི་སྐོར་ཉན་ཐོས་སྡེ་བའི་གཞུང་རང་རྒྱུད་པ་བོད་དུ་འགྱུར་མེད། འོན་ཀྱང་ཐེག་ཆེན་བསྟན་བཅོས་དག་ཏུ་ཕྱོགས་སྔའི་ཚུལ་དུ་བཀོད་པ་དག་ལས་ཆོས་རྣམས་རང་བཞིན་མེད་པ་དང་། གཟུགས་སྐུའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་། ལུས་གཏོང་བ་སོགས་ཀྱི་དཀའ་སྤྱད་ཀྱི་སྐོར་བཤད་པ་སོགས་མང་པོ་ཞིག་གནའ་བོའི་ཉན་ཐོས་སྡེ་བའི་མདོ་དག་གི་བརྗོད་བྱ་དང་མི་མཐུན་པ་དང་། སངས་རྒྱས་ཀྱིས་ཡུལ་དུས་གང་དུ་གསུངས་པའི་ཁུངས་མེད་པ། ཡོངས་གྲགས་ཀྱི་སྡུད་པ་པོས་མ་བསྡུས་པ་སོགས་ནི་ཐེག་ཆེན་བཀའ་མིན་པའི་རྒྱུ་མཚན་གཙོ་བོ་རུ་བཤད་ཡོད་པར་ཤེས་ཐུབ། ཐེག་ཆེན་བཀའ་ཡིན་མིན་གྱི་རྩོད་པའི་གཞུང་དེ་དག་ལས་ཐེག་ཆེན་གྱི་བྱུང་འཕེལ་དང་། ཐེག་པ་ཆེ་ཆུང་གི་མདོའི་བརྗོད་བྱའི་ཁྱད་པར། དེ་དག་གིས་བཀའ་ཡིན་མིན་གྱི་ཚད་ཇི་ལྟ་བུ་ལ་འདོད་མིན་སོགས་ཀྱང་རགས་ཙམ་ཤེས་ཐུབ་པ་ཡིན་ནོ། །
[གནད་ཚིག] ཉན་ཐོས་སྡེ་བ། བཀའ། ཐེག་ཆེན། ཆོས་རྣམས་རང་བཞིན་མེད་པ།
དང་པོ། གླེང་སློང་བ།
བོད་འགྱུར་གཞུང་ལུགས་དག་གི་ནང་ཐེག་ཆེན་བཀའ་སྒྲུབ་ཀྱི་སྐོར་ཕྲན་བུ་འཁོད་པ་ཅི་རིགས་པ་བྱུང་ཡང་། དེའི་ཕྱོགས་སྔ་མ་ཉན་ཐོས་སྡེ་བ་དག་གིས་ཐེག་ཆེན་བཀའ་མིན་པའི་རྒྱུ་མཚན་ཇི་ལྟ་བུ་བཤད་པ་དང་། བཀའ་ཡིན་མིན་གྱི་ཚད་གཞི་གང་ལ་འཛིན་པ་སོགས་ཀྱི་སྐོར་ཉན་ཐོས་སྡེ་བའི་གཞུང་རང་རྒྱུད་པ་བོད་དུ་འགྱུར་བ་གང་ཡང་མི་སྣང་། འོན་ཀྱང་དེའི་སྐོར་ཐེག་ཆེན་གྱི་གཞུང་ལུགས་སུ་ཕྱོགས་སྔ་མ་རུ་བཀོད་པ་དག་ལས་རགས་རིམ་ཞིག་ཤེས་ཐུབ་ཅིང་། དེ་ནི་ཐེག་ཆེན་གྱི་བྱུང་འཕེལ་ལོ་རྒྱུས་དང་། ཐེག་པ་ཆེ་ཆུང་གི་མདོའི་བརྗོད་བྱའི་ཁྱད་པར། ཉན་ཐོས་སྡེ་བ་དག་གིས་ཐེག་ཆེན་གྱི་མདོ་དེ་ཚུལ་ཇི་ལྟར་བྱུང་བར་འདོད་པ་སོགས་ཤེས་པ་ལ་གལ་ཆེ། ལྷག་ཏུ་དེང་དུས་མི་འགའ་ཞིག་གིས་སྔ་མོའི་ནང་པ་དག་གིས་བཀའི་ཚད་གཞི་གང་ལ་འཛིན་བཞིན་ཡོད་མེད་ལ་རྒྱུས་མེད་པར་སངས་རྒྱས་ཀྱི་བཀའ་ཞེས་པ་དེ་སངས་རྒྱས་ཉིད་ཀྱིས་ཚིག་གི་སྡེབ་སྦྱོར་ཚུན་མཛད་པ་ལྟ་བུར་གོ་བཞིན་ཡོད་པ་མཐོང་ལ། དེ་དག་ལ་ཡང་མཛུབ་མོ་རི་སྟོན་ཙམ་བྱ་བའི་ཕྱིར་འདིར་ཁོ་བོས་བོད་འགྱུར་ཐེག་ཆེན་གྱི་བསྟན་བཅོས་དག་ཏུ་ཐེག་ཆེན་བཀའ་ཡིན་པའི་རྒྱུ་མཚན་གང་གསུངས་པ་དག་བསྐྱར་ཟློས་མི་བྱ་བར་གཙོ་བོ་སྐབས་དེའི་གྲུབ་མཐའ་སྨྲ་བ་དག་གིས་བཀའ་ཡིན་མིན་གྱི་ཚད་གཞི་ཇི་ལྟ་བུ་ཞིག་ལ་འདོད་ཀྱིན་ཡོད་པ་དང་། ཚད་དེ་གཞིར་བཟུང་གིས་ཕྱེ་བའི་བཀའི་དབྱེ་བ་ལ་ཇི་ལྟ་བུ་ཡོད་པ་དང་། ཉན་ཐོས་སྡེ་བ་དག་གིས་ཐེག་ཆེན་བཀའ་མིན་པའི་དོགས་པ་ཟ་བའི་རྒྱུ་མཚན་གཙོ་བོ་དག་དང་། ཐེག་ཆེན་དེ་ཉིད་བྱེད་པ་པོ་གང་གིས་བྱས་པར་དོགས་པ་ཟ་བ་སོགས་ཀྱི་སྐོར་འགའ་ཞིག་འབྲི་བར་བྱའོ། །
དེ་ཡང་ནང་པའི་གཞུང་དུ་སངས་རྒྱས་ཀྱི་བཀའ་ཞེས་པ་དེ་ངེས་པར་སངས་རྒྱས་ཉིད་ཀྱི་ཞལ་ནས་གསུངས་པའི་ངེས་པ་མེད་པར་འདོད་དེ། བཀའ་ལ་ཞལ་ནས་གསུངས་པའི་བཀའ་དང་། རྗེས་སུ་གནང་པའི་བཀའ་དང་། བྱིན་གྱིས་བརླབས་པའི་བཀའ་གསུམ་དུ་བཤད་པ་ལས། ཕྱི་མ་གཉིས་སངས་རྒྱས་ཉིད་ཀྱི་ཞལ་ནས་གསུངས་པ་མིན་པར། བཀའ་སྡུད་པ་པོ་དང་། སངས་རྒྱས་ཀྱི་བྱིན་རླབས་ཀྱིས་བདག་རྐྱེན་བྱས་ཏེ་བྱུང་བའི་སྐྱེས་བུ་གཞན་གྱི་ངག་ཡིན། དེས་ན་«བཀའ་འགྱུར»་ལྟ་བུ་བཀའ་ཡིན་པར་ཁས་ལེན་ཡང་དེའི་ནང་དུ་ཡོད་དོ་ཅོག་སངས་རྒྱས་རང་ཉིད་འཚོ་བཞུགས་ཀྱི་གནས་སྐབས་སུ་ཞལ་ནས་གསུངས་པ་རྐྱང་དུ་འདོད་ཀྱི་མེད། དཔེར་ན་འདུལ་བ་ལྟ་བུར་མཚོན་ན། དེའི་ནང་གི་ལྟུང་བ་སོ་སོའི་གླེང་གཞི་ལྟ་བུ་བྱུང་བ་མང་པོ་བཀོད་པ་རྣམས་སྐབས་དེའི་དངོས་བྱུང་དག་ཕྱིས་སུ་བཀའ་སྡུད་པ་པོ་དག་གིས་བཀོད་པ་ཡིན་གྱི་སངས་རྒྱས་ཀྱི་ཞལ་ནས་གསུངས་པ་མིན་པ་ལྟ་བུའོ། །མདོ་གཞན་དག་ལ་ཡང་བཀའ་སྡུད་པ་པོས་བཅུག་པ་དང་། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་སོགས་གཞན་དང་གཞན་གྱིས་དྲི་བ་དྲིས་ལན་བྱས་པ་སོགས་ཀྱིས་གཞུང་གི་ཆ་མང་པོ་ཞིག་བཟུང་ཡོད་པས་ཞལ་ནས་གསུངས་པའི་བཀའ་ལ་མང་པོ་ཞིག་མེད། ཞལ་ནས་གསུངས་པའི་བཀའ་རུ་འདོད་པ་དག་ཀྱང་བརྗོད་བྱའི་དོན་དེ་སངས་རྒྱས་ཉིད་ཀྱིས་དངོས་སུ་གསུངས་པ་ལ། ཚིག་གི་སྡེབ་སྦྱོར་དག་སངས་རྒྱས་ཀྱིས་གསུངས་པའི་རྨང་གཞིའི་ཐོག་ཕྱིས་སུ་གཞན་གྱིས་བསྣན་འཕྲི་ཅི་རིགས་བྱས་པ་ཡང་ཁས་ལེན་པ་ཡིན། དེ་ཡང་《མཛོད་འགྲེལ་གང་སྤེལ》་ལས། “གལ་ཏེ་ཆོས་མངོན་པའི་བྱེད་པ་པོ་དག་ན་ཅི་ལྟར་ཡེ་ཤེས་ལ་འཇུག་པ་ནི་འཕགས་པ་ཀཱ་ཏྱཱ་ཡ་ནའི་བུའོ། །རྣམ་པར་ཤེས་པའི་ཚོགས་པས་ནི་གནས་བརྟན་ལྷ་སྐྱིད་དོ། །རབ་ཏུ་འབྱེད་པའི་རྐང་པ་ནི་འཕགས་པ་དབྱིག་བཤེས་སོ། །ཡང་དག་པར་འགྲོ་བའི་རྣམ་གྲངས་ནི་གནས་བརྟན་ཤཱ་རིའི་བུའོ། །བཏགས་པ་རྣམས་ཀྱིས་ནི་གནས་བརྟན་མཽད་གལ་གྱི་བུ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཐོས་པ་མ་ཡིན་ནམ། ཅི་ལྟར་ཆོས་མངོན་པ་བཅོམ་ལྡན་འདས་ཀྱིས་བསྟན་ཞེས་བྱ་བའི་དོགས་པ་བསལ་བར་བྱ་བའི་ཕྱིར། དེ་ནི་སིལ་བུར་བཤད་པ་ཞེས་བྱ་བ་སྨོས་ཏེ། ཆོས་མངོན་པ་དེ་ནི་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་རང་བཞིན་གྱི་དྲི་བ་ལ་ལྟོས་ནས་སིལ་བུར་བཤད་ལ། སྟོན་པ་མྱ་ངན་ལས་འདས་པའི་གསུང་རབ་ཏུ་གྱུར་པ་ན། གནས་བརྟན་ཀཱ་ཏྱཱའི་བུ་ལ་སོགས་པ་མངོན་པར་ཤེས་པ་དྲུག་དང་ལྡན་པ་རྣམས་ཀྱིས་སྨོན་ནས་ཤེས་པས། ཆོས་ཀྱི་རྗེའི་དགོས་པ་དང༌། ཆོས་ཉིད་ལ་ལྟོས་ཏེ་བསྡུས་ཤིང་ཚོམས་སུ་བྱས་ནས་སིལ་བུ་ལ་སོགས་པ་ཕུང་པོར་བཅད་དེ་གཞག་སྟེ། བཙུན་པ་ཆོས་སྐྱོབ་ཀྱིས་ཆེད་དུ་བརྗོད་པའི་སྡེ་སྡེ་ཚན་བྱས་པ་བཞིན་ནོ། །ཆེད་དུ་བརྗོད་པའི་ཚིགས་སུ་བཅད་པ་དག་ནི་ལུང་དག་དང་འདུལ་བ་ལས་ལ་ལར་བཤད་ལ། དེ་དག་ཀྱང་བཙུན་པ་ཆོས་སྐྱོབ་ཀྱིས་སྡེ་ཚན་དུ་བྱས་ནས་གཞག་པ་བཞིན་དུ་ཆོས་མངོན་པ་ཡིན་ནོ། །ཆོས་མངོན་པ་ནི་སངས་རྒྱས་ཀྱིས་གསུངས་པ་ཁོ་ན་ཡིན་ཏེ། དགྲ་བཅོམ་པ་དག་གིས་བསྡུས་པའི་ཕྱིར་མདོ་སྡེ་དང་འདུལ་བ་བཞིན་ནོ། །གལ་ཏེ་མ་གྲུབ་བོ་ཞེ་ན། འཕགས་པ་འོད་སྲུངས་ཀྱིས་བསྡུས་པའི་ཕྱིར་རོ། །ཡང་ན་སངས་རྒྱས་ཀྱི་རྗེས་སུ་བཞེད་པའི་ཕྱིར། ཡང་དག་པའི་འགྲོ་བའི་རྣམ་གྲངས་བཞིན་ནོ། །”ཞེས་《མངོན་པ་སྡེ་བདུན》་དང་། 《ཆེད་དུ་བརྗོད་པའི་ཚོམས》་སོགས་སངས་རྒྱས་ཀྱིས་དང་པོར་ཡུལ་དུས་མི་འདྲ་བའི་གང་ཟག་སོ་སོའི་དྲི་བ་ལ་ལྟོས་ཏེ་སིལ་བུར་གསུངས་པ་ལ། ཕྱིས་སུ་ཉན་ཐོས་དག་གིས་བསྡུས་ནས་སྡེ་ཚན་སོ་སོར་བགོས་ཏེ་ཚོམས་དང་ཚོམས་སུ་བྱས་པ་བཤད་པ་ལྟ་བུའོ། །
གཉིས་པ། སངས་རྒྱས་ཀྱི་བཀའ་ཡིན་མིན་གྱི་ཚད།
ཉན་ཐོས་སྡེ་བ་དག་གིས་སངས་རྒྱས་ཀྱི་བཀའ་ཡིན་མིན་གྱི་ཚད་གཞི་ལྟ་བུ་རུ་གསུངས་པ་ནི། 《འདུལ་བ་ལུང》་དང་དབྱིག་གཉེན་གྱི་《རྣམ་བཤད་རིགས་པ》དང་ལེགས་ལྡན་འབྱེད་ཀྱི་《རྟོག་གེ་འབར་བ》་དང་བློ་གྲོས་བརྟན་པའི་《མདོ་སྡེ་རྒྱན་གྱི་འགྲེལ་པ》་སོགས་སུ་གསལ་བ་ལྟར། གང་བཀའ་རུ་འདོད་པ་དེའི་བརྗོད་བྱའི་དོན་དེ་མདོ་སྡེ་ལས་འབྱུང་། འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་བ་དེ་ཡིན། དེའི་སྐོར་བློ་གྲོས་བརྟན་པའི་《མདོ་སྡེ་རྒྱན་གྱི་འགྲེལ་བཤད》་ལས་གསུངས་པ་འདི་ལྟར། “ཉན་ཐོས་ཀྱིས་སླར་བསྐྱར་བའི་ཕྱིར། སངས་རྒྱས་ཀྱི་ཚིག་གི་མཚན་ཉིད་ནི་འདི་ཡིན་ཏེ། གང་མདོ་སྡེ་ལས་འབྱུང༌། འདུལ་བ་ལ་ཡང་སྣང༌། ཆོས་ཉིད་དང་ཡང་འགལ་བར་མི་བྱེད་པ་ཡིན་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་པ་ཐེག་པ་ཆེན་པོ་ནི་དེ་ལྟ་མ་ཡིན་ཏེ། དེ་བས་ན་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་ལ་ལ་དག་དེ་སྐད་ཟེར་བས་ཞེས་བྱ་བ་སྨོས་ཏེ། ཉན་ཐོས་དག་ན་རེ། སངས་རྒྱས་ཀྱི་ཚིག་གི་མཚན་ཉིད་ནི་དུས་བསྟན་པ་དང༌། ཆེན་པོ་བསྟན་པའི་མདོ་སྡེ་ལས། གང་མདོ་སྡེ་ལས་ཀྱང་འབྱུང་ལ། འདུལ་བ་ལས་ཀྱང་སྣང་ཞིང༌། ཚེས་ཉིད་དང་ཡང་མི་འགལ་བ་དེ་སངས་རྒྱས་ཀྱི་བཀའ་ཡིན་གྱི་དེ་ལས་གཞན་དག་ནི་བཀའ་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཡོད་དོ་ཞེས་བཤད་པ་ནི་མདོ་སྡེའི་མཚན་ཉིད་ནི་ཐེག་པ་ཆེན་པོ་ལས་ཆོས་ཐམས་ཅད་རང་བཞིན་མེད་དོ་ཞེས་བཤད་པས་ན་མདོ་སྡེ་ལས་ཀྱང་མི་འབྱུང་སྟེ་མདོ་སྡེ་དང་མི་མཐུན་ནོ། །གཞུང་གང་ལས་ལྟུང་བ་སྔ་བདུན་འཆད་པའི་གཞུང་དེ་ནི་འདུལ་བ་ཡིན་ཏེ། འདུལ་བ་ལས་ཀྱང་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་མེད་དོ་ཞེས་སྨྲས་ན་ལྟུང་བར་འགྱུར་རོ་ཞེས་བཤད་ལ། ཐེག་པ་ཆེན་པོ་ལ་སངས་རྒྱས་མེད། ཆོས་མེད། དགེ་འདུན་མེད་དོ་ཞེས་འབྱུང་བས་འདུལ་བ་ལ་མི་སྣང་སྟེ། འདུལ་བ་དང་ཡང་མི་མཐུན་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་ལུགས་བཞིན་དུ་འབྱུང་བ་དང༌། མ་རིག་པ་འགགས་པས་འདུ་བྱེད་འགག་པ་ལ་སོགས་པ་ལུགས་ལས་བཟློག་པ་སྟེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་རྣམས་ནི་ཆོས་ཉིད་ཡིན་པར་བཤད་ན་ཐེག་པ་ཆེན་པོ་ལས་ཆོས་ཐམས་ཅད་མ་སྐྱེས་མ་བྱུང་ཞེས་བཤད་བས་ཆོས་ཉིད་དང་ཡང་འགལ་ཏེ། དེ་བས་ན་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་རྒོལ་ལོ། །”ཞེས་སོ། །འདིའི་ནང་དུ་ཐེག་ཆེན་གྱི་མདོ་དག་མདོ་སྡེ་ལས་མི་འབྱུང་བའི་རྒྱུ་མཚན་ནི་མདོ་སྡེ་ལས་ཕུང་ཁམས་སྐྱེ་མཆེད་ཡོད་པར་གསུངས་ལ། ཐེག་ཆེན་གྱི་མདོ་ལས་དེ་དག་རང་བཞིན་གྱིས་མེད་པར་བཤད་པས་མདོ་སྡེ་དང་མི་མཐུན་ནོ་ཞེས་སྨྲས་སོ། །འདུལ་བ་ལ་མི་སྣང་བ་ཡང་། འདུལ་བ་ལས་དཀོན་མཆོག་གསུམ་མེད་དོ་ཞེས་སྨྲས་ན་ལྟུང་བ་སྐྱེ་བར་གསུངས་ལ། ཐེག་ཆེན་གྱི་མདོ་ལས་དེ་དག་རང་བཞིན་གྱིས་མེད་པར་བཤད་པས་འདུལ་བ་དང་མི་མཐུན་ནོ་ཞེས་སྨྲས་སོ། །དེ་བཞིན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས་རྒ་ཤིའི་བར་འབྱུང་བ་ལུགས་འབྱུང་དང་། མ་རིག་པ་ལྡོག་པས་རྒ་ཤིའི་བར་ལྡོག་པའི་ལུགས་ལྡོག་གི་རིམ་པ་སྟེ། མདོར་ན་ཆོས་ཉིད་དང་མི་འགལ་བ་ཞེས་པའི་ཆོས་ཉིད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བྱེད་ཅིང་། ཐེག་ཆེན་གྱི་མདོ་ལས་ནི་དེ་དང་མི་མཐུན་པར་སྐྱེ་བ་དང་འགག་པ་མེད་པར་བཤད་པས་ཆོས་ཉིད་དང་ཡང་འགལ་ལོ་ཞེས་སྨྲས་སོ། །དེས་ན་འདིར་བརྗོད་བྱའི་ཆ་ནས་བཀའ་ཡིན་མིན་གྱི་ཚད་གསུངས་ཀྱི་ཚིག་གི་སྦྱོར་བ་ཆ་ཚང་སངས་རྒྱས་ཉིད་ཀྱིས་བསྡེབས་པ་ཡིན་དགོས་པའི་སྐོར་ཅི་ཡང་བཤད་མེད།
དེ་ཡང་སངས་རྒྱས་རང་ཉིད་ཞལ་བཞུགས་པའི་སྐབས་སུ་གསུང་རབ་གང་ཡང་ཡིག་ཐོག་ཏུ་བཀོད་མེད་པ་དང་། ཕྱིས་སུ་སྡུད་པ་པོ་དག་གིས་བཀའ་བསྡུ་མཛད་མོད་དེ་ཡང་སངས་རྒྱས་ཀྱིས་ཇི་ལྟར་གསུངས་པའི་ཚིག་གི་སྦྱོར་བ་དེ་ཉིད་རྨང་གཞིའི་ཐོག་བློ་ལ་འཛིན་བདེ་བ་སོགས་ཀྱི་དགོས་པའི་ཆེད་དུ་སྡེབ་སྦྱོར་གཞན་དུ་བྱས་པ་དང་འདོན་པ་མི་འདྲ་བ་ཅི་རིགས་ཀྱང་བྱུང་ཡོད་པས། ཉན་ཐོས་སྡེ་བ་རང་གིས་བཀའ་རུ་འདོད་པ་དག་ཀྱང་ཚིག་གི་སྦྱོར་བ་ཆ་ཚང་སངས་རྒྱས་ཀྱིས་ཇི་བཞིན་བསྡེབས་པའི་ངེས་པ་མེད་པས་ཡིན། དེ་བཞིན་ཐེག་ཆེན་བཀའ་ཡིན་མིན་གྱི་རྩོད་པ་བཀོད་པའི་བོད་འགྱུར་གཞུང་ལུགས་གང་ལ་མཇལ་ཡང་རྗོད་བྱེད་དེ་ཉིད་སངས་རྒྱས་ཀྱིས་ཇི་བཞིན་བསྡེབས་མིན་གྱི་རྩོད་པ་མེད་ལ། ཐེག་ཆེན་གྱི་ལན་གྱི་གཞུང་དག་ཏུ་ཡང་རྗོད་བྱེད་ཀྱི་སྡེབ་སྦྱོར་ཆ་ཚང་ཇི་བཞིན་སངས་རྒྱས་ཉིད་ཀྱིས་མཛད་པ་སྒྲུབ་མེད་པར་དེའི་བརྗོད་བྱ་དེ་སངས་རྒྱས་ཀྱི་དགོངས་པ་ཇི་བཞིན་བཀོད་པ་ཡིན་པའི་སྐོར་གསུངས་ཡོད། ཡང་དབྱིག་གཉེན་གྱི་《རྣམ་བཤད་རིགས་པ》་ལས། “སངས་རྒྱས་ཀྱི་གསུང་ཉིད་དུ་སྡེ་པ་བཅོ་བརྒྱད་དག་གིས་ཡོངས་སུ་བཟུང་བ་གང་ཡིན་པའོ་ཞེ་ན།”ཞེས་གསུངས་པ་ལྟར། སྡེ་བ་བཅོ་བརྒྱད་པོ་དག་གིས་སངས་རྒྱས་ཀྱི་གསུང་དུ་ཁས་ལེན་པ་དེ་བཀའི་དོན་དུ་བཞག་པ་ཡང་བྱུང་མོད། འོན་ཀྱང་སྡེ་བ་བཅོ་བརྒྱད་པོ་དག་ལས་གཅིག་གིས་བཀའ་རུ་ཁས་ལེན་ལ་གཞན་གྱིས་མི་ལེན་པ་ཡང་ཅི་རིགས་པ་ཡོད་པའི་སྐོར་《རྣམ་བཤད》་རིགས་པ་སོགས་སུ་གསུངས། ཐེག་ཆེན་གྱི་བསྟན་བཅོས་《རྒྱུད་བླ་མ》་ལས། “གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང༌། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང༌། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང༌། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །”ཞེས་བཀའ་ལ་ཁྱད་ཆོས་བཞི་ལྡན་ཞིག་དགོས་པར་གསུངས་ཤིང་། དེར་རྗོད་བྱེད་ཚིག་གི་སྐྱོན་བྲལ་བ་ཞིག་དགོས་པར་གསུངས་ཀྱང་སྡེབ་སྦྱོར་དེ་སངས་རྒྱས་ཉིད་ཀྱིས་བསྒྲིགས་པ་ཞིག་དགོས་མིན་ཅི་ཡང་བཤད་མེད།
གསུམ་པ། བཀའི་དབྱེ་བ་གསུམ།
1 ཞལ་ནས་གསུངས་པའི་བཀའ།
འོག་ཏུ་བཀའི་དབྱེ་བ་གསུམ་གྱི་དོན་ཉིང་བསྡུས་ཤིག་འབྲི་བར་བྱ་ཞིང་། དེས་ནང་པ་དག་གིས་བཀའ་ཞེས་པ་ཇི་ལྟ་བུ་ཞིག་ལ་འདོད་མིན་ལ་མཚན་གཞིའི་སྟེང་ནས་གོ་བ་ཆགས་པ་ལ་ཕན་ཐོགས་པར་ངེས། འོན་ཀྱང་སྔ་མོའི་ཉན་ཐོས་སྡེ་བ་དག་གིས་ཞལ་ནས་གསུངས་པའི་བཀའ་ཁས་ལེན་པ་སྨོས་མ་དགོས་ཀྱང་དེའི་ལུགས་ལ་ཕྱི་མ་གཉིས་བཀའི་དབྱེ་བ་རུ་འཇོག་པའི་ཁུངས་ཡོད་མེད་དཔྱད་དགོས། བོད་ཀྱི་ཕར་ཕྱིན་གྱི་གཞུང་དག་ཏུ་ཞལ་ནས་གསུངས་པའི་བཀའི་མཚན་གཞི་ལ་མདོ་སྡུད་པ་ལྟ་བུ་བཞག་ཡོད་ཅིང་། སངས་རྒྱས་ཀྱིས་རྗེས་སུ་གནང་བ་ཙམ་ལས་དེའི་བརྗོད་བྱ་རྣམས་ཇི་བཞིན་སངས་རྒྱས་ཀྱིས་དངོས་སུ་མ་གསུངས་པ་རྗེས་སུ་གནང་བའི་བཀའ་ལྟ་བུ་དང་། ཡང་དེའི་བརྗོད་བྱ་ཆ་ཚང་བ་ཇི་བཞིན་སངས་རྒྱས་ཀྱི་ཞལ་ནས་དངོས་སུ་གསུངས་པ་མིན་པར་གང་ཟག་གཞན་གྱིས་གསུངས་པ་ཡིན་ཡང་། སངས་རྒྱས་ཀྱི་བྱིན་རླབས་ཀྱིས་བདག་རྐྱེན་བྱས་ཏེ་བྱུང་བ་བྱིན་གྱི་བརླབས་པའི་བཀའ་ལྟ་བུ་མིན་པར། མདོ་དེའི་བརྗོད་བྱ་རྣམས་ཇི་བཞིན་སངས་རྒྱས་ཀྱིས་ཞལ་ནས་དངོས་སུ་གསུངས་པའི་བཀའ་ལ་ཞལ་ནས་གསུངས་པའི་བཀའ་ཞེས་བྱ། དེ་ཡང་ཞིབ་ཏུ་ཕྱེ་ན་སྡུད་པ་པོ་སུས་བསྡུས་པ་དང་ཚིག་གི་སྦྱོར་བ་ཇི་ལྟར་ཡང་རུང་སྟེ་བཀའི་དགོངས་འགྲེལ་དུ་གཞན་གྱིས་བརྩམས་པ་མིན་པར། བརྗོད་བྱ་དེ་སངས་རྒྱས་ཉིད་ཀྱིས་དངོས་སུ་གསུངས་ཤིང་དེ་ཉིད་ཇི་བཞིན་བཀོད་པ་《མདོ་སྡུད་པའི》་གཞུང་ཚིག་འགའ་ཞིག་ལྟ་བུ་ལ་ཞལ་ནས་གསུངས་པའི་བཀའ་བྱ་ཞིང་། ཕྱིས་ཀྱི་ཉན་ཐོས་སོགས་གཞན་གྱིས་བཀའི་བརྗོད་བྱ་གང་ཞིག་གི་དགོངས་འགྲེལ་དུ་བརྩམས་པ་《མངོན་པ་མཛོད》་ལྟ་བུ་ནི། རང་གི་བརྗོད་བྱ་མང་པོ་ཞིག་སངས་རྒྱས་ཀྱིས་དངོས་སུ་གསུངས་ཀྱང་བཀའ་ཞེས་མི་བྱ་བ་ཡིན་ནོ། །སྤྱིར་བཀའ་དང་བསྟན་བཅོས་ཀྱི་ཁྱད་པར་དེ་རྙོག་དྲའི་རང་བཞིན་ཅན་ཡིན་པས་སྔར་གྱི་བཀའ་གདམས་མཁས་པས་བརྩམས་པའི་དཔེ་རྙིང་བྲིས་མ་མང་པོ་རུ་བཀའ་དང་བསྟན་བཅོས་ཀྱི་ཁྱད་པར་ལ་རྩོད་པ་རྒྱས་པ་བཀོད་ཡོད།
2 རྗེས་སུ་གནང་བའི་བཀའ།
རྗེས་སུ་གནང་བའི་བཀའི་སྐོར་སེང་གེ་བཟང་པོའི་《བརྒྱད་སྟོང་འགྲེལ་ཆེན》་ལས་གསུངས་ཏེ། “འདི་ལྟར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཤིང་དོན་སྣ་ཚོགས་པ་ལ་ལྷག་པར་མོས་པས་རབ་ཏུ་ཕྱེ་བ་བདེ་བར་གཤེགས་པའི་གསུང་གི་རྒྱུན་རྟོགས་པར་དཀའ་ཞིང་བྱང་ཆུབ་ཉིད་ཐོབ་པར་བྱེད་པའི་དོན་རྟོགས་པར་གྱུར་པ་མེད་པ་ན། འགའ་ཞིག་གིས་ཇི་ལྟར་བསྡུ་པར་བྱ་སྙམ་དུ་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་སོམ་ཉི་སེལ་བར་བྱེད་པ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པའི་ཉན་ཐོས་ལ་སོགས་པ་རྣམས་ཀྱིས། བཅོམ་ལྡན་འདས་མ་འོངས་པའི་དུས་སུ་དམ་པའི་ཆོས་ཇི་ལྟར་ཡང་དག་པར་བསྡུ་པར་བགྱི་ཞེས་ཞུས་པ་ན། ཕྱིན་ཅི་མ་ལོག་པར་མངོན་སུམ་དུ་ཐོས་པར་བྱས་བར་དོན་མ་རྟོགས་སུ་ཟིན་ཀྱང་དམ་པའི་ཆོས་ཡང་དག་པར་སྡུད་པར་བྱེད་པ་ལ་ཉེས་པ་མེད་དོ་ཞེས་དགོངས་ནས། བཅོམ་ལྡན་འདས་ཀྱིས་ཆོས་ཡང་དག་པར་སྡུད་པའི་མདོ་ལས་དགེ་སློང་དག་འདི་སྐད་བདག་གིས་ཐོས་པ་ཞེས་ཀྱིས་ལ་དམ་པའི་ཆོས་བསྡུ་པར་བྱའོ་ཞེས་བྱ་བ་དང༌། དེ་བཞིན་དུ་འབྲེལ་བ་དང་གོ་རིམས་བསྟན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཀའ་འདི་ལས་ཀྱང་ཡུལ་དང་དུས་ལ་སོགས་པའི་ཚིག་དང༌། དེ་བཞིན་དུ་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་བོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པའི་ཚིག་ནི་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་ཉིད་ཀྱིས། ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་བྱས་པ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་བཀའ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་པ་མེད་དོ། །དེ་ལྟ་ཡིན་དང་སངས་རྒྱས་ཀྱི་བཀར་སངས་རྒྱས་ཀྱི་བཀའ་མ་ཡིན་པ་བཅུག་པའི་ཉེས་པ་འདིའི་གོ་སྐབས་ཀྱང་རྒྱང་བསྲིངས་པ་ཉིད་དུ་བྱས་སོ། །”ཞེས་སངས་རྒྱས་ཀྱིས་ཁོང་གི་བཀའ་རྣམས་ཕྱིས་སུ་ཉན་ཐོས་སོགས་ཀྱིས་འདི་ལྟར་བསྡུས་ཤིག་ཅེས་རྗེས་སུ་གནང་བ་ལྟར་བཀའ་སྡུད་པ་པོ་དག་གིས་བར་དུ་བཅུག་པའི་རིགས་ཏེ།“འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་”ཞེས་པ་ལྟ་བུ་དང་། “བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་བོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ”་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཡུལ་དང་དུས་དང་འཁོར་དང་། སྐབས་དེའི་བྱུང་བ་སྣ་ཚོགས་པ་བཤད་པ་དག་སངས་རྒྱས་ཉིད་ཀྱི་ཞལ་ནས་གསུངས་པ་མིན་པར་གང་ཟག་གཞན་གྱིས་ཕྱིས་སུ་བཅུག་པ་ཡིན་ཡང་སངས་རྒྱས་ཀྱི་བཀའི་ཁོངས་སུ་བསྡུ་བར་མཛད་དོ། །འདི་ལ་རྗེས་སུ་གནང་བའི་བཀའ་ཞེས་པའི་སྒྲ་དོན་ཡང་སངས་རྒྱས་ཉིད་ཀྱིས། “དགེ་སློང་དག་འདི་སྐད་བདག་གིས་ཐོས་པ་ཞེས་གྱིས་ལ་དམ་པའི་ཆོས་བསྡུ་པར་བྱའོ”་ཞེས་བྱ་བ་དང༌། “དེ་བཞིན་དུ་འབྲེལ་བ་དང་གོ་རིམས་བསྟན་པར་བྱའོ”་ཞེས་དེ་ལྟ་བུ་ཚིག་བཅུག་ནས་བསྡུ་བ་བཀས་རྗེས་སུ་གནང་ནས་བཅུག་པ་ཡིན་པས་རྗེས་སུ་གནང་བའི་བཀའ་ཞེས་བྱ་བ་ཡིན།
3 བྱིན་གྱིས་བརླབས་པའི་བཀའ།
བྱིན་གྱིས་བརླབས་པའི་བཀའི་སྐོར་བོད་ཀྱི་ཤེར་ཕྱིན་གྱི་གཞུང་འགྲེལ་དག་ཏུ་མཚན་གཞི་བཅས་བྱུང་ཡང་། རྒྱ་གར་མའི་གཞུང་དུ་ཁོ་བོས་ད་བར་མཐོང་ཚོད་ལྟར་ན། 《ས་བཅུ་བའི་མདོ》་དང་དེའི་རྣམ་བཤད་དག་ཏུ་དོན་ཐོབ་ཙམ་བྱུང་ཞིང་། གཞན་《མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ》་ཞེས་བྱ་བ་མཇུག་བྱང་དུ་སློབ་དཔོན་བི་མ་ལ་མི་ཏྲས་མཛད་ནས་ཐུགས་ཀྱི་སྲས་ཉིད་ཏིང་ངེ་འཛིན་གྱིས་ཞུས་ཤིང་གཉགས་ཛྙཱ་ནས་བསྒྱུར་བ་འཁོད་པའི་ནང་དུ། “འོ་ན་འདི་བྱིན་གྱིས་བརླབས་པའི་བཀའ་ཡིན་ནམ་སྙམ་པ་ལ་མ་ཡིན་ཏེ། དངོས་སུ་གསུངས་པའི་བཀའ་ཡིན་པས། གསང་དབང་ལ་ནི་སླར་གསུངས་པ། །ཞེས་པ་སྟེ། ”ཞེས་མིང་ཙམ་ཞིག་འཁོད་པ་མཇལ། བྱིན་གྱིས་བརླབས་པའི་བཀའི་དོན་རགས་པ་ཙམ་ནི། མདོ་དེའི་བརྗོད་བྱ་ཆ་ཚང་བ་ཇི་བཞིན་སངས་རྒྱས་ཀྱི་ཞལ་ནས་དངོས་སུ་གསུངས་པ་མིན་པར་གང་ཟག་གཞན་གྱིས་གསུངས་པ་ཡིན་ཡང་། སངས་རྒྱས་ཀྱི་བྱིན་རླབས་ཀྱིས་བདག་རྐྱེན་བྱས་ཏེ་བྱུང་བ་ཞིག་ལ་བྱིན་གྱིས་བརླབས་པའི་བཀའ་ཞེས་བྱ་བར་སྣང་། བཀའ་དེ་གསུམ་གྱི་སྐོར་བསྟན་པ་ཕྱི་དར་སྐབས་ཀྱི་བཀའ་གདམས་པའི་བསྟན་བཅོས་ཁག་ཏུ་ཅུང་རྒྱས་པ་མཇལ་དུ་ཡོད།
བཞི་བ། བོད་འགྱུར་གཞུང་ལུགས་དག་ཏུ་འཁོད་པའི་ཉན་ཐོས་སྡེ་བའི་རྩོད་པ།
1 《རིན་ཆེན་ཕྲེང་བ》་དང་《སྤྱོད་འཇུག །》
བོད་འགྱུར་གཞུང་ལུགས་ནང་དུ་ཐེག་ཆེན་བཀའ་སྒྲུབ་ཀྱི་སྐོར་ཆེས་སྔ་ཤོས་གསལ་བ་ནི་ཀླུ་སྒྲུབ་ཀྱི་《དབུ་མ་རིན་ཆེན་ཕྲེང་བ》་ཡིན་པར་སྙམ། 《རིན་ཆེན་ཕྲེང་བའི》་ནང་དུ་ཐེག་ཆེན་བཀའ་སྒྲུབ་ཀྱི་སྐོར་དུམ་བུ་གསུངས་པའི་བརྗོད་བྱ་གཙོ་བོ་བསྡུས་ན་གཞན་གྱིས་ཐེག་ཆེན་བཀའ་མིན་པའི་དོགས་པ་སྐྱེ་གཞི་གཙོ་བོ་ཁག་གཅིག་གི་ལན་དང་། ཐེག་ཆེན་བཀའ་ཡིན་པའི་རྒྱུ་མཚན་དངོས་དང་། ཕན་གནོད་ལ་ལྟོས་ཏེ་ཐེག་ཆེན་ལ་སྨོད་མི་རིགས་པའི་རྒྱུ་མཚན་བཅས་གསུམ་གྱི་ནང་དུ་འདུས་ཡོད། དེའི་ནང་གི་དང་པོ་ལ་ཕྱོགས་སྔ་མས་ཐེག་ཆེན་བཀའ་མ་ཡིན་པར་འདོད་པའི་རྒྱུ་མཚན་གསལ་པོར་བཤད་མེད་ཀྱང་ལན་གྱི་གཞུང་གསལ་པོར་འཁོད་པས་དེའི་འགྲོས་ལ་བརྟག་ན་འདི་གསུམ་དུ་སྣང་། གཅིག ཐེག་ཆེན་ལས་ལུས་སྲོག་ཀྱང་བཏང་སྟེ་གཞན་གྱི་དོན་བསྒྲུབ་དགོས་པའི་སྐོར་གསུངས་པ་ལ་མོས་པ་བྱེད་ཀྱི་མེད། དེའི་རྒྱུ་མཚན་ནི་གནའ་སྔ་མོའི་སངས་རྒྱས་པའི་གཞུང་དུ་འདོད་པ་བསོད་ཉམས་ཀྱི་མཐའ་དང་འཚོ་བ་ངལ་དུབ་ཀྱི་མཐའ་གཉིས་སྤངས་ཏེ། ཐར་ལམ་བསྒྲུབ་དགོས་པའི་སྐོར་གསུངས་པ་ལས་ལུས་སྲོག་གཏོང་བ་སོགས་ཀྱི་དཀའ་ཐུབ་སྤྱད་པའི་སྐོར་འཁོད་མེད་པས་ཡིན། ཁག་གཅིག་གིས་དཀའ་ཐུབ་ཀྱི་སྐོར་འདི་མུ་སྟེགས་པའི་གཞུང་ནས་བླངས་པའི་དོགས་པ་ཟ་བའི་ཚུལ་ཡང་འོག་ཏུ་འཁོད་པར་འགྱུར། གཉིས། ཐེག་ཆེན་ལས་གཟུགས་སྐུའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བཤད་པ་དག་ལ་མོས་པ་བྱེད་ཀྱི་མེད། དེའི་རྒྱུ་མཚན་ནི་སྔ་མོའི་སངས་རྒྱས་པའི་གཞུང་ལས་སངས་རྒྱས་ཤཱཀྱ་མུ་ནེ་ནི་ཚེ་འདིར་གསར་དུ་སངས་རྒྱས་པར་འདོད་ཅིང་། དེའི་གཟུགས་ཕུང་ནི་སྔ་མའི་ལས་ཉོན་གྱིས་འཕངས་པའི་སྡུག་བསྔལ་གྱི་ཕུང་པོ་རུ་འདོད། དེ་ལ་ན་བ་དང་རྒས་པ་སོགས་ཡོད་ལ། མྱ་ངན་ལས་འདས་པའི་ཚེ་རྒྱུན་ཆད་པ་ལས་ཐེག་ཆེན་གྱི་མདོ་རུ་གསལ་བའི་གཟུགས་སྐུའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དག་གསུངས་མེད་པས་ཡིན། གསུམ། ཐེག་ཆེན་ལས་ཆོས་ཐམས་ཅད་སྐྱེ་བ་མེད་པའི་སྟོང་ཉིད་ཀྱི་སྐོར་གསུངས་པ་ལ་མོས་པ་བྱེད་ཀྱི་མེད། དེའི་རྒྱུ་མཚན་ཡང་སྔ་མོའི་སངས་རྒྱས་པའི་གཞུང་དུ་འདུས་བྱས་ཐམས་ཅད་སྐྱེ་བ་དང་འཇིག་པའི་མཚན་ཉིད་ཅན་དུ་གསུངས་པ་དང་ཤིན་ཏུ་མི་མཐུན་པར་དགོངས་ཤིང་། ཐ་ན་དེ་ཉིད་སངས་རྒྱས་པའི་ཆོས་ནུབ་པའི་ཕྱིར་དུ་བྱས་པའི་དོགས་པ་ཟ་བ་ཡང་ཡོད།
དེ་ནས་གཉིས་པ་ཐེག་ཆེན་སངས་རྒྱས་ཀྱི་བཀའ་ཡིན་པའི་རྒྱུ་མཚན་དངོས་ལ་འདི་ལྟར་གསུངས་ཏེ། སངས་རྒྱས་ཀྱིས་བཀའ་བསྩལ་བ་དག་གི་དོན་བསྡུ་ན་བདག་གི་དོན་དང་གཞན་གྱི་དོན་དང་ཐར་བ་སྒྲུབ་པའི་ཐབས་བཅས་སུ་འདུས་ཤིང་། དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་དུ་རྒྱས་པར་འདུས་ལ། ཐེག་ཆེན་གྱི་མདོའང་ཕར་ཕྱིན་དྲུག་ལས་བརྩམས་ཏེ་གསུངས་པས་དེའི་ཕྱིར་སངས་རྒྱས་ཀྱི་བཀའ་ཡིན་པར་གསུངས། འདིར་ཡང་ཐེག་ཆེན་གྱི་བརྗོད་བྱ་དེ་སངས་རྒྱས་ཀྱི་དགོངས་པ་ཡིན་པའི་སྐོར་བཤད་པ་ལས། ཐེག་ཆེན་གྱི་མདོ་རིང་པོ་དག་གི་ཚིག་གི་སྡེབ་སྦྱོར་སངས་རྒྱས་ཉིད་ཀྱིས་མཛད་པའི་སྐོར་ཅི་ཡང་གསུངས་མེད།
བརྗོད་བྱ་གསུམ་པ་ཐེག་ཆེན་ལ་སྨོད་མི་རིགས་ཤིང་ཁས་ལེན་དགོས་པའི་རྒྱུ་མཚན་དུ། ཐེག་པ་ཆེན་པོ་ལས་སྙིང་རྗེ་དང་། ཕ་རོལ་ཏུ་ཕྱིན་པ་དང་། སྟོང་ཉིད་རྟོགས་པའི་ཡེ་ཤེས་སོགས་བཤད་པས་དེ་དག་ལ་དགེ་མཚན་ལས་སྐྱོན་མེད་པའི་ཕྱིར་སྐྱོན་དང་ཡོན་ཏན་གྱི་དབྱེ་བ་མི་ཤེས་པའམ། ཡང་ན་ཡོན་ཏན་ཉིད་སྐྱོན་དུ་འདུ་ཤེས་པའམ། ཡང་ན་སྐྱོན་ལ་དགའ་ཞིང་ཡོན་ཏན་ལ་སྡང་བ་ཞིག་མིན་ན་སྨོད་མི་རིགས་པ་དང་། སངས་རྒྱས་ཀྱི་དགོངས་པ་མ་རྟོགས་པར་ཐེག་ཆེན་ལ་སྡང་ན་སྡིག་པར་འགྱུར་ཞིང་བཏང་སྙོམས་སུ་བཞག་ན་སྡིག་ཏུ་མི་འགྱུར་བ། ཉན་ཐོས་ཀྱི་སྡེ་སྣོད་ལས་ཐེག་ཆེན་གྱི་ལམ་འབྲས་རྫོགས་པར་མ་གསུངས་པས་ཐེག་པ་ཆེན་པོའི་གོ་འཕང་ཐོབ་པ་ལ་ཐེག་ཆེན་གྱི་བཀའ་ཁས་ལེན་དགོས་པ་དང་། སངས་རྒྱས་ཀྱིས་ཐེག་པ་སྣ་ཚོགས་སུ་གསུངས་པ་ནི་གདུལ་བྱ་བཀྲི་བའི་རིམ་པའི་དབང་དུ་བྱས་ཏེ་ཡིན་པ་སོགས་ཀྱི་སྐོར་བཤད་ཡོད།
དེ་ནས་ཞི་བ་ལྷའི་《སྤྱོད་འཇུག》་ཏུ་ཡང་སྟོད་ཉིད་སྟོན་པའི་ཞོར་འཕྲོས་སུ་ཐེག་ཆེན་བཀའ་སྒྲུབ་ཀྱི་སྐོར་དུམ་བུ་ཞིག་བྱུང་ཡོད་པ་དང་། དེའི་ནང་དུ་ཐེག་ཆེན་དེ་བླ་མ་བརྒྱུད་པ་ལས་བྱུང་བ་མིན་པ་དང་། ཉན་ཐོས་སྡེ་བ་དག་གིས་ཁས་མི་ལེན་ཞིང་། རྩོད་པ་དང་བཅས་པ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་བཀའ་མིན་པའི་རྩོད་པ་སོགས་ལ་ལན་མཛད་ཅིང་། ཉན་ཐོས་སྡེ་བ་དག་གིས་གང་མདོ་སྡེ་ལས་ཀྱང་འབྱུང་ལ། འདུལ་བ་ལས་ཀྱང་སྣང་ཞིང༌། ཆོས་ཉིད་དང་ཡང་མི་འགལ་བ་དེ་སངས་རྒྱས་ཀྱི་བཀའ་ཡིན་པར་བཤད་པའི་ཚད་གཞི་དེ་ཐེག་ཆེན་གྱི་མདོ་དག་ལ་ཡང་ཚང་བ་བཤད་ཡོད། དེར་ཐེག་ཆེན་གྱི་མདོར་སྟོང་ཉིད་ཀྱི་སྐོར་བཤད་པ་དེ་ཉན་ཐོས་སྡེ་བ་དག་གིས་མི་བཟོད་པ་ཆེན་པོ་བྱེད་ཀྱིན་ཡོད་པའི་འགྲོས་ཐོན་ཡོད་ཅིང་། འདིར་ཡང་ཐེག་ཆེན་གྱི་མདོ་རིང་པོ་དག་གི་རྗོད་བྱེད་ཀྱི་སྡེབ་སྦྱོར་སངས་རྒྱས་ཉིད་ཀྱི་གསུང་ཡིན་པའི་སྐོར་ཅི་ཡང་བཤད་མེད། སྡེ་བསྟན་དབུ་མ་(འ)་རྟགས་ཅན་གྱི་ནང་དུ་བཞུགས་པའི་མཛད་བྱང་དང་འགྱུར་བྱང་མི་གསལ་བའི་《བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པའི་དཀའ་འགྲེལ་》ཞེས་པའི་ནང་གི་འདིའི་ཐད་དུ། “དེ་ནི་རང་གི་སྡེ་བ་བྱེ་བྲག་ཏུ་སྨྲ་བ་དག་ན་རེ། ཐེག་པ་ཆེན་པོ་ནི་སངས་རྒྱས་ཐོབ་པར་བྱེད་པའི་ལམ་ཉིད་དུ་དགེ་སློང་ཀླུ་སྒྲུབ་ལ་སོགས་པས་བཤད་པར་ཟད་ཀྱི། སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པས། དེའི་ཕྱིར་བསྒོམ་པར་མི་བྱའོ་ཞེས་ཟེར་བ་དག་ནི་ལོག་པར་རྟོག་པ་དགག་པའི་ཕྱིར་ལམ་འདི་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།”ཞེས་བྱེ་བྲག་ཏུ་སྨྲ་བ་དག་གིས་ཐེག་ཆེན་གྱི་མདོ་དག་ཀླུ་སྒྲུབ་ཀྱིས་བྱས་པར་འདོད་པའི་སྐོར་ཡང་གསུངས་ཏེ། འདིས་ཐེག་ཆེན་གྱི་མདོ་དག་ཡོངས་གྲགས་སུ་ཆགས་པ་ནི་ཀླུ་སྒྲུབ་ཀྱི་དུས་ཙམ་ཞིག་ལ་ཡིན་པར་གསལ།
2 《མདོ་སྡེ་རྒྱན》་རྩ་འགྲེལ་དུ་གསུངས་པ།
《མདོ་སྡེ་རྒྱན》་གྱི་ནང་དུ་ཡང་ཐེག་ཆེན་བཀའ་སྒྲུབ་ཀྱི་སྐོར་ཅུང་བྱུང་ཞིང་། དེའི་དོན་གཙོ་བོ་ཁག་བསྡུ་ན་གསུམ་དུ་འདུ་སྟེ། ཐེག་ཆེན་བཀའ་མིན་པའི་དོགས་པ་གཙོ་བོ་ཁག་གཅིག་གི་ལན་དང་། ཐེག་ཆེན་བཀའ་ཡིན་པའི་རྒྱུ་མཚན་དང་། ཐེག་དམན་གྱི་མདོའི་ནང་དུ་ཐེག་ཆེན་གྱི་ལམ་འབྲས་ཆ་མི་ཚང་ཞིང་དེ་ལས་ཐེག་ཆེན་གྱི་ཐར་བ་ཐོབ་མི་ནུས་པ་བསྟན་པའོ། །དེ་དག་ལས་སྐབས་འདིར་དང་པོ་གལ་ཆེ་སྟེ། དེ་ལས་ཐེག་དམན་དག་གིས་ཐེག་ཆེན་བཀའ་མིན་པའི་དོགས་པ་སྐྱེ་གཞི་གཙོ་བོ་དག་གང་ཡིན་པ་རྟོགས་ཐུབ་ཅིང་། དེ་ལས་ཐེག་དམན་གྱི་སྔ་མོའི་གཞུང་དུ་མི་གསལ་བའི་ཐེག་ཆེན་གྱི་མདོའི་བརྗོད་བྱ་དེ་འབུར་དུ་དོད་པར་འགྱུར་རོ། །དེས་ན་འདིར་བློ་གྲོས་བརྟན་པའི་《མདོ་སྡེ་རྒྱན་གྱི་འགྲེལ་བཤད》་དུ་གསལ་བའི་ཐེག་དམན་དག་གིས་ཐེག་ཆེན་བཀའ་མིན་པའི་དོགས་པ་ཟ་བའི་རྒྱུ་མཚན་གཙོ་བོ་ཁག་འགའ་རིམ་སྒྲིག་གིས་འགོད་པར་བྱ་ལ། དེའི་ལན་དུ་གསུངས་པ་དག་དང་བརྗོད་གཞི་ཕྱི་མ་གཉིས་ཀྱི་སྐོར་འདིར་མི་འབྲི་བས་ཞིབ་ཏུ་གཞུང་རང་ལ་བལྟ་བར་ཞུ།
གཅིག གཞུང་དེ་ལས། “སངས་རྒྱས་ཀྱི་བཀའི་མཚན་ཉིད་ཉན་ཐོས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོར་མཚན་ཉིད་མི་མཐུན་པས་ན། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའི་ཚིག་མ་ཡིན་ཏེ། ཇི་ལྟར་ཉན་ཐོས་ཀྱི་མདོ་ལས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཡོད་ཅེས་བཤད་ན་ཐེག་པ་ཆེན་པོ་ལས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པ་དང༌། ཉན་ཐོས་ཀྱི་ཐེག་པ་ལས་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཞེས་བཤད་ན། ཐེག་པ་ཆེན་པོ་ལས་མི་སྐྱེ་མི་འགག་ཅེས་བཤད་པ་དང༌། ཉན་ཐོས་ཀྱི་ཐེག་པ་ལས་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ན་མྱ་ངན་ལས་འདས་བར་འགྱུར་རོ་ཞེས་གསུངས་ན་ཐེག་པ་ཆེན་པོ་ལས་རང་བཞིན་གྱིས་མྱ་ངན་ལས་འདས་པའོ་ཞེས་བཤད་པས་ན། སངས་རྒྱས་ཀྱི་བཀའ་དང་མཚན་ཉིད་མི་མཐུན་པའི་ཕྱིར་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡང་མ་ཡིན་ན་དེ་ལ་ཡོན་ཏན་རྣམ་པ་གསུམ་ལྟ་ག་ལ་ཞིག་ཡོད་དེ་མེད་དོ་ཞེས་ལོག་པར་འཛིན་ཏེ།”ཞེས་གསུངས། འདི་ལས་ཐེག་ཆེན་གྱི་མདོ་དག་ཏུ་གསུངས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པ་དང་། མི་སྐྱེ་བ་དང་མི་འགག་པ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་སོགས་སུ་གསུངས་པ་དེ་སྔ་མོའི་ཉན་ཐོས་སྡེ་བའི་མདོ་དག་ཏུ་མི་གསལ་བ་མ་ཟད་དེ་ལས་གསུངས་པ་དང་མི་མཐུན་པས་བཀའ་མིན་པའི་དོགས་པ་ཟ་བ་བསྟན་ཡོད།
གཉིས། གཞུང་དེ་ལས། “གལ་ཏེ་ཉན་ཐོས་དག་ན་རེ་ཐེག་པ་ཆེན་པོ་ཞེས་བྱ་བའི་ཆོས་འདི་སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་ནུབ་ཅིང་མེད་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མེད་དོ་ཞེས་བྱ་བའི་ཆོས་ཕལ་ཆེར་བྱས་ཏེ་བཞག་ནས་དེ་སངས་རྒྱས་ཀྱི་བཀའ་ཡིན་ནོ་ཞེས་བཏགས་ཏེ་བཞག་པས་ན་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་པ་ལ་ལན་དུ་སྔར་ལུང་མ་བསྟན་ཞེས་བྱ་བ་སྨོས་ཏེ།”ཞེས་གསུངས་ཏེ། འདིས་ནི་སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་ཐེག་ཆེན་གྱི་མདོ་མེད་པ་དང་། དེའི་འོག་ཏུ་བྱུང་ཞིང་། དེ་ཡང་དམ་པའི་ཆོས་ནུབ་པར་བྱ་བའི་ཕྱིར་དུ་བྱས་པའི་དོགས་པ་ཟ་བ་ཡང་བསྟན་ཏེ། ནུབ་པའི་ཕྱིར་བྱས་པ་ཡང་གང་སངས་རྒྱས་ཀྱི་སྔ་མོའི་མདོ་དག་ཏུ་ཡོད་པར་གསུངས་པ་དེ་ཐམས་ཅད་འདིར་མེད་པར་གསུངས་པས་སོ་ཞེས་སྙམ་པའོ། །
གསུམ། ཡང་གཞུང་དེ་ལས། “གལ་ཏེ་ཉན་ཐོས་དག་གང་གི་ཚེ་མཉན་དུ་ཡོད་པ་ལ་སོགས་པར་ཉན་ཐོས་ཀྱི་ཐེག་པ་བཅོམ་ལྡན་འདས་ཀྱིས་བཤད་པ་དེའི་ཚེ་ཐེག་པ་ཆེན་པོ་མ་བཤད་ཀྱི། སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་ཐེག་པ་ཆེན་པོ་ཞེས་བྱ་བའི་ཆོས་འབྱུང་བས་ན་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཆོས་མ་ཡིན་ནོ་ཞེས་སྨྲ་བ་ལ་ལན་དུ་ལྷན་ཅིག་འབྱུང་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ”ཞེས་གསུངས་ཏེ། འདིས་ནི་སངས་རྒྱས་ཀྱི་མཉན་ཡོད་ལ་སོགས་པར་ཡོངས་གྲགས་སུ་ཐེག་དམན་གྱི་ཆོས་གསུངས་ཀྱང་ཐེག་ཆེན་ནི་གང་དུ་ཡང་མ་གསུངས་པ་དང་། སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་གཞི་ནས་བྱུང་བས་དེ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་བསྟན། དེ་ལས་གདུལ་བྱ་མཐུན་སྣང་གི་ངོར་གཞིར་བྱས་པའི་ལོ་རྒྱུས་སུ་སངས་རྒྱས་ཀྱིས་ཐེག་ཆེན་གྱི་མདོ་གསུངས་པའི་བྱུང་བ་མེད་པར་ཤེས་ཏེ། གཞན་དུ་དེ་ལྟ་བུའི་དོགས་པ་ཡོང་དོན་མེད་པས་སོ། །《རྟོག་གེ་འབར་བར》་ཡང་། “འདིའི་ཕྱིར་ཡང་ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་གསུངས་པ་ཡིན་ཏེ། རྩ་བའི་སྡུད་པར་བྱེད་པ་པོ་ཀུན་དུ་བཟང་པོ་དང། འཇམ་དཔལ་དང༌། གསང་བའི་བདག་པོ་དང༌། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །བདག་ཅག་གི་རྩ་བའི་སྡུད་པར་བྱེད་པ་ཉན་ཐོས་ནི་མ་ཡིན་ཏེ། ཐེག་པ་ཆེན་པོའི་གསུང་རབ་ནི་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར་རོ། །”ཞེས་ཐེག་ཆེན་གྱི་བཀའ་སྡུད་པ་པོ་དེ་ཀུན་ཏུ་བཟང་པོ་སོགས་ཡིན་པར་གསུངས་ཏེ། དེས་ཀྱང་གདུལ་བྱ་མཐུན་སྣང་གི་ངོར་གྲུབ་པའི་ཐེག་ཆེན་བཀའ་བསྡུ་བྱས་པའི་བྱུང་བ་ཞིག་མེད་པར་སྣང་།
བཞི། གཞུང་དེ་ལས། “ཡང་ཉན་ཐོས་དག་འདི་སྙམ་དུ་རྟོག་གེ་བའམ། མུ་སྟེགས་པ་ལ་ལ་ཞིག་གིས་བདག་མཁས་པར་བསྒྲགས་ཤིང་འཇིག་རྟེན་པ་རྣམས་སླུ་བར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་གཞུང་མང་པོ་དག་བྱས་ལ། མུ་སྟེགས་པ་ལ་སོགས་པའི་གཙུག་ལག་གི་ནང་ནས་ཀྱང་སྦྱིན་པ་དང་ཚུལ་ཁྲིམས་དང་དཀའ་བར་སྤྱོད་པ་དག་འབྱུང་བས་ན་འདི་རྟོག་གེ་པའམ་མུ་སྟེགས་པ་འགའ་ཞིག་གིས་བྱས་པར་བདག་ཅག་དོགས་སོ་ཞེས་སྨྲ་བ་ལ།” ཞེས་གསུངས་ཏེ། འདིས་ཉན་ཐོས་དག་གིས་ཐེག་ཆེན་ནི་རྟོག་གེ་པའམ་མུ་སྟེགས་པ་འགའ་ཞིག་གིས་བྱས་པའི་དོགས་པ་ཟ་བ་དང་། དོགས་པ་དེ་ལྟར་ཟ་བའི་རྒྱུ་མཚན་ཡང་མུ་སྟེགས་པའི་གཞུང་ལས་སྦྱིན་པ་དང་ཚུལ་ཁྲིམས་སོགས་བྱུང་ཞིང་། དཀའ་བ་སྤྱད་པ་ཡང་བྱུང་ལ། ཐེག་ཆེན་དུ་ཡང་དེ་དག་བྱུང་བས་མུ་སྟེགས་པའི་གཞུང་དང་མཐུན་པར་གསུངས། འདིའི་སྦྱིན་པ་དང་ཚུལ་ཁྲིམས་སོགས་ཀྱང་སྔ་མོའི་ཉན་ཐོས་སྡེ་བའི་མདོ་དག་ཏུ་གསལ་པོར་མི་མངོན་ཞིང་ཐེག་ཆེན་གྱི་མདོ་ལས་གསུངས་པ་དག་ལ་བྱ་དགོས།
ལྔ། གཞུང་དེ་ལས། “ཡང་ཉན་ཐོས་དག་འདི་སྙམ་དུ་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱིས་བཤད་པ་ནི་མ་ཡིན་ནོ། །གང་ཟག་ལ་ལ་ཞིག་གིས་ས་དང་ཕ་རོལ་ཏུ་ཕྱིན་པ་དང་སྐྱེ་བ་དང་འགག་པ་མེད་པའི་དོན་མངོན་སུམ་དུ་བྱས་ཏེ་སངས་རྒྱས་ནས་བཤད་དོ་ཞེས་སེམས་པ་ལ།” ཞེས་གསུངས་ཏེ། འདིས་ནི་ཐེག་ཆེན་གྱི་བརྗོད་བྱ་དེ་ཕྱིན་ཅི་ལོག་ཏུ་མི་འཛིན་ཞིང་དེ་གསུང་བ་པོ་ཡང་སངས་རྒྱས་ཤིག་ཡིན་པར་འདོད་མོད། འོན་ཀྱང་སངས་རྒྱས་ཤཱཀྱ་མུ་ནེའི་གསུང་དུ་མི་འདོད་པའི་ཕྱོགས་སྔ་མ་ཡང་ཡོད་པར་བསྟན་ཏོ། །
དྲུག །ཡང་གཞུང་དེ་ལས། “གལ་ཏེ་ཉན་ཐོས་དག་འདི་སྙམ་དུ་གང་གི་ཚིག་བསྒོམས་ན་ཉོན་མོངས་པའི་གཉེན་པོར་འགྱུར་བ་དེ་སངས་རྒྱས་ཀྱི་བཀའ་སྟེ། དཔེར་ན་ཉན་ཐོས་ཀྱི་ཐེག་པ་བཞིན་ནོ། །ཐེག་པ་ཆེན་པོ་བསྒོམས་ནའང་ཉོན་མོངས་པའི་གཉེན་པོར་མི་འགྱུར་བས་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་པ་ལ། ”ཞེས་གསུངས་ཏེ། ཐེག་ཆེན་དུ་གསུངས་པ་དག་ཉོན་མོངས་པའི་གཉེན་པོར་མི་འགྱུར་བས་བཀའ་མིན་པར་གསུངས་ཏེ། 《རྒྱུད་བླ་མ》་རུ་བཀའ་ལ་ནང་གི་ཉོན་མོངས་སྤོང་ཕྱིར་དུ་གསུངས་པ་ཞིག་དགོས་པར་བཤད་པ་དང་མཐུན།
བདུན། ཡང་གཞུང་དེ་ལས། “གལ་ཏེ་ཉན་ཐོས་དག་འདི་སྙམ་དུ་སངས་རྒྱས་ཀྱི་བཀའ་ལས་ནི་ཕུང་པོ་ལ་སོགས་པའི་ཆོས་ཡོད་པར་བཤད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ནང་ནས་ཐམས་ཅད་མེད་པར་བཤད་པས་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་སེམས་པ་ལ།”ཞེས་གསུངས་ཏེ། ཤེར་ཕྱིན་གྱི་མདོ་ལས་ཆོས་ཐམས་ཅད་རང་བཞིན་གྱིས་མེད་པར་གསུངས་པ་དེ་ཉན་ཐོས་སྡེ་བའི་མདོ་དང་ཤིན་ཏུ་མི་མཐུན་པས་དེས་སངས་རྒྱས་ཀྱི་བཀའ་མིན་པ་དང་། ཐ་ན་གོང་དུ་བྱུང་བ་ལྟར་སངས་རྒྱས་ཀྱི་བཀའི་ཁ་གཏད་དུ་ལངས་ཏེ་དེ་ཉིད་ནུབ་པར་བྱ་བའི་ཕྱིར་ཡིན་པའི་རྣམ་རྟོག་ཀྱང་བྱུང་བ་ཡིན།
བརྒྱད། ཡང་གཞུང་དེ་ལས། “སངས་རྒྱས་ཀྱི་ཚིག་གི་མཚན་ཉིད་ནི་འདི་ཡིན་ཏེ། གང་མདོ་སྡེ་ལས་འབྱུང༌། འདུལ་བ་ལ་ཡང་སྣང༌། ཆོས་ཉིད་དང་ཡང་འགལ་བར་མི་བྱེད་པ་ཡིན་ན” ཞེས་པ་ནས། “ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །”ཞེས་པའི་བར་གསུངས་ཏེ་འདིའི་སྐོར་གོང་དུ་བྲིས་ཟིན་ཏོ། །གོང་ཞུས་《རིན་ཆེན་ཕྲེང་བ》་དང་《སྤྱོད་འཇུག》་དག་ཏུ་ཡང་ཐེག་ཆེན་བཀའ་ཡིན་པར་གསུངས་མོད། 《མདོ་སྡེ་རྒྱན》་དང་མི་འདྲ་སྟེ། དེ་ནི་དབུ་མའི་ལུགས་ཀྱི་གཞུང་ཡིན་ལ། འདི་ནི་སེམས་ཙམ་པའི་ལུགས་ཡིན་པས་ཤེར་མདོའི་སྒྲས་ཟིན་ལ་ཆོས་ཐམས་ཅད་རང་བཞིན་གྱིས་མེད་པར་གསུངས་པའང་སྒྲ་ཇི་བཞིན་པ་མིན་པའི་སྐོར་གསུངས་སོ། །
3 《རྟོག་གེ་འབར་བ》ལས་གསུངས་པ།
ཕྱོགས་གླང་གི་རྗེས་དང་ཟླ་བ་གྲགས་པའི་སྔ་ཙམ་ལ་བྱོན་པར་ངེས་པའི་ལེགས་ལྡན་འབྱེད་ཀྱི་《རྟོག་གེ་འབར་བ》་རུ་ཡང་ཐེག་ཆེན་བཀའ་སྒྲུབ་ཀྱི་སྐོར་རྒྱས་པར་གསུངས་ཡོད། དེའི་ནང་དུ་དང་པོར་ཕྱོགས་སྔའི་དོགས་པ་བཀོད་ནས་དེ་ནས་ལན་ཞིབ་ཏུ་གསུངས་པར་མཛད་ལ། འདིར་ལན་གྱི་གཞུང་དུ་ཐེག་ཆེན་བཀའ་ཡིན་པ་ཇི་ལྟར་སྒྲུབ་པའི་སྐོར་མི་འབྲི་བར་གཙོ་བོ་ཕྱོགས་སྔའི་དོགས་པ་དག་བཀོད་དེ། དེས་སྐབས་དེའི་ཐེག་ཆེན་བཀའ་མིན་པའི་དོགས་པ་ཟ་བའི་རྒྱུ་མཚན་གཙོ་བོ་དང་། ཐེག་དམན་གྱི་གཞུང་དང་མི་མཐུན་པའི་ཐེག་ཆེན་གྱི་མདོའི་བརྗོད་བྱ་དག་འབུར་དུ་དོད་པར་ཤེས་པའི་ཐབས་བྱའོ། །
གཅིག དེ་ཉིད་ལས། “ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མདོ་སྡེ་དང༌། འདུལ་བ་དང༌། མངོན་པ་རྣམས་སུ་མ་བསྡུས་པ་ཉིད་ཀྱི་ཕྱིར་རོ། །གང་ཅུང་ཞིག་སངས་རྒྱས་ཀྱིས་གསུངས་པ་དེ་ཐམས་ཅད་ནི་མདོ་སྡེ་དང༌། མངོན་པ་དང༌། འདུལ་བ་རྣམས་ལ་སྣང་ན། ཐེག་པ་ཆེན་པོ་ནི་མིང་ཙམ་ཡང་མདོ་སྡེ་དང༌། མངོན་པ་དང༌། འདུལ་བ་རྣམས་ལ་མི་དམིགས་ཏེ། དེའི་ཕྱིར་ན་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། རིག་བྱེད་ཀྱི་མཐའི་ལྟ་བ་བཞིན་ནོ། །རིག་བྱེད་ཀྱི་མཐའ་ངེས་པ་ནི་རིག་བྱེད་མཐའ་པ་སྟེ། དེ་ཡང་འདི་ལྟར་གང་གཱ་ལ་སོགས་པའི་འབབ་སྟེགས་སུ་བཀྲུས་པ་དང༌། སྨྱུང་བར་གནས་པ་དང༌། ཁམས་གསུམ་པའི་གསང་སྔགས་ལ་སོགས་པ་བཟླས་པས་སྡིག་པ་དག་ཅིང་གྲོལ་བ་ཐོབ་པར་སྨྲ་བའོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་བཅུ་གསུམ་པ། ཐེག་པ་ཆེན་པོ་པ་ཡང་གང་གཱ་དང༌། སིན་དྷུ་དང༌། པཀྵུ་དང༌། ཤཱིཏ་ཞེས་བྱ་བའི་ཆུ་ཀླུང་བཞིའི་ཆུ་ལ་བཀྲུས་པ་དང་འཐུངས་པ་དང་དེར་གནས་པའི་རིམ་གྱིས་གཟུངས་སྔགས་དང༌། གསང་སྔགས་ཀླགས་པ་དང༌། བཟླས་བརྗོད་ལ་སོགས་པ་བྱས་པས་སྡིག་པ་ཟད་ཅིང་བསོད་ནམས་ཉེ་བར་འཕེལ་བ་ལ་སོགས་པའི་ལམ་གཞན་ཉེ་བར་བསྟན་པའི་ཕྱིར་རིག་བྱེད་ཀྱི་མཐའ་པའི་ལྟ་བ་དང་འདྲ་བ་ཉིད་དེ། དེའི་ཕྱིར་ན་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་བྱའོ། །”ཞེས་གསུངས་ཏེ། འདིར་ཐེག་ཆེན་བཀའ་མིན་པའི་རྒྱུ་མཚན་དུ་དེ་སྡེ་སྣོད་གསུམ་གྱི་ནང་དུ་མིང་ཙམ་ཡང་མི་སྣང་བར་གསུངས་ཤིང་། དེ་ནས་ཐེག་ཆེན་ནས་བཤད་པའི་ཆུ་བོ་ཆེན་པོ་བཞིའི་ཆུ་ལ་ཁྲུས་བྱེད་པ་དང་། འཐུངས་པ་དང་། དེར་གནས་ཏེ་གཟུངས་སྔགས་བཟླས་པ་སོགས་བྱས་པས་སྡིག་པ་ཟད་ཅིང་བསོད་ནམས་འཕེལ་བར་བཤད་པ་དེ་རིག་བྱེད་མཐའི་ལྟ་བ་ཡིན་གྱི་སངས་རྒྱས་ཀྱི་གཞུང་དུ་བཤད་པའི་ལམ་མིན་པར་བསྟན། དེ་ཡང་སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་»ཚོམས་ཀྱི་འགྲེལ་བ«་རུ། “ཇི་སྐད་དུ་གསུངས་པ། ཐུབ་རྣམས་ཆུ་ཡིས་སྡིག་པ་འཁྲུ་བར་མི་མཛད་ཅིང༌། །འགྲོ་བའི་སྡུག་བསྔལ་ཕྱག་གིས་ཀྱང་ནི་སེལ་མི་མཛད། །བདག་གིས་གཞན་ལ་རྟོགས་པ་སྤོས་པ་མ་ཡིན་ཏེ། །ཆོས་ཉིད་ཞི་བ་གསུང་ཞིང་རབ་ཏུ་སྒྲུབ་པ་ཡིན། །ཞེས་པས་སོ། །”ཞེས་དྲངས་པ་ལྟར་སྔ་མོའི་སངས་རྒྱས་པའི་གཞུང་དུ་སྡིག་པ་ཆུ་ཡིས་མི་འཁྲུ་བ་སོགས་ཇི་སྐད་གསུངས་པ་དང་མི་མཐུན་པར་སྙམ་ནས་ཡིན།
གཉིས། དེ་ཉིད་ལས། “ཆད་པར་ལྟ་བ་དེ་བཞིན་དུ། །རྒྱུ་དང་འབྲས་བུ་སྐུར་འདེབས་པས། །”ཞེས་གསུངས་ཏེ། འདིར་ཡང་རང་བཞིན་གྱིས་སྟོང་པའི་སྐོར་བཤད་པ་དེ་འཇིག་རྟེན་རྒྱང་ཕན་པའི་ལྟ་བ་དང་ཁྱད་མེད་པར་གསུངས་པས། སྟོང་ཉིད་ཀྱི་སྐོར་བཤད་པ་དེ་སྔ་མོའི་མདོའི་སྒྲས་ཟིན་དང་མི་མཐུན་ཞིང་། ཉན་ཐོས་སྡེ་བ་དག་གིས་ཆེས་མི་མོས་པ་དང་། ཐེག་ཆེན་བཀའ་མིན་པའི་དོགས་པ་ཟ་བའི་རྒྱུ་གཙོ་བོ་ཞིག་ཏུ་ཤེས་ཐུབ།
གསུམ། དེ་ཉིད་ལས། “གཞན་ཡང༌། སྡེ་པ་བཅོ་བརྒྱད་ཁོངས་སུ་ཡང༌། །གཏོགས་པ་མེད་པས་མ་ཡིན་ངེས། །”ཞེས་དང་། “འདིའི་ཕྱིར་ཡང་འདི་ནི་སྡེ་པ་བཅོ་བརྒྱད་ཀྱི་ཁོངས་སུ་གཏོགས་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཉིད་ནི་རྩ་བའི་ཡང་དག་པར་སྡུད་པར་བྱེད་པས་མ་བསྡུས་པའི་ཕྱིར་དང༌། ཕྱིས་བྱེ་བར་གྱུར་པ་ན་ཡང་སྡུད་པར་བྱེད་པ་རྣམས་ཀྱིས་མ་བསྡུས་པའི་ཕྱིར་རོ། །”ཞེས་གསུངས། འདིའི་ནང་དུ་ཐེག་ཆེན་བཀའ་མིན་པའི་རྒྱུ་མཚན་གཙོ་བོ་གཉིས་བསྟན་ཏེ། གཅིག་ཐེག་དམན་གྱི་གཞུང་རྣམས་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་བཀའ་སྡུད་པ་པོ་དག་གིས་བསྡུས་པའི་ལོ་རྒྱུས་ཡོངས་གྲགས་སུ་ཡོད་ཀྱང་། ཐེག་ཆེན་ལ་དེ་ལྟ་བུ་མེད་པ་དང་། ཕྱིས་འདོན་པ་ཐ་དད་པས་ཉན་ཐོས་པའི་གཞུང་ལུགས་སྨྲ་བ་དག་སྡེ་བ་བཅོ་བརྒྱད་དུ་གྱེས་ཀྱང་། ཐེག་ཆེན་ནི་དེ་གང་གི་ཡང་ཁོངས་སུ་མ་གཏོགས་པར་བཤད། དེ་ཡང་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ཡས་མས་ནས་ཕལ་ཆེན་པའི་སྡེ་བ་དང་གནས་བརྟན་པའི་སྡེ་བ་གཉིས་སུ་གྱེས་མགོ་ཚུགས་ཤིང་། ཕྱིས་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་ཙམ་དུ་སྡེ་བ་བཅོ་བརྒྱད་དུ་གྱེས་ནས་མཐར་རྒྱལ་པོའི་ཀྲི་ཀྲིའི་རྨི་ལམ་གྱི་མདོ་ལ་བརྟེན་ཏེ་རྩོད་པ་ཞི་བ་མཛད་པའི་སྐོར་འཁོད་ཡོད། དེས་ན་སྡེ་བ་བཅོ་བརྒྱད་དུ་གྱེས་པའི་ཚེ་ཐེག་ཆེན་གྱི་གསུང་རབ་དག་ཡོངས་གྲགས་སུ་བྱུང་མེད་པར་སྣང་སྟེ། སྐབས་དེར་སྡེ་བ་བཅོ་བརྒྱད་ཀྱི་རྩོད་པ་འདུམ་པར་མཛད་པ་ལས་ཐེག་པ་ཆེ་ཆུང་གི་རྩོད་པའི་སྐོར་གང་དུ་ཡང་མི་གསལ་ཞིང་། འདིར་ཡང་ཐེག་ཆེན་དེ་སྡེ་བ་བཅོ་བརྒྱད་པོ་གང་གི་ཡང་ཁོངས་སུ་མ་གཏོགས་པར་བཤད་པས་སོ། །
བཞི། དེ་ཉིད་ལས། “1དེ་བཞིན་གཤེགས་པ་རྟག་པ་ཉིད་དུ་སྟོན་པར་བྱེད་པས་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་བྱ་བ་དང་འགལ་བའི་ཡང་ཕྱིར་རོ། །2དེ་བཞིན་གཤེགས་པའི་སྙིང་པོས་ཁྱབ་པ་ཉིད་དང༌། ལེན་པའི་རྣམ་པར་ཤེས་པ་སྟོན་པར་བྱེད་པས་བདག་ཏུ་འཛིན་པ་མ་སྤངས་པའི་ཡང་ཕྱིར་རོ། །3སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཞེས་སྟོན་པར་བྱེད་པས་དེ་ལ་ཞི་བ་ཉིད་མེད་པར་བསྟན་པས་ཆོས་ཀྱི་ཕྱག་རྒྱ་གསུམ་དང་འགལ་བའི་ཕྱིར་དང༌། 4ཉན་ཐོས་ཆེན་པོ་རྣམས་ལུང་བསྟན་པ་དང༌། 5དགྲ་བཅོམ་པ་རྣམས་ལ་ཤིན་ཏུ་སྨོད་པ་དང༌། 6 ཁྱིམ་པ་ལ་ཕྱག་བྱ་བ་སྟོན་པ་དང༌། 7 དེ་བཞིན་གཤེགས་པ་ལས་ཁྱད་པར་དུ་བྱང་ཆུབ་སེམས་དཔའ་ལ་བསྔགས་པར་བྱེད་པའི་ཕྱིར་དང༌། 8 ནམ་མཁའ་མཛོད་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་རྣམས་ཀྱང་ཚིག་ཙམ་ཡིན་པའི་ཕྱིར་དང༌། 9 ཤཱཀྱ་ཐུབ་པ་སྤྲུལ་པ་ཡིན་པར་སྨྲ་བས་བསྟན་པ་ཐམས་ཅད་ཀྱང་ལོག་པ་ཡིན་པའི་ཕྱིར་དང། 10 རྟག་ཏུ་མཉམ་པར་གཞག་པ་ཡིན་ཞེས་བྱ་བར་ཡང་མི་རིགས་པའི་ཕྱིར་དང༌། 11 མདོ་སྡེ་མང་པོ་ལས་འབྲས་བུ་མེད་པའི་བསྔགས་པ་སྟོན་པའི་ཕྱིར་ཏེ། ཤིན་ཏུ་སྡིག་པ་ཆེན་པོ་ཡང་རྩ་བ་ནས་འབྱིན་པར་སྨྲ་བས་ལས་ལ་འབྲས་བུ་མེད་པར་སྟོན་པའི་ཕྱིར་དང༌། 12 ཤིན་ཏུ་རྒྱས་པ་ཡང་གཞན་ཉིད་སྟོན་པ་དང༌། 13 ཀྲྀ་ཀཱིའི་རྨི་ལམ་གྱི་དབྱེ་བ་ཡང་མ་བསྟན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ། འདི་ནི་ངེས་པར་བདུད་ཀྱིས་སྐྱེ་བོ་བློ་གྲོས་ངན་པ་དང༌། རྨོངས་པ་རྣམས་བསླུ་བར་བྱ་བའི་ཕྱིར་སྣ་ཚོགས་པ་མང་པོ་བརྩམས་པ་ཡིན་ནོ། །”ཞེས་གསུངས། གཞུང་འདི་དག་ཤིན་ཏུ་གལ་ཆེ་སྟེ་འདི་ལས་གནའ་བོའི་ཉན་ཐོས་པའི་མདོ་དག་ཏུ་མི་གསལ་བའི་ཐེག་ཆེན་གྱི་མདོའི་བརྗོད་བྱ་དག་འབུར་དུ་ཐོན་པར་བྱས་ཡོད།
ལྔ། གོང་ཞུས་དེ་དག་གིས་ཐེག་ཆེན་གྱི་མདོ་ལས་ཇི་སྐད་གསུངས་པ་མདོའི་དགོངས་པ་དང་མི་མཐུན་པས་སངས་རྒྱས་ཀྱི་བཀའ་མིན་པར་བཤད་ལ། འདིའི་འཕྲོར་རིགས་པའི་སྒོ་ནས་ཀྱང་ཐེག་ཆེན་གྱི་མདོའི་བརྗོད་བྱ་མི་འཐད་པར་བསྟན་ཏེ། དེ་ཉིད་ལས། “གཟུགས་ལ་སོགས་པ་དམིགས་པའི་བློ། །རང་རིག་ཉིད་དུ་ཡོད་པས་ཀྱང༌། །མངོན་སུམ་གནོད་པ་གང་ཡིན་དེས། །སྐྱེ་མེད་སྨྲ་བ་དེ་ལ་གནོད། །”ཅེས་དང་། “སྲིད་པ་རྣམས་ནི་དེ་ཉིད་དུ། །སྐྱེ་མེད་ཅེས་བྱའི་ཁྱད་པར་གྱིས། །མངོན་སུམ་དང་ནི་གྲགས་པ་དག །གནོད་པ་འདི་ལ་མེད་ཅེ་ན། །”ཞེས་དང་། །“བགྲོད་མིན་ལ་ཡང་ཡང་དག་ཏུ། །བགྲོད་པར་བྱ་སྟེ་བུད་མེད་ཕྱིར། །བུད་མེད་གཞན་བཞིན་ཟེར་བ་ཡི། །སྐྱོན་བཅས་ཚིག་ཀྱང་སྐྱོན་མེད་འགྱུར། །”ཞེས་སོགས་ཀྱིས་ཐེག་ཆེན་གྱི་མདོ་ལས་གཟུགས་སོགས་སྐྱེ་བ་མེད་པར་གསུངས་པ་ལ་གཟུགས་སོགས་དམིགས་པའི་མངོན་སུམ་གྱིས་གནོད་ཅིང་། འཇིག་རྟེན་གྱི་གྲགས་པས་ཀྱང་གནོད་པར་གསུངས། དེ་ལ་ཐེག་ཆེན་པས་གཟུགས་སོགས་ཐ་སྙད་དུ་སྐྱེ་བ་མེད་པར་མིན་གྱི་དེ་ཁོ་ན་ཉིད་དུ་སྐྱེ་བ་མེད་པར་ཡིན་པས་དེ་ལ་མངོན་སུམ་དང་འཇིག་རྟེན་གྱི་གྲགས་པས་མི་གནོད་པ་སོགས་ཀྱི་རྩོད་སྤོང་མཛད་པ་ལ། དེ་དགག་པ་བཅས་བྱུང་།
དྲུག །ཡང་དེ་ཉིད་ལས། “སྐྱོན་ཆེན་པོ་གཞན་ཡང་ཡོད་དེ། །བདེན་པ་མཐོང་བ་དེ་ཉིད་མིན། །དེ་ཉིད་མེད་པར་ཐལ་བར་འགྱུར། །ནམ་མཁའི་ལྷ་ཡིས་བསྟན་པ་ལྟར། །དེ་ཉིད་ཡིན་པར་མི་འདོད་དོ། །ཐེག་པ་ཆེན་པོ་ལ་ཡང་སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མ་ཡིན་ལ། སྡུག་བསྔལ་ལ་སོགས་པ་ཤེས་པས་ཀྱང་ཡོངས་སུ་མྱ་ངན་ལས་མི་འདའོ་ཞེས་སྟོན་པའི་ཚིག་ཡོད་པར་གྲགས་ཏེ། བདེན་པ་མཐོང་བ་དེ་ཁོ་ན་ཉིད་མ་ཡིན་ན་དེ་མ་ཡིན་པའི་དེ་ཁོ་ན་ཉིད་གཞན་གང་ཡིན་ཞེས་བརྗོད་དོ། །ཐེག་པ་ཆེན་པོ་ལས་བསྟན་པའི་དེ་ཁོ་ན་ཉིད་ཡོད་དོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། བདེན་པ་མཐོང་བ་ལས་གཞན་ཡིན་པའི་ཕྱིར་ནམ་མཁའི་ལྷས་བསྟན་པ་བཞིན་ནོ། །དེ་དག་ནི་འདི་ལྟ་བུའི་དེ་ཁོ་ན་ཉིད་སྟོན་ཏེ། གསེར་གྱི་སྣོད་དུ་གསེར་གྱི་ཁབ་ཀྱིས་གྲོག་མ་ཕུག་ནས་གསང་ན་འཁོར་བ་ལས་གྲོལ་བར་འགྱུར་ལ། དེ་གསོད་པ་པོ་ཡང་ཐར་པའི་ས་བོན་བསགས་པར་འདོད་པ་དང༌། བ་ལང་ལ་སོགས་པ་བསད་པ་དང་སྐྱེད་པར་བྱེད་པ་ལ་ཉལ་པོ་བྱས་པས་མཐོ་རིས་ལ་སོགས་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །”ཞེས་ཐེག་ཆེན་གྱི་གཞུང་ལས་ཉན་ཐོས་སྡེ་བའི་མདོ་ལས་བཤད་པའི་བདེན་པ་བཞིའི་གནས་ལུགས་ཤེས་པས་མྱ་ངན་ལས་འདས་པར་མི་འགྱུར་བར་བཤད་ཅིང་། འོ་ན་གང་གིས་མྱ་ངན་ལས་འདས་ཞེས་དྲིས་པ་ལ། ཐེག་ཆེན་གྱི་མདོ་ལས་བཤད་པའི་དེ་ཁོ་ན་ཉིད་མཐོང་བའོ་ཞེས་སྨྲས་སོ། །དེ་ནི་བདེན་པ་བཞིའི་གནས་ལུགས་མཐོང་བ་ལས་གཞན་ཡིན་པའི་ཕྱིར་ནམ་མཁའི་ལྷས་བསྟན་པ་བཞིན་དུ་མྱ་ངན་ལས་འདས་པའི་ལམ་མིན་པར་གསུངས་སོ། །
བདུན། དེ་ཉིད་ལས། “ཕྱི་རོལ་སྐྱེ་མཆེད་ཡོད་པ་ལས། །དེར་སྣང་བ་ཡི་བློ་འབྱུང་བས། །ཡོད་པར་རིགས་ཏེ་སེམས་ཉིད་ནི། །ཡོད་ལ་དགའ་བས་ཇི་བཞིན་གྱིས། །”ཞེས་དང་། “གལ་ཏེ་སེམས་ཡོད་མི་འདོད་ན། །ཁྱོད་ཀྱི་འགྲོ་བ་སེམས་ཙམ་མིན། །འགྲོ་བ་ཕྱོགས་སུ་བྱ་བ་དང༌། །གཏན་ཚིགས་སྒྲུབ་པ་ཁྱོད་ལ་མེད།”ཅེས་གསུངས་ཏེ། འདིའི་ནང་དུ་ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་པའི་མདོ་ལ་གཏུགས་ཏེ་ཕྱི་རོལ་གྱི་དོན་མེད་པར་སེམས་ཙམ་དུ་སྨྲ་བའི་ལུགས་དགག་པར་མཛད་དེ། དེ་ནི་ཐེག་ཆེན་གྱི་མདོ་ལས་བྱེ་བྲག་ཏུ་སེམས་ཙམ་གྱི་ཚུལ་བཤད་པ་དག་བཀག་པ་ཡིན་ནོ། །གཞན་ཡང་《རྣམ་བཤད་རིགས་པ》་སོགས་སུ་ཡང་ཐེག་ཆེན་བཀའ་སྒྲུབ་ཀྱི་སྐོར་བྱུང་མོད། དེ་དག་ཏུ་འཁོད་པ་དག་ཀྱང་གོང་དུ་བཤད་པ་དག་ཏུ་ཅི་རིགས་ཀྱིས་འདུས་པ་ཡིན་ནོ། །
བཞི་བ། མཇུག་བསྡུ་བ།
དེ་ལྟར་གོང་ཞུས་ཉན་ཐོས་སྡེ་བའི་ལུགས་ཀྱི་ཐེག་ཆེན་བཀའ་མིན་པའི་རྒྱུ་མཚན་དག་ལ་བརྟག་ན་ཐེག་ཆེན་གྱི་མདོ་ལས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྐོར་བཤད་པ་དང་། གཟུགས་སྐུའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བཤད་པ་དང་། ལུས་གཏོང་བ་སོགས་ཀྱི་དཀའ་སྤྱད་ཀྱི་སྐོར་བཤད་པ་དང་། ཉན་ཐོས་ལས་བྱང་སེམས་ལ་བསྔགས་པ་བརྗོད་པ་དང་། ཁྱིམ་པའི་བྱང་ཆུབ་སེམས་དཔའ་ལ་ཕྱག་བྱ་བ་བསྟན་པ་སོགས་མང་པོ་ཞིག་གནའ་བོའི་ཉན་ཐོས་སྡེ་བའི་མདོ་སྡེ་དག་ཏུ་མི་གསལ་ཞིང་དེ་དང་མི་མཐུན་པར་ཤེས་ཐུབ། བརྗོད་བྱ་དེ་དག་ཀྱང་ཁག་གཅིག་རྟོག་གེ་མཁས་པ་དག་གིས་གསར་དུ་བསྣན་ཞིང་། ཁག་གཅིག་མུ་སྟེགས་པའི་གཞུང་ལས་བླངས་པ་ཡིན་པའི་དོགས་པ་ཟ་བར་གསུངས། དེ་ཡང་སྟོང་ཉིད་ཀྱི་སྐོར་དེ་སྐབས་དེའི་མུ་སྟེགས་པའི་གཞུང་གང་དུ་ཡང་མི་གསལ་བར་གསུངས་པས་དེ་ཉིད་རྟོག་གེ་མཁས་པ་དག་གིས་བྱས་པ་དང་། ཐལ་ཆེ་བའི་སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་བསྲུངས་བ་སོགས་ཀྱི་དཀའ་སྤྱད་ཀྱི་སྐོར་དང་། གཟུགས་སྐུའི་ཡོན་ཏན་ཁག་གཅིག་མུ་སྟེགས་པའི་གཞུང་ལས་ཐད་ཀ་བླངས་པའམ་ཡང་ན་དེ་ལ་འདྲས་འགེབས་ཀྱིས་བཟོས་པའི་དོགས་པ་ཟ་བ་ཡིན། ཁག་གཅིག་གིས་རྟོག་གེ་པའི་ནང་ནས་ཀྱང་བྱེ་བྲག་ཏུ་ཀླུ་སྒྲུབ་ཀྱིས་བྱས་པའི་དོགས་པ་ཟ་བ་ཡང་གསུངས་ཏེ། དེས་ཀླུ་སྒྲུབ་ཀྱི་སྐབས་སུ་སྟོང་ཉིད་སོགས་སྟོན་པའི་ཐེག་ཆེན་གྱི་མདོ་དག་ཡོངས་གྲགས་སུ་དར་བ་དང་། ཐེག་ཆེན་དར་བའི་ལོ་རྒྱུས་ནང་ཀླུ་སྒྲུབ་ཀྱི་མཛད་པ་འབུར་དུ་ཐོན་ཡོད་པར་ཤེས་ནུས། དེ་བཞིན་ཐེག་ཆེན་གྱི་མདོ་སྡེ་དག་ཡུལ་དུས་དེར་ཐུན་མོང་ཡོངས་གྲགས་ཀྱི་རྩ་བའི་སྡུད་པ་པོ་མེད་པ་དང་། ཕྱིས་ཉན་ཐོས་སྡེ་བ་དག་སྡེ་བ་བཅོ་བརྒྱད་དུ་གྱེས་ཀྱང་ཐེག་ཆེན་ནི་དེ་དག་གང་གི་ཡང་ཁོངས་སུ་མི་གཏོགས་པར་བཤད་ཅིང་། སྐབས་དེར་ཐེག་པ་ཆེ་ཆུང་གི་རྩོད་པ་ཡང་བྱུང་བ་མི་གསལ་པས་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཙམ་ན་ད་དུང་ཐེག་ཆེན་གྱི་མདོ་རྩོད་མེད་དག་ཡོངས་གྲགས་སུ་དར་མེད་པ་ཡིན། བོད་འགྱུར་ཐེག་ཆེན་བཀའ་སྒྲུབ་སྐོར་གྱི་གཞུང་གང་གི་ནང་དུ་ཡང་ཐེག་ཆེན་གྱི་མདོ་དེ་དག་སངས་རྒྱས་ཀྱི་བཀའ་ཡིན་མིན་དཔྱད་སྐབས་དེའི་བརྗོད་བྱ་དག་སངས་རྒྱས་ཀྱི་དགོངས་པ་ཡིན་མིན་དཔྱོད་པ་ལས་རྗོད་བྱེད་ཀྱི་སྡེབ་སྦྱོར་སངས་རྒྱས་ཀྱིས་བྱས་པ་ཡིན་མིན་ལ་གླེང་སློང་ཅི་ཡང་མེད་པས། ཤེར་ཕྱིན་འབུམ་པ་ལྟ་བུའི་རྗོད་བྱེད་ཚིག་ལྷུག་རིང་པོ་དང་རྣམ་གྲངས་ཧ་ཅང་མང་པོའི་སྒོ་ནས་བྲིས་པ་དག་གི་རྗོད་བྱེད་ཀྱི་ཁྱད་པར་ཙམ་ནི་སངས་རྒྱས་ཉིད་ཀྱིས་གསུངས་པའི་རྨང་གཞིའི་ཐོག་ཕྱིས་སུ་བསྣན་འཕྲི་ཅི་རིགས་བྱས་པ་ཐེག་ཆེན་པ་དག་གིས་ཀྱང་འདོད་སྲིད། འོན་ཀྱང་དེའི་བརྗོད་བྱ་དག་སངས་རྒྱས་ཀྱི་དགོངས་པ་ཡིན་པར་སྨྲ་ཞིང་། དེ་ལས་ཁག་གཅིག་ཐེག་དམན་གྱི་མདོ་ལས་བསྟན་ཅིང་། ཁག་གཅིག་ཐེག་དམན་གྱི་མདོའི་ནང་དུ་མི་གསལ་ཡང་། སངས་རྒྱས་ཀྱིས་ཐེག་ཆེན་གྱི་བརྗོད་བྱ་ཟབ་མོ་རྣམས་གསུངས་པའི་སྣོད་རུང་གི་གདུལ་བྱ་ལ་གསུངས་པས་སངས་རྒྱས་ཉིད་ཀྱི་དགོངས་པ་ཡིན་ནོ་ཞེས་གསུངས། འོ་ན་ཐེག་པ་ཆེ་ཆུང་གི་མདོ་སྣ་ཚོགས་པ་རུ་གསུངས་པ་ཅི་ཞེ་ན་དེ་ནི་གདུལ་བྱའི་བློ་དང་བསྟུན་ནས་གསུངས་པས་གདུལ་བྱ་ལམ་ལ་བཀྲི་བ་ལ་ཕན་པ་ཁོ་ན་ལས་དོན་དུ་མི་འགྱུར་བ་མེད་ཀྱང་དོན་གྱི་ཡིན་ཚོད་ལ་འགའ་ཞིག་ངེས་དོན་དང་ལ་ལ་དྲང་བའི་དོན་གྱི་མདོ་ཡིན་ནོ་ཞེས་སྨྲ་བ་ཡིན་ནོ། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4172
དཔྱད་མཆན་སྤེལ།