གླེང་གཞི།
དེ་ཡང་དབུ་མའི་གཞུང་ལུགས་ལ་དཔྱོད་པའི་སྐབས་སུ་རྟོག་གེ་འབར་བ་རྩ་འགྲེལ་དེ་ཤིན་ཏུ་གལ་ཆེ་བའི་དཔྱད་གཞིའི་ཡིག་ཆར་གཏོགས་མོད་ཀྱང་། དེ་ཉིད་ཀྱི་རྩོམ་པ་པོ་གང་ཡིན་ཐད་ལ་བོད་ཀྱི་མཁས་པའི་ཚོགས་སུ་གཅིག་འགྱུར་གྱི་ལྟ་ཚུལ་ཞིག་བྱུང་མེད་པ་ནི་ཤིན་ཏུ་མ་ལེགས་ཏེ། དེ་ཉིད་ཀྱི་ལུང་ཞིག་འདྲེན་དགོས་ཀྱང་སློབ་དཔོན་གང་གི་དགོངས་པ་ཡིན་ཐག་མ་ཆོད་པའི་དཀའ་ངལ་དང་ཕྲད་ནས་ཡོད་པས་སོ། །སྔོན་དུ་བྱོན་པའི་གངས་ཅན་གྱི་མཁས་པ་ཕལ་ཆེ་བས་དེ་ཉིད་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་དུ་གྱུར་པའི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པར་འདོད་ལ། ཁ་ཤས་ཀྱིས་དེ་ཉིད་ལེགས་ལྡན་འབྱེད་ཆུང་བས་མཛད་པའི་ལྟ་ཚུལ་འཛིན་ན་ཡང་། ཕྱོགས་གཉིས་ཀས་དེ་ལྟར་ཡིན་པའི་རྒྱུ་མཚན་གསུངས་པ་ནི་མ་མཇལ་ལོ། །དེང་དུས་སུ་དགེ་བའི་བཤེས་གཉེན་ཆེན་པོ་རུ་གྲགས་པ་འགའ་ཞིག་གིས་འདིའི་སྐོར་ནས་དཔྱོད་རྩོམ་བྲིས་འདུག་ཀྱང་དོགས་སློང་ཙམ་ལས་ངེས་པ་སྟེར་བ་རང་ནི་མི་འདུག་ཅིང་། ཀུན་མཁྱེན་མི་བསྐྱོད་པས་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་དུ་གྱུར་པའི་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་བཞེད་པ་བརྗོད་པའི་སྐབས་སུ་སྒྲུབ་བྱེད་དུ་རྟོག་གེ་འབར་བའི་ལུང་དྲངས་པ་དེ་མི་འཐད་ཅེས་བདག་གི་ཆོས་ཀྱི་གྲོགས་པོ་ཞིག་གིས་རྟོག་གེ་འབར་བ་རྩ་འགྲེལ་དང་བཅས་པ་དབུ་མ་རིན་པོ་ཆེའི་སྒྲོན་མ་རྩོམ་པ་པོས་མཛད་པའི་ལྟ་ཚུལ་བཟུང་ནས་འཇུག་འགྲེལ་དྭགས་བརྒྱུད་གྲུབ་ཤིང་གི་ཆ་ཤས་འགའ་ལ་དགག་པ་བྲིས་སོ། །དེ་ལ་སོགས་པའི་རྒྱུ་རྐྱེན་དུ་མས་རྐྱེན་བྱས་ཏེ་རྟོག་གེ་འབར་བ་རྩ་འགྲེལ་རྩོམ་པ་པོ་གང་ཡིན་སྒྲོ་འདོགས་གཅོད་ནུས་པའི་དཔྱད་རྗོད་ཅིག་དགོས་གལ་ཆེ་བར་མཐོང་ནས་འདི་ཉིད་འབྲི་བ་ལ་ཞུགས་སོ། །
རྟོག་གེ་འབར་བ་རྩ་འགྲེལ་ནི་ཤེས་རབ་སྒྲོན་མ་རྩོམ་པ་པོའི་སློབ་དཔོན་ལེགས༭་ལྡན་འབྱེད་ཀྱིས་བརྩམས་པའི་ཁུངས་བསྟན་པ།
དེ་ཡང་དབུ་མ་རང་རྒྱུད་པའི་ཤིང་རྟ་པ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས། ཅི་སྟེ་མདོ་སྡེ་ལས་དོན་དམ་པར་ནི་བརྟག་མི་ནུས་པ་དང་། རྟོག་གེའི་སྤྱོད་པ་མ་ཡིན་པར་བསྟན་པའི་ཕྱིར་རྗེས་སུ་དཔག་པས་བསྟན་པར་བྱ་བ་དེ་བཞིན་མ་ཡིན་ནོ་ཞེ་ན། ལུང་དང་མཐུན་པའི་རྗེས་སུ་དཔག་པའི་སྟོབས་ཉིད་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་བཀག་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་འགྲུབ་པའི་ཕྱིར་དོན་དམ་པ་ནི་རྗེས་སུ་དཔག་པའི་ཡུལ་མ་ཡིན་ཡང་དེ་གཙོ་བོ་མ་ཡིན་ཏེ། ཡང་དག་པ་དང་ཡང་དག་པ་མ་ཡིན་པ་བརྟགས་པའི་སྒྲུབ་པ་གཞན་མེད་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །དཔྱད་པ་རྒྱས་པར་ནི་དབུ་མའི་སྙིང་པོའི་དེ་ཁོ་ན་ལ་འཇུག་པའི་སྐབས་ནས་རྣལ་འབྱོར་སྤྱོད་པ་པ་དག་དང་ལྷན་ཅིག་བྱེད་པར་འགྱུར་རོ། །[1] ཞེས་མདོ་སྡེ་ལས་དོན་དམ་རྟོག་གེའི་སྤྱོད་ཡུལ་མ་ཡིན་པར་གསུངས་པའི་ལུང་དང་མི་འགལ་བའི་དཔྱད་པ་རྒྱས་པར་ནི་དབུ་མ་སྙིང་པོའི་ནང་དུ་རྣལ་འབྱོར་སྤྱོད་པ་དག་དང་ལྷན་ཅིག་ཏུ་བྱེད་ཅེས་དེའི་སྐབས་སུ་བསྟན་པར་ཞལ་འཕངས་མཛད་ལ། དབུ་མ་སྙིང་པོའི་ནང་དུ་ཇི་ལྟར་དཔྱད་པ་རྒྱས་པར་བྱས་པའི་ཚུལ་ནི། རྣལ་འབྱོར་སྤྱོད་པ་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པ་སྟེ་ལེའུ་ལྔ་པའི་འགྲེལ་པའི་སྐབས་ཀྱི་རྟོག་གེ་འབར་བ་ལས། འདིར་སྨྲས་པ། མདོ་སྡེ་ལས། དོན་དམ་པ་ནི་རྟག་ཏུ་མེད་པ་དང་། རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་གསུངས་པས་མངོན་སུམ་གྱི་ཡུལ་ཡིན་པར་གསུངས་པ་ཡིན་ན་ཁྱེད་ཀྱིས་ནི་དོན་དམ་པར་རྟོགས་པར་བྱ་བ་མ་ཡིན་པར་བསྟན་པས་རྟོག་གེའི་སྤྱོད་ཡུལ་ཡིན་ཏེ། མཐོ་རིས་ལ་སོགས་པ་བཞིན་ནོ་ཞེས་སྨྲས་པས་ལུང་དང་འགལ་ལོ་ཞེ་ན། ཕ་རོལ་པོ་དག་གི་བསམ་པ་དེ་བཟློག་པའི་ཕྱིར་བཤད་པ། གལ་ཏེ་དེ་ཉིད་རྟོག་གེ་ཡི། །སྤྱོད་ཡུལ་མིན་ཕྱིར་རྗེས་དཔག་པས། །དེ་མི་རྟོགས་པ་དེ་ཡི་ཕྱིར། །ཆོས་རྣམས་ཆོས་ཉིད་བརྟག་མིན་ན། །ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་དེ་ལྟར་སེམས་ནའོ། །འདི་ལ་རྗེས་དཔག་སྐྱོན་མེད་པ། །ལུང་གི་རྗེས་སུ་སྒྲུབ་བྱེད་པས། །བརྟགས་པའི་རྣམ་རྟོག་ཆུ་བོ་དག །སྣ་ཚོགས་མ་ལུས་བསལ་མཛད་ནས། །ཞེས་བྱ་བ་ནི་འདི་ལ་བཅོམ་ལྡན་འདས་ཀྱིས་དང་པོར་རྗེས་སུ་དཔག་པའི་ཤེས་པ་སྐྱོན་མེད་པ་ལུང་གི་རྗེས་སུ་སྒྲུབ་པར་བྱེད་པས་རང་དང་གཞན་གྱི་གཞུང་ལུགས་ཀྱིས་ཡོངས་སུ་བརྟགས་པའི་རྣམ་པར་རྟོག་པའི་ཆུ་བོ་སྣ་ཚོགས་མ་ལུས་པ་དག་བསལ་བར་མཛད་ནས་དེའི་འོག་ཏུ། སངས་རྒྱས་རྣམ་རྟོག་མི་མངའ་བ། །དགོངས་པ་མཁའ་མཉམ་ཡེ་ཤེས་ཀྱིས། །ཤེས་བྱ་མཐའ་དག་ཇི་བཞིན་དུ། །ཆོས་རྣམས་གཞག་པ་ཉིད་རྟོགས་ཤིང་། ། མིང་ལ་སོགས་པ་ཐོབ་པ་ཉིད། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། བརྗོད་པར་བྱ་བ་མ་ཡིན་པ་དང་། འདུས་མ་བྱས་ཞེས་བྱ་བ་ཤེས་བྱ་རྣམ་པ་ལྔ་པོ་མི་དམིགས་པ་ནི་ནམ་མཁའ་མཉམ་པའི་སེམས་སོ། །རྣམ་པར་མི་རྟོག་པའི་མངོན་སུམ་གྱི་ཡེ་ཤེས་ཀྱི་སྐད་ཅིག་མའོ། །ཉེ་བར་བརྟགས་ནས་གཟིགས་པ་ཞེས་བྱ་སྟེ། གཟིགས་པ་མེད་པའི་ཚུལ་གྱིས་སོ། །དེས་ན་རྗེས་སུ་དཔག་པའི་ཡུལ། །དེ་ཉིད་ཡིན་པར་སྒྲུབ་མི་ནུས། །དེ་ཉིད་ཤེས་པའི་མི་མཐུན་ཕྱོགས། །གང་ཡིན་དེ་ནི་དེས་ཟློག་བྱེད། །རྣམ་པར་མི་རྟོག་པའི་དེ་ཁོ་ན་ཉིད་ཀྱི་ཤེས་པའི་མི་མཐུན་པའི་ཕྱོགས་བརྟགས་པ་ཞེས་བྱ་བ་དེ་ནི་རྗེས་སུ་དཔག་པའི་ཤེས་པ་འདིས་ཟློག་པར་བྱེད་པ་ཡིན་གྱི། རྗེས་སུ་དཔག་པའི་སྤྱོད་ཡུལ་དུ་དེ་ཁོ་ན་ཉིད་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ་ཞེས་སྦྱར་བར་བྱའོ། །[2]ཞེས་སོགས་འབྱུང་ངོ་། །
དེ་ལྟར་དབུ་མའི་སྙིང་པོའི་དེ་ཁོ་ན་ལ་འཇུག་པའི་སྐབས་ནས་རྣལ་འབྱོར་སྤྱོད་པ་པ་དག་དང་ལྷན་ཅིག་བྱེད་ཅེས་ཤེས་རབ་སྒྲོན་མ་ལས་ཞལ་འཕངས་བྱས་པ་ལྟར་དུ། དབུ་མ་སྙིང་པོ་རྩ་འགྲེལ་ལས་རྣལ་འབྱོར་སྤྱོད་པ་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པའི་སྐབས་སུ་ཤིན་ཏུ་ཁ་གསལ་བར་འབྱུང་བ་འདིས་ད་སྐབས་བོད་ཀྱི་བསྟན་འགྱུར་ཁྲོད་བཞུགས་པའི་རྟོག་གེ་འབར་བ་རྩ་འགྲེལ་དེ་ཤེས་རབ་སྒྲོན་མ་མཛད་པ་པོའི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ་ལེགས་པར་ཐག་ཆོད་པས། ཤེས་རབ་སྒྲོན་མའི་འགྲེལ་བཤད་ལས། དཔྱད་པ་རྒྱས་པར་ནི་དབུ་མའི་སྙིང་པོ་འདི་ཁོ་ན་ལ་འཇུག་པའི་སྐབས་ནས་རྣལ་འབྱོར་སྤྱོད་པ་པ་དག་དང་ལྷན་ཅིག་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་དབུ་མ་པའི་གཞུང་བསྟན་པ་དང་། རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་དག་གི་གཞུང་མི་འཐད་པར་དཔྱད་པ་རྒྱས་པར་ནི། སློབ་དཔོན་ལེགས་ལྡན་བྱེད་ཉིད་ཀྱིས་དབུ་མའི་རྩ་བའི་ཚིག་ལེའུར་བྱས་པ་དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ཞེས་བྱ་བའི་ནང་ནས་རྣལ་འབྱོར་སྤྱོད་པ་པའི་དེ་ཁོ་ན་ལ་འཇུག་པ་ཞེས་བྱ་བའི་སྐབས་ནས་སྟོན་པར་འགྱུར་རོ་ཞེས་བྱ་བར་ཡང་སྦྱར་རོ། །[3]ཞེས་འབྱུང་བ་དེ་ཤིན་ཏུ་འཐད་པ་དང་བཅས་པར་མཐོང་ངོ་། །
དེ་ལྟར་མ་ཡིན་ཏེ། དབུ་མ་སྙིང་པོ་ལས། སྟོན་པའི་རྣམ་པར་མི་རྟོག་བློ། །སྐུ་ལ་བརྟེན་པ་མ་ཡིན་ཏེ། །ལུས་ཅན་ཡིན་ཕྱིར་བ་རྫི་ཡི། །ལུས་ལ་ཇི་ལྟ་བ་བཞིན་ཟེར། །ཞེས་པ་དེ་འགྲེལ་བའི་སྐབས་སུ་རྟོག་གེ་འབར་བ་ལས།
ཅིའི་ཕྱིར་ལུས་ཅན་ཡིན་པའི་ཕྱིར་ཏེ། གང་དང་གང་ལུས་ཅན་ཡིན་པ་དེ་དང་དེ་ནི་རྣམ་པར་མི་རྟོག་པའི་སངས་རྒྱས་ཀྱི་རྟེན་མ་ཡིན་ནོ། །དཔེ་ཅི་ཡོད། ཇི་ལྟར་བ་ལང་རྫི་ལ་སོགས་པའི་ལུས་བཞིན་ནོ། །འདིས་ནི་སངས་རྒྱས་ཡེ་ཤེས་ཀྱི་སྐད་ཅིག་མ་ཉིད་ཡིན་པར་སེམས་ཤིང་། ཐེག་པ་ཆེན་པོ་ལས་རབ་ཏུ་གྲགས་པའི་སྐུ་གསུམ་དུ་རྣམ་པར་གཞག་པ་ནི་མི་འགྲུབ་པར་བསྟན་ཏེ། དེ་ལྟར་གཞན་དག་འདོད་ཅིང་སྒྲོགས་པའི་གཞན་གྱི་ལང་སྨྲ་བའི་ཚིག་ཙམ་ཡང་བདག་ལ་སྡིག་པ་སོགས་པར་མ་གྱུར་ཅིག་ཅེས་བསམས་ནས་སློབ་དཔོན་བདག་ཉིད་ཀྱིས་འདོད་པ་མ་ཡིན་པས་ཟེར་ཞེས་བྱ་བའི་སྒྲ་བསྟན་པ་ཡིན་ནོ། །[4]ཞེས་དབུ་མ་སྙིང་པོ་མཛད་པ་པོ་དེར་སློབ་དཔོན་བདག་ཉིད་ཅེས་གསུངས་ལ། རང་གིས་རང་ལ་སློབ་དཔོན་བདག་ཉིད་ཅེས་མི་སྨྲ་བས་རྩ་འགྲེལ་གཉིས་རྩོམ་པ་པོ་སོ་སོ་ཡིན་ནོ་སྙམ་ན། མི་འཐད་དེ། ཤེས་རབ་སྒྲོན་མ་ལས། དེ་ལྟར་འདི་ནི་དབུ་མ་ཡི། །སྙིང་པོ་མདོར་བསྡུས་བྱས་པ་ཡིན། །ཞེས་འབྱུང་བའི་མཛད་བྱང་དེ་འགྲེལ་བའི་སྐབས་སུ། རྟོག་གེ་འབར་བ་ལས། བྱས་པ་ཞེས་བྱ་བ་ནི་རྣམ་པར་བཀོད་པ་སྟེ། བདག་ཤེས་རབ་ཀྱིས་དཔྱོད་པར་བྱེད་པས་སོ། །དེས་ན་བསྟན་བཅོས་བྱེད་པའི་སློབ་དཔོན་བདག་ཉིད་བསྟན་པ་ཡིན་ནོ། །[5]ཞེས་བདག་གི་ཤེས་རབ་ཤེས་ཀྱིས་དཔྱད་དེ་སྨྲས་པས་ན། སྙིང་པོ་མདོར་བསྡུས་བྱས་པ་ཡིན། །ཞེས་པ་དེས་བསྟན་བཅོས་བྱེད་པའི་སློབ་དཔོན་བདག་ཉིད་བསྟན་ཞེས། དབུ་མ་སྙིང་པོ་དེ་དེའི་འགྲེལ་བ་རྟོག་གེ་འབར་བ་རྩོམ་པ་པོ་དེ་ཉིད་ཀྱི་ཤེས་རབ་ཀྱིས་དཔྱད་ནས་བརྩམས་པ་དང་། སློབ་དཔོན་ཞེས་པ་བསྟན་བཅོས་བྱེད་པ་པོའི་སློབ་དཔོན་བདག་ཉིད་ལ་གོ་བའི་ཚུལ་གཉིས་ཀ་ཤིན་ཏུ་གསལ་བས་སོ། །དེ་བཞིན་དུ་དབུ་མ་སྙིང་པོ་ལས། ནུས་པས་ཅུང་ཞིག་བརྗོད་པར་བྱ། །ཞེས་བརྩམ་པར་དམ་བཅའ་བའི་ཚིག་དེ་འགྲེལ་བའི་སྐབས་སུ། རྟོག་གེ་འབར་བ་ལས། ནུས་པས་ཅུང་ཞིག་བརྗོད་པར་བྱ། །ཞེས་བྱ་བ་ནི་འབྲེལ་པ་ཡིན་ཏེ། ཇི་ལྟར་ཞེ་ན། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོའི་ཕྱིར། དེ་ཉིད་བདུད་རྩིའི་ཡི་གེ་དཔག་ཏུ་མེད་པ་དང་། དོན་ཤིན་ཏུ་རྒྱ་ཆེན་པོ་བཀའ་སྩལ་པ་དེའི་རྗེས་སུ་སློབ་དཔོན་གྱིས་ཀྱང་དེ་དབུ་མའི་བསྟན་བཅོས་སུ་རྒྱ་ཆེར་བསྟན་གྱི། བདག་གིས་ནི་བློ་ཞན་པ་རྣམས་དྲང་བའི་ཕྱིར་ཅི་ནུས་པས་ཅུང་ཟད་ཙམ་ཞིག་བརྗོད་པའི་ཕྱིར་རོ། །[6]ཞེས་སངས་རྒྱས་ཀྱིས་བཀའ་བསྩལ་པའི་རྗེས་སུ་སློབ་དཔོན་ཀླུབ་སྒྲུབ་ཀྱིས་དབུ་མའི་བསྟན་བཅོས་རྩ་བ་ཤེས་རབ་ལས་རྒྱ་ཆེར་བསྟན་ལ། བདག་གིས་ནི་བློ་ཞན་པ་རྣམས་དྲང་བའི་ཕྱིར་ཅི་ནུས་པས་ཅུང་ཟད་ཙམ་ཞིག་བརྗོད། ཅེས་བརྩམ་པར་དམ་བཅའ་བ་པོ་དེ་དེའི་འགྲེལ་བ་རྟོག་གེ་འབར་བ་རྩོམ་པ་པོ་རང་ཉིད་ཡིན་པ་ཤིན་ཏུ་གསལ་བར་བསྟན་ལ། གལ་ཏེ་གཞན་འགྲེལ་ཡིན་ན་འདིའི་སྐབས་སུ་བདག་གིས་ཞེས་སྨྲ་མི་སྲིད་པའི་ཕྱིར། དེ་ལྟར་དབུ་མ་སྙིང་པོའི་མཛད་བྱང་དང་བརྩམ་པར་དམ་བཅའ་བའི་ཚིག་དེ་རྟོག་གེ་འབར་བས་ཇི་ལྟར་བཀྲལ་བ་ལ་ལེགས་པར་བརྟགས་ན་ཡང་རྟོག་གེ་འབར་བ་རང་འགྲེལ་ཡིན་པ་ཐག་ཆོད་དོ། །
དབུ་མ་རིན་པོ་ཆེའི་སྒྲོན་མ་རྩོམ་པ་པོས་ལེགས་ལྡན་འབྱེད་ཡིན་ཁུལ་བྱས་པའི་གསང་བ་སྔོག་པ།
དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གཏམ་བརྒྱུད་གསེར་གྱི་ཐང་མ་ལས། སྤྱིར་གནའི་རྒྱ་གར་པ་རང་ཉིད་ཀྱིས་བྲིས་པའི་བསྟན་བཅོས་རྣམས་སྔོན་གྱི་དྲང་སྲོང་སོགས་ཀྱིས་བྲིས་ཞེས་ཁ་གཡོར་བའི་ལུགས་དེ་ཤིན་ཏུ་དར་ཆེ་བར་མངོན་ལ།[7]ཞེས་འབྱུང་བ་ལྟར་སྔོན་བྱོན་སློབ་དཔོན་གྱིས་བྱས་པར་བསྙད་དེ་བརྩམས་པའི་གཞུང་མང་པོ་ཞིག་གནའ་བོའི་རྒྱ་གར་དུ་ཡོད་འདུག་པ་ལས། དབུ་མ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བའི་བསྟན་བཅོས་ཀྱང་དེའི་གྲས་སུ་གཏོགས་པར་སྣང་སྟེ།
༡དབུ་མ་རིན་པོ་ཆེའི་སྒྲོན་མ་ལས།
བླ་མའི་བླ་མས་ཀྱང་དོན་དམ་པར་རིགས་པའི་གླུ་ལས། རང་གི་སེམས་ཉིད་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། ། འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་འདྲ་བའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པས་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་སེམས་ཉིད་སྒྱུ་མར་ཤེས་པར་བྱའོ། །[8]ཞེས་འབྱུང་བས་སོ། །འདི་ལས་ཇི་ལྟར་ཤེས་ཞེ་ན། རང་གི་སེམས་ཉིད་ཀུན་གྱི་ས་བོན་ཏེ། །ཞེས་སོགས་དོ་ཧ་མཛོད་ཀྱི་ལུང་དྲངས་པ་དེ་སློབ་དཔོན་ཀླུ་སྒྲུབ་ཀྱི་བླ་མ་བྲམ་ཟེ་སྒྲ་ཅན་འཛིན་ནམ་མཚན་གཞན་དཔལ་ས་ར་ཧ་ཞེས་གྲགས་པ་དེའི་གསུང་ཡིན་ལ། འདིར་བླ་མའི་བླ་མ་ཞེས་པའི་བླ་མ་ནི་ཀླུ་སྒྲུབ་དང་། དེའི་བླ་མ་ནི་ས་ར་ཧ་ཡིན་པས་དེའི་ཤུགས་ཀྱིས་ཁོ་རང་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་པར་བསྟན་པའོ། །དེ་ཡང་དོ་ཧ་མཛོད་ནི་སློབ་དཔོན་མེ་ཏྲཻ་པའི་དུས་སུ་གཟོད་འཛམ་བུ་གླིང་དུ་བྱུང་བས། དེའི་ལུང་དྲངས་ཤིང་ཇོ་བོ་ཡབ་སྲས་ཀྱིས་བོད་འགྱུར་མཛད་པའི་ཕྱིར་ན་དབུ་མ་རིན་པོ་ཆེའི་སྒྲོན་མ་རྩོམ་པ་པོ་ནི་སྤྱི་ལོ་དུས་རབས་བཅུ་པའི་སྐབས་སུ་བྱོན་པའི་ཚོད་དཔག་ཐུབ་ཅིང་། དུས་དེར་འཕགས་ཡུལ་དུ་སློབ་དཔོན་ཀླུ་སྒྲུབ་དང་ལེགས་ལྡན་འབྱེད་ནམ་བྱོན་དང་ཁོང་རྣམ་གཉིས་ཀྱི་འབྲེལ་བའི་སྐོར་ནས་ཇི་ལྟར་འདོད་པ་ནི། དུས་སྐབས་དེར་བྱོན་པའི་སློབ་དཔོན་ཇོ་བོ་རྗེས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མེའི་རང་འགྲེལ་ལས། སློབ་དཔོན་འཕགས་པའི་དངོས་ཀྱི་སློབ་མ་རྗེ་བཙུན་ཨཱརྱ་དེ་བ་དང་། སློབ་དཔོན་ཟླ་གྲགས་དང་། སློབ་དཔོན་བྷ་བྱ་སྣང་བྲལ་དང་། སློབ་དཔོན་ཞི་བའི་ལྷ་ལ་སོགས།[9]ཞེས་འབྱུང་བ་དང་། དེ་བཞིན་དུ་དབུ་མ་རིན་པོ་ཆེའི་སྒྲོན་མ་ལས། འཇམ་དཔལ་གྱི་རྩ་བའི་རྒྱུད་ཆེན་པོ་ལས་ཀྱང་ཇི་སྐད་དུ། དགེ་སློང་ཀླུ་སྒྲུབ་ཅེས་བྱ་བ། །རང་བཞིན་མེད་དོན་དེ་ཉིད་རིག །ས་ནི་དྲུག་པ་སྒྲུབ་པ་སྟེ། །ལོ་ནི་དྲུག་བརྒྱར་འཚོ་བར་འགྱུར། །ཞེས་གསུངས་སོ། །[10]ཞེས་འབྱུང་ལྟར་སློབ་དཔོན་ཀླུ་སྒྲུབ་ལོ་དྲུག་བརྒྱར་བཞུགས་ཤིང་། སློབ་དཔོན་ལེགས་ལྡན་འབྱེད་ནི་དེའི་དངོས་སློབ་ཡིན་པར་འདོད་པའོ། །དེ་ལྟ་བུའི་འདོད་ཚུལ་གྱི་འོག་ནས་བླ་མའི་བླ་མས་ཀྱང་དོན་དམ་པར་རིགས་པའི་གླུ་ལས་ཞེས་སྨྲས་པར་སྣང་བས་རང་ཉིད་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་དུ་གྱུར་པའི་སློབ་དཔོན་ལེགས་ལྡན་ཡིན་ཁུལ་བྱས་ཏེ་གཞུང་འདི་བརྩམས་པར་གྲུབ་བོ། །
འགའ་ཞིག་སྔགས་ཀྱི་གཞུང་རྩོམ་པ་པོའི་ཀླུ་སྒྲུབ་གཞན་ཞིག་དུས་ཕྱིས་བྱོན་ནས་དེ་ལ་བླ་མ་སྒྲ་ཅན་འཛིན་ཞུ་བ་ཞིག་ཡོད་ཅིང་། སློབ་མ་ལ་འཕགས་པ་ལྷ། ཟླ་བ་གྲགས་པ། ལེགས་ལྡན་འབྱེད་ཅེས་པ་ཞིག་ཡོད་པར་འདུག་སྙམ་པ་ནི་རྒྱ་གར་ཆོས་འབྱུང་ལས། འདིའི་དུས་༼སྤྱི་ལོ་༧༩༡—༨༥༥བར་སྲིད་སྐྱོང་བའི་རྒྱལ་པོ་དྷརྨ་པ་ལཱའི་དུས།༽གདོལ་བའི་བུ་ཞིག་ཨཱརྱ་དེ་ཝ་དང་མཇལ་བྱིན་གྱིས་བརླབས་པས་ཆོས་ཏོལ་ཤེས་སུ་བྱུང༌། བསྒོམས་པས་གྲུབ་པ་ཐོབ་སྟེ། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་སྔགས་གཞུང་མཐའ་དག་རྙེད། ཅི་རིགས་པར་བཤད་དེ་མ་ཏང་གི་པའོ། །ཡང་ཀོང་ཀ་ན་རུ་སློབ་དཔོན་སྲུང་བའི་ཞབས་ཞེས་བྱ་བ་དེས་ཟླ་གྲགས་ལ་དངོས་སུ་མཉན་ནས། སྒྲོན་གསལ་གྱི་གླེགས་བམ་ཡང་བྱུང༌།[11]ཞེས་དང་། གྲུབ་ཐོབ་མ་ཏང་གི་ཡང་ཀླུ་སྒྲུབ་ཡབ་སྲས་ཀྱི་སློབ་མར་གྲགས་པ་ནི་དུས་འདི་སྐབས་བྱུང་བ་ནི་མིན། ཕྱིས་ཞལ་མཐོང་བའོ། །[12]ཞེས་འབྱུང་བ་ལྟར་འཕགས་པ་ཡབ་སྲས་ཀྱི་སྔགས་གཞུང་ནི་གྲུབ་ཐོབ་མ་ཏང་གི་དུས་སུ་འཛམ་བུ་གླིང་དུ་བྱུང་བ་ལ། སྐབས་དེར་དེའི་མཛད་པ་པོ་སློབ་དཔོན་ཀླུ་སྒྲུབ་སོགས་བྱོན་པར་འཁྲུལ་པ་སྟེ། སྤྱིར་ཀླུ་སྒྲུབ་ཅེས་པའི་མཚན་ཅན་གཞན་ཞིག་ཕྱིས་སུ་བྱོན་ཆོག་མོད། དེའི་བླ་མ་དང་སློབ་མའི་མཚན་ཡང་རྩ་ཤེས་རྩམ་པ་པོའི་སློབ་དཔོན་ཀླུའི་བླ་མ་དང་སློབ་མའི་མཚན་འདྲ་འདྲ་ཡོང་བ་ག་ལ་སྲིད། དེ་བཞིན་དུ་དེ་ལྟའི་ཀླུ་སྒྲུབ་ཡབ་སྲས་ཀྱི་མཛད་པའི་རྣམ་ཐར་ཅི་འདྲ་ཡིན་པ་ཏིལ་འབྲུལ་ཙམ་བཤད་རྒྱུ་མི་འདུག་པས་གཏམ་མི་བདེན་པའོ་ཞེས་པ་ནི་ཞར་ལས་བྱུང་བའོ། །
༢གཞན་ཡང་དབུ་མ་རིན་པོ་ཆེའི་སྒྲོན་མ་ལས།
དེ་བས་དེ་དག་བདག་གི་གཞུང་ཆེན་པོ་མང་པོ་དག་བཀོད་པ་ནི། ཕྱི་རོལ་གྱི་དབུ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །ཕ་རོལ་རྒོལ་བ་ཟློག་པ་དང་། །བསྟན་བཅོས་ཆེན་པོའི་གཞུང་དང་ནི། །རྩོད་པ་ཆེན་པོ་བྱུང་དུས་སུ། །རིགས་(རགས་)པའི་དབུ་མའི་གཞུང་སྨྲ་བྱ། །དེ་ཉིད་དོན་ལ་གཙོར་བྱེད་ཅིང་། །རྣལ་འབྱོར་ཉམས་སུ་ལེན་དུས་སུ། །ཕྲ་བའི་རྣལ་འབྱོར་བསྒོམ་པར་བྱ། །འདི་ནི་ཞལ་གྱི་གདམས་པ་ཡིན། །[13]ཞེས་ཁོ་རང་གིས་བྲིས་པའི་གཞུང་ཆེན་པོ་རྣམས་ནི་ཀུན་རྫོབ་ཀྱི་རྣམ་གཞག་ཉན་ཐོས་ཀྱི་ཚུལ་དུ་སྨྲས་པའི་ཕྱི་རོལ་གྱི་དབུ་མ་རགས་པ་ཡིན་ཞེས་ཤེས་རབ་སྒྲོན་མ་དང་རྟོག་གེ་འབར་བ་སྟེ་མདོ་སྡེ་སྤྱོད་པའི་དབུ་མའི་གཞུང་དེ་དག་ཁོ་རང་གི་ཡིན་པའི་རྣམ་པ་བསྟན་ནོ། །འདིར། རྣལ་འབྱོར་ཉམས་སུ་ལེན་དུས་སུ། །ཕྲ་བའི་རྣལ་འབྱོར་བསྒོམ་པར་བྱ། །ཞེས་པ་དེས་ནི་རང་ཉིད་ཀྱི་དགོངས་བཞེད་མཐར་ཐུག་གམ་ཉམས་ལེན་ནི་ཀུན་རྫོབ་ཀྱི་རྣམ་གཞག་སེམས་ཙམ་དུ་སྨྲ་བའི་ནང་གི་དབུ་མ་ཕྲ་བ་ཞེས་བྱ་བ་དེ་ལ་བྱེད་ཀྱི་ཡོད་པའི་རྣམ་པ་བསྟན་པས། འདི་ནི་སློབ་དཔོན་ལེགས་ལྡན་ཡིན་ཁུལ་བྱས་ནས་གཞུང་འདི་ཉིད་བརྩམས་པའི་དམིགས་ཡུལ་ཏེ། ལེགས་ལྡན་འབྱེད་ཀྱི་དགོངས་པའི་ཞེ་ཕུག་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་བཞུགས་པར་བསྟན་པའོ། །ད་དུང་ཟླ་གྲགས་ལ་བསྟོད་ཕྱག་བྱས་ཤིང་ཁོང་གི་གཞུང་མང་དུ་དྲངས་ལ། དེ་བཞིན་དུ་བཤད་པའི་སྐབས་མདོ་སྡེ་སྤྱོད་པ་དང་ཉམས་ལེན་གྱི་སྐབས་རྣམ་འབྱོར་སྤྱོད་པ་ལྟར་ང་རང་ལེགས་ལྡན་འབྱེད་ཀྱིས་བྱེད་པ་ཡིན་ཞེས་པའི་སྣང་ཚུལ་ཞིག་བསྟན་འདུག་པས། དམ་པ་འདིས་དབུ་མ་ཐལ་རང་དང་། མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་ཐམས་ཅད་བཞེད་པ་གཅིག་ཏུ་འབབས་པ་བསྟན་པའི་ཆེད་དུ་ལེགས་ལྡན་འབྱེད་ཡིན་ཁུལ་བྱས་པར་སྣང་བས། དམིགས་ཡུལ་ནི་ཁོང་རང་ལ་ལྟོས་ན་ཤིན་ཏུ་བཟང་པོ་ཡིན་པས་བྱ་བཞག་གལ་ཆེན་ཞིག་བྱས་ཡོད་དོ་སྙམ་པའི་དགའ་བ་སྒོམ་བཞིན་མི་ཡུལ་ནས་ཞལ་གྱེས་སོང་བ་ལས། ལེགས་ལྡན་འབྱེད་རྫུན་ཕུག་ལ་བཞག་ཡོད་པས་མ་ལེགས་སྙམ་པའི་ཞེ་འགྱོད་ནི་སྐྱེས་མེད་པའི་ཚོད་དུ་སྣང་ཞེས་པ་ཡང་གཏམ་ཞར་བྱུང་མའོ། །
འོ་ན་རགས་པ་དང་ཕྲ་བའི་དབུ་མའི་དོན་གང་ཞེ་ན། དབུ་མ་རིན་པོ་ཆེའི་སྒྲོན་མ་ལས། འཕགས་པ་ཀླུ་སྒྲུབ་དང་། སློབ་དཔོན་འཕགས་པའི་ལྷ་དང་། སློབ་དཔོན་རྗེ་བཙུན་ཟླ་བ་གྲགས་པ་ནི་འདི་སྐད་དུ་གསུངས་པ་ཡིན་ཏེ། འདི་ལྟར་ཀུན་རྫོབ་ཀྱི་བདེན་པ་ཉན་ཐོས་ཀྱི་ཚུལ་དུ་སྨྲས་པ་ནི་ཕྱི་རོལ་གྱི་དབུ་མ་རགས་པ་ཡིན་ལ། དེ་ཉིད་རང་གི་སེམས་ཙམ་དུ་གནས་པ་ནང་གི་དབུ་མ་ཞེས་བྱ་བ་ཕྲ་བ་ཡིན་ནོ་ཞེས་གསུངས། [14]ཞེས་འབྱུང་བ་ལྟར་རོ། །དེས་ན་ཕྲ་བའི་དབུ་མ་ནི་སློབ་དཔོན་ཞི་བ་འཚོ་ཡབ་སྲས་ཀྱིས་སྲོལ་ཕྱེས་པའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་དུ་སྣང་མོད། དབུ་མ་རིན་པོ་ཆེའི་སྒྲོན་མ་དེ་རྣལ་འབྱོར་སྤྱོད་པའི་དབུ་མའི་བཞེད་པ་གཙང་མ་རང་དུ་མི་སྣང་སྟེ། དེར་དཔལ་ལྡན་ཟླ་བའི་མདོ་སྔགས་ཀྱི་གཞུང་གི་ཤུགས་རྐྱེན་ཡང་གང་མཚམས་སྣང་བས་སོ། །
༣གཞན་ཡང་དབུ་མ་རྒྱན་ལས།
ཚུལ་གཉིས་ཤིང་རྟ་ཞོན་ནས་སུ། །རིགས་པའི་སྲབ་སྐྱོགས་འཇུ་བྱེད་པ། །[15]
ཞེས་འབྱུང་བ་དང་མཐུན་པར་། དབུ་མ་རིན་པོ་ཆེའི་སྒྲོན་མ་ལས།
ཚུལ་གཉིས་ཤིང་རྟ་ཞོན་བྱས་ཏེ། །རིགས་པའི་སྲབ་ཀྱིས་བསྲབས་བྱས་ནས། །[16]
ཞེས་འབྱུང་བ་སོགས་གང་ལ་བལྟས་ཀྱང་འདི་ལ་རྣལ་འབྱོར་སྤྱོད་པའི་དབུ་མའི་ལྟ་གྲུབ་ཀྱི་ཤུགས་རྐྱེན་རབ་ཏུ་ཆེ་མོད། གཞུང་འདིའི་མགོ་མཇུག་བར་གསུམ་གང་དུ་ཡང་ཞི་འཚོ་ཡབ་སྲས་སོགས་ལེགས་ལྡན་འབྱེད་ཀྱི་རྗེས་སུ་འཇུག་པའི་རང་རྒྱུད་པའི་སློབ་དཔོན་གང་གི་ཡང་མཚན་མ་སྨོས་པ་དེས་ཀྱང་རང་ཉིད་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་དུ་གྱུར་པའི་སློབ་དཔོན་ལེགས་ལྡན་འབྱེད་ཡིན་ཁུལ་བྱས་པ་མཚོན་ནོ། །
༤གཞན་ཡང་གཞུང་འདིར་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་སྐོར་གང་ཡང་མི་འབྱུང་བ་དེས་ཀྱང་རང་ཉིད་སློབ་དཔོན་ལེགས་ལྡན་འབྱེད་ཡིན་པའི་ཁུལ་བྱས་པ་མཚོན་ཏེ། དབུ་མ་སྙིང་པོ་ལེགས་ལྡན་འབྱེད་ཀྱི་ཡིན་པ་གོང་དུ་གཏན་ལས་ཕབ་པ་ལྟར་ཡིན་པ་གང་ཞིག་ལ། གལ་ཏེ་དེའི་འགྲེལ་བ་རྟོག་གེ་འབར་བ་དེ་འདིས་བྱས་པ་ཡིན་ན་ལེགས་ལྡན་འབྱེད་ལ་ཤིན་ཏུ་དགའ་གུས་ཡོད་ངེས་པས་འདིར་ཟླ་བ་གྲགས་པ་ལས་ཀྱང་ལེགས་ལྡན་འབྱེད་ལ་བསྟོད་ཕྱག་འབུལ་བ་སོགས་བྱེད་པར་རིགས་སོ། །
དེ་ལྟར་ལེགས་པར་དཔྱད་ན་དབུ་མ་རིན་པོ་ཆེའི་སྒྲོན་མ་ལས། འདིའི་དོན་རྒྱས་པར་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་མཛད་པའི་དབུ་མ་ཕུང་པོ་ལྔ་པ་དང་། བདག་གིས་བཀོད་པ་རྟོག་གེ་འབར་བ་ལ་སོགས་པར་བལྟ་བར་བྱའོ། །[17]ཞེས་རྟོག་གེ་འབར་བ་ཁོ་རང་གིས་བྱས་པར་བཤད་པ་ནི་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་དུ་གྱུར་པའི་སློབ་དཔོན་ལེགས་ལྡན་འབྱེད་ཡིན་ཁུལ་བྱས་པ་ཙམ་དུ་ཟད་པར་ཐག་ཆོད་དོ། །སྤྱིར་དབུ་མ་རིན་པོ་ཆེའི་སྒྲོན་མ་རྩོམ་པ་པོས་བསམ་རྣམ་པར་དག་པ་ཞིག་ཁྱེར་ནས་མཛད་པ་དེ་བསྐྱངས་བར་སྣང་མོད། རྙོག་སྒྲ་ལུང་པ་གང་བྱས་པ་དེས་སྦྱོར་བ་རྩུབ་པོ་རང་བྱུང་འདུག དེས་ན་ད་རེས་ཁོ་བོས་རྫུན་རྐུབ་མ་ཕུད་ཐབས་མེད་བྱུང་ནས་དགོངས་འགལ་མེད་པར་ཞུ་བ་ལས་ཐབས་གཞན་མ་རྙེད་པས་ཕྱི་མའི་ཡུལ་ནས་ཐུགས་སུན་པོ་རང་མི་གནང་བར་ཞུ།
རྟོག་གེ་འབར་བ་དང་དབུ་མ་རིན་པོ་ཆེའི་སྒྲོན་མ་གཉིས་བསྡུར་བས་རྩོམ་པ་པོ་གཅིག་མིན་པར་གསལ་བ།
༡དེ་ཡང་དབུ་མ་རིན་པོ་ཆེའི་སྒྲོན་མ་ལས།
ཡང་སློབ་དཔོན་གྱི་ཞལ་སྔ་ནས། རྣམ་ཤེས་ཀྱང་ནི་འོད་གསལ་དང་། །མྱ་ངན་འདས་དང་ཀུན་སྟོང་དང་། །ཆོས་ཀྱི་སྐུར་ཡང་བཤད་པ་ཡིན། །ཞེས་གསུངས་པ་དང་། ཡང་། འདི་ནི་དོན་དམ་བདེན་པ་སྟེ། །སྣང་བ་མེད་ཅིང་མཚན་མ་མེད། །དོན་དམ་བདེན་པ་ཞེས་བྱ་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་གསུངས་སོ། །[18]ཞེས་ལུང་དྲངས་པ་འདི་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྔགས་བླ་མེད་ཀྱི་བསྟན་བཅོས། སྒྲུབ་པའི་ཐབས་མདོར་བྱས་པ་ལས། རྣམ་ཤེས་ཀྱང་ནི་འོད་གསལ་བའོ། །མྱ་ངན་འདས་བཅས་ཀུན་སྟོང་དང་། །ཆོས་ཀྱི་སྐུར་ཡང་བཤད་པ་ཡིན། །བརྟན་པར་བྱ་བའི་དོན་དུ་ནི། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། འདི་ནི་དོན་དམ་དཀྱིལ་འཁོར་ཏེ། །སྣང་བ་མེད་ཅིང་མཚན་ཉིད་མེད། །དོན་དམ་བདེན་པ་ཞེས་བྱ་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །[19]ཞེས་འབྱུང་བ་དེ་ག་རང་དུ་འདུག་ཅིང་། གཞན་ཡང་གསང་སྔགས་བླ་མེད་ཀྱི་གཞུང་མང་དུ་དྲངས་སྣང་བས་དབུ་མ་རིན་པོ་ཆེའི་སྒྲོན་མ་ལ་གསང་སྔགས་བླ་མེད་ཀྱི་ཤུགས་རྐྱེན་ཧ་ཅང་ཆེའོ། །དེ་ལྟར་ན་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་འདོད་པའི་བསྟན་བཅོས་ཀྱི་མཆན་ལས།ཆོས་གྲགས་དང་། ལེགས་ལྡན་སོགས་རྗེས་སོར་གྲུབ་ཆེན་གྱི་གྲས་སུ་བཅུག་མོད། སློབ་དཔོན་རང་རང་གི་གཞུང་ལ་བལྟས་ཚེ་སྔགས་ལ་ཐུགས་འདྲིས་མེད་པའི་སྟེང་དུ་ཤིན་ཏུ་སྤངས་པར་མངོན་ཏེ། དཔེར་ན་རྣམ་འགྲེལ་ལས་ལུང་རྩོམ་པ་ལ་སྐྱེས་བུ་བཟང་པོ་མི་དགོས་པའི་དཔེར། མཁའ་འགྲོ་མ་དང་སྲིན་པོ་ལ་སོགས་པས་ཀྱང་དེང་སང་རྒྱུད་རྩོམ་པར་མཐོང་བས་སོ་གསུངས་ཤིང་།དེ་མཚུངས་རྟོག་གེ་འབར་བར་ཡང་དབང་ཕྱུག་གི་དབང་བསྐུར་ལིངྒའི་རྩེ་ནས་བྱེད་པས་བརྙས་བཅོས་མཛད་ནས། གང་གི་མིང་ཙམ་ཐོས་ན་ཡང་། ། སྐྱེ་བོ་ཤིན་ཏུ་ངོ་ཚ་བ། ། སོགས་གསུངས་པ་སྔགས་ལ་རྒྱུས་ཡོད་ན་རང་ལུགས་ཀྱི་གསང་དབང་ཤེར་དབང་སོགས་ཀྱང་དེ་འདྲ་ཡིན་པའི་གནོང་ཅི་ལ་མི་འོང་།[20]ཞེས་འབྱུང་བ་ལྟར་རྟོག་གེ་འབར་བ་ལ་ཇི་ལྟར་བརྟགས་ན་ཡང་གསང་སྔགས་ཀྱི་ཤུགས་རྐྱེན་ཡོད་པའི་རྣམ་པ་རྩ་བ་ཉིད་ནས་མི་མངོན་ནོ། །དེ་ཡང་ཡིན་ཏེ་སློབ་དཔོན་ལེགས་ལྡན་འབྱེད་དང་སློབ་དཔོན་ཆོས་སྐྱོང་བར་རྩོད་པ་བྱས་[21]པའི་ཚུལ་ཐང་གི་སྡེ་སྣོད་གསུམ་པའི་གསུང་རྒྱུན་ལ་ཡོད་པ་དེ་ཁུངས་དང་ལྡན་ལ། སློབ་དཔོན་ཆོས་སྐྱོང་ནི་ཐང་སྡེ་སྣོད་གསུམ་པ་སྤྱི་ལོ་༦༣༣ལོར་ནཱལེནྡཱར་ཕེབས་སྐབས་བཞུགས་པས་སློབ་དཔོན་ལེགས་ལྡན་འབྱེད་ཀྱང་དུས་རབས་བདུན་པའི་སྟོད་ཀྱི་མཁས་པར་གྲུབ། དེའི་སྐབས་སུ་ད་དུང་ནང་པས་གསང་སྔགས་དང་ལེན་བྱས་ཡོད་པའི་ཁུངས་རྙེད་མེད་ཅིང་། ཐང་སྡེ་སྣོད་གསུམ་པས་གསང་སྔགས་ཁྱེར་མེད་པ་སོགས་ལ་དཔགས་ན་ཡང་སྐབས་དེར་ནང་པས་བླ་མེད་ལྟ་ཅི་ཕྱི་རྒྱུད་ཙམ་ཡང་དང་ལེན་བྱས་མེད་དོ། །དེ་ལྟར་གསང་སྔགས་ཀྱི་ཤུགས་རྐྱེན་ཐེབས་མིན་བརྟགས་ན་ཡང་རྟོག་གེ་འབར་བ་དང་དབུ་མ་རིན་པོ་ཆེའི་སྒྲོན་མ་གཉིས་རྩོམ་པ་པོ་གཅིག་མིན་པ་གྲུབ་བོ། །
༢ཡང་དབུ་མ་རིན་པོ་ཆེའི་སྒྲོན་མ་ལས།
འདི་ལྟར་སེམས་ཙམ་གྱི་རྣལ་འབྱོར་པའི་ཤེས་རབ་ནི་ཀུན་རྫོབ་པའི་ཤེས་རབ་ཡིན་ཏེ། ཇི་ལྟ་ཞེ་ན། འདི་ལྟར་རྣམ་པ་དང་བཅས་པར་སྨྲ་བ་དང་། རྣམ་པ་མེད་པར་སྨྲ་བ་ཉིད་ལས་མ་གཏོགས་པའི་གཞུང་འཛིན་པ་ནི་འདི་ན་མེད་དོ། །[22]ཞེས་དང་། དེ་ལ་རྣམ་པ་དང་བཅས་པར་སྨྲ་བ་དག་ནི་འདི་སྐད་དུ། ཁམས་གསུམ་པ་ཐམས་ཅད་དང་། མྱ་ངན་ལས་འདས་པ་ཐམས་ཅད་སེམས་ཙམ་ཡིན་ཏེ། གཟུགས་ལ་སོགས་པའི་དོན་གྱིས་སྟོང་པའི་ཕྱིར། དཔེར་ན་རྨི་ལམ་གྱི་གནས་སྐབས་ལྟ་བུའོ་ཞེས་པ་དང་།[23]ཞེས་དང་།འདི་ལྟར་རྣམ་པ་མེད་པར་སྨྲ་བ་དག་ལ་ཡང་དོན་དམ་པའི་ཤེས་པ་མེད་དེ། འདི་སྐད་དུ་སྨྲ་སྟེ། འདི་དག་རྣམ་པར་རིག་ཙམ་ཉིད། །ཡོད་པ་མ་ཡིན་དོན་སྣང་ཕྱིར། །དཔེར་ན་རབ་རིབ་ཅན་དག་གིས། །སྐྲ་ཟླ་ལ་སོགས་མེད་མཐོང་བཞིན། །ཞེས་གཞུང་འཛུགས་པར་བྱེད་དོ། །[24] ཞེས་སེམས་ཙམ་རྣམ་བདེན་རྫུན་ནམ་རྣམ་བཅས་རྣམ་མེད་ཀྱི་ཐ་སྙད་དང་འདོད་ཚུལ་གསལ་བོར་བྱུང་ལ། དེ་དང་མི་མཐུན་པར། རྟོག་གེ་འབར་བ་ལས། དེ་ནས་ད་ནི་རྣལ་འབྱོར་སྤྱོད་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པས་ལེའུ་ལྔ་པ་བརྩམ་པར་བྱ་སྟེ། རང་གི་ལུགས་ཀྱི་ང་རྒྱལ་གྱིས། །མཁས་པར་རློམ་གཞན་འདི་སྐད་སྨྲ། །དེ་ཉིད་བདུད་རྩིར་འཇུག་པ་ཡང་། །རྣལ་འབྱོར་སྤྱོད་པར་ལེགས་པར་བསྟན། །ཐེག་པ་ཆེན་པོ་ཉིད་ཀྱི་སློབ་དཔོན་ཐོགས་མེད་དང་། དབྱིག་གཉེན་ལ་སོགས་པ་གཞན་དག་ནི་དེ་བཞིན་གཤེགས་པས་ལུང་བསྟན་ཅིང་། ས་རབ་ཏུ་བརྙེས་པའི་འཕགས་པ་ཀླུ་སྒྲུབ་ཀྱིས་ཡང་དག་པར་རྟོགས་པའི་ཐེག་པ་ཆེན་པོའི་དོན་གྱི་ལུགས་གཞན་དུ་འདྲེན་པར་བྱེད་ཅིང་ངོ་ཚ་དང་ཁྲེལ་མེད་པ་དོན་རྣམ་པར་མི་ཤེས་པ་དེ་བཞིན་དུ་རྣམ་པ་ཤེས་ཤིང་མཁས་པར་ང་རྒྱལ་བྱེད་པ་དག་འདི་སྐད་སྨྲ་སྟེ། དེ་ཁོ་ན་ཉིད་ཀྱི་བདུད་རྩིར་འཇུག་པ་སྟེ། རབ་ཏུ་འཇུག་པ་དེ་ནི་བདག་ཅག་ཁོ་ནས་ལེགས་པར་བསྟན་པ་ཡིན་གྱི། དབུ་མར་སྨྲ་བ་པ་རྣམས་ཀྱིས་ནི་མ་ཡིན་ཞེས་ཟེར་རོ། །དེའི་མཚན་ཉིད་ནི་འདི་ཡིན་ཏེ། དངོས་པོ་གཉིས་པོ་མེད་པའི་ཕྱིར། །གཉིས་དངོས་མེད་པའི་ཡོད་པ་ནི། །ཡོད་ལ་སོགས་པའི་བློ་ཡི་ཡུལ། །དམ་པའི་དོན་དུ་འདོད་དོ་ལོ། །གཉིས་ནི་གཟུགས་ལ་སོགས་པ་གཟུང་བ་དང་། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འཛིན་པའོ། །དེ་གཉིས་ཀྱི་མེད་པའི་ངོ་བོ་ཉིད་མེད་པའོ། །མེད་པའི་དངོས་པོ་དེའི་ངོ་བོ་ཉིད་དུ་རྟག་ཏུ་ཡོད་པ་ཉིད་ཀྱི་ཕྱིར་དང་། གཟུང་བ་དང་འཛིན་པ་ཞེས་བྱ་བ་གཉིས་སུ་ནི་མེད་པ་ཉིད་ཀྱི་ཕྱིར་ན། ཇི་ལྟར་གཉིས་ཀྱི་དངོས་པོར་མེད་པའི་ངོ་བོ་ཡིན་པ་དེའི་ཕྱིར་ནི་ཡོད་པའི་བློ་ཡུལ་ཡིན་ལ། གང་གི་ཕྱིར་གཉིས་ཀྱི་ངོ་བོར་མེད་པ་ཡིན་པ་དེའི་ཕྱིར་ན་མེད་པའི་བློའི་ཡུལ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་དོན་དམ་པ་ནི་བདག་ཅག་རྣལ་འབྱོར་སྤྱོད་པ་པ་རྣམས་འདོད་དོ་ཞེས་བྱ་བ་ནི་དེའི་བསམ་པ་བསྟན་པ་ཡིན་ནོ། །ལོ་ཞེས་བྱ་བའི་སྒྲ་ནི་བསྟན་བཅོས་བྱེད་པ། བདག་ཉིད་ཀྱིས་མི་འདོད་པ་བསྟན་པ་ཡིན་ཏེ། དེ་ལྟ་བུའི་དོན་དམ་པ་ནི་ཕྱིས་འབྱུང་བའི་དཔྱད་པ་དག་གིས་བསྒྲུབ་པར་དཀའ་བ་ཡིན་པའི་ཕྱིར་རོ། །[25]ཞེས་ཕྱོགས་སྔ་མ་སེམས་ཙམ་པའི་འདོད་པ་བརྗོད་པའི་སྐབས་རྣམ་བཅས་རྣམ་མེད་ཀྱི་དབྱེ་བ་མ་ཕྱེས་ཞིང་། གཞུང་དེའི་གོང་འོག་གང་དུ་མ་ཕྱེས་སོ། །དེ་ཡང་སེམས་ཙམ་ལ་རྣམ་བཅས་རྣམ་མེད་གཉིས་སུ་ཕྱེས་པ་གཟོད་སློབ་དཔོན་ཀ་མ་ཤཱི་ལའི་སྐུ་དུས་སུ་བྱུང་བར་དེང་དུས་ནང་ཞིབ་འཇུག་པས་སྨྲ་[26]བས། སེམས་ཙམ་པའི་ཕྱོགས་སྔ་འཇོག་སྟངས་འདི་ཉིད་ལ་བརྟགས་ན་ཡང་རྟོག་གེ་འབར་བ་དང་དབུ་མ་རིན་པོ་ཆེའི་སྒྲོན་མ་གཉིས་རྩོམ་པ་པོ་གཅིག་མིན་པ་གྲུབ་བོ། །
༣གཞན་ཡང་བརྗོད་བྱ་ལ་ཞིབ་ཀྱིས་བརྟགས་ན་རྟོག་གེ་འབར་བ་སློབ་དཔོན་ཆོས་ཀྱི་གྲགས་པའི་སྔོན་དུ་བྱུང་བ་དང་། དབུ་མ་རིན་པོ་ཆེའི་སྒྲོན་མ་སློབ་དཔོན་ཆོས་ཀྱི་གྲགས་པའི་རྗེས་སུ་བྱུང་བ་ཤེས་ནུས་པའི་ཚུལ་མཁས་པ་གཞན་ཞིག་གི་གསུང་ལས་ཐོས་མོད། དེ་ནི་ཁོ་རང་ལ་དབང་བའི་ཞིབ་འཇུག་གི་གྲུབ་དོན་ཡིན་པས་ཁོ་བོས་རྐུ་བཤུས་བྱས་ཏེ་ཅི་ཞིག་བྱ།
༤གཞན་ཡང་རྟོག་གེ་འབར་བ་དང་དབུ་མ་རིན་པོ་ཆེའི་སྒྲོན་མ་གཉིས་རྩོམ་གཤིས་བསྡུར་ན་ཡང་རྩོམ་པ་པོ་གཅིག་མིན་པར་གྲུབ་ཏེ། དབུ་མ་རིན་པོའི་སྒྲོན་མ་ལས། ཆོས་ཀྱི་དབྱིངས་ལ་མངའ་བརྙེས་པའི། །ཀླུ་སྒྲུབ་དང་ནི་འཕགས་པའི་ལྷ། །སྟོང་ཉིད་སྨྲ་བའི་སེང་གེའི་སྒྲ། །ཟླ་བ་གྲགས་པའི་ཞབས་ལ་འདུད། །[27]ཅེས་སོགས་སློབ་དཔོན་ཟླ་གྲགས་པ་ལ་ཧ་ཅང་ཆེ་མཐོང་བྱས་ཤིང་དེ་ཉིད་ཀྱི་ལུང་ཡང་ནས་ཡང་དྲངས་མོད། རྟོག་གེ་འབར་བར་ཟླ་གྲགས་ཀྱི་ཟུར་ཙམ་ཡང་མི་འབྱུང་ངོ་། །མདོར་ན་རྟོག་གེ་འབར་བར་དུས་རབས་བདུན་པའི་ཕྱེད་མན་གྱི་སློབ་དཔོན་དང་བསྟན་བཅོས་གང་གི་ཡང་ཤུགས་རྐྱེན་ཐེབས་ཡོད་པའི་དཔང་རྟགས་མི་རྙེད་པ་ལ། དབུ་མ་རིན་པོ་ཆེའི་སྒྲོན་མར་ནི་དུས་རབས་བཅུ་པ་ཡན་གྱི་སློབ་དཔོན་དང་བསྟན་བཅོས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པས་དེ་གཉིས་རྩོམ་པ་པོ་གཅིག་མིན་ནོ་ཞེས་ཐག་ཆོད་པའོ། །
དཔྱད་ན་དཀའ་བའི་གནས་ལ་དཔྱོད། །
འབྲི་ན་ཁུངས་དང་ལྡན་པར་བྲིས། །
བཞག་ན་གྲུབ་དོན་གསར་པ་ཞོག །
གཞན་ནི་དུས་ཚོད་གྲོན་པའི་རྒྱུ། །
ཞེས་པ་འདི་ནི་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་འོངས་པའི་ལེགས་བཤད་གསར་མ་རང་ཡིན་པས་རྗེས་སོར་སུ་ཞིག་གིས་འདི་ལྟའི་དོན་ལེགས་པར་བཤད་ཤེས་པ་བྱུང་ན་དེ་ཉིད་ཁོ་བོའི་བློ་གྲོས་ཀྱི་མཐུ་ལས་བྱུང་བ་གོ་བར་གྱིས་ཤིག་ཅེས་ཤཱཀྱའི་དགེ་ཚུལ་ཀརྨ་མཁྱེན་རབ་གསལ་བྱེད་དམ་བན་འགྲོ་ཕན་གྱིས་གསེར་ཐང་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་སྤྱི་ལོ་༢༠༢༣ལོའི་ཟླ་བ་༡༠པའི་ཟླ་མགོ་ནས་བྲིས་སོ།། །།
[1] [ཨདརྴ། སྡེ་བསྟན། དབུ་མ། ༼ཚ༽ (༩༧) རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ། 348a]
[2] [ཨདརྴ། སྡེ་བསྟན། དབུ་མ། ༼ཛ༽ (༩༨) དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། 225b/225a]
[3] [ཨདརྴ། སྡེ་བསྟན། དབུ་མ། ༼ཟ༽ (༡༠༡)སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བའི་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ།303b]
[4] [ཨདརྴ། སྡེ་བསྟན། དབུ་མ། ༼ཛ༽ (༩༨) དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། 145b]
[5] [ཨདརྴ། སྡེ་བསྟན། དབུ་མ། ༼ཛ༽ (༩༨) དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། 329a]
[6] [ཨདརྴ། སྡེ་བསྟན། དབུ་མ། ༼ཛ༽ (༩༨) དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། 42a]
[7] [བླ་རུང་སྔ་འགྱུར་དཔེ་ཚོགས་ནས་པར་སྐྲུན་ཞུས་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གསུང་འབུམ། སྟོད་ཆ། ༡༤༣]
[8] [ ཨདརྴ། སྡེ་བསྟན། དབུ་མ། ༼ཚ༽ (༩༧) དབུ་མ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། 281a]
[9] [ ཨདརྴ། སྡེ་བསྟན། དབུ་མ། ༼ཁི༽ (༡༡༡)བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ཞེས་བྱ་བ། 280b]
[10] [ཨདརྴ། སྡེ་བསྟན། དབུ་མ། ༼ཚ༽ (༩༧) དབུ་མ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ།286b]
[11] [ཨདརྴ། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ། ༼མ༽ (༡༦) དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས། ༥༧༩]
[12] [ཨདརྴ། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ། ༼མ༽ (༡༦) དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས། ༤༩༤]
[13] [ ཨདརྴ། སྡེ་བསྟན། དབུ་མ། ༼ཚ༽ (༩༧) དབུ་མ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། 281a]
[14] [ ཨདརྴ། སྡེ་བསྟན། དབུ་མ། ༼ཚ༽ (༩༧) དབུ་མ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། 280a]
[15] [ ཨདརྴ། སྡེ་བསྟན།དབུ་མ། ༼ས༽ (༡༠༧) དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ།56a]
[16] [ ཨདརྴ། སྡེ་བསྟན། དབུ་མ། ༼ཚ༽ (༩༧) དབུ་མ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། 373a]
[17] [ ཨདརྴ། སྡེ་བསྟན། དབུ་མ། ༼ཚ༽ (༩༧) དབུ་མ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། 266b]
[18] [ ཨདརྴ། སྡེ་བསྟན། དབུ་མ། ༼ཚ༽ (༩༧) དབུ་མ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། 727a]
[19] [ ཨདརྴ། སྡེ་བསྟན། རྒྱུད། ༼ངི༽ (༣༥)པ། སློོབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲུབ་པའི་ཐབས་མདོར་བྱས་པ། 3b]
[20] [ ༡༩༦༩ལོར་གྲོང་ཁྱེར་ཆེན་པོ་ལྡི་ལི་ནས་པར་སྐྲུན་ཞུས་པའི་དགེ་འདུན་ཆོས་འཕེལ་གྱི་འདོད་པའི་བསྟན་བཅོས། 24]
[21] [ ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་སེམས་ཙམ་སུམ་ཅུ་པའི་འགྲེལ་པ་ཞལ་གསུང་མ། འོད་ཀྱི་ཚོམ་བུས་ཕབ་བསྒྲིགས་ཞུས་པ་ལས་ཤོག་ངོས་༡༣༨པར་གསལ།]
[22] [ ཨདརྴ། སྡེ་བསྟན། དབུ་མ། ༼ཚ༽ (༩༧) དབུ་མ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། 268b]
[23] [ ཨདརྴ། སྡེ་བསྟན། དབུ་མ། ༼ཚ༽ (༩༧) དབུ་མ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། 268b]
[24] [ ཨདརྴ། སྡེ་བསྟན། དབུ་མ། ༼ཚ༽ (༩༧) དབུ་མ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། 270a]
[25] [ ཨདརྴ། སྡེ་བསྟན། དབུ་མ། ༼ཛ༽ (༩༨)དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ།199a/199b]
[26][ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་སེམས་ཙམ་སུམ་ཅུ་པའི་འགྲེལ་པ་ཞལ་གསུང་མ། འོད་ཀྱི་ཚོམ་བུས་ཕབ་བསྒྲིགས་ཞུས་པ་ལས་ཤོག་ངོས་༡༣༤པར་གསལ།]
[27] [ ཨདརྴ། སྡེ་བསྟན། དབུ་མ། ༼ཚ༽ (༩༧) དབུ་མ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། 262b]
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4152
དཔྱད་མཆན་སྤེལ།