བཅར་འདྲི་བ། ར་རྫ་འཇམ་དབྱངས་སྐྱིད།

ངའི་མིང་ལ་ཚེ་རིང་ལྷ་མོ་ཟེར་ཞིང་ཕ་ཡུལ་རྔ་བ་རྫོང་ནས་ཡིན། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་ཞིབ་འཇུག་འདོན་བཞིན་ཡོད། ཆེད་ལས་ཆོས་ལུགས་ཡིན་ལ། ལོ་རིམ་གཉིས་པར་སླེབས་ཡོད།

སྨིན་དྲུག  ལགས་སོ། །ད་ཐེངས་ཆོས་ལུགས་རིག་པ་སྦྱོང་མཁན་ཞིག་ལ་ཕྲད་སོང་། བོད་ཀྱི་སློབ་གླིང་དག་ན་བོད་ཡིག་གི་ཆེད་ལས་མང་པོ་མི་འདུག་ག

སྨིན་དྲུག སློབ་ཆེན་སློབ་མ་ནི་སློབ་གྲྭ་ཆུང་འབྲིང་གི་དུས་དང་བསྡུར་ན། ལྟོས་བཅས་སུ་རང་དབང་ཡོད་པ་ཞིག་ཡིན་ཚོད། རང་དབང་གི་དུས་ཚོད་བེད་སྤྱོད་ཚུལ་མ་འདྲ་བའི་རྐྱེན་གྱིས་སློབ་མར་བཟང་ངན་འཆོར་སའི་ཁོར་ཡུག་ཅིག་ཏུ་མཐོང་གི་ཡོད།དེས་ན་ཁྱེད་ཀྱིས་སློབ་སྦྱོང་གི་ཞར་དུ་དཔེ་ཀློག་ལ་འབད་གི་ཡོད་དམ།གང་ལྟར་ཕ་མའི་ལྟ་རྟོག་དང་དགེ་རྒན་གྱི་དམ་དྲག་མེད་པའི་ཁོར་ཡུག་དེ་རུ་དུས་ཚོད་ཇི་ལྟར་དུ་གཏོང་གི་ཡོད་པ་ངས་ཤེས་འདོད།

ཚེ་རིང་ལྷ་མོ། ང་རང་གཟའ་མཇུག་ལས་གཞན་པའི་དུས་ཚོད་ཕལ་ཆེ་བར་དཔེ་ཁང་ནང་ནས་བསྡད་དེ་དཔེ་ཀློག་བྱེད་ཀྱི་ཡོད།

སྨིན་དྲུག ཁྱེད་རང་དེབ་ཀློག་རྒྱུར་དགའ་བའི་བུ་མོ་ཞིག་ཡིན་ཚོད་རེད། གང་གི་སྐོར་ཀློག་གི་ཡོད།

སྨིན་དྲུག སློབ་ཆེན་ནང་དུ་བུ་མོ་ཚོས་འཚོལ་སྙེག་བྱེད་ས་དང་དགའ་ཁ་ཕྱོགས་ས་གཙོ་བོ་གང་ཡིན་ན། ཁ་ཅིག་གིས། བུ་མོ་ཚོ་ནི་དགའ་རོགས་སྒྲིག་པ་དང་ཁོ་རེ་ཡའི་བརྩེ་དུང་གི་བརྙན་འཕྲིན་ཟློས་གར་ལ་ལྟ་བ་དང་ཡག་ལས་བཅས་ལ་མགོ་འཁོར་ཡོད་ཚུལ་བཤད། དེ་ནི་གཟུ་བོར་གནས་པའི་སྐད་ཆ་ཞིག་ཡིན་མིན་མ་ཤེས་པས། ངོ་མ་དེ་འདྲ་ཡིན་ནམ།

ཚེ་རིང་ལྷ་མོ། ང་ལ་མཚོན་ན་དེ་འདྲ་མིན། རང་གི་འཚོ་བའི་ནང་དུ་སློབ་སྦྱོང་བྱེད་རྒྱུ་དེ་དམིགས་འབེན་གཙོ་བོ་ཞིག་ཏུ་བཞག་ཡོད།

སྨིན་དྲུག དེ་ནི་མིག་རྒྱང་ཡོད་ལ་སྤྱང་གྲུང་ལྡན་པའི་རྟགས་རེད།

སྨིན་དྲུག ཁྱེད་ཀྱིས་བསམས་ན། བུ་བུ་མོ་གཉིས་ཀའི་ཆེས་མི་འདྲ་ས་དེ་གང་རེད། དཔེར་ན། སྤོབས་པ་ཆེ་ཆུང་དང་འཛེམ་སྣང་ཡོད་མེད་དེ་སློབ་ཁྲིད་སྐབས་སུ་རྒན་ལགས་ལ་དྲི་བ་འདོན་པའི་སྤོབས་པ་བུ་ཚ་ཚོ་ཆེ་བ་སོགས་ལྟ་བུ། དེའི་རྒྱུ་རྐྱེན་སྐྱེ་ཁམས་ཏེ་ལུས་རྟེན་གྱིས་བསྐྱེད་པ་རེད་དམ། ཡང་ན་ཆུང་དུས་བུ་བུ་མོ་གཉིས་ལ་སྐད་ཆ་བཤད་ཆོག་མིན་ཐད་ནས་ཁྱད་པར་གཏོད་པའི་སློབ་གསོའམ་གོམས་སྲོལ་དེས་བསྐྱེད་པ་རེད་འདོད།

ཚེ་རིང་ལྷ་མོ། དེ་ནི་ཕལ་ཆེར་སློབ་གསོའམ་གོམས་སྲོལ་དང་འབྲེལ་བ་ཆེ་བར་འདོད།

སྨིན་དྲུག སློབ་ཆེན་ནང་དུ་བུ་བུ་མོ་གཉིས་ཀའི་སློབ་ཚན་གྱི་སྦྱངས་འབྲས་སུ་བཟང་། ཡིག་རྒྱུགས་ཁྲོད་དུ་བུ་མོ་ཚོས་སྐར་གྲངས་མཐོན་པོ་ལེན་གི་ཡོད་ཚུལ་ཐོས་གི་འདུག དེ་འདྲ་ཡིན་ན། སློབ་གྲོགས་བུ་ཚ་ཚོར་གནོན་ཤུགས་འདུག་གམ།

ཚེ་རིང་ལྷ་མོ།  སློབ་ཆེན་ནང་ནས་སྦྱངས་འབྲས་ལ་དེ་འདྲ་དོ་སྣང་བྱེད་རྒྱུ་མ་རེད་འདོད། དེའི་ཕྱིར་བུ་ཚ་ཚོར་གནོན་ཤུགས་མེད་པར་འདོད།

སྨིན་དྲུག རེད་ཡ། དངོས་གནས་རེད།

སྨིན་དྲུག སློབ་མ་བུ་བུ་མོ་གཉིས་ཀའི་ནང་ནས་དཔེ་ཀློག་བྱེད་པའི་གྲངས་ཀ་སུ་མང་། དཔེ་ཀློག་གི་ཁ་ཕྱོགས་འདྲའམ། སློབ་གྲྭའི་ནང་དུ་རྒྱུགས་འབྲས་བཟང་བའི་བུ་མོ་མང་པོ་ཐོན་གི་ཡོད་ན་ཡང་། སྤྱི་ཚོགས་སུ་ཞུགས་རྗེས། འབུར་དུ་ཐོན་ཐུབ་ཀྱི་མེད་པའི་རྒྱུ་མཚན་ཅི་ཡིན་ལ་ཁྱེད་ཀྱིས་བསམ་བློ་བཏང་ཨེ་མྱོང་།

ཚེ་རིང་ལྷ་མོ། དེའི་ཕྱོགས་ནས་བསམ་བློ་བཏང་མ་མྱོང་།

སྨིན་དྲུག ཕོ་མོ་གཉིས་ཀས་བསླབ་གཞིའི་ཆེད་ལས་འདེམས་པ་ལ་ཁྱད་པར་འདུག་གམ། འདུག་ན་དེའི་རྒྱུ་མཚན་རང་རང་གི་དགའ་ཕྱོགས་འཇོན་ཕྱོགས་ལ་བསྟུན་པ་རེད་དམ། ཡང་ན་གོམས་ཕྱོགས་ལོབས་ཕྱོགས་ཀྱི་དབང་དུ་ཤོར་བ་རེད།

ཚེ་རིང་ལྷ་མོ། ཆེད་ལས་འདེམས་པ་དེ་ང་ལ་མཚོན་ན་དགའ་ཕྱོགས་དང་བསྟུན་པ་ཡིན།

སྨིན་དྲུག དེ་ཧ་ཅང་ལེགས། གོ་ཚུལ་ལ། བུ་མོ་མང་པོ་ཞིག་གིས་འཕྲལ་གྱི་ཁེ་ཕན་ལ་དམིགས་ནས་ཆེད་ལས་འདེམས་ཀྱི་ཡོད་རེད་ཟེར། རང་གི་དགའ་ཕྱོགས་ལྟར་ཆེད་ལས་འདེམས་པ་ཡིན་ན་དེ་ལ་དགའ་ཞིང་ཤུགས་རྒྱག་ཐུབ་པས་འབྲས་བུ་ངེས་ཅན་ལོན་པ་ཤག་ཤག་ཡིན་ནོ། །

སྨིན་དྲུག ཁྱེད་ཀྱི་འཛིན་གྲྭར་བུ་མོ་མང་ངམ། བུ་ཚ་མང་། ཡང་ལྟ་རྒྱ་ཆེ་ལ་མིག་རྒྱང་རིང་ཞིང་རང་གི་སྐད་དང་ཡི་གེ་ལ་དགའ་བ་བུ་མོ་ཚོ་རེད་དམ། ཡང་ན་བུ་ཚ་ཚོ་རེད། དེ་གཉིས་ལ་ཁྱད་པར་ཤོར་ཡོད་པ་བདེན་ན། ཅིའི་ཕྱིར་དེ་འདྲ་ཆགས་པ་རེད།

ཚེ་རིང་ལྷ་མོ། ང་ཚོའི་འཛིན་གྲྭར་བུ་མོ་མང་། རང་གི་སྐད་ཡིག་ལ་དགའ་མཁན་བུ་དང་བུ་མོ་གཉིས་ཀའི་ཁྲོད་དུ་མང་པོ་འདུག ངའི་ཉེ་འཁོར་དུ་བུ་བུ་མོ་གཉིས་ལ་ཁྱད་པར་ཆེན་པོ་ཤོར་ཡོད་པ་ངས་ཚོར་མ་སོང་།

སྨིན་དྲུག སྨན་ཆུང་རང་གི་བསམ་ཚུལ་དེ་གཞན་དང་མ་འདྲ་བ་ཞིག་རེད་འདུག བུ་མོ་ཚོ་ཡང་རང་གི་སྐད་དང་ཡི་གེ་ལ་དགའ་ན་འགྲིག་དང་འགྲིག་པ་ཡིན། རང་གི་སྤྱི་ཚོགས་སུ་སོ་སོའི་སྐད་དང་ཡི་གེ་ལ་བརྟེན་ནས་ལས་ཀ་བྱས་ན་སྤྱི་སྒེར་གཉིས་ལ་ཕན་པ་མ་ཡིན་ནམ། གཞན་གྱི་སྐད་ཡིག་ལ་ཧབ་ཐོབ་བརྒྱབ་ནས་སྦྱོང་མཁན་མང་ཡང་མཐའ་མར་རང་རེའི་སྤྱི་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་བྱེད་མཁན་སྔར་བཞིན་རང་གི་རིག་གནས་སྦྱོང་མཁན་དག་ལས་མ་འདས་སོ། །དེ་མིན་མི་འབོར་གྲོག་མ་ལྟར་བརྡོལ་ཡོང་བའི་གྲོང་ཁྱེར་དག་ཏུ་སྐད་ཡིག་གང་དེའི་བདག་པོ་རྣམས་ལ་འགྲན་རྩོད་བྱས་ན་དོ་ཟླར་ཡོང་མིན་ལའང་བསམ་བློ་ལོས་གཏོང་དགོས།

སྨིན་དྲུག སློབ་ཆེན་དུ་དགེ་རྒན་གང་དང་སུ་ཡི་སློབ་ཁྲིད་དང་གཏམ་བཤད་ཀྱིས་རང་ལ་སློབ་སྦྱོང་གི་དགའ་སྣང་དང་སྤྲོ་སྣང་བསྐྱེད་པ་དང་། ཡང་ན་བློ་སྒོ་འབྱེད་པའི་དགེ་རྒན་དང་དཔེ་དེབ། སློབ་གྲོགས། དྲ་སྒང་འཆད་ཁྲིད་སོགས་ལ་ཕྲད་མྱོང་ངམ། མྱོང་ན་དེས་ཁྱེད་ཀྱི་མི་ཚེ་ལ་བཟང་འགྱུར་ཐེབས་མིན་སྐོར་བྱེ་བྲག་ལ་བབ་ནས་བཤད་རོགས།

ཚེ་རིང་ལྷ་མོ། དགེ་རྒན་ཚེ་རིང་འགྱུར་མེད་ལགས་ཀྱི་སློབ་ཁྲིད་ལ་དགའ་བོ་ཡོད། ཡིན་ཡང་རང་གི་མི་ཚེ་ལ་ཤན་ཤུགས་ཐེབས་པའི་དོན་དག་བཟང་པོ་དེ་འདྲར་ད་སྔ་ང་རང་ཕྲད་མ་སོང་།

སྨིན་དྲུག འདིའང་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཏུ་གྱུར་འདུག་པས་མཇུག་སྡུད་དུས་ཅུང་ཟད་བཤད་འདོད།

སྨིན་དྲུག བོད་ཁུལ་གྱི་སློབ་གྲྭ་སྐོར་ཞིག་ཏུ་བུ་མོ་ཚོའི་སེམས་ཤུགས་གཅོག་པའི་སྐད་ཆ་བཤད་མཁན་གྱི་དགེ་རྒན་སྔར་བཞིན་ཡོད། སློབ་ཆེན་གྱི་ཁོར་ཡུག་ཏུ་དགེ་རྒན་དང་བུ་ཚ་སློབ་གྲོགས། ད་དུང་བསླབ་གཞི་སོགས་སུ་སྐྱེས་མ་ལ་ཁྱད་གསོད་མཐོང་ཆུང་དམའ་འབེབས་བྱེད་ཚུལ་འདུག་གམ། འདུག་ན་དེས་ཁྱོད་ལ་སེམས་ཚོར་ག་འདྲ་བྱིན། དེས་རང་གི་ཡར་སྐྱེད་ཀྱི་སེམས་ཁམས་ལ་གནོད་དམ།

ཚེ་རིང་ལྷ་མོ།   ཧ་ཅང་ཉུང་ཉུང་རེད། དེ་འདྲའི་གནས་ཚུལ་བྱུང་ན་ངའི་སེམས་ཁམས་སྐྱིད་པོ་ཞིག་མ་རེད། དེ་བས་རང་བཞིན་གྱིས་གཞན་ལ་ངག་ནས་རྒོལ་བ་བྱེད་སྲིད།

སྨིན་དྲུག ཁག་ཅི་ཡོད། ང་ཚོ་ཡང་སྨྲ་ཤེས་ཤིང་དོན་གོ་བའི་མི་ཡིན་པས་ན་དམའ་འབེབས་བྱས་ན་སེམས་ཁམས་ག་ལ་སྐྱིད།

སྨིན་དྲུག སློབ་སྦྱོང་གི་གནོན་ཤུགས་དང་ཡང་ན་འཚོ་བའི་དཀའ་ཉོག་སྟེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སྐོར་ཞིག་ཏུ་དགེ་རྒན་གྱིས་བུ་མོ་སློབ་མ་ཚོར་ཆགས་སྲེད་ཀྱི་སྐད་ཆ་བཤད་པའམ་ཐ་ན་བརྙས་བཅོས་བྱས་ཚུལ་ཡང་ཐོས་མྱོང་། དེ་སྐོར་གང་རིགས་ལ་འཕྲད་དུས། ཁྱོད་ཀྱིས་ཇི་ལྟར་ཐག་གཅོད་གི་ཡོད། ཡང་སློབ་མ་བུ་བུ་མོ་གཉིས་ལས། གང་གིས་ཁྱོད་ཀྱི་དཀའ་ངལ་སེལ་རོགས་དང་ཡང་ན་སེམས་གཏམ་ལ་ཉན་ནས་གདུང་སེམས་མཉམ་བསྐྱེད་བྱེད།

ཚེ་རིང་ལྷ་མོ། མིག་སྔར་ངས་དེ་འདྲའི་གནས་ཚུལ་ཐོས་མ་མྱོང་།

སྨིན་དྲུག དགེ་རྒན་དང་ཕ་མའི་གཤོག་འོག་ཏུ་ཡོད་པ་ལྟ་བུའི་མཐོ་འབྲིང་ནས་གློ་བུར་དུ་སློབ་སྦྱོང་དང་འཚོ་བ་གང་གི་ཐད་ནས་ཀྱང་རང་རྐྱ་འཕེར་ཞིང་རང་མགོ་འཐོན་དགོས་པའི་སློབ་ཆེན་གྱི་ཁོར་ཡུག་དེར་སླེབས་པའི་བར་བརྒལ་གྱི་དུས་ཡུན་ནང་དུ་ཁྱོད་དཀའ་ངལ་ལ་ཕྲད་སོང་ངམ། ཕྲད་པ་ཡིན་ན། བློ་འདྲི་ས་མེད་པའམ་ཕ་མ་དྲན་པ་ལ་སོགས་སེམས་ཀྱི་དཀའ་ངལ་རེད་དམ། ཡང་ན་སློབ་སྦྱོང་གི་གནོན་ཤུགས་སམ་ཐབས་ལམ་མ་རྙེད་པས་དང་ས་ཆ་དང་ཁ་ཟས་ལ་མ་གོམས་པ་སོགས་ཀྱིས་རེད།  

ཚེ་རིང་ལྷ་མོ། དཀའ་ངལ་ལ་ཕྲད་མྱོང་། དེ་གཙོ་བོ་རང་ཉིད་འཚོ་བའི་ཐད་ནས་ཅུང་རྗེས་ལུས་ཡིན་པ་དེས་བསྐྱེད་པ་ཡིན་པར་འདོད།

སྨིན་དྲུག བུ་མོ་ཚོ་དོན་དག་ཆུང་ཙག་གི་སྟེང་ནས་ཀྱང་མི་འཆམ་པར་ཕན་ཚུན་ལ་ཕྲག་དོག་ཡོད་ཚུལ་ཞིག་གོ་སོང་། དེ་ནི་བུ་མོ་ཚོའི་རྒྱུད་ལ་གྲུབ་པ་ཞིག་རེད་འདོད་དམ། ཡང་ན་མིག་འདྲེས་རྣར་འཇགས་སུ་སོང་བའི་ཁྱིམ་ཚང་ཁོར་ཡུག་གི་སློབ་གསོ་ལས་བྱུང་བ་ཞིག་རེད་སྙམ། དེ་ལ་ཁྱེད་ཀྱིས་བསམ་བློ་ཞིབ་ཕྲ་བཏང་ཨེ་མྱོང་།

ཚེ་རིང་ལྷ་མོ། བུ་མོ་ཚོར་དེ་འདྲའི་བྱ་སྤྱོད་ཡོད་པ་ངས་གསལ་བོ་མི་ཤེས།

སྨིན་དྲུག དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་དང་སློབ་གྲྭས་དོ་དམ་བྱེད་སྟངས། ད་དུང་སློབ་མའི་འཚོ་བ་སྟེ་ཉལ་ཁང་གི་ཆ་རྐྱེན་དང་ཟ་ཁང་གི་ཟ་མ། དཔེ་མཛོད་ཁང་གི་མཐུན་རྐྱེན་སོགས་སློབ་ཆེན་གྱི་ཁོར་ཡུག་དེ་ལ་རང་གི་བསམ་ཚུལ་ཞིག་བཤད་པའི་གོ་སྐབས་བྱུང་ན། ཁྱོད་ཀྱིས་ཅི་ཞིག་བཤད་འདོད།

ཚེ་རིང་ལྷ་མོ། གལ་ཏེ་ང་ལ་དེ་འདྲའི་གོ་སྐབས་རེ་ཡོད་ན། ངས་བཤད་འདོད་པ་ནི་དཔེ་མཛོད་ཁང་ནས་དཔེ་ཆ་གཡར་སྐབས་སུ་དེའི་སྒྲིག་གཞི་ཡིད་ལ་ངེས་རྒྱུ་གལ་ཆེན་རེད། རྒྱུན་མཚན་དེ་ཤེས་པ་ཡིན་ན་དཔེ་ཆ་འཚོལ་སྐབས་རྙེད་སླ་བོ་ཡིན་པས་ནའོ། །

སྨིན་དྲུག མི་ལོ་བཞིའི་རིང་ལ། དགོས་པའི་ཡོན་ཏན་སྦྱོང་ས་དགའ་བའི་དགོད་སྒྲ་འཆོར་ས་སྡུག་གི་རྔུལ་ཆུ་འདོན་ས་རེ་བའི་རྨི་ལམ་སྦྲུམ་ས་དེར། ཆེས་དགའ་འོས་ཤིང་བརྗེད་དུ་ཕངས་པའི་དོན་བཟང་ལ་ཁྱེད་རང་ཕྲད་མྱོང་ངམ། དེ་དང་ཁ་འབྲལ་ཁར་ཆེས་ཞེན་ཆགས་ཆེ་ས་དེ་ཅི་ཡིན།

ཚེ་རིང་ལྷ་མོ། རང་གིས་ཆེས་བརྗེད་དཀའ་བ་དེ་ནི་ཉལ་ཁང་ནང་གི་སློབ་གྲོགས་བུ་མོ་ལྔ་བོ་དང་ལྷན་དུ་ལོ་ངོ་བཞི་ལ་འཚོ་བ་རོལ་བའི་དུས་ཚོད་དེ་དག་རེད།

སྨིན་དྲུག སྐྱིད་ལ་སྐྱིད་ལ། རང་ལ་གྲོགས་མོ་འདང་ཆེན་མང་པོ་འདུག

སྨིན་དྲུག དེང་སྐབས་ཨེ་ཛི་ནད་དུག་སློབ་ཆེན་ཁག་ལ་ཡང་ཐོན་ཡོད་པས། ཁྱེད་ནས་དེའི་སྐོར་གྱི་ཤེས་བྱ་ལ་དོ་སྣང་གིས་དགའ་རོགས་སྒྲིག་དུས་རང་གི་བདེ་ཐང་ལ་མཉམ་འཇོག་བྱེད་ཀྱི་ཡོད་དམ། དེ་མིན། སྦྲུམ་འགོག་མ་ཐུབ་པར་ཕྲུ་གུ་འཁོར་ནས་སྡུག་ལ་གཏད་པའི་སློབ་མ་བྱུང་མྱོང་ངམ། བུ་མོ་ཚོར་ལུས་རྟེན་གྱིས་བསྐྱེད་པའི་ལན་ཆགས་དེ་འདྲ་བྱུང་དུས། ཕྲུ་གུ་སྐྱེད་མཁན་དགའ་རོགས་ཀྱིས་སེམས་གསོ་དང་རོགས་རམ་བྱེད་ཀྱི་ཡོད་དམ།

ཚེ་རིང་ལྷ་མོ། ང་རང་དེ་འདྲར་དངོས་གནས་ཕྲད་མ་མྱོང་།

སྨིན་དྲུག མཐར་ཕྱིན་རྗེས་མུ་མཐུད་དུ་ཞིབ་འཇུག་ལ་རྒྱུགས་སྤྲོད་གི་ཡིན་ནམ། ཡང་ན་སྤྱི་ཚོགས་སུ་འཇུག་གི་ཡིན། རྒྱུ་མཚན་ཅི།

ཚེ་རིང་ལྷ་མོ། ང་རང་ཞིབ་འཇུག་ལ་རྒྱུགས་སྤྲད་པ་ཡིན། རྒྱུ་མཚན་རང་གིས་ད་དུང་མུ་མཐུད་དུ་སློབ་སྦྱོང་བྱེད་འདོད་པས་ཡིན་ལགས།

སྨིན་དྲུག ཁྱེད་ཅག་ལ་སློབ་གསོའི་གོ་སྐབས་ཡག་པོ་དེ་འདྲ་ཡོད་པ་མཐོང་ན་འཕེན་པ་འཆོར་ནི་ཞིག་རེད། ང་ལ་སློབ་གསོའི་གོ་སྐབས་ཡག་པོ་མ་བྱུང་བ་དེ་ནི་གསབ་ཐབས་མེད་པའི་མི་ཚེའི་འགྱོད་པ་ལྟ་བུར་གྱུར། གཅིག་ནས་ཁོར་ཡུག་གི་དབང་དུ་ཤོར་བ་དང་། གཉིས་ནས་དེ་དུས་བུ་མོ་ཚོ་མཐོ་རིམ་སློབ་གྲྭར་ཞུགས་པའི་གྲངས་ཀ་ཤིན་ཏུ་ཉུང་བ་བཅས་ཕྱི་རྐྱེན་ནང་རྐྱེན་གྱི་དབང་དུ་ཤོར་ཏེ་བར་ནས་ལུས།

སྨིན་དྲུག རང་གི་དབང་ལ་ཡོང་བ་ཡིན་ན། ཁྱེད་ཀྱིས་འཚོ་བ་ག་འདྲ་ཞིག་བསྐྱལ་འདོད། མ་གསང་དྲང་མོར་ལབ་རོགས། ཁྱེད་ཅག་གིས་མ་འོངས་འཚོ་བར་བློས་བསླངས་ཅི་འདྲ་བྱེད་མིན་ཤེས་ན་འདོད།

ཚེ་རིང་ལྷ་མོ། གལ་ཏེ་རང་གི་དབང་ལ་ཡོང་ན། ང་རང་གོ་ལ་ཧྲིལ་བོར་སྐོར་བ་ཐེངས་གཅིག་བྱེད་འདོད།

སྨིན་དྲུག ཨ་ཙི། ཧམ་པ་ཚ་བ་ལ། ཨ་ལ་ཀུ་རེ་ཡིན། དེ་འདྲའི་ཕུགས་འདུན་ཡོད་ན་མངོན་འགྱུར་ལོས་ཐུབ།

སྨིན་དྲུག མ་འོངས་པར་རང་གིས་སྦྱངས་པའི་ཡོན་ཏན་གྱིས་རང་གི་མི་ཚེ་དོན་སྙིང་ལེན་པར་འབད་རྩིས་ཡིན་ནམ། ཡང་ན་བཟའ་ཚང་ཞིག་བཙལ། བུ་ཕྲུག་རེ་སྐྱེས། འཚོ་ཚིས་ཁ་རྒྱབ་ཀྱིས་འདངས་པས་ན། ཡིད་ཚིམ་མགུ་གང་ནས་སྡོད་རྩིས་ཡིན།

ཡང་ན་སྤྱི་ཚོགས་ཉམས་རྒུད་དང་སྐད་ཡིག་ཉམས་ནུབ་ཏུ་འགྲོ་བ་སོགས་ལ་བཟང་འགྱུར་གཏོང་བའི་ལས་ལ་འབད་པའི་ཕུགས་འདུན་རྒྱ་ཆེན་པོ་ཡོད་དམ།

ཚེ་རིང་ལྷ་མོ། ངས་ནི་འཇིག་རྟེན་གྱི་ལུགས་ལྟར་སྤྱིར་བཏང་གི་འཚོ་བ་ཞིག་བསྐྱལ་ན་འདོད།

སྨིན་དྲུག གོ་ལ་རིལ་བོར་བསྐོར་བ་ཐེངས་གཅིག་རྒྱག་འདོད་པ་དེ་ནི་ང་ཚོའི་ཁོར་ཡུག་ལ་མཚོན་ན་སྤྱིར་བཏང་གི་བསམ་ཚུལ་ཞིག་ག་ལ་ཡིན།

སྨིན་དྲུག ཁྱེད་ཀྱི་སེམས་ནང་གི་རང་གི་བཟའ་ཟླ་ག་འདྲ་ཞིག་རེད། བཟའ་ཟླ་བཙལ་དུས། མེད་དུ་མི་རུང་བའི་ཆ་རྐྱེན་གང་དག་ཚང་དགོས། དཔེར་ན། སྐྱེས་གཟུགས་དང་རྒྱུ་འབྱོར་གཙོ་བོར་ལྟ་གི་ཡིན་ནམ། ཡང་ན་མི་གཞི་བཟང་ཞིང་འཇོན་ཐང་ཡོད་པ། རང་ལ་གུས་བརྩི་ཆེ་ཞིང་སྐྱིད་སྡུག་མཉམ་མྱོང་ཐུབ་པ་ཞིག་བཙལ་གི་ཡིན།

ཚེ་རིང་ལྷ་མོ། མི་གཞི་བཟང་ཞིང་འཇོན་ཐང་ཡོད་པ། རང་ལ་གུས་བརྩི་ཆེ་ཞིང་སྐྱིད་སྡུག་མཉམ་མྱོང་ཐུབ་པ་ཞིག་བཙལ་གི་ཡིན།

སྨིན་དྲུག གཉེན་སྒྲིག་བྱས་རྗེས། བཟའ་ཟླས་ཁྱིམ་ལས་དང་བྱིས་སྙོར་དང་བྱིས་པའི་སློབ་གསོ་སོགས་ལ་འགན་མ་ཁུར་བར་ལས་ཀ་མང་པོ་རང་གི་འགན་དུ་བབ་ན། འཁང་ར་ཅི་ཡང་མེད་པར་དོ་དོ་ཏན་ཏན་གྱིས་བྱེད་ཐུབ་བམ། མཐོ་རིམ་སློབ་གསོ་ཐོབ་རུང་སྲོལ་རྒྱུན་གྱི་སྐྱེས་མ་ནང་ལྟར་མི་ཚེ་ཁྱིམ་ལས་ནང་དུ་ཟད་དགོས་ཐུག་ཚེ། ཁྱོད་ལ་བློ་ཕམ་ཡོད་དམ།

ཚེ་རིང་ལྷ་མོ། མི་ཚེ་ཁྱིམ་ལས་ནང་ནས་ཟད་ན་བློ་ཕམ་ཅུང་ཞིག་འདུག

སྨིན་དྲུག ཞིབ་འཇུག་མཐར་ཕྱིན་རྗེས་ད་དུང་མི་ཚེ་ཁྱིམ་ལས་ཁྲོད་དུ་ཟད་ན་བློ་ཕམ་ཅུང་ཟད་ལས་མི་འདུག་ན……

སྨིན་དྲུག གལ་སྲིད་ཁྱོ་གས་ཕྱི་ནས་ཟུར་མོ་བསྟེན་ན། རྙོག་དྲ་དེ་རང་གི་ཁྱོ་ག་ལས་སེལ་གི་ཡིན་ནམ། ཡང་ན་འུ་ཅག་གི་སྲོལ་རྒྱུན་ལྟར་དུ། ཟུར་མོ་དེ་དང་ཁྱོད་ཤི་ང་གསོན་གྱི་དགྲ་ཤ་རྩོད་གི་ཡིན(གསལ་བཤད་དགོས་པ་ནི། སྐྱེས་པ་ཚོ་རྐྱང་རྐྱང་དེ་འདྲ་རེད་ཟེར་བ་མིན་ཏེ། གཙོ་བོ་དེང་དུས་ཀྱི་སྐྱེས་མ་ཚོས་དོན་དག་དེར་ཇི་ལྟར་གདོང་གཏོད་པ་དང་ཐག་གཅོད་ཚུལ་ཤེས་འདོད་པས་ཡིན)།

ཚེ་རིང་ལྷ་མོ། གལ་སྲིད་དེ་འདྲ་བྱུང་ན། ཐད་ཀར་ཁྱོ་ག་དང་གཉེན་འཐོར་བྱ་རྒྱུར་གྲ་སྒྲིག་བྱེད་ངེས་ཡིན། ཁྱོ་གས་ཟུར་མོ་བསྟེན་པར་ང་རང་འཐད་པ་རྩ་བ་ནས་མེད།

སྨིན་དྲུག ལགས་སོ། །ད་ནི་ཁ་བརྡ་མཚམས་འཇོག་པའི་དུས་ལ་སླེབས་སོང་།

མཇུག་སྡུད་པའི་སྐད་ཆ། ད་རེས་ཁ་བརྡ་བྱས་པའི་ཁྲོད་ཀྱི་བུ་མོ་སློབ་མ་ཞིག་ལ་དབྱིན་ཇི་པ་དགེ་རྒན་ཞིག་གིས་དབྱིན་ཡིག་གི་དགའ་སྣང་བསྐྱེད་པ་དེ་ཕུད། གཞན་རྣམས་ལ་མི་ཚེར་ཤུགས་རྐྱེན་ཐེབས་ཤིང་བློ་སྒོ་ཡངས་མོར་ཕྱེ་བའི་རྒན་ལགས་ཤིག་དང་མ་ཕྲད་ཟེར་བ་ནི་ཤིན་ཏུ་ཕངས་པའི་གནས་ཤིག་ལགས། ཅིའི་ཕྱིར་རང་རེའི་ཁྲོད་ན་སློབ་ཕྲུག་གི་བློ་སྒོ་འབྱེད་པ་དང་བསམ་གཞིགས་ཀྱི་ནུས་པ་སྐྱེད་པའི་དགེ་རྒན་དཀོན་པོ་ཡིན་པ་ཡིན་ནམ། ད་ལོའི་དབྱར་མཇུག་ལ། ཕ་ཡུལ་མང་རྫོང་དང་གཅན་ཚ་སོ་སོ་ནས་ཡིན་པའི་བོད་པ་རྒན་ལགས་གཉིས་དང་ཁ་བརྡ་ཅུང་ཟད་བྱེད་པའི་གོ་སྐབས་བྱུང་། ཁོང་རྣམ་པ་གཉིས་ན་རེ། བོད་ཀྱི་སློབ་མ་འཐུས་ཤོར་དུ་འགྲོ་བའི་རྐྱེན་གཅིག་ནི་བོད་རང་གི་དགེ་རྒན་གྱིས་འགན་མ་ཁུར་བས་ལན་ཟེར། སྐབས་དེར་ངའི་སེམས་སུ། ལོ་ངོ་སུམ་ཅུ་མ་ཟིན་ཙམ་གྱི་སྔོན་ལ་མཛོད་དགེ་རྩྭ་ཐང་ནས་ཐུག་པའི་བུད་མེད་འགས། དགེ་རྒན་ཚོས་ཡི་གེ་ཡག་པོ་སློབ་གི་མ་རེད། དེ་ལས་བྱིས་པ་ནང་དུ་བཞག་ནས་ལག་རོགས་བྱེད་དུ་བཅུག་ན་བཟང་ཞེས་པ་དེ་དྲན་བྱུང་། དྲན་པའི་མོད་ལ་སེམས་པ་འཁྱག་སིབ་སིབ་ཏུ་གྱུར། ང་ཚོའི་རོང་འབྲོག་གི་ཕ་མ་ཕལ་མོ་ཆེ་ལ་སློབ་གསོ་མེད་པས། བུ་ཕྲུག་ལ་བླང་དོར་འཇུག་ལྡོག་གི་ལམ་སྟོན་པ་དང་བློ་སྒོ་འབྱེད་པ་དང་སེམས་ཤུགས་སྤར་བ། འོས་ཤིང་འཚམ་པའི་སྐུལ་སློང་དང་དགའ་ཕྱོགས་དང་སེམས་ཁམས་ལ་རྒྱུས་ལོན་བྱེད་པ་སོགས་རང་ཤུགས་སུ་དགེ་རྒན་དག་གི་ཕྲག་ལ་བབ་ཡོད། འོན་ཀྱང་ང་ཚོ་ལ་ད་དུང་ཡང་། སློབ་མར་ཤ་ཚ་ཞིང་རང་གི་ལས་ལ་དགའ་བ། དཔེ་ཀློག་ལ་སྤྲོ་བའི་དགེ་རྒན་དཀོན་པོ་ཡིན་པའི་ཁར། སློབ་མར་སློབ་ཁྲིད་བྱེད་པ་ནི་གླ་ཕོགས་ལེན་བྱེད་ཀྱི་ཁྲལ་ལས་ཙམ་དུ་བཟུང་སྟེ། རང་རང་བྱིས་པ་མང་པོ་རླག་མཁན་གྱི་ཉེས་ཅན་དུ་གྱུར་ན་སྙིང་མི་ནའམ། 

དགོངས་དག ང་ནི་རྩོམ་ཡིག་འདྲ་འབྲི་དུས་དེ་དང་འབྲེལ་ཡོད་ཀྱི་དོན་དག་སེམས་ལ་དྲན་ཡོང་མཁན་ཞིག་ཡིན་པས་དེའི་སྐོར་གླེང་ན།<<པདྨ་མཚོའི་འགྲན་རྩོད>>ཅེས་པའི་གཡག་རྒོད་ལགས་ཀྱི་བྱིས་སྒྲུང་བཀླགས་པའི་ཚོར་བ་ཞིག་བྲིས་པའི་གཤམ་དུ་ཚ་མོ་ཆུང་ཆུང་ཚེ་གཡང་ཡར་འགྲོ་ལྷ་སའི་མལ་གྲོ་རྫོང་ན་བུ་བཅོལ་ཁང་དུ་འགྲོ་གི་ཡོད་ཚུལ་གླེང་ཡོད་པ། ད་ལོར་མོ་རང་སློབ་ལོ་རན་ནས་ཕྱི་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་ལ་སློབ་ཆུང་དུ་ཞུགས། ཏག་ཏག་ཉིན་གཉིས་པར་དགེ་རྒན་རྒྱ་མོ་ཞིག་གིས་རྒྱ་ཡིག་གི་ཡིག་གཟུགས་མི་ལེགས་པར་ཁ་གཡར་ནས་ཚེ་གཡང་གི་ལག་ཆུང་མགོ་ལ་སྨྱུག་མས་ཐེངས་འགའ་བྲབ་སྟེ་མོ་རང་མིག་ཆུ་ཙ་ར་རར་བཏང་། ཚེ་གཡང་ཡར་འགྲོ་ནི། ཆེན་པོ་ཆགས་ན་སློབ་གྲྭར་འགྲོ་མཁན་ཡིན། སློབ་གྲྭར་མ་སོང་ན་སྤྲང་གོག་ཆགས་གི་རེད་ཅེས་སྐད་ཆ་འཁྱོངས་ལ་མི་འཁྱོངས་ཙམ་ནས་བཤད་མཁན་ཞིག་ཡིན་མོད། ལྕུག་མས་ཤུགས་ཀྱིས་བྲབ་པའི་རྗེས་སུ་སློབ་གྲྭར་འགྲོ་ཁ་རེ་ལ་ཁོ་མོའི་ཨ་མར་འཐམས་ནས་ངུ་ཤུར་རེ་བྱེད་ཟེར། མ་བསླབས་པར་ཡི་གེ་ཤེས་ན་སློབ་གྲྭར་འགྲོ་དགོས་དོན་ཅི་ཡོད། སློབ་གྲྭར་ཞུགས་ནས་གཟའ་འཁོར་གཅིག་ཀྱང་མ་ལོན་པར་གཅར་རྡུང་བྱས་ནས་སློབ་གྲྭར་སུན་དུ་བཅུག་ན་སློབ་མ་སློབ་སྦྱོང་ལ་དགའ་བ་ཇི་ལྟར་སྐྱེས། ངོ་མ་ངུ་བྲོ་ཡོང་། གལ་ཏེ་ང་ལྷ་སར་ཡོད་པ་ཡིན་ན། མལ་གྲོ་གུང་དཀར་དུ་དགེ་རྒན་དེ་ལ་ཐེངས་གཅིག་ཐུག་ཏུ་སོང་ཡོད་ཀྱང་ཐང་། ཨེ…

དོན་འདི་རྐྱེན་བྱས་ནས། ངས་རང་གི་བུ་མོ་ཆུང་བ་ལྷ་ས་ནས་ཐོག་མར་སློབ་ཆུང་ལོ་རིམ་ལྔ་པའི་སྨད་ཆར་ཞུགས་དུས་ཀྱི་དོན་དག་ཅིག་ཐོལ་གྱིས་དྲན་སོང་། དེ་ཡང་། དཀར་མོ་རྒྱན་གྱི་བོད་ཡིག་གི་རྩོམ་ཡིག་ཐོག་མ་འབྲི་ས་ཉི་མ་ལྷ་ས་ཡིན། སྤྱིར་དེ་ནི་རྟེན་འབྲེལ་བཟང་བའི་སྔ་ལྟས་ཤིག་ཏུ་ངས་རྩི་གི་ཡོད་མོད….. མོ་རང་ནི་ཙོང་ཁ་ཟི་ལིང་ནས་སྐྱེས་ཤིང་དེ་རུ་བོད་ཡིག་གི་སློབ་ཆུང་ཞིག་ཀྱང་མེད་པས་གཟའ་ཉི་མའི་སློབ་གྲྭ་དང་ཁྱིམ་ནས་ཉིན་རེར་སྐར་མ་བཅོ་ལྔ་འདྲ་ལ་སློབ་པའི་གོ་སྐབས་ལས་མེད་པས་བོད་ཡིག་གི་ཆུ་ཚད་ཞན་པ་ཁག་ཅི། ལྷ་སའི་སློབ་ཆུང་དེར་ཞུགས་ནས་ཅུང་མ་འགོར་བའི་ཉིན་ཞིག་ལ། བོད་ཡིག་རྒན་ལགས་ཀྱིས་སློབ་ཕྲུག་ཚོ་ལ་གཟའ་མཇུག་ཏུ་རྩོམ་ཡིག་གི་ལས་བྱ་ཞིག་བཞག་འདུག བོད་ཡིག་གི་ཆུ་ཚད་ཞན་ཡང་བུ་མོའི་རྩོམ་ཡིག་གི་བརྗོད་བྱ་དེ་ཧ་ཅང་སྙིང་རྗེ་མོ་ཞིག་ཡིན་ཡ། མ་གཞི་ཁ་བ་ཉུང་བའི་སྐྱིད་ཤོད་ལྷ་སར་ཏག་ཏག་དགོང་མོ་དེར་ཁ་བ་སྟུག་པོ་ཞིག་གློ་བུར་དུ་བབ། ཕྱི་ཉིན་མོ་དང་མོའི་ཨ་ཅེ་ད་དུང་ཨ་ཅེའི་དགའ་རོགས་བཅས་གསུམ་པོ་ཁ་བའི་ནང་ནས་གངས་རྩེད་བྱེད་དུས་གངས་མི་ཆུང་ཆུང་སྙིང་རྗེ་མོ་ཞིག་བཟོས། ཕྱི་ཉིན་ང་རང་སྒོ་རའི་ནང་དུ་འཆམ་འཆམ་བྱེད་དུས་ད་རུང་གངས་མི་དེ་ཞུ་མི་འདུག བུ་མོའི་རྩོམ་གྱི་ནང་དོན་ཏན་ཏན་གངས་མི་དེ་ཡིན། ང་ཚོས་སེམས་ཤུགས་སྤར་བ་ལ་བརྟེན་ནས་ཁོ་མོ་དངངས་འཚབ་སྐྱེ་བཞིན་སྐྱེ་བཞིན་རྩོམ་ཡིག་དང་པོ་དེ་བྲིས་ཙམ་བྱུང་། མོ་ལ་མཚོན་ན་དེ་ནི་ཐོད་བརྒལ་ཆེན་པོ་ཞིག་ཡིན་པས་ང་ལ་དགའ་སྣང་ཆེན་པོ་རྒྱས་པར་མ་ཟད། རྩོམ་ཡིག་འབྲི་བ་ལ་འཇིགས་སྣང་དགོས་གི་མ་རེད། རང་གི་འཚོ་བ་ཇི་བཞིན་དུ་བྲིས་ན་འགྲིག་འདུག་ཅེས་མུ་མཐུད་དུ་སྐུལ་ལྕག་ནན་མོ་ཡང་བྱས་པ་ཡིན། ཡིན་ན་ཡང་། སློབ་ཁང་དུ་རྩོམ་ཡིག་དེ་ངའི་བུ་མོར་ཟུར་ཟ་དང་སློབ་གྲོགས་ཚོར་གད་མོ་སློང་བྱེད་ཤ་སྟག་ཏུ་བཏང་འདུག གཟའ་མཇུག་ལ་ཁྱིམ་དུ་ལོག་དུས་ངའི་བུ་མོ་ཤྭ་བ་རྨས་མ་ལྟར་དུ་བཟོས་འདུག ཚུལ་དེ་མཐོང་བས་ངའི་གློ་སྙིང་མཆིན་གསུམ་ཕྱིར་ལ་ཐོན་གྲབས་བྱས། རྒྱུ་མཚན། དེ་ནི་བྱིས་པ་ཞིག་གི་འདུན་མ་དང་དགའ་སྣང་དང་འཚེར་སྣང་དང་བཅས་ཡོད་ཚད་རླག་བྱེད་ཀྱི་གཤེད་མ་ལྟ་བུར་སོང་བའི་རྐྱེན་གྱིས་ཡིན། གལ་སྲིད། སྐབས་དེར་ངས་རང་ལ་སྤོབས་པ་བསྐྱེད་ཅིང་སེམས་ལ་བུ་མོ་སློབ་གྲྭ་དེར་སྡོད་མི་ཐུབ་ན་མི་ཐུབ་སྙམ་པའི་གྲ་སྒྲིག་བྱས་ཏེ་དགེ་རྒན་དེའི་སར་རྒྱུ་མཚན་བཤད་པར་ཕྱིན་པ་མིན་ན་ག་འདྲ་ཡིན་ན། སྟབས་ལེགས་པ་ཞིག་ལ། ཨ་མདོ་པའི་བཤད་རྒྱུན་ལྟར། དབུས་གཙང་པ་ཚང་མ་ཁོག་ངན་པ་དེ་འདྲ་གཏན་ནས་མིན་པས། དུས་དེ་ནས་བཟུང་། དགེ་རྒན་ཁོག་རྒྱ་ཅན་དེས་ངའི་བུ་མོ་ལ་གནོན་ཤུགས་སྤྲོད་རྒྱུ་ཕར་ཞོག ངས་ཞུས་པ་ལྟར་དུ་བུ་མོ་ལ་སྐུལ་སློང་དང་ཡིད་ཆེས་དང་བརྩེ་བ་སྦྱིན་ནས་བསྐྱངས་པས། མཐར་སློབ་གྲྭ་དེ་ནས་མོ་རང་ལ་རླུང་རྟ་ཆེན་པོ་རྒྱུག་པར་གྱུར། དེ་བས་སློབ་ཆུང་གང་དེའི་འབྲེལ་ཡོད་རྒན་རྣམ་པ་ལ་སྙིང་ཁོང་རུས་པའི་སྟེང་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན།

དེ་ཡང་། ང་རང་སློབ་ཆུང་གང་དེའི་གཞུང་ལས་ཁང་དུ་སོང་ནས་རྒན་ལགས་ལ། ངའི་བུ་མོ་ནི་སྐུལ་སློང་དང་སེམས་ཤུགས་སྤྲོད་པའི་ཁྲོད་དུ་འཚར་ལོངས་བྱུང་བ་ཞིག་ཡིན་ཞིང་བྱེད་སྟངས་དེ་ནི་མོ་ལ་ཤིན་ཏུ་འཚམ་པ་ཡིན། ཞེས་ཞུ་བ་བྱས་པའི་དོན་དག་དེ་ལོ་དུ་མའི་རྗེས་ཏེ་བུ་མོ་དཀར་རྒྱན་སློབ་ཆེན་ལ་རྒྱུགས་སྤྲད་རྗེས་བར་དུ་གསང་བ་ཡིན། ངས་དོན་དག་དེ་གླེང་རྗེས། མ་གཞི་རྒན་ལགས་ཀྱིས་གཟའ་འཁོར་གཅིག་གི་ནང་དུ་ང་ལ་བསྟོད་པ་ཐེངས་གཉིས་བྱས་པ། ཡང་སྙིང་ཁྱོད་དང་འབྲེལ་བ་ཡོད་རེད་པ་ཟེར་ནས་ཡ་མཚན་ཞིང་ང་ལ་འཁང་ར་ཆུང་ངུ་ཞིག་ཀྱང་བྱས་སོང་། འདི་ནི་ངས་རང་གི་མི་ལ་བསྟོད་པ་མིན་ཏེ། རང་ལ་གསལ་ཆ་ཡོད་པའི་དོན་དག་དཔེར་བཀོད་ནས་བཤད་ན་གོ་བརྡ་འཕྲོད་ངེས་བསམ་པ་ཡིན།

དེ་ག་ནང་བཞིན་དགེ་རྒན་ནི་སློབ་མ་ལ་མཚོན་ན། བཟང་ངན་གཉིས་ཀྱི་ཆ་ནས་ཤན་ཤུགས་ཐེབས་མཁན་གྱི་མི་སྣ་གལ་ཆེན་ཞིག་ཡིན་པ་གདོན་མི་ཟ་ན། དགེ་རྒན་དུས་ཆེན་སླེབས་ལ་ཉེ་བའི་དུས་འདིར། བྱང་ཚད་ལྡན་པ་བྱམས་སེམས་ཡོད་པ་སློབ་མའི་སེམས་ཁམས་དང་གཉོམ་སོ་རྟོགས་པ། སློབ་མ་ལམ་ཁ་ཡག་པོར་འཇུག་ཐུབ་པའི་དགེ་བའི་བཤེས་གཉེན་ཆར་རྗེས་ཀྱི་ཤ་མོ་ལྟར་བརྡོལ་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡིན་ཞེས་པ་དང་བཅས་སོ། །

མཐར། ཁྱེད་ཀྱིས་སློབ་སྦྱོང་གི་བར་གསེང་ནས་དུས་ཚོད་མང་པོ་སྤྱད་ཅིང་རྣམ་འགྱུར་ཡག་པོའི་སྒོ་ནས་གོང་གི་དྲི་བ་དག་ལ་ལན་དྲང་མོ་དོན་བསྡུས་པོ་ཁ་གསལ་པོའི་ངང་ནས་བཏབ་པར་ཐུགས་རྗེ་ཆེ་ཞུ་བའི་དུས་མཚུངས་སུ། བདག་དང་བསམ་བློའི་དཔུང་རྡང་གཅིག་པའི་གྲོགས་མོ་ལགས་དང་། བྱ་མདོ་བདེ་སྐྱིད་སྒྲོལ་མ།  རྔ་བ་ཚེ་རིང་སྐྱིད། ལ་སྟོད་ཚེ་རིང་། ཙོང་ཁ་དཀར་མོ་རྒྱན་བཅས་ཀྱིས་གཙོས་པའི་རོགས་རམ་མཐུན་འགྱུར་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་ཡིན།

                                2023/09/06ཉིན་གྲུབ།


མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ་ཞེས་པའི་ ལས་ལ་འཇུག་དུས་ཀྱི་ཐོག་མའི་དྲན་ཚུལ། ར་རྫ་འཇམ་དབྱངས་སྐྱིད།
དང་པོ། རྔ་བ་ཚེ་རིང་སྐྱིད། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ།
གཉིས་པ། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ།  ཙོང་ཁ་དཀར་མོ་རྒྱན།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། གསུམ་པ། ལ་སྟོད་ཚེ་རིང་།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཞི་པ། ཁྱུང་མཆུ་འབུམ་སྐྱིད།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། ལྔ་པ། མཚོ་ལྷོ་རྡོ་རྗེ་སྒྲོལ་མ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། དྲུག་པ། ཆུ་ཆེན་བདེ་གསལ་ལྷ་མོ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བདུན་པ། ནག་ཆུ་སྐྱིད་སྒྲོལ་མ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བརྒྱད་པ། ཁྲི་ཀ་བན་དེ་སྐྱིད།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཅུ་པ། བྲག་དཀར་ཚེ་དབང་རྡོ་རྗེ་མཚོ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཅུ་གཅིག ཡུལ་ཤུལ་ཟླ་མཛེས།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཅུ་གཉིས། བསང་ཆུ་རྟ་མགྲིན་སྒྲོལ་མ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཅུ་གསུམ། མཚོ་ལྷོ་སངས་རྒྱས་སྒྲོལ་མ། 
འཕྲིན་སྟེགས་འདི་ནི་གཙོ་བོ།
      མི་མོའི་སྐྱིད་སྡུག མི་སྐྱའི་སློབ་གསོ། འཚོ་བའི་རང་མདངས། ཕོ་མོའི་བརྩེ་དུང་།
     སྤྱི་ཚོགས་ཤེས་བྱ། མི་ཚེའི་བྱུང་བ། ལེགས་རྩོམ་འོས་སྦྱོར་བཅས་ས་བཅད་བདུན་ལས་གྲུབ་པ་ཞིག་ཡིན།  

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4139