༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དང་འབྲེལ་ཏེ་རྫ་ཚེ་བཀྲ་སོགས་ཀྱི་ལྐོག་གཡོ་ངན་ཇུས་གཏོར་བའི་གཏམ་དུས་ཐོག་ཆར་བ།
༧སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནི་བོད་ཀྱི་བླ་ཆེན་དག་གི་ཁྲོད་ནས་ང་རང་ཆེས་དགའ་བའི་བླ་མ་ཞིག་ཡིན། ཁོང་གི་སྐུ་ཕྲེང་དང་པོ་ནི་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་དབང་བོ་ཡིན་ཞིང་། སྐུ་ཕྲེང་གཉིས་པ་ནི་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཡིན། ད་ལྟའི་ཁོང་ནི་སྐུ་ཕྲེང་གསུམ་པ་ཡིན་འདུག ཁོང་གི་སྐུ་གོང་མའི་བླ་མ་གཉིས་ཀ་རང་ག་བ་ཞིག་རྩ་བ་ནས་མ་ཡིན་ཏེ། དངོས་ནས་དུས་རབས་གཅིག་གི་ནང་ནས་བོད་བརྒྱུད་ནང་བསྟན་ལ་ཞབས་ཕྱི་ཆེས་ཆེ་བའི་བླ་མ་དང་། ཉམས་རྟོགས། དབང་སྡུད། འཕྲིན་ལས་གང་གི་ངོས་ནས་ཀྱང་བསམ་བརྗོད་ལས་འདས་པ་ཞིག་ཡིན་པ་སོགས་ཁོང་གཉིས་ཀྱི་རྣམ་ཐར་ལ་མཇལ་བས་ཤེས་ནུས་སྙམ། ད་ལྟའི་རྫོང་སར་མཁྱེན་བརྩེ་ཁོང་ཉིད་ཀྱང་ཐོག་མར་ཧ་ཅང་རིགས་བརྒྱུད་མཐོན་པོ་ཅན་གྱི་ཁྱིམ་དུ་སྐུ་འཁྲུངས་ཤིང་། སྐུའི་ངོས་འཛིན་ཐད་ནས་ཀྱང་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་སྣང་གཟུགས་མིག་ལམ་དུ་འཁྲུལ་བར་བྱེད་པའི་སྔ་འགྱུར་རྙིང་མའི་བསྟན་པའི་བདག་པོ་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་དང་། ས་སྟེང་སྐྱེ་འགྲོ་ཀུན་གྱིས་སྤྱི་བོའི་གཙུག་ཏུ་བཀུར་གྱིན་པའི་དཔལ་༧ས་སྐྱའི་ཁྲི་ཆེན་གོང་མ་རིན་པོ་རྣམ་གཉིས་ཀྱིས་མཉམ་དུ་ངོས་འཛིན་འཁྲུལ་མེད་བྱས་པ་དང་། ལྷག་དོན་ཁོང་རང་ཉིད་ཀྱི་ངོས་ནས་ཀྱང་སྐྱེ་ཆེན་དམ་པའི་ཡང་སྤྲུལ་གྱི་དཔང་རྟགས་རྒྱུད་ལ་ངང་གིས་འབྱོར་ཡོད་དེ། ཕྱི་ནང་གི་རིག་གནས་ཀུན་ལ་མཁྱེན་རྒྱ་ཡངས་པ་དང་། བསམ་པའི་གོ་རྟོགས་མཐོ་བ། སྤྱན་གྱི་གཟིགས་རྒྱང་རིང་བ། དེ་མིན་ཁོང་གི་དཀྱེལ་ཡངས་ཀྱི་བསམ་བློ། ཟབ་བརླིང་གི་སྒམ་ཚུགས། ཆོས་བརྒྱད་མགོ་སྙོམས་ཀྱི་རྟོགས་པ། སྤྲོས་མེད་རྣལ་འབྱོར་གྱི་སྤྱོད་པ། སྨྲ་གསལ་དག་གཙང་གི་གསུང་གླེང་། ད་དུང་འཛམ་གླིང་ཤར་ནུབ་ན་སྙན་པའི་གྲགས་པ་འབར་བའི་གསུང་རྩོམ་མང་པོ་མཛད་པ་སོགས་ཀྱིས་བློ་ཆུང་ང་ནི་དམ་པ་ཁོང་ཉིད་ལ་མི་ཕྱེད་པའི་དད་པ་ཐོབ་ཅིང་། རྟག་བརྟན་གཡོ་མེད་ཀྱི་མོས་གུས་དུང་ངེ་བ་ཞིག་གིས་ཡང་ཡང་གཏོང་འདོད་མེད་པ་ཞིག་ཆགས་ཡོད། ཡིན་ན་ཡང་ཁ་སང་ཁོང་གིས་དཔལ་ཡུལ་མཆོག་སྤྲུལ་ལ་གནང་བའི་གསུང་གསར་དེས་ང་རང་ཡུད་ཙམ་ལ་རྟབ་རྟབ་པོར་ཧད་དེ་འདུག་དགོས་པ་ཞིག་བྱས་བྱུང་ལ། དེ་མུར་འདི་ཉིད་སུ་ཞིག་གིས་བཙན་གྱིས་གསུངས་བཅུག་པ་ཡིན་ཨང་། ཁོང་གི་རང་ངོས་ནས་ཐད་ཀར་འདི་འདྲ་མི་གསུང་བ་གཏན་ཁེལ་བོ་ཡིན་ཨང་སྙམ་ནས་རང་གིས་རང་ལ་དོགས་འདྲི་ཡང་ཡང་མི་བྱེད་ཀ་མེད་བྱུང་། ད་དུང་ཕྱོགས་གཞན་ཞིག་ནས་བཤད་ན་ཆོས་བརྒྱུད་ཀྱི་དབྱེ་བ་དང་། གྲྭ་གྲོང་གི་ཁྱད་པར། ཆེ་ཆུང་གི་ལྟོས་པ་ཙམ་ཡང་མེད་པར་ཁོང་ལ་དད་པ་དང་དགའ་མོས་བྱེད་མཁན་མང་བ་དེ་འདྲ་བ་ཞིག་བོད་རྒྱུད་ནང་བསྟན་གྱི་སྐྱེས་ཆེན་དག་གི་ཁྲོད་ན་རྩ་བ་ནས་མེད་ཟེར་ན་རྫུན་དུ་འགྲོ་ཉེན་ཆེ་མོད། དམིགས་གསལ་གྱི་བླ་ཆེན་རེ་གཉིས་ལས་མ་གཏོགས་མེད་པ་ལྟ་བུ་ཞིག་ཆགས་ཡོད། འདི་ནི་ཁོང་རང་ཉིད་ཀྱི་ངོས་ནས་བཟང་ངན་དང་ཕྱོགས་ལྷུང་གི་རྣམ་རྟོག་ངན་པ་གང་ཡང་མེད་ངེས་ན་ཡང་། ཐ་མལ་བའི་སོ་སྐྱེས་ཆགས་སྡང་ཅན་ང་ཅག་ལ་དགའ་འོས་པའི་གནས་འདི་ལས་གཞན་ཅི་ཞིག་ཡོད་ཨང་། ཅི་ཞིག་དགོས་ཨང་། ཡིན་ན་ཡང་ད་ལྟ་ཆེས་སྐྱུག་བྲོ་བ་དང་། ཆེས་འཇིགས་སུ་རུང་བའི་སྣང་ཚུལ་ཞིག་འབྱུང་བཞིན་པ་ནི། དམ་པ་ཁོང་དང་ཁོང་ལྟ་བུ་གདན་ཐོབ་དང་མིང་ཐོབ། གྲགས་པ་སོགས་ཀྱིས་ཆེས་ཆར་འབར་གྱིན་པའམ། འཛམ་གླིང་གི་མཐོ་སར་འཕུར་སྐྱོད་བྱེད་ཀྱིན་པའི་ཁྱུང་ཆེན་གྱི་གཤོག་རྩལ་རྒོད་པོ་ལ། རང་བཞིན་ངན་པ་སྦྲུལ་སྡུག་གྱི་མཆེ་བ་ཅན་མང་པོས་ཧམ་སེམས་ཀྱི་ལྕེ་རྩེ་གཡོ་བཞིན་པའི་སྣང་ཚུལ་འདི་རེད། ཁ་ཇེ་གསལ་དུ་བཏང་སྟེ་ལབ་ན། དཔེར་ན་ཁ་སང་ཁོང་གིས་གསུངས་པའི་སྒྲ་དེར་ཞིབ་ཀྱིས་ཉོན་དང་། སྒྲ་དེའི་ཐོག་མ་ངོ་མར་“ཁོང་གི་ཕྱག་ལས་གནང་སྟངས་དེ་ལ་རྟེན་ནས”། ཞེས་ཁོང་ཞེས་བརྗོད་ཡོད་པ་དང་། སྒྲ་དེའི་མཇུག་ངོ་མ་ན་ཡང་“དེ་ལྟར་ཞུ་བཞག་རོགས་གྱིས་”ཞེས་གསུངས་པ་གང་ལ་བསམ་ན་ཡང་ནན་གྱིས་དེ་ལྟར་བཤད་དགོས་པར་སྐུལ་བའམ། དེའི་ཕུགས་ན་ལྐོག་ཆས་ཞིག་ཡོད་པ་གསལ་བོ་རེད་འདུག འདི་ལྟར་ཁོང་ཉིད་གཡོ་སྒྱུ་ཅན་དེ་ཚོས་ལག་ལ་ཡུན་རིང་ཤོར་ནས། ཁོ་ཚོས་རང་གི་འདོད་རྔམ་གྱི་སྐྱག་དྲི་ངན་པ་གཡོལ་བྱེད་ཁོ་ནར་བྱས་སོང་ན། “བྱ་ཕོ་རོག་ནག་པོས་སྡིག་གྲིབ་ཀྱིས། ངང་བ་སེར་པོ་འདམ་ལ་ལྷུང་།” ཟེར་བའི་དཔེ་སྟོན་མི་བྱེད་པའི་ངེས་པ་ག་ལ་ཡོད་ཨང་། ཡང་འགའ་ཞིག་གིས་༧རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དེ་འདྲ་དམིགས་གསལ་ཞིག་ཡིན་ན་གཞན་གྱིས་ལག་ཆར་བྱེད་ཐུབ་པ་མ་རེད་ཅེས་ཟེར་ངེས་མོད། དེ་ནི་ངེས་པ་མེད་དེ། སློབ་མ་ངན་པ་དང་། ཞབས་གཡོག་སྡུག་པོ་མང་པོས་སྔོན་གྱི་བླ་མ་གོང་མ་དག་གི་སྐུ་ཚེའི་རྣམ་ཐར་ལ་ནག་ཉེས་བཟོས་པའི་དཔེ་བརྗོད་བགྲངས་ལས་འདས་ཤིང་། སློབ་མས་བླ་མའི་སེམས་བསླུས་ནས་རིམ་གྱིས་རང་འདོད་ཀྱི་བྱ་སྤྱོད་ངན་པ་མང་པོ་བསྒྲུབས་པའི་གཏམ་རྒྱུད་དེ་ལས་ཀྱང་མང་། དེ་བས་ད་ནས་ཧམ་སེམས་ཀྱི་ལག་པ་དེ་དག་ཕྱིར་ཀུམ་པའི་རེ་འབོད་མི་བྱེད་ཀ་མེད་བྱུང་བ་ཡིན། བྱ་སྤྱོད་ངན་པ་འདིའི་རིགས་ལ་རྟེན་ནས་དམ་པ་ཁོང་ལ་རྨ་འབེབ་པ་དང་ཁོང་ལ་མི་དགའ་བའི་སྣང་ཚུལ་ཅུང་ཙམ་དངོས་སུ་བྱུང་བཞིན་འདུག་ལ། གལ་སྲིད་ད་དུང་གཞན་ཁོང་གི་སྐུ་ཚེའི་ལོ་རྒྱུས་ལ་མ་ཉེས་ཁག་གཡོགས་ཐེབ་པ་སོགས་དོན་དག་ངན་པ་ཞིག་བྱུང་ན། ངས་ཅི་ཞིག་བྱེད་དགོས་ཀྱང་མགྱོད་པ་མེད་ལ། ང་རང་གསོན་པོར་དམྱར་བའི་ཁམས་ལ་རྒྱུག་དགོས་ཀྱང་འདི་ཡིན་དེ་མིན་ཞིག་བཟོ་ཁོ་ཐག་ཡིན། འདི་ངའི་དད་པ་ཡིན། འདི་ངའི་ལངས་ཕྱོགས་ཡིན།
འདི་ལྟར་བསམ་དུས་ངའི་ཡིད་ལ་ཝ་ལེར་འཆར་ཡོང་བ་ནི་རྫ་ཚེ་བཀྲ་ཟེར་བའི་དྲེལ་དཀར་དགོན་པའི་སྐྱ་མིན་སེར་མིན་གྱི་གཡོ་སྒྱུ་ཅན་དེ་རེད། ངས་འདི་ནས་ཁྱེད་ལ་བརྡ་ཞིག་རྒྱག་འདོད་བྱུང་ལ། འདི་ཉིད་གོ་བའི་བུ་ལ་བརྡ་ཡིན་པས་སེམས་ལ་འཛིན་རྒྱུ་མ་བརྗེད་ཅེས་ཞུ་འདོད་བྱུང་སོང་། ཁ་སང་གི་༧རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་གསུང་དུམ་དེ་ཡང་ཁྱེད་ཀྱིས་ནན་སྐུལ་ལམ་ཡང་ན་གཡོ་སྒྱུ་དང་སྤྲེལ་ལད་གང་ཞིག་གིས་རྒྱུ་རྐྱེན་ལས་བྱུང་བ་ཡིན་པར་གདོན་མི་ཟ་ལ། ངས་འདི་ནས་ཚིག་ཐག་ཆོད་པོས་ཤོད་ཐུབ་པ་ཞིག་ཡོད་པ་ནི། ཁྱེད་དང་ཁྱེད་འདྲ་བ་དག་སྟེ་རྙིང་ཕྱོགས་པ་རེ་འགས་ལྐོག་གཡོ་ངན་འཕྲུལ་ཞིག་ཡིན་ངེས་པ་བརྒྱ་ཆ་བརྒྱ་ཡིན་ལ། ད་དུང་ཁྱེད་ཅག་གིས་ཐ་ཆད་པའི་ལས་སྟངས་དེར་ངོ་མ་ང་རང་སྐབས་རེར་ཡིད་ཆད་སྐྱེས་ཡོང་བ་ཞིག་ཀྱང་རེད། ཁྱེད་ཚོས་༧རྫོང་སར་མཁྱེན་རྩེ་རིན་པོ་ཆེ་མཆོག་དང་ཁོང་གི་གསུང་དུམ་དེ་ལག་ཆར་བྱས་ཏེ། གསུང་དུམ་དེ་ཐོན་མ་ཐག ངོས་དེབ་དང་སྤྱི་སྟེགས། ཚོགས་པ་མང་པོར་བརྒྱུད་སྐུར་བྱས་ནས། འཇིག་རྟེན་གྱི་གཏམ་དཔེ་ལ། “ཤྭ་དང་ཤྭ་ཁྱུ་མཉམ་དུ་བསྡུས། རྔོན་པ་རྒན་པོས་རྒྱང་བལྟ་བྱས། ”ཟེར་བའི་དཔེ་ལྟར། མི་མང་གི་གླེང་བརྗོད་དང་། ཟུར་ཟ། བཤད་ཡམས་སྣ་ཚོགས་ཀྱི་མིག་སྔུན་དུ་གསུང་དུམ་དེའམ་༧རྫོང་སར་མཁྱེན་རྩེ་རིན་པོ་ཆེ་མཆོག་གཡུགས་ནས་ཁྱེད་ཚོས་ག་ལེར་ལྐོག་ནས་ཉན་རྣ་བྱེད་ཀྱིན་ཡོད་པ་སུས་ཀྱང་ཤེས་པ་རེད། ངོ་མ་ཁྱེད་ཚོས་ལས་སྟངས་བྱེད་སྟངས་དེ་ཐ་ཆད་པ་ལ། མདོར་ན་ཁྱེད་ཅག་གིས་ཁོང་དང་ཁོང་གི་གསུང་དུམ་དེ་ནི་དགྲ་སྔོན་དུ་གཡུགས་རྒྱུའི་མི་ལྷག་ཞིག་གི་ཚད་ཙམ་ལས་བཞག་མི་འདུག་ཨང་། དེ་བས་ཚད་ལས་བརྒལ་བའི་བྱེད་སྟངས་འདིའི་རིགས་ད་ནས་མཚམས་འཇོག་རོགས་ཞེས་རེ་སྐུལ་བྱས་པ་ཡིན། སྐུ་མཁྱེན། སྐུ་མཁྱེན། ལྷག་པར་རྫ་ཚེ་བཀྲ་ཟེར་བའི་སྐྱ་མིན་སེར་མིན་ཁྱེད་ཀྱི་གཡོ་སྒྱུ་ཁུགས་པ་བཅོ་བརྒྱད་ཀྱི་ལྐོག་གཡོ་ངན་ཇུས་དེ་ལ་ང་རང་སྔོན་ནས་དོག་པ་ཟ་བཞིན་ཡོད་ལ། དེ་མཚུངས་སུ་ངས་ཁྱེད་ལ་ཞིབ་འཇུག་དང་རྒྱུས་ལོན་ཡང་ཏོག་ཙམ་བྱེད་ཐུབ་པ་བྱུང་ཡོད། ཁྱེད་རང་སྔོན་མར་རྫ་ཨ་རིག་བཤད་གྲྭར་བསྡད་ནས་ཡོངས་ཀྱི་བཤེས་གཉེན་ཆེན་པོ་༧མཁན་པོ་པདྨ་ཚེ་དབང་གི་སློབ་མར་གྱུར་བ་རེད་ལ། མ་ཟད་ཁོང་གིས་ཁྱེད་ལ་རྣམ་དཔྱོད་ཏོག་ཙམ་འདུག་པར་དགོངས་ནས་རེ་བཞག་ཀྱང་ཆེན་པོ་བྱས་ཡོད་ས་རེད། དམ་པ་དེ་ལྟ་བུ་ཞིག་གིས་ཁྱེད་ལ་ཐུགས་རེ་ཆེན་པོ་བཅིངས་ཏེ་མཐོ་སར་བཞག་ནས་རེ་ལྟོས་ཆེན་པོ་བྱེད་དུས། ཁྱེད་ཀྱིས་དམ་པ་ཁོང་གི་བཀའ་གསུངས་གསེར་ནག་གི་ཐིགས་པ་ཆུ་ལ་སྐྱུར་ནས། འདོད་ཆགས་ཀྱི་མགོ་མ་ནོན་པར་འཇིག་རྟེན་འཁོར་བའི་ནང་དུ་སྐྱ་ལྷོག་གེར་འགྲིལ་ཡོང་བ་ཡང་གསང་དུ་ག་ལ་ཡོད། འདི་ནི་ཁྱེད་ཀྱི་མི་ཚེའི་ཆ་ཤས་ཞིག་རེད། མཐར་དེད་ན་ཁྱེད་ཀྱིས་མོ་སྡོམ་ཙམ་ཡང་བསྲུང་མ་ཐུབ་པ་རེད། ཁྱེད་ལ་མི་གཤིས་དང་བློ་བཏད་ཟེར་བ་ཞིག་ཡོད་མེད་དེས་ཀྱང་ཅུང་ཟད་གསལ་བཤད་བྱས་མི་འདུག་གམ། དེ་གཅིག་ཡིན། དེ་ནས་ཁྱེད་རང་ཐད་དཀར་གྲྭ་ལོག་བྱེད་མ་ཐུབ་པ་རེད། དེ་ཡང་ཁྱེད་ལ་ཁག་མེད། ཁ་སོས་མི་སོས་ལ་འདང་མ་བརྒྱབ་རང་བརྒྱབ་རེད། དེ་རྗེས་ཁྱེད་ཀྱིས་རང་གི་ཨོང་དོ་རང་གིས་བསུམ་དགོས་པའི་གནད་དོན་ལ་ངེས་ཤེས་འདྲོངས་ནས། བླ་མ་སུ་ཞིག་མ་ཞིག་གིས་ཁོ་ལ་སྐྱ་སར་མ་འབབ་ཟེར། མཁས་པ་གང་ཞིག་མ་ཞིག་ནས་ཁོ་རང་སྐྱ་སར་མ་འབབ་ཟེར་བྱུང་ཟེར་བ་སོགས་ཀྱིས་རྫུན་ལུང་བ་གང་བསྒྲིགས་ནས། ད་ལྟའི་ཡ་མ་བརླ་དང་ར་མ་ལུག་གི་སྤྱོད་པ་དེ་ནར་མར་སྐྱོང་ནས་ཡོང་བ་རེད། ཁྱེད་ཀྱིས་རང་ལམ་ཞིག་བཙལ་ཤེས་སོང་ཟེར་དགོས་པ་འདྲ་མོད། ངས་དེ་ཟེར་མི་ཐུབ་པས་དགོངས་དག་ཞུ། དེ་གཉིས་ཡིན། དེ་ནས་རིམ་གྱིས་ཁྱེད་ཀྱིས་སྡུག་ཐུག་སྔགས་པ་བྱས་ནས་ཡོང་བ་རེད། སྡུག་ཐུག་སྔགས་པ་ནི་དང་པོ་རབ་བྱུང་བྱས། དེ་ནས་སྡོམ་པ་བསྲུང་མ་ཐུབ་པར་སྔགས་པ་ཡིན་ཟེར་ནས་མི་མིན་འདྲེ་མིན་གྱི་སྤྱོད་པ་བྱེད་མཁན་དེ་ཚོ་ལ་ཟེར་བ་རེད། མིང་འདི་ནི་ངས་བཏགས་པ་མ་རེད། མཁན་པོ་རིག་དར་ལགས་ཀྱིས་བཏགས་པ་རེད། སྡུག་ཐུག་སྔགས་པ་ལགས། ད་ནི་ངས་མང་པོ་མི་བཤད། དགོས་དབང་འདུག་བསམ་པ་བྱུང་ན་ངས་གཞན་ཞིག་ནས་ཁྱེད་ཀྱི་རྣམ་ཐར་རྒྱས་པ་ཞིག་འབྲི་བའི་ངལ་བ་བྱེད་ཆོག དེ་གསུམ་བྱས། ཁྱེད་ལ་གསལ་ཁ་དང་བཅས་ཏེ་བསྐྱར་ཞུ་ཡང་ཞུ་བྱེད་དགོས་པ་ཞིག་ནི། ད་ནས་༧རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ལག་ཆ་མི་བྱེད་པའི་རེ་བ་ཡིན། ད་ཆོག་ནི་བྱོས། དཔེ་ཆ་ཆུང་ཆུང་ཞིག་ཚུན་ཆད་ནས། བརྙན་དུམ་སྐར་མ་ཆ་རེ་ཡན་ཆད་ནས་ཁྱེད་ཀྱིས་ཁོང་ཁྱབ་བསྒྲགས་ཀྱི་ལག་ཆ་དང་། བེད་སྤྱད་མ་བྱས་བསམ་པ་ཞིག་མེད་སོང་། ད་ཡིད་ཚིམས་པ་མཛད་རོགས། ཁོང་ལ་ཡང་དཀའ་ལས་ཁག་པོ་ཡོད་ས་མ་རེད་དམ། ཁྱེད་རང་མ་གཞི་ནས་དེ་འདྲའི་མཐོན་པོ་ཚོ་རང་ཉིད་ཁྱབ་བསྒྲགས་ཀྱི་ལག་ཆར་བསྡུ་མཁན་ཞིག་ཡིན་རེད་ཟེར་ནས་ང་ལ་བཤད་མཁན་བྱུང་མོད། སྔོན་ཆད་ང་རང་ཡིད་མ་ཆེས། ད་ནི་ངས་ཀྱང་གསལ་བོ་ཤེས་ཡོད། སྔོན་མ་ཁྱེད་ཀྱིས་བཀའ་བརྒྱུད་སང་གི་བླ་མ་རེ་འགའ་ལ་ཡང་དེ་འདྲ་བྱས་འདུག་ལ། དེ་ལམ་ལྷོངས་མ་བྱུང་བ་རེད་འདུག ད་དེ་ཚོ་སྐབས་སུ་མ་བབས་པ་འདྲ་བས་རྒྱས་པར་མི་སྤྲོ། ད་བར་ཁྱེད་ཀྱིས་རྒྱ་མོ་ཞིག་གནའ་མར་བླངས་འདུག་ཟེར། སྒོར་རྡོག་རེ་འགའ་ཡང་རྙེད་ཡོད་ཚོད་རེད། དེ་བས་ག་ལེར་བདེ་སྐྱིད་ཀྱི་དཔལ་ལ་རོལ་ན་ཅིས་མི་དགའ། ད་ནས་ཇུས་གཏོགས་མི་དགོས་སར་ཇུས་གཏོགས་མ་བྱེད། ཁྱོད་ཅི་ཡང་ཡིན་ནི་མ་རེད། དངོས་ནས་ཡིན། ཁྱོད་ཀྱིས་ཅི་ཡང་ཤེས་ཀྱིན་མི་འདུག ཡིན་ན་ཡང་ཅི་ཡང་མི་ཤེས་པ་དེ་ཡང་ཁྱོད་རང་གིས་ཤེས་ཀྱིན་མི་འདུག དེ་ཅུང་ཟད་ཚབ་ཆེན་པོ་རེད་དེ། མ་གཞི་ཁྱོད་ལ་ཡང་ཁག་མེད་པ་འདྲ། ངས་རྒྱུས་ལོན་བྱེད་ཐུབ་ཀྱིན་ཡོད། རྒྱུ་མཚན་ངས་ཁྱོད་ཀྱི་གནས་ཚུལ་མང་པོ་ཤེས་ཡོད། དེ་བས་མཁས་མདོག་མ་བསྟན། ཆེ་མདོག་ཀྱང་མ་བཟོ། མཐར་དེད་ན་ཁྱོད་རང་“ཞེ་ས་མེད་པའི་སྐད་ཆ་ཞིག་བཤད་ན་”གཡབ་རྒན་ཞིག་ཡིན་པ་དང་། འཁྲབ་སྟོན་ལ་མཁས་པ་ཞིག་ཡིན་པ་ཁོ་ན་ལས་ཅི་ཡང་མ་རེད། དེ་བས་རང་རང་ས་ནས་ག་ལེར་བཞུགས་བཞག་རོགས། དཀྲུགས་ཤིང་མ་བཟོ་རོགས། ལྷག་པར་དུ་བླ་མ་ཆེན་པོ་དག་གི་སྐུ་ཚེའི་རྣམ་ཐར་ལ་ནག་ཐིག་མ་བཟོ་རོགས།
ད་དུང་ཟུར་ཞུ་ཞིག་ཡོད་པ་ནི་དཔལ་ཡུལ་མཆོག་སྤྲུལ་ཁོང་རྙིང་མའི་དབུ་བཞུགས་ལ་འོས་སམ་མི་འོས་དེ་ཁྱོད་ཀྱིས་བཤད་དགོས་པའི་དོན་ཞིག་རྩ་བ་ནས་མ་རེད། ཁྱོད་ལ་དེའི་ཐོབ་ཐང་དང་འོས་འགན་སྣ་གཅིག་ཡོད་པ་མ་རེད། རྒྱུ་མཚན་ཁྱོད་ཀྱིས་རང་གི་མི་ཚེ་ལ་ཕྱིར་རྟོགས་ཤིག་བྱོས་དང་། ཁྱོད་ཀྱིས་རང་གི་ཤེས་ཚད་ལ་འདང་ཞིབ་མོ་ཞིག་ཐོངས་དང་། ཁྱེད་ཀྱིས་རང་ཉིད་སུ་ཡིན་དྲན་གྱིན་ཡོད་པ་རེད། ཁྱོད་ཀྱི་གདོང་འབག་དེ་མཐུག་པ་ལའང་། སྨྱོ་ཧམ་དེ་ཆེ་བ་ལའང་། དཔལ་ཡུལ་མཆོག་སྤྲུལ་ཁོང་ནི་ཁྱོད་དང་འདྲ་བར་མགོ་མེད་མཇུག་མེད་ཀྱི་མི་རྫུན་མ་ཞིག་གཏན་ནས་མ་ཡིན་པར། སྔ་འགྱུར་རྙིང་མའི་བསྟན་པ་ཡོངས་ཀྱི་བདག་པོ་སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་གིས་ངོས་འཛིན་གནང་ཞིང་། ཁོང་གིས་དངོས་སུ་“འཛམ་བུ་གླིང་འདི་སྐོར་བ་ཞིག་བརྒྱབ་ན་ཡང་ང་ལ་འདི་མ་གཏོགས་ངོས་འཛིན་བྱེད་ཡོང་རྒྱུ་མེད།་”ཅེས་གསུངས་ཏེ་ཐུག་ཐག་ནན་གྱིས་བཅད་པ་ཞིག་རེད། ད་དུང་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་དང་། ཁངས་སར་བསྟན་པའི་དབང་ཕྱུགས་སོགས་སྔ་འགྱུར་རྙིང་མའི་བསྟན་པའི་སྲོག་ཤིང་དུ་གྱུར་བའི་སྐྱེས་ཆེན་དམ་པ་མང་པོས་ཐུགས་ཀྱི་བུ་ཆེན་བཞིན་དུ་གཅེས་པར་བསྐྱངས་ཏེ་ཡོང་བ་ཞིག་རེད་ལ། དབང་ལུང་མན་ངག་གི་བདུད་རྩིའི་ཆབ་རྒྱུན་གཙང་མ་བུམ་པ་གང་བྱོས་ཚུལ་དུ་མཛད་ནས་ཡོང་བ་ཞིག་རེད་མ་གཏོགས། ཁྱོད་དང་འདྲ་བར་མིང་མེད་པ། ཐོབ་མེད་པ། སྡོམ་པ་མེད་པ། ཡོན་ཏན་མེད་པ། ཉམས་རྟོགས་མེད་པ། ཅི་ཡང་མེད་མཁན་ཞིག་རྩ་བ་ཉིད་ནས་མ་རེད། ཡང་ཁྱེད་ཀྱིས་ཁོང་རྣམ་པ་ཚོ་ནོར་བཞག་ཡོད་ས་རེད་མ་ཟེར་རོགས། མ་གཞི་ཁྱེད་ཀྱི་གླེན་རྟགས་ཚ་བོ་དེ་དང་། སྨྱོ་ཧམ་སྡུག་པ་ཅན་དེ་ལ་བསམ་ན་འདི་ཟེར་དང་དེ་མི་ཟེར་བའི་ངེས་པ་ཡོད་ས་མ་རེད། འདི་ནས་ད་དུང་དེ་ལས་ཀྱང་དོན་གལ་ཆེན་པོ་ཞིག་བཤད་སྙིང་བྲོད་པ་ནི། སྔ་འགྱུར་རྙིང་མའི་བསྟན་པར་ཤ་ཚ་མདོག་ཁ་པོ་དང་། རྙིང་མའི་བསྟན་པ་སྐྱོབ་འཇོག་གི་ཡོད་མདོག་གིས་ཁ་མང་པོ་མ་མཛད་ན་ཡག་ས་རེད། དངོས་ནས་ཁྱེད་ཅག་ཁ་ཤས་ཞིག་གིས་རྙིང་བསྟན་རྨང་ནས་བཤིགས་ཀྱིན་འདུག དེ་ཧ་གོ་དགོས་ས་རེད། རྙིང་མ་སང་གི་ཚབ་ཡིན་མདོག་གིས་ལོག་བཤད་ཉེས་བཤད་མང་པོ་མ་མཛད་ན་བཟང་། སྔ་འགྱུར་རྙིང་མ་སང་ཟེར་བ་དེ་ཁྱེད་ཀྱིས་ཤེད་ལ་བསྡུར་དགོས་པའི་ཚད་ཙམ་ལ་ཐུག་ཨེ་ཡོད་ན། གལ་སྲིད་དེ་འདྲ་ཞིག་ཡིན་སྲིད་ན་དངོས་ནས་ཅི་བྱས་ཀྱང་ད་ཚར་འདུག དེ་བས་མི་ཆུང་ཆུང་གིས་གཏམ་ཆོ་མེད་བཤད་ནས་མགོ་རྣ་མ་བཙོང་། བརླ་མ་རྡུང་། མི་འདི་ཚོ་ལ་དགེ་རྒན་དང་བླ་མ་རེ་ཡོད་ན་ཁ་ཏ་སློབ་གསོ་ཡག་པོ་གཏོང་དགོས་ས་རེད། ངན་ལང་ལ་སོང་བ་ཚོད་ཅིག་མི་འདུག དངོས་ནས་ཡིན་ད། ཁོ་ཚོས་འདི་ལྟར་ཉོག་བཤད་མང་པོ་བྱས། དཀྲུགས་ཤིང་མང་པོ་རྒྱབ་ན་ཉེན་ཁ་ཆེན་པོ་ཡོད་པ་ཀུན་གྱིས་མཁྱེན་ངེས་པས་བསྟན་པ་ཤེས་ནས་འཛིན་མཁན་ཡོངས་ཀྱིས་ཐུགས་ལ་འཛིན་རྒྱུའི་ཚིག་ཡིན། རུམ་ལ་བཅུག་རྒྱུའི་བྲོ་ཡིན། ད་དུང་དྷི་ཀློང་ཆེན་ཟེར་བའི་དཀྲུགས་ཤིང་རྐྱང་རྐྱང་བརྒྱབ་ནས་འདུག་མཁན་ཞིག་ཡོད་པ་དེར་ཡང་བརྡ་ཞིག་གཏོང་འདོད་བྱུང་། དྲྭ་ཚོམས་ཞིག་ཏུ་ཁྱོད་ཀྱིས་མདོ་སྨད་ཆོས་ལྟེ་བ་བྱང་“བླ་བྲང་བཀྲིས་འཁྱིལ་བའི་ལྷ་ཁང་གི་སྒོ་གདན་ཞབས་ན་རྙིང་མའི་བླ་མ་ཅི་ཞིག་མ་མནན་པ་བརྒྱབ་ཡོད་རེད། ང་བླ་བྲང་ལ་སོང་མྱོང་། ཡིན་ན་ཡང་ལྷ་ཁང་ནང་འགྲོ་མ་མྱོང་། ཁྱེད་ཚོ་མ་སོང་ན་ཡག ཁྲི་ཆེན་གུང་ཐང་བསྟན་པའི་དབང་ཕྱུག་ནི་སྔ་འགྱུར་རྙིང་མའི་གཞང་བཅུ་ཚང་བའི་དགྲ་བོ་ཡིན་”ཟེར་ནས་བཤད་ཀྱིན་འདུག་ཨ། ད་སོམ་དང་ག་འདྲ་འདུག འདི་ཚོས་ཅི་ཞིག་དྲན་གྱིན་ཡོད་ས་རེད། དངོས་ནས་འདང་མི་ཕོག་པ་ཞིག་མ་རེད་དམ། ད་ལྟའི་ཆར་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་དག་གི་ཁྲོད་ན་ཅུང་ཟད་བསྟན་པ་རྒྱས་ཀྱིན་ཡོད་པ་དང་རེ་ལྟོས་ཆེས་ཆེ་ས་དེ་ནི་དགེ་ལུགས་ཚང་རེད། དེ་གཞང་བཅུ་ཚང་བའི་དགྲ་བོ་རེད་ཟེར་ན་ག་རེ་ཟེར་རེད། ངོ་མ་འདི་ལྟར་དཀྲུགས་ཤིང་མ་གཏོགས་ཅི་ཡང་མེད་མཁན་གྱི་མི་དག་གི་ཁ་ལ་གཟའ་རྒྱོབ། མིག་ནང་ཐལ་བ་ཐོབས། ད་དུང་ཁོ་བ་ཅག་ཚད་མར་བྱེད་མཁན་གྱི་མི་དག་ནི་ཅི་འདྲའི་ཡ་ང་བ་ཞིག་མ་རེད་ཨང་། ཁྱེད་ཅག་གིས་བློ་རྣལ་དུ་ཕབ་ནས་བསམ་བློ་ཡག་པོ་གཏོང་དང་། ནང་འཁྲུགས་དག་དག་མ་བྱས་ན་མི་ཆོག་གམ། ལོ་སྔོན་མར་རབ་སྔགས་གཉིས་འཁྲུགས་པ་རེད། དེ་སྔོན་ཙམ་ལ་དགེ་བཅུའི་ཁྲིམས་ཀྱི་ཐད་ནས་འཁྲུགས་པ་རེད། དེ་སྔོན་ལ་ཤ་ཟ་མི་ཟའི་སྟེང་ནས་འཁྲུགས་པ་རེད། དེ་དག་ཕལ་ཆེ་བ་རག་དུང་ཁ་ཅན་གྱི་རྙིང་མ་སང་གི་གཟེ་མ་ར་མགོ་དེ་ཚོས་དཀྲུགས་ཤིང་བཞག་པ་རྐྱང་རྐྱང་རེད། ད་ཁོ་ཚོས་འདྲེ་ལག་དེ་ནང་ཁུལ་ལས་བརྒྱ་བཀྱེད་ནས་ཆོས་བརྒྱུད་གཞན་གྱི་ནང་དུ་སྲིང་ཡོང་གི་འདུག དེ་བས་གཟོབས་ཤིག་ཨང་ཞེས་ཞོར་དུ་བསྒྲགས་གཏམ་ཞིག་ཀྱང་སྤེལ་བ་ཡིན། སེམས་གཏམ་དང་བདེན་གཏམ་འདྲེས་མའི་གཏམ་དུས་ཐོག་ཆར་བ་འདི་ད་ནས་མཚམས་བཞག་ཀྱང་ཆོག་པ་འདྲ་བས་ད་དེ་ཡིན། བཀྲིས་བདེ་ལེགས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4167
དཔྱད་མཆན་སྤེལ།