མི་ཡུལ་འདི་ན་དངོས་གནས་བྱང་ཆུབ་སེམས་དཔའ་ཡིན་པའི་ཉམས་ལེན་པ་ཞིག་ཡོད་དམ། བདག་གིས་ནི་ནང་ཆོས་ཉམས་ལེན་བྱས་ན་མིག་མཐོང་ལག་ཟིན་གྱི་འབྲས་བུ་རྡོག་རྡོག་ཅིག་ཡོད་མེད་མྱུར་དུ་ཤེས་པར་འདོད། གུས་པས་མཚོ་སྔོན་དཔལ་མེ་དགོན་ནས་ནང་ཆོས་སློབ་སྦྱོང་བྱེད་སྐབས་བླ་མ་རྣམ་གཉིས་ཀྱི་ཞལ་ནས། ཁོ་རང་གཉིས་ཀྱི་སེམས་ནང་གི་བྱང་ཆུབ་སེམས་དཔའ་དེ་རྒྱལ་དབང་ཀརྨ་པ་དང་སི་ཏུ་རིན་པོ་ཆེ་རྣམ་གཉིས་ཡིན་ཚུལ་གསུངས་པ་ན་ང་རང་ཐད་ཀར་རྒྱ་གར་དུ་བསྐྱོད་པའི་སེམས་ཐག་བཅད་པ་ཡིན།
སྤྱི་ལོ་༢༠༠༣ལོའི་དབྱར་ཁར་མཚོ་སྔོན་དཔལ་མེ་དགོན་ནས་རི་ཞོལ་དུ་བབས་ཤིང་། གྲོགས་པོའི་ལམ་སྟོན་འོག་ནས་ཧོན་ཀང་香港བརྒྱུད་དེ་ཐད་ཀར་རྒྱ་གར་དྷི་ལི་གསར་པ་རུ་འཕུར་ཞིང་། དེའི་ཕྱི་ཉིན་ལ་རླངས་འཁོར་ཞིག་གླས་ཏེ་དྷ་རམ་ས་རུ་(达兰萨拉 Dharamsala)ཤར་སྐྱོད་བྱས་པས་དུས་ཚོད་བཅུ་གཉིས་ཀྱི་རྗེས་སུ་གཞི་ནས་འབྱོར་བྱུང་། ང་ཚོས་སྔ་ས་ནས་དེའི་ཕྱི་ཉིན་ལ་རྒྱུད་སྟོད་གྲྭ་ཚང་ནས་རྒྱལ་དབང་ཀརྨ་པ་མཇལ་བའི་ཁ་ཆད་བྱས་ཡོད་པ་རེད།
ཀརྨ་པ་ནི་བོད་བརྒྱུད་ནང་བསྟན་གྱི་བཀའ་བརྒྱུད་པའི་དབུ་ཁྲིད་དང་། ལོ་རྒྱུས་ཐོག་ཏུ་སྤྲུལ་སྐུའི་ལམ་ལུགས་ཐོག་མར་སྲོལ་གཏོད་པ་པོ་ཡིན་ཞིང་། ད་སྐབས་ཀྱི་དམ་པ་ཁོང་ནི་ཀརྨ་པའི་སྐུ་ཡི་ཕྲེང་བ་བཅུ་བདུན་པར་ཁེལ་ཡོད། ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་大宝法王 ཞེས་པའི་གོ་གནས་ཀྱི་མིང་དེ་ནི་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོ་永乐་མཆོག་གིས་ཀརྨ་པ་སྐུ་ཕྲེང་ལྔ་པ་ལ་སྩལ་བའི་མཚན་ཡིན་ཞིང་། ད་ལམ་ཀརྨ་པ་མཆོག་གིས་མཛད་བྲེལ་ལ་མ་ལྟོས་པར་ངེད་ལ་མཇལ་ཁ་གནང་བར་ཧ་ཅང་བཀའ་དྲིན་ཆེ་སོང་། དམ་པ་ཁོང་ལ་ང་རང་གིས་སྔོན་ཆད་ནང་ཆོས་བསླབས་པའི་བརྒྱུད་རིམ་སྙན་གསན་ཕུལ་ཞིང་། དེ་དང་མཉམ་དུ་ཐེངས་འདིིའི་འགྲུལ་བཞུད་ཀྱི་དམིགས་ཡུལ་གཙོ་བོ་མཁན་པོ་ཞིག་གིས་ཀརྨ་པ་ནི་ཁོའི་སེམས་ནང་གི་བྱང་ཆུབ་སེམས་དཔའ་ཡིན་ཞེས་གསུངས་སོང་བ་དེ་ཡིན་ཚུལ་གསལ་བཤད་བྱས།
དེ་ནས་སྤོབས་པ་བསྐྱེད་དེ་ཀརྨ་པ་ཁོང་ལ། ཁྱེད་རང་ཆུ་གསོལ་བ་དང་གཅིན་འཐུང་བ་གཉིས་ལ་ཁྱད་པར་གང་ཡང་མེད་པའི་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞིག་ཡིན་ནམ་ཞེས་བཀའ་འདྲི་ཞུས་པས། དེ་ལ་ཁོང་གི་ཞལ་ནས། ངས་དེ་འདྲ་མི་ནུས། བདག་ལ་ཀརྨ་པའི་མིང་ཡོད་ན་ཡང་ལུས་རྟེན་བརྗེ་བས་སྐྱེ་བ་འདིའི་ང་རང་ལོ་ན་ཆུང་བ་མ་ཟད་ད་དུང་སློབ་སྦྱོང་བྱེད་དགོས་པ་ཡང་མང་པོ་ཡོདཔ་རེད། གང་ལྟར་ངས་འབད་པ་ཆེན་པོས་ཀརྨ་པ་ཞིག་བྱེད་ཀྱིན་ཡོད། ད་ལྟའི་ང་རང་གིས་ཆུ་དང་གཅིན་གཉིས་ཁྱད་མེད་དུ་ལྟ་མི་ཐུབ་ན་ཡང་། སྔོན་ཆད་ཀྱི་ཀརྨ་པ་ལ་དངོས་གནས་ནུས་པ་དེ་འདྲ་ལྡན་པའི་ཡིད་ཆེས་ང་རང་ལ་ཡོད་ཅེས་གསུངས་སོང་།
ཀརྨ་པས་རྒྱ་ཡིག་ཡག་པོ་དགོངས་པས་ཉིན་དེའི་གཏལ་འཁེལ་གྱི་དུས་ཚོད་མ་རྫོགས་བར་དུ་ངེད་གཉིས་ཁ་བརྡ་ཡིད་ཚིམ་པ་ཞིག་བྱས་ཏེ། ཉིན་རྗེས་མར་སླར་ཡང་མཇལ་འཛོམས་བྱེད་པའི་ཁ་ཆད་བཏབ་པ་ཡིན། ཉིན་རྗེས་མའི་མཇལ་འཕྲད་སྐབས་སུ། བདག་གིས་སྐྱེ་འཆི་ལས་བརྒལ་ཏེ་ཚེ་སྲོག་གི་བདེན་པ་འཚོལ་ན་འདོད་པས། ང་རང་མཚམས་ལ་འདུག་དགོས་སམ་ཞེས་ཞུས། དེ་ལ་ཁོང་གིས། ངས་བསམ་ན་ཁྱེད་རང་ད་ལྟ་མཚམས་ལ་བསྡད་ན་དེ་འདྲ་འོས་འཚམ་མ་རེད་སྙམ། མུ་མཐུད་དུ་འཇིག་རྟེན་རང་ནས་སྒོམ་སྒྲུབ་ལ་འབད་པ་བྱེད་ཞོར། ངེས་པར་དུ་གློག་བརྙན་གྱི་ལས་རིགས་ལེགས་འགྲུབ་བྱས་ན་བཟང་། ཁྱེད་ཀྱིས་མཚམས་མི་ཆད་པར་གཏིང་ཟབ་མོར་བཙལ་ན་ནམ་ཞིག་དྲིས་ལན་རྙེད་ངེས་རེད། མ་གཞིར་ལོ་གསུམ་དང་། དྲུག། དགུ་ཙམ་ལ་སྒོམ་སྒྲུབ་མཛད་པའི་ཉམས་ལེན་པ་རྣམས་ལ་ལྟོས་དང་། ཁྱོད་ཀྱིས་ཀྱང་སྔོན་ཆད་སྒོམ་དེ་འདྲ་རྒྱག་མྱོང་མེད་པ་ཁྱོས་ཇི་ལྟར་ཤེས་ཨང་ཞེས་གསུངས་སོང་།
དེ་ནས་ངས་ཁོང་ལ་ཆོས་འབྲེལ་གནང་བའི་གསོལ་བ་བཏབ་པས། ཁོང་གིས་ཉིན་གསུམ་པ་ལ་སྐྱབས་འགྲོའི་སྡོམ་པ་དང་། ཁྱད་པར་དུ་སོ་སོ་ཐར་བའི་སྡོམ་པ་སྦྱིན་རྒྱུ་ཞལ་གྱིས་བཞེས་སོང་། སོ་སོ་ཐར་བའི་སྡོམ་པ་ཞེས་པ་ནི་ཆེས་གཞི་རྩ་གྱུར་པའི་དགེ་བ་ཞེས་པའི་དོན་ཏེ། མདོར་ན་དེས་ང་རང་ཚོ་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་ལས་ཐར་དུ་འཇུག་པ་ཡིན།
སྲོལ་རྒྱུན་གྱི་འགྲོ་ལུགས་ལྟར་ན། སྐྱབས་སྡོམ་བྱིན་རྗེས་བླ་མས་ཆོས་མིང་ཞིག་གནང་དགོས་པ་ཡིན་སྟབས། ཀརྨ་པའི་ཞལ་ནས། མདང་ནུབ་བདག་གིས་ལྭ་བ་དཀར་པོ་གྱོན་པའི་བགྲེས་པོ་སྐྲ་དཀར་ཅན་ཞིག་ངའི་མདུན་དུ་འགྲེང་འདུག་པ་རྨིས་སོང་། བགྲེས་པོ་དེས་ང་ལ། ཁྱེད་རང་རྒྱ་ཡུལ་དུ་བྱོན་ཏེ་དམ་ཆོས་སྤེལ་དུས་རྒྱ་མིང་ཞིག་ཡོད་དགོས་པས་ད་མིང་ལ་ལིན་འར་怜儿ཞེས་ཐོགས་ཤིག་ཟེར་སོང་། ངས་ད་ལྟ་མིང་དེ་བོད་སྐད་དུ་ཀརྨ་སྙིང་རྗེའི་བུ་ཞེས་བསྒྱུར་ཡོད། འདི་ད་རེས་ཁྱོད་ཀྱི་སྐྱབས་འགྲོའི་མིང་ཡིན་ཆགས་གྱིས་ཞེས་གསུངས་སོང་།
དེ་ནས་ཀརྨ་པ་མཆོག་གིས་བདག་ལ་ཚིག་བདུན་གསོལ་འདེབས་ཀྱི་ལུང་གནང་བའི་བཀའ་དྲིན་བསྐྱངས་བྱུང་། དེ་ནི་བོད་བརྒྱུད་ནང་བསྟན་ཁྲོད་ནས་རྒྱུན་མཐོང་གི་གསོལ་འདེབས་ཡིག་ཆ་ཚིག་ཉུང་ཞིང་བྱིན་རླབས་ཆེ་བ་ཞིག་རེད། དེ་རྗེས་ཁོང་གི་ཞལ་ནས། ཡི་གི་དེ་ནི་ཁོང་ཉིད་སྐུ་ན་ཆུང་ངུའི་ནས་ཀྱང་སློབ་སྦྱོང་གནང་བ་མ་ཟད། མི་ཚེ་གང་བོར་ཆད་མེད་དུ་རྒྱུན་འདོན་བྱས་པས་དེས་ཁོང་ལ་ཕན་ཆེན་པོ་བཏགས་ཚུལ་གསུངས་བྱུང་། དེས་ན་ཁོང་གི་རེ་བ་ནི་ང་ལ་དེའི་ལུང་གནང་བས་ངའི་ཉམས་ལེན་ལ་ཕན་ཐོགས་པ་དེའོ། །
ཞེས་སྐར་ཆེན་ལིས་ལེན་ཅིན་གྱིས་བརྩམས་པའི་རང་ཉིད་ཀྱི་ལོ་རྒྱུས་ཏེ། སྐྱེ་འཆི་ལས་བརྒལ་བ། ལིས་ལེན་ཅིན་གྱིས་ལིས་ལེན་ཅིན་འཚོལ་བ། ཞེས་པའི་དཔེ་ཆ་ལས་ཁོལ་དུ་ཕྱུང་སྟེ་ཤིང་དྲུང་པའམ་དངོས་མིང་ལ་རྡོ་རྗེ་ཚེ་རྒྱལ་ཞེས་འབོད་པས་སྤྱི་ལོ་༢༠༠༢༣ལོའི་ཟླ་བ་༡༠པའི་ཚེས་༡༩ཉིན་གྱི་ཞོགས་པར་བསྒྱུར་རོ། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4161
དཔྱད་མཆན་སྤེལ།