གུས་མོའི་མིང་ལ་སངས་རྒྱས་སྒྲོལ་མ་ཟེར། ཕ་ཡུལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ནས་ཡིན། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དངོས་གཞིའི་གྲ་སྒྲིག་འཛིན་གྲྭ་རུ་སློབ་མའི་གྲལ་ཐ་ཟིན་པ་ཙམ་གྱིས་ཆེད་ལས་འདེམས་པའི་ཕྱོགས་ལ་མགོ་འཐོམ་ནས་བསྡད་ཡོད་པ་ཞིག་ལགས།
སྨིན་དྲུག ལགས་སོ། །རང་ཉིད་ངོ་སྤྲད་པར་ཐུགས་རྗེ་ཆེ།
སྨིན་དྲུག སློབ་ཆེན་སློབ་མ་ནི་སློབ་གྲྭ་ཆུང་འབྲིང་གི་དུས་དང་བསྡུར་ན། ལྟོས་བཅས་སུ་རང་དབང་ཡོད་པ་ཞིག་ཡིན་ཚོད། རང་དབང་གི་དུས་ཚོད་བེད་སྤྱོད་ཚུལ་མ་འདྲ་བའི་རྐྱེན་པས་སློབ་མར་བཟང་ངན་འཆོར་སའི་ཁོར་ཡུག་ཅིག་ཏུ་མཐོང་གི་ཡོད། དེས་ན་ཁྱེད་ཀྱིས་སློབ་སྦྱོང་གི་ཞར་དུ་དཔེ་ཀློག་ལ་འབད་གི་ཡོད་དམ། གང་ལྟར་ཕ་མའི་ལྟ་རྟོག་དང་དགེ་རྒན་གྱི་དམ་དྲག་མེད་པའི་ཁོར་ཡུག་དེ་རུ་དུས་ཚོད་ཇི་ལྟར་དུ་གཏོང་གི་ཡོད་པ་ངས་ཤེས་འདོད།
སངས་རྒྱས་སྒྲོལ་མ། དོན་དམ་པར་མཐོ་འབྲིང་གི་སློབ་རའི་འཚོ་བ་དང་ད་ལྟའི་སློབ་ཆེན་གཉིས་བསྡུར་ཚེ། ད་ནི་རང་དབང་གི་དུས་ཚོད་མང་པོ་འདུག སློབ་ཁྲིད་མཐོ་འབྲིང་དང་བསྡུར་ན་སློབ་ཆེན་དུ་ཧ་ཅང་ཉུང་ལ། བསླབ་བྱའི་ནང་དོན་དེའང་སྔོན་ལ་སྦྱངས་ཟིན་པའི་ཤེས་བྱ་དག་ཡིན་སྟབས། སློབ་ཁྲིད་ཀྱི་ཟིན་བྲིས་སྡུད་སྒྲིག་བྱེད་པ་ལས་གཞན་སློབ་གྲྭའི་བཀོད་སྒྲིག་ལྟར་དུ་བསླབ་ཕྱིའི་དཔེ་ཆ་འགའ་ལའང་ནན་གྱིས་ཀློག་གིན་ཡོད་ལགས།
སྨིན་དྲུག དཔེ་ཀློག་བྱས་ན་ཕན་རླབས་རྒྱ་ཆེན་པོ་ཡོད་པ་བཤད་ཅི་དགོས་ཏེ། རང་གི་སེམས་ཁམས་གསོ་བར་ཡང་ཕན་ཐོགས་ཆེ་བ་མ་ཡིན་ནམ།
སྨིན་དྲུག སློབ་ཆེན་ནང་དུ་བུ་མོ་ཚོས་འཚོལ་སྙེག་བྱེད་ས་དང་དགའ་ཁ་ཕྱོགས་ས་གཙོ་བོ་གང་ཡིན་ན། ཁ་ཅིག་གིས། བུ་མོ་ཚོ་ནི་དགའ་རོགས་གང་བྱུང་དུ་སྒྲིག་པ་དང་ཁོ་རེ་ཡའི་བརྩེ་དུང་གི་བརྙན་འཕྲིན་ཟློས་གར་ལ་ལྟ་བ་དང་ཡག་ལས་བཅས་ལ་མགོ་འཁོར་ཡོད་ཚུལ་བཤད། དེ་ནི་གཟུ་བོར་གནས་པའི་སྐད་ཆ་ཞིག་ཡིན་མིན་མ་ཤེས་པས། ངོ་མ་དེ་འདྲ་ཡིན་ནམ།
སངས་རྒྱས་སྒྲོལ་མ། སློབ་ཆེན་ནང་དུ་བུ་མོ་ཚོས་འཚོལ་སྙེག་བྱེད་ས་ཕལ་ཆེར་ཆེ་ཕྱོགས་ནས་གསུམ་ལ་འདུས་འདུག་འདོད། ཡག་ལས་དང་གཅིག དགའ་རོགས་སྒྲིག་པ་དང་གཉིས། ཁོ་རེ་ཡའི་བརྩེ་དུང་གི་བརྙན་འཕྲིན་ཟློས་གར་ལ་ལྟ་བ་བཅས་གསུམ་མོ། །ཡིན་ཡང་བུ་མོ་ཚང་མ་དེ་འདྲ་རེད་ཟེར་ན་རྫུན་དུ་འགྲོ་རྒྱུ་ངེས་ཅན་རེད།
སྨིན་དྲུག བུ་མོ་ཚོ་གཟུགས་བྱད་ལ་དོ་སྣང་ཆེ་བ་དང་ཡག་ལ་དགའ་བ་དེ་ཡང་སློབ་གསོས་བསྐྱེད་པ་ཡིན། མི་རིགས་གང་ཞིག་ཡིན་རུང་སྲོལ་རྒྱུན་གྱི་ལྟ་ཚུལ་ལྟར་ན། བུད་མེད་ལ་མེད་དུ་མི་རུང་བ་ནི་སྐྱེས་གཟུགས་ཏེ་མོ་སྒོ་ཡོད་མེད་དང་ཁྱིམ་སྲིད་ལ་མཁས་མིན་དེ་གཙོ་བོར་འཇོག་པ་ཡིན། དེ་བས། སྤྱིར་བཏང་སྐྱེས་པས་ལས་དོན་ལེགས་འགྲུབ་ཡོང་མིན་ལ་བརྩོན་པ་བྱེད་ཅིང་། སྐྱེས་མས་སྐྱི་པགས་རྒས་ཞད་མི་ཡོང་བའི་སླད་དུ་འབད། གཅིག་བྱས་ན་གཉིས་ཀས་རང་རང་གི“ལས་དོན”ལ་འབད་པ་ཡིན་རྒྱུ་རེད།
སྨིན་དྲུག ཁྱེད་ཀྱིས་བསམས་ན། བུ་བུ་མོ་གཉིས་ཀའི་ཆེས་མི་འདྲ་ས་དེ་གང་རེད། དཔེར་ན། སྤོབས་པ་ཆེ་ཆུང་དང་འཛེམ་སྣང་ཡོད་མེད་དེ་སློབ་ཁྲིད་སྐབས་སུ་རྒན་ལགས་ལ་དྲི་བ་འདོན་པའི་སྤོབས་པ་ལྟོས་བཅས་སུ་བུ་ཚ་ཚོ་ཆེ་བ་ལྟ་བུ། དེའི་རྒྱུ་རྐྱེན་སྐྱེ་ཁམས་ཏེ་ལུས་རྟེན་གྱིས་བསྐྱེད་པ་རེད་དམ། ཡང་ན་ཆུང་དུས་བུ་བུ་མོ་གཉིས་ལ་སྐད་ཆ་བཤད་ཆོག་མིན་ཐད་ནས་ཁྱད་པར་གཏོད་པའི་སློབ་གསོའམ་གོམས་སྲོལ་དེས་བསྐྱེད་པ་རེད་འདོད།
སངས་རྒྱས་སྒྲོལ་མ། འདིའི་ཕྱོགས་ནས་རྒྱུ་རྐྱེན་མང་པོ་ཡོད་སྙམ། དུས་ཀྱི་དབང་གིས་བཤད་ན། དང་མ་རང་ཅག་ལ་མཚོན་ན་གོམས་གཤིས་སམ་ཡུལ་སྲོལ་གྱི་དབང་གིས་བུ་མོ་དག་གི་བྱ་བྱེད་སྤྱོད་ལུགས་ལ་ཧ་ཅང་འཛེམ་དགོས་པ་སོགས་ཀྱི་རྒྱུན་ཡིན་པར་འདོད།
སྨིན་དྲུག ཡག་པོ་གསུངས་བཞག གནས་ལུགས་འདུག
སྨིན་དྲུག སློབ་ཆེན་ནང་དུ་བུ་བུ་མོ་གཉིས་ཀའི་སློབ་ཚན་གྱི་སྦྱངས་འབྲས་སུ་བཟང་། ཡིག་རྒྱུགས་ཁྲོད་དུ་བུ་མོ་ཚོས་སྐར་གྲངས་མཐོན་པོ་ལེན་གི་ཡོད་ཚུལ་ཐོས་གི་འདུག དེ་འདྲ་ཡིན་ན། སློབ་གྲོགས་བུ་ཚོར་གནོན་ཤུགས་འདུག་གམ།
སངས་རྒྱས་སྒྲོལ་མ། ཡིག་རྒྱུགས་སོགས་ལ་སློབ་གྲོགས་བུ་མོ་ངར་ནའང་། དེ་ནི་ཕྱོགས་གཅིག་ཡིན་པས། སློབ་གྲོགས་བུ་ཚ་ཚོར་གནོན་ཤུགས་འབྱུང་མི་སྲིད་སྙམ།
སྨིན་དྲུག དེའང་བདེན་ནོ། །
སྨིན་དྲུག སློབ་མ་བུ་བུ་མོ་གཉིས་ཀའི་ནང་ནས་དཔེ་ཀློག་བྱེད་པའི་གྲངས་ཀ་སུ་མང་། དཔེ་ཀློག་གི་ཁ་ཕྱོགས་འདྲའམ། སློབ་གྲྭའི་ནང་དུ་རྒྱུགས་འབྲས་བཟང་བའི་བུ་མོ་མང་པོ་ཐོན་གི་ཡོད་ན་ཡང་། སྤྱི་ཚོགས་སུ་ཞུགས་རྗེས། འབུར་དུ་ཐོན་ཐུབ་ཀྱི་མེད་པའི་རྒྱུ་མཚན་ཅི་ཡིན་ལ་ཁྱེད་ཀྱིས་བསམ་བློ་བཏང་ཨེ་མྱོང་།
སངས་རྒྱས་སྒྲོལ་མ། གནད་དོན་འདིའི་སྐོར་ངས་བསམ་བློ་ཞིབ་ཏུ་བཏང་མྱོང་མེད་མོད། ཡིད་ཚོད་ཅིག་བྱས་ན། དཔེ་ཀློག་བྱེད་པ་བུ་ཚ་ཚོ་མང་རྒྱུ་རེད་འདོད། བུ་མོ་ཚོས་གཙོ་བོ་ཡིག་རྒྱུགས་སྐར་གྲངས་ཀྱི་ཆེད་དུ་བསླབ་གཞི་མང་པོ་ལྟ་གི་ཡོད་ས་རེད་འདོད་མོད། དེར་ཡང་མཐའ་གཅིག་ཏུ་ཁ་ཚོན་གཅོད་ག་ལ་ནུས། ལྟོས་བཅས་ཀྱི་བུ་ཚ་ཚོ་དང་བསྡུར་ན་ཅུང་ཉུང་རྒྱུ་རེད་བསམ།
སྨིན་དྲུག བུ་མོ་ཚོས་གཙོ་བོ་ཡིག་རྒྱུགས་ལ་འབད་པའི་བཤད་ཚུལ་ནི་ཚང་མ་གཅིག་མཚུངས་ཡིན་པས་བདེན་རྒྱུ་རེད་སེམས།
སྨིན་དྲུག ཕོ་མོ་གཉིས་ཀས་བསླབ་གཞིའི་ཆེད་ལས་འདེམས་པ་ལ་ཁྱད་པར་འདུག་གམ། འདུག་ན་དེའི་རྒྱུ་མཚན་རང་རང་གི་དགའ་ཕྱོགས་འཇོན་ཕྱོགས་ལ་བསྟུན་པ་རེད་དམ། ཡང་ན་གོམས་ཕྱོགས་ལོབས་ཕྱོགས་ཀྱི་དབང་དུ་ཤོར་བ་རེད།
སངས་རྒྱས་སྒྲོལ་མ། ཆེད་ལས་འདེམས་ཕྱོགས་ཐད་ནས་རང་གི་དགའ་ཕྱོགས་སྙེག་ན་ཅུང་འགྲིག་སྙམ། ང་ལ་ད་དུང་ཆེད་ལས་ངེས་གཏན་ཞིག་མེད་པས། དེའི་སྐོར་ནས་ཁྱད་པར་ག་རེ་ཡོད་མེད་གསལ་བོ་མི་ཤེས།
སྨིན་དྲུག ཁྱེད་ཀྱི་འཛིན་གྲྭར་བུ་མོ་མང་ངམ། བུ་ཚ་མང་། ཡང་ལྟ་རྒྱ་ཆེ་ལ་མིག་རྒྱང་རིང་ཞིང་རང་གི་སྐད་དང་ཡི་གེ་ལ་དགའ་བ་བུ་མོ་ཚོ་རེད་དམ། ཡང་ན་བུ་ཚ་ཚོ་རེད། དེ་གཉིས་ལ་ཁྱད་པར་ཤོར་ཡོད་པ་བདེན་ན། ཅིའི་ཕྱིར་དེ་འདྲ་ཆགས་པ་རེད།
སངས་རྒྱས་སྒྲོལ་མ། ལྟ་རྒྱ་མཐོང་རྒྱ་ཆེ་ཞིང་མིག་རྒྱང་རིང་ལ་རང་གི་སྐད་དང་ཡི་གེ་ལ་དགའ་བ་དེ་བུ་ཚ་ཚོ་རེད། སློབ་ཆེན་གྱི་དུས་སྐབས་སུ་མི་རིགས་མང་པོ་མཉམ་འདྲེས་བྱུང་བར། བུ་མོ་ཚོར་ངང་ངམ་ཤུགས་ཀྱིས་གཞན་པའི་ཡུལ་སྲོལ་ལོབས་རྒྱུར་སླ་མོ་ཡིན་པ་འདྲ་ཞིག་མཐོང་ལ། དེ་དང་ལྷན་དུ་རིགས་ཞེན་གྱི་འདུ་ཤེས་ཤིན་ཏུ་དབེན་པའི་ཚོར་བ་ཞིག་ཀྱང་ང་ལ་བྱིན་སོང་།
སྨིན་དྲུག བུ་མོ་ཚོ་རིགས་གཞན་ལ་འདྲེས་སླ་བའམ་གཞན་འགྱུར་འབྱུང་སླ་ཞེས་པའི་བཤད་ཡམས་ཤིག་ཁྱབ་འདུག་མོད། མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་རྒྱུ་རེད་སྙམ། རྒྱུ་མཚན། ངས་རྒྱུས་ལོན་རགས་རིམ་ཙམ་བྱས་པ་ལས། གྲོང་གསེབ་ཀྱི་སྐྱེས་མ་ཚོ(དབུས་གཙང་ཁུལ་ནས་ལྷག་པར་མང་བར་འདོད)མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གྱིས་གཙོས་པའི་རྒྱ་ནག་གི་གྲོང་གསེབ་ཁག་ཏུ་མནའ་མར་འགྲོ་བའམ་ཡང་ན་རང་གི་ས་གནས་སུ་ཡོང་བའི་རིགས་གཞན་གྱི་སྐྱེས་པ་ལ་ཆང་ས་རྒྱག་པ་མང་བ་འདྲ། ཡིན་ཡང་། སློབ་གསོ་ཐོབ་སྟེ་རང་མགོ་ཐོན་པའི་སྐྱེས་མ་ཚོ་རིགས་གཞན་གྱི་སྐྱེས་པ་ལ་གཉེན་སྒྲིག་བྱེད་པ། ལས་བྱེད་པའམ་ཡང་ན་ཚོང་བ་ཡིན་པའི་བོད་ཀྱི་སྐྱེས་པ་ལས་ཉུང་བའི་ཚུལ་འདྲ་ཞིག་མཐོང་སོང་། དེ་བས། སྐྱེས་མ་ཚོ་རང་མགོ་ཐོན་ཞིང་ཁ་རྒྱབ་སོང་བ་ཡིན་ན་རིགས་གཞན་ལ་གཉེན་སྡེབ་པ་ཇེ་ཉུང་དུ་ཨེ་འགྲོ་བསམ་པ་ཞིག་སྔ་ས་ནས་དྲན་ཡོད་པས་ཡིན་ནོ། །
སྨིན་དྲུག སློབ་ཆེན་དུ་དགེ་རྒན་གང་དང་སུ་ཡི་སློབ་ཁྲིད་དང་གཏམ་བཤད་ཀྱིས་རང་ལ་སློབ་སྦྱོང་གི་དགའ་སྣང་དང་སྤྲོ་སྣང་བསྐྱེད་པ་དང་། ཡང་ན་བློ་སྒོ་འབྱེད་པའི་དགེ་རྒན་དང་དཔེ་དེབ། སློབ་གྲོགས། དྲ་སྒང་འཆད་ཁྲིད་སོགས་ལ་ཕྲད་མྱོང་ངམ། མྱོང་ན་དེས་ཁྱེད་ཀྱི་མི་ཚེ་ལ་བཟང་འགྱུར་ཐེབས་མིན་སྐོར་བྱེ་བྲག་ལ་བབ་ནས་བཤད་རོགས།
སངས་རྒྱས་སྒྲོལ་མ། ངེད་ཚོའི་ལོ་རྒྱུས་དགེ་རྒན་གྱི་སྐད་ཆ་ཞིག་ལ་ཞིབ་ཏུ་བསམ་བློ་བཏང་ན། དེར་གནས་ལུགས་གཏིང་ཟབ་མོ་ཞིག་འདུག མོས། སློབ་སྦྱོང་ཞེས་པ་དེ་སྐར་འབྲས་རྐྱང་རྐྱང་གི་ཆེད་དུ་དཔེ་དེབ་ཀློག་པ་མ་ཡིན་པར། རང་གི་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་བ་དང་། ཞོར་དུ་རང་གིས་བཀླགས་པའི་དེབ་ལས་ཐོབ་པའི་བསླབ་བྱའམ་མྱོང་བ་དེ་རང་གི་ལག་ལེན་དངོས་དང་ཟུང་འབྲེལ་བྱ་རྒྱུ་དེ་ཧ་ལས་པ་གལ་ཆེན་པོ་རེད་ཅེས་རྒྱུན་པར་གསུང་གིན་གདའ། སྐད་ཆ་དེར་གནས་ལུགས་ཆེན་པོ་འདུག་སྙམ་པའི་ཚོར་བ་བྱུང་།
སྨིན་དྲུག བོད་ཁུལ་གྱི་སློབ་གྲྭ་སྐོར་ཞིག་ཏུ་བུ་མོ་ཚོའི་སེམས་ཤུགས་གཅོག་པའི་སྐད་ཆ་བཤད་མཁན་གྱི་དགེ་རྒན་སྔར་བཞིན་ཡོད། སློབ་ཆེན་གྱི་ཁོར་ཡུག་ཏུ་དགེ་རྒན་དང་བུ་ཚ་སློབ་གྲོགས། ད་དུང་བསླབ་གཞི་སོགས་སུ་སྐྱེས་མ་ལ་ཁྱད་གསོད་མཐོང་ཆུང་དམའ་འབེབས་བྱེད་ཚུལ་འདུག་གམ། འདུག་ན་དེས་ཁྱོད་ལ་སེམས་ཚོར་ག་འདྲ་བྱིན། དེས་རང་གི་ཡར་སྐྱེད་ཀྱི་སེམས་ཁམས་ལ་གནོད་དམ།
སངས་རྒྱས་སྒྲོལ་མ། སློབ་ཆེན་ནང་དུ་སྐྱེས་མར་ཁྱད་གསོད་བྱེད་པའི་སྣང་ཚུལ་མི་འདུག
སྨིན་དྲུག སློབ་སྦྱོང་གི་གནོན་ཤུགས་དང་ཡང་ན་འཚོ་བའི་དཀའ་ཉོག་སྟེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སྐོར་ཞིག་ཏུ་དགེ་རྒན་གྱིས་བུ་མོ་སློབ་མ་ཚོར་ཆགས་སྲེད་ཀྱི་སྐད་ཆ་བཤད་པའམ་ཐ་ན་བརྙས་བཅོས་བྱས་ཚུལ་ཡང་ཐོས་མྱོང་། དེ་སྐོར་གང་རིགས་ལ་འཕྲད་དུས། ཁྱོད་ཀྱིས་ཇི་ལྟར་ཐག་གཅོད་གི་ཡོད། ཡང་སློབ་མ་བུ་བུ་མོ་གཉིས་ལས། གང་གིས་ཁྱོད་ཀྱི་དཀའ་ངལ་སེལ་རོགས་དང་ཡང་ན་སེམས་གཏམ་ལ་ཉན་ནས་གདུང་སེམས་མཉམ་བསྐྱེད་བྱེད།
སངས་རྒྱས་སྒྲོལ་མ། གནད་དོན་འདིར་བསམ་བློ་རེ་བཏང་ན། ང་རང་སྐྱེས་མ་ཞིག་ཡིན་པའི་ངོས་ཐད་ནས། རང་ཉིད་ལ་དེ་འདྲ་བའི་གནད་དོན་བྱུང་ཚེ། དེ་དང་འབྲེལ་ཡོད་ཀྱི་ཞུ་གཏུག་ཁང་དུ་ཡར་ཞུ་བྱ་ངེས་ལ། སློབ་གྲོགས་བུ་མོ་ལ་ལས་ཀྱང་རང་དང་གདུང་སེམས་མཉམ་སྐྱེད་བྱེད་སྲིད་འདོད།
སྨིན་དྲུག ངས་ལེའུ་སྔོན་མ་དག་ཏུ་ཡང་མང་པོ་གླེང་ཟིན་པ་ལྟར། ལས་དབང་བེའུ་རྡང་གཅིག་ཏུ་སྦྲེལ་བ་ཚོས་སྐྱིད་སྡུག་མཉམ་མྱོང་བྱེད་རྒྱུ་གལ་ཆེ། གང་གིས་ཤེ་ན། ཚང་མ་ལུས་རྟེན་གཅིག་ལ་སྐྱིད་སྡུག་ཀྱང་གཅིག་པ་ཡིན་པས་རྭ་རྩེ་ལ་བརྒྱབ་ན་རྭ་རྟིང་གནོད་པ་དཔེ་ཡིན་པས་སོ། །
སྨིན་དྲུག དགེ་རྒན་དང་ཕ་མའི་གཤོག་འོག་ཏུ་ཡོད་པ་ལྟ་བུའི་མཐོ་འབྲིང་ནས་གློ་བུར་དུ་སློབ་སྦྱོང་དང་འཚོ་བ་གང་གི་ཐད་ནས་ཀྱང་རང་རྐྱ་འཕེར་ཞིང་རང་མགོ་འཐོན་དགོས་པའི་སློབ་ཆེན་གྱི་ཁོར་ཡུག་དེར་སླེབས་པའི་བར་བརྒལ་གྱི་དུས་ཡུན་ནང་དུ་ཁྱོད་དཀའ་ངལ་ལ་ཕྲད་སོང་ངམ། ཕྲད་པ་ཡིན་ན། བློ་འདྲི་ས་མེད་པའམ་ཕ་མ་དྲན་པ་སོགས་སེམས་ཀྱི་དཀའ་ངལ་རེད་དམ། ཡང་ན་སློབ་སྦྱོང་གི་གནོན་ཤུགས་སམ་ཐབས་ལམ་མ་རྙེད་པས་དང་ས་ཆ་དང་ཁ་ཟས་ལ་མ་གོམས་པ། ཕ་མས་སྤྲད་པའི་སྒོར་མོ་སྤྱོད་མ་ཤེས་པར་མ་འདང་བ་སོགས་ཀྱི་དཀའ་ངལ་རེད།
སངས་རྒྱས་སྒྲོལ་མ། སློབ་གཉེར་བྱེད་སའི་ཁོར་ཡུག་དང་བཅས་ཡོད་དོ་ཅོག་གསར་བ་གསར་རྐྱང་ཡིན་དུས། རང་གི་འགྲོ་འདུག་སྤྱོད་གསུམ་སོགས་ཕྱོགས་ཡོངས་ནས་སྔོན་དང་མི་འདྲ་བ་རེ་འབྱུང་ལ། གཞན་ལ་བློ་འདྲི་འདོད་པའི་སྤོབས་སེམས་ཀྱང་ཆག་འགྲོ། དང་པོ་སློབ་ཆེན་གྱི་འཚོ་བར་ཞུགས་དུས་གོམས་མི་ཐུབ་པའི་སྣང་ཚུལ་ཅུང་ཙམ་འདུག ང་ལ་མཚོན་ན་སྔོན་ཆད་མི་རིགས་སློབ་གྲྭའི་ནང་ནས་ནར་སོན་པའི་རྐྱེན་གྱིས། རང་མི་རིགས་ལས་གཞན་པའི་སློབ་གྲོགས་མང་པོར་འབྲེལ་འདྲིས་བྱེད་མྱོང་མེད་ལ། སྐད་རིགས་བེད་སྤྱོད་ཕྱོགས་ནས་དཀའ་ཁག་ཅུང་ཟད་ལ་ཕྲད་མོད། འོན་ཀྱང་། དེ་ནི་དུས་ཡུན་ཐུང་ངུའི་རིང་གི་དཀའ་ངལ་ཞིག་ཡིན་པས་རིམ་གྱིས་ལོབས་འགྲོ།
སྨིན་དྲུག རང་གི་སྐད་ཡིག་ལ་དགའ་མཁན་དག་ལ་ཁག་ཅི། ལྡོག་སྟེ་བླ་ཡང་དག་གིས་ནི་གཞན་ཡིག་སློབ་པར་ཧབ་ཐོབ་རྒྱག་གི་ཡོད་པ་མ་ཡིན་ནམ། སྐལ་བ་སྙིགས་མའི་དུས་འདི་ལ་རང་གཞན་གཉིས་ཀ་ལོགས་ནས་གཞོན་རབས་མང་པོ་ཁ་རྒྱ་ནང་དུ་བསྐོར་ནས་གཟུངས་ཞུག་བརྗེས་ཤིང་གཞན་འགྱུར་འབྱུང་བ་མཐོང་ན་ཡ་ང་ཞིང་ཡིད་སྐྱོ་མི་ཡོང་ངམ་ཀྱེ།
ཁྱེད་ཅག་ནི་རང་གི་སྐད་ཡིག་གི་ཚེ་རྒྱུན་སྲིང་མཁན་གྱི་མཐའ་མའི་མི་རབས་ཤིག་ཏུ་འགྱུར་ཡང་སྲིད་པས་འགན་འཁྲི་རི་བོའི་གཏོས་ལས་ཆེ་བ་མ་ཡིན་ནམ། གནད་འགག་གི་ལྷུ་ཚིགས་འདི་ལ་སྐད་ཡིག་གི་ཚེ་སྲོག་སྲིང་མཁན་རྣམས་ནི་སྙིགས་མའི་དུས་ཀྱི་དཔའ་བོ་དཔའ་མོ་ལ་བཀུར་ཞིང་བཀུར་ན་འོས་ཤིང་འཚམ་པར་འདོད།
སྨིན་དྲུག བུ་མོ་ཚོ་དོན་དག་ཆུང་ཙག་གི་སྟེང་ནས་ཀྱང་མི་འཆམ་པར་ཕན་ཚུན་ལ་ཕྲག་དོག་ཡོད་ཚུལ་ཞིག་གོ་སོང་། དེ་ནི་བུ་མོ་ཚོའི་རྒྱུད་ལ་གྲུབ་པ་ཞིག་རེད་འདོད་དམ། ཡང་ན་མིག་འདྲིས་རྣར་འཇགས་སུ་སོང་བའི་ཁྱིམ་ཚང་ཁོར་ཡུག་གི་སློབ་གསོ་ལས་བྱུང་བ་ཞིག་རེད་སྙམ། དེ་ལ་ཁྱེད་ཀྱིས་བསམ་བློ་ཞིབ་ཕྲ་བཏང་ཨེ་མྱོང་།
སངས་རྒྱས་སྒྲོལ་མ། དེའི་སྐོར་ལ་བསམ་བློ་ཆེར་བཏང་མ་མྱོང་མོད། ད་ལྟའི་བསམ་ཚུལ་ལྟར་ན། དེ་ནི་བུ་མོ་ཚོའི་སེམས་གཤིས་སུ་ལྷན་སྐྱེས་སུ་གྲུབ་པ་ཞིག་མིན་པར་བུ་མོ་ཚོར་ཁྱིམ་ཚང་གི་སློབ་གསོ་དང་། ད་ལྟའི་སྤྱི་ཚོགས་ཀྱི་ཤན་ཤུགས་ཐེབས་པ་རེད་འདོད།
སྨིན་དྲུག དོན་དག་འདི་ཁྱེད་དང་ད་རེས་ཀྱི་མཐོ་སློབ་བུ་མོ་ཕལ་མོ་ཆེས་རྟོགས་འདུག་པས་རྟེན་འབྲེལ་ཞུ། རྒྱུ་མཚན་བག་ཆགས་གཏིང་རིམ་དུ་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་ཐིམ་པའི་ལྟ་བ་གང་དེ་ལས་རྣམ་པར་འགོངས་ནས་རང་གི་ལྟ་ཚུལ་འཛིན་རྒྱུ་གཏན་ནས་ལས་སླ་བོ་མིན་པས་ནའོ། །
སྨིན་དྲུག དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་དང་སློབ་གྲྭས་དོ་དམ་བྱེད་སྟངས། ད་དུང་སློབ་མའི་འཚོ་བ་སྟེ་ཉལ་ཁང་གི་ཆ་རྐྱེན་དང་ཟ་ཁང་གི་ཟ་མ། དཔེ་མཛོད་ཁང་གི་མཐུན་རྐྱེན་སོགས་སློབ་ཆེན་གྱི་ཁོར་ཡུག་དེ་ལ་རང་གི་བསམ་ཚུལ་ཞིག་བཤད་པའི་གོ་སྐབས་བྱུང་ན། ཁྱོད་ཀྱིས་ཅི་ཞིག་བཤད་འདོད།
སངས་རྒྱས་སྒྲོལ་མ། རང་ངོས་ནས་བཤད་ན་དགེ་རྒན་གྱི་སློབ་ཁྲིད་དང་སློབ་གྲྭའི་དོ་དམ་བྱེད་ཕྱོགས། དཔེ་མཛོད་ཁང་གི་མཐུན་རྐྱེན་སོགས་སློབ་གྲྭའི་ཆ་རྐྱེན་མི་འདང་ས་ཅི་ཡང་མི་འདུག་འདོད། སློབ་ཆེན་གཞན་དང་བསྡུར་ན། ང་ཚོའི་སློབ་གྲྭ་ནི་མི་རིགས་སློབ་ཆེན་གྱི་ཁྱད་ཆོས་ཀྱིས་ཕྱུག་ཅིང་། སློབ་གྲྭའི་སློབ་སྦྱོང་གི་མཁའ་དབུགས་བཟང་བ་བཅས་ཕྱོགས་གང་ཅིའི་ཐད་ནས་ཧ་ལས་པ་ཞིག་རེད་འདུག་འདོད།
སྨིན་དྲུག དེ་འདྲ་ཡིན་ན་སྐྱིད་པ་ལ། སློབ་གྲྭའི་ཁོར་ཡུག་ལ་ཡིད་ཚིམས་མགུ་གང་ན་སེམས་པ་སློབ་སྦྱོང་ཐོག་ལ་འཁོར་ཐུབ་ངེས་རེད།
སྨིན་དྲུག མི་ལོ་བཞིའི་རིང་ལ། དགོས་པའི་ཡོན་ཏན་སྦྱོང་ས་དགའ་བའི་དགོད་སྒྲ་འཆོར་ས་སྡུག་གི་རྔུལ་ཆུ་འདོན་ས་རེ་བའི་རྨི་ལམ་སྦྲུམ་ས་དེར། ཆེས་དགའ་འོས་ཤིང་བརྗེད་དུ་ཕངས་པའི་དོན་བཟང་ལ་ཁྱེད་རང་ཕྲད་མྱོང་ངམ། དེ་དང་ཁ་འབྲལ་ཁར་ཆེས་ཞེན་ཆགས་ཆེ་ས་དེ་ཅི་ཡིན།
སངས་རྒྱས་སྒྲོལ་མ། སློབ་ཆེན་གྱི་འཚོ་བ་དངོས་མགོ་བརྩམས་མེད་རུང་། ངས་དེ་ནི་རང་ཉིད་ལ་བཀའ་དྲིན་བླ་ལྷག་གིས་ཆེ་བའི་དགེ་རྒན་དང་། མཛའ་བརྩེ་ཕྱི་ཐག་རིང་བའི་སློབ་གྲོགས་དག་ཡིན་པ་ཐག་གིས་ཆོད། ད་རུང་མཛེས་ཤིང་ཡིད་དུ་འོང་བའི་སློབ་གྲྭའི་ཁོར་ཡུག་དེ་དག་ལས་གཞན་པའི་ཞེན་ཆགས་ཆེ་ས་ཞིག་མེད་ངེས།
སྨིན་དྲུག དེང་སྐབས་ཨེ་ཛི་ནད་དུག་སློབ་ཆེན་ཁག་ལ་ཡང་ཐོན་ཡོད་པས། ཁྱེད་ནས་དེའི་སྐོར་གྱི་ཤེས་བྱ་ལ་དོ་སྣང་གིས་དགའ་རོགས་སྒྲིག་དུས་རང་གི་བདེ་ཐང་ལ་མཉམ་འཇོག་བྱེད་ཀྱི་ཡོད་དམ། དེ་མིན། སྦྲུམ་འགོག་མ་ཐུབ་པར་ཕྲུ་གུ་འཁོར་ནས་སྡུག་ལ་གཏད་པའི་སློབ་མ་བྱུང་མྱོང་ངམ། བུ་མོ་ཚོར་ལུས་རྟེན་གྱིས་བསྐྱེད་པའི་ལན་ཆགས་དེ་འདྲ་བྱུང་དུས། ཕྲུ་གུ་སྐྱེད་མཁན་དགའ་རོགས་ཀྱིས་སེམས་གསོ་དང་རོགས་རམ་བྱེད་ཀྱི་ཡོད་དམ།
སངས་རྒྱས་སྒྲོལ་མ། ད་དུང་དེའི་སྐོར་གྱི་ཉམས་མྱོང་ཞན་ལ། ཆེས་མཉམ་འཇོག་དགོས་པ་ནི་འཕྲོད་བསྟེན་གྱི་ཤེས་བྱ་ལ་དོ་སྣང་ཆེ་ཆེར་གྱིས་ཕྱོགས་གཉིས་ཀའི་བདེ་ཐང་གི་ཕྱོགས་ལ་གཟབ་དགོས་སྙམ་པ་དེའོ། །
སྨིན་དྲུག གྲོང་ཁྱེར་དུ་ནད་རིགས་སྔོན་འགོག་དང་འཕྲུལ་རིགས་ཀྱི་ཆག་སྒོ་མི་འབྱུང་བ་ལ་མཉམ་འཇོག་གཟབ་ནན་དགོས་པ་ལས་གལ་ཆེ་བ་ཞིག་གང་དུ་ཡོད།
སྨིན་དྲུག མཐར་ཕྱིན་རྗེས་མུ་མཐུད་དུ་ཞིབ་འཇུག་ལ་རྒྱུགས་སྤྲོད་གི་ཡིན་ནམ། ཡང་ན་སྤྱི་ཚོགས་སུ་འཇུག་གི་ཡིན། རྒྱུ་མཚན་ཅི།
སངས་རྒྱས་སྒྲོལ་མ། མཐར་ཕྱིན་རྗེས་སུ་སྤྱི་ཚོགས་སུ་འཇུག་གི་ཡིན།
སྨིན་དྲུག རང་གི་དབང་ལ་ཡོང་བ་ཡིན་ན། ཁྱེད་ཀྱིས་འཚོ་བ་ག་འདྲ་ཞིག་བསྐྱལ་འདོད། མ་གསང་དྲང་མོར་ལབ་རོགས། ཁྱེད་ཅག་གིས་མ་འོངས་འཚོ་བར་བློས་བསླངས་ཅི་འདྲ་བྱེད་མིན་ཤེས་ན་འདོད།
སངས་རྒྱས་སྒྲོལ་མ། རང་གི་དབང་ལ་ཡོང་བ་ཡིན་ན། ངས་རོལ་འདོད་པའི་འཚོ་བ་ནི་རེ་ཞིག་འུར་ཟིང་གིས་ཁེངས་པའི་གྲོང་ཁྱེར་དང་གྲོང་བརྡལ་སོགས་ཡིན་མི་སྲིད། ཡུལ་མིའི་འདོད་པ་དང་བསྟུན་ནས་ཕྱུགས་ལས་གཉེར་འདོད་བྱུང་ལ་རང་བྱུང་ཁམས་ཀྱིས་ང་ཚོར་སྦྱིན་པའི་མཛེས་པ་ལོངས་སྤྱོད་བྱ་འདོད། རྫས་འགྱུར་གྱི་དྲི་དང་བྲལ་བའི་མཁའ་དབུགས་ལེགས་པོ་ཡང་ཡང་འབྱིན་རྔུབ་བྱེད་འདོད། ད་རུང་ཁོམ་སྐབས་རེ་བཙལ་ནས་ཁྱིམ་མི་དག་ཁྲིད་དེ་ས་གནས་སོ་སོར་ལྗོངས་རྒྱུའམ་ལྟ་སྐོར་དུ་འགྲོ་བསམ།
སྨིན་དྲུག འོ། སློབ་ཆེན་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་དུ་སོང་ནས་ཕྱུགས་ལས་གཉེར་འདོད་ཡོད་མཁན་ཞིག་དང་ཕྲད་པ་ད་ཐེངས་ཡིན། དེ་བསམ་ཚུལ་དམིགས་བསལ་བ་ཞིག་རེད། ཕ་ཡུལ་གྱི་ལྷིང་འཇགས་དང་ཁུ་སིམ་ལ་ང་ཡང་དགའ། རང་བྱུང་དང་རྫས་ཀྱིས་མ་གོས་པའི་ཁ་ཟས་ལའང་ང་རང་དགའ་བོ་ཡོད། ཡིན་ཡང་ངས་ལྕགས་ཁེམ་བཟུང་ནས་ལོ་ཏོག་གི་འབྲས་བུ་ལེན་པ་ལས། སྨྱུ་གུ་བཟུང་སྟེ་ཀ་མད་སུམ་ཅུའི་ས་བོན་གངས་ཅན་ཡུལ་དུ་བཏབ་ན་འདོད། ཧ་ཧ…… གང་ལྟར་གཉིས་ཀ་ངལ་རྩོལ་ཡིན་པ་གཅིག་འདྲ་རེད།
སྨིན་དྲུག མ་འོངས་པར་རང་གིས་སྦྱངས་པའི་ཡོན་ཏན་གྱིས་རང་གི་མི་ཚེ་དོན་སྙིང་ལེན་པར་འབད་རྩིས་ཡིན་ནམ། ཡང་ན་བཟའ་ཚང་ཞིག་བཙལ། བུ་ཕྲུག་རེ་སྐྱེས། འཚོ་ཚིས་ཁ་རྒྱབ་ཀྱིས་འདངས་པ་ན། ཡིད་ཚིམ་མགུ་གང་ནས་སྡོད་རྩིས་ཡིན།ཡང་ན་སྤྱི་ཚོགས་ཉམས་རྒུད་དང་སྐད་ཡིག་ཉམས་ནུབ་ཏུ་འགྲོ་བ་སོགས་ལ་བཟང་འགྱུར་གཏོང་བའི་ལས་ལ་འབད་པའི་ཕུགས་འདུན་རྒྱ་ཆེན་པོ་ཡོད་དམ།
སངས་རྒྱས་སྒྲོལ་མ། ཆུང་ས་ནས་བཤད་ན། ད་ལྟ་རང་གིས་འབད་པ་བྱེད་བཞིན་པ་ཚང་མ་ཁྱིམ་མིའི་འཚོ་ཚིས་ཁ་རྒྱབ་ཀྱི་དོན་དུ་ཡིན་ལ། དེ་ནི་ཆེས་གཞི་རྩ་ཡིན། གལ་ཏེ་ད་རུང་དེ་ལས་ནུས་པ་ལྷག་མ་རེ་ལྡན་ཚེ། སྐད་ཡིག་ཉམས་ནུབ་ཏུ་འགྲོ་བའི་ཕྱོགས་ལའང་དོ་སྣང་བྱ་ངེས་ཏེ། རང་མི་རིགས་ཀྱི་སྐད་ཡིག་གི་སྐྱེ་འཆི་ལ་གཙིགས་ཆེན་བྱས་ནས་བེད་སྤྱོད་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་པའི་ལས་ལ་འཇུག་རྩིས་ཡིན།
སྨིན་དྲུག རེ་བ་ཆེ་ས་ནས་བརྒྱབ། གོམ་པ་ཆུང་ས་ནས་བླངས་ན་བཟང་། བུ་མོ་ཚོ་སྤྱིར་བཏང་རྐང་པ་ས་ལ་སྤོ་དགའ་བའི་བཟོ་འདྲ་ཞིག་མཐོང་། དེ་ངོ་མ་རེད། རང་ཁ་མ་སོས་རང་རྒྱབ་ཀྱང་མ་ཁེབས་ན་ཆེན་པོ་བཤད་དེ་ཡོང་རྒྱུ་ཅི་ཡོད།
སྨིན་དྲུག ཁྱེད་ཀྱི་སེམས་ནང་གི་རང་གི་བཟའ་ཟླ་ག་འདྲ་ཞིག་རེད། བཟའ་ཟླ་བཙལ་དུས། མེད་དུ་མི་རུང་བའི་ཆ་རྐྱེན་གང་དག་ཚང་དགོས། དཔེར་ན། སྐྱེས་གཟུགས་དང་རྒྱུ་འབྱོར་གཙོ་བོར་ལྟ་གི་ཡིན་ནམ། ཡང་ན་མི་གཞི་བཟང་ཞིང་འཇོན་ཐང་ཡོད་པ། རང་ལ་གུས་བརྩི་ཆེ་ཞིང་སྐྱིད་སྡུག་མཉམ་མྱོང་ཐུབ་པ་ཞིག་བཙལ་གི་ཡིན།
སངས་རྒྱས་སྒྲོལ་མ། ཐོག་མར་ཆ་རྐྱེན་གཅིག་འཛོམས་དགོས་པ་དེ་ནི་རིགས་ཞེན་གྱི་འདུ་ཤེས་ངེས་པར་དུ་མཁོ། སྐྱེས་གཟུགས་དང་རྒྱུ་འབྱོར་སོགས་ཀྱང་གལ་མི་ཆེ་ཟེར་མི་ཕོད་མོད། དེ་དག་ཆ་རྐྱེན་ཕལ་བ་རུ་བརྩི་ཆོག མི་གཞི་བཟང་བོ་ཡིན་དགོས་པ་སྨོས་མ་དགོས་ལ། འཇོན་ཐང་ཡོད་མེད་ཀྱང་དེ་འདྲའི་གལ་ཆེན་པོ་མིན། ཆེས་གལ་ཆེ་ས་དེ་ངེས་པར་དུ་རང་གི་སྐད་ཡིག་ལ་དུངས་ཤིང་རྒྱུན་པར་བེད་སྤྱོད་གཏོང་བ་ཞིག་ཡིན་དགོས། དེ་མིན་གཞན་པ་ཚང་མ་གནད་དོན་ཕལ་པ་རེད།
སྨིན་དྲུག ཅི་འདྲའི་སྨན་ཆུང་རིགས་ཞེན་དུང་ཁ་ཅན་ཞིག སེམས་ཤུགས་རྒྱས་ནི་ཞིག་རེད། ཁྱོད་དང་ཁྱོད་འདྲ་བ་མང་པོ་ཡོད་རྒྱུ་ན། ང་ཚོ་ཡང་རིགས་ཞེན་གྱི་དུང་བ་ཟབ་པའི་ཡ་ཧུ་དཱ་མི་རིགས་ཀྱི་དོ་ཟླར་ཡོང་རྒྱུ་རེད། དེ་འདྲ་ཡིན་ཚེ་སྐད་དང་ཡི་གེ་ཉམས་རྒུད་འབྱུང་བ་ལ་སེམས་ཁྲལ་ག་ལ་དགོས། སྨན་ཆུང་རང་གི་མི་ཚེ་སྐྱིད་ལ་སྐྱེལ་བར་ཤོག བསམ་དོན་ཡིད་བཞིན་འགྲུབ་པར་ཤོག
སྨིན་དྲུག གཉེན་སྒྲིག་བྱས་རྗེས། བཟའ་ཟླས་ཁྱིམ་ལས་དང་བྱིས་སྙོར་དང་བྱིས་པའི་སློབ་གསོ་སོགས་ལ་འགན་མ་ཁུར་བར་ལས་ཀ་མང་པོ་རང་གི་འགན་དུ་བབ་ན། འཁང་ར་ཅི་ཡང་མེད་པར་དོ་དོ་ཏན་ཏན་གྱིས་བྱེད་ཐུབ་བམ། མཐོ་རིམ་སློབ་གསོ་ཐོབ་རུང་སྲོལ་རྒྱུན་གྱི་སྐྱེས་མ་ནང་ལྟར་མི་ཚེ་ཁྱིམ་ལས་ནང་དུ་ཟད་དགོས་ཐུག་ཚེ། ཁྱོད་ལ་བློ་ཕམ་ཡོད་དམ།
སངས་རྒྱས་སྒྲོལ་མ། གཉེན་སྒྲིག་བྱས་ཏེ་བཟའ་ཟླས་ཁྱིམ་ལས་དང་བྱིས་སྙོར། བྱིས་པའི་སློབ་གསོ་བཅས་ལ་མི་གཡོལ་བའི་ཆེད་དུ། ངས་བཟའ་ཟླ་མ་བསྒྲིགས་སྔོན་ནས། རང་རང་གིས་སྒྲུབ་འོས་པའི་འགན་འཁུར་དེ་གསལ་བོར་བཤད་ངེས་ཡིན། འོན་ཏེ་འགན་འཁུར་ཡོད་ཚད་རང་གི་ཕྲག་ཏུ་བབས་ན་དེ་ལ་དེ་འཚམ་གྱིས་ཁོ་དང་བསམ་ཚུལ་བརྗེ་རེས་བྱས་ཏེ་གནད་དོན་ཐག་གཅོད་བྱ་ངེས་ཡིན།
སྨིན་དྲུག དགའ་རོགས་སྒྲིག་དུས་ནས་ཅི་ཞིག་ཆོག་པ་དང་གང་ཞིག་མི་ཆོག་པ་སོགས་ཕན་ཚུན་གྱི་ཆ་རྐྱེན་གསལ་བོར་བཤད་ཅིང་། གཉེན་བསྒྲིགས་རྗེས་ཀྱང་ཁ་ཆད་བྱས་པ་ཁ་དན་ཚིག་ལ་གནས་ཏེ་ལག་ལེན་ཐུབ་ན། ཁྱིམ་ཚང་འཁོར་སྐྱོད་ཡག་པོ་ཡོང་བ་བཤད་ཅི་དགོས།
སྨིན་དྲུག གལ་སྲིད་ཁྱོ་གས་ཕྱི་ནས་ཟུར་མོ་བསྟེན་ན། རྙོག་དྲ་དེ་རང་གི་ཁྱོ་ག་ལས་སེལ་གི་ཡིན་ནམ། ཡང་ན་འུ་ཅག་གི་སྲོལ་རྒྱུན་ལྟར་དུ། ཟུར་མོ་དེ་དང་ཁྱོད་ཤི་ང་གསོན་གྱི་དགྲ་ཤ་རྩོད་གི་ཡིན(གསལ་བཤད་དགོས་པ་ནི། སྐྱེས་པ་ཚོ་རྐྱང་རྐྱང་དེ་འདྲ་རེད་ཟེར་བ་མིན་ཏེ། གཙོ་བོ་དེང་དུས་ཀྱི་སྐྱེས་མ་ཚོས་དོན་དག་དེར་ཇི་ལྟར་གདོང་གཏོད་པ་དང་ཐག་གཅོད་ཚུལ་ཤེས་འདོད་པས་ཡིན)།
སངས་རྒྱས་སྒྲོལ་མ། ཁྱོ་གས་ཕྱི་ནས་ཟུར་མོ་བསྟེན་ན། ངས་ཟུར་མོ་དེ་དང་དགྲ་ཤ་རྩོད་མི་དཔེ། ཐོག་མར་ཁྱོ་གས་ཟུར་མོ་བསྟེན་དགོས་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ཏེ། གནས་ཚུལ་ཞིབ་ཏུ་བརྟགས་རྗེས། རང་གི་ཁྱོ་ག་ལས་སེལ་གི་ཡིན།
སྨིན་དྲུག ལགས་སོ། །བསམ་ཚུལ་དེ་ཧ་ཅང་བཟང་། མཇུག་སྡུད་པའི་སྐད་ཆ་ནི། གཞོན་སྐྱེས་ཚོ་ནི་དངོས་གནས་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་རེད་འདུག དེ་ཡང་། མདོ་དབུས་ཁམས་གསུམ་དུ་ད་ལྟ་ཡིན་རུང་མ་ཅོ་འཛིང་བྱེད་པ་གཙོ་བོ་ཁྱོ་གས་ཟུར་མོ་བསྟེན་པ་རྐྱེན་བྱས་ནས་ནང་འཁྲུག་སློང་བ་ཡིན། སྣང་ཚུལ་ཡ་མ་བརླ་དེ་ལ་འགྱུར་བ་བྱུང་སྟེ་འདི་ལྟར་སོང་ན་ཁྱེད་ཅག་གི་དུས་རབས་སུ། ཅོ་འཛིང་བྱེད་པའི་རྒན་རབས་ཚོའི་གནའ་སྲོལ་མི་ལེགས་པ་དེའི་རྒྱུན་ཆད་དེ་སྐྱེས་མ་ནང་ཁུལ་དུ་འབྲེལ་འདྲིས་བཟང་ཞིང་། ཕན་ཚུན་གཅིག་གྲོགས་གཅིག་ཕན་དང་གདུང་སེམས་མཉམ་སྐྱེད་ཐུབ་པ་གོར་མ་ཆག དེ་འདྲ་བྱུང་ན། ཡུལ་ལུང་གང་དུ་ཁྱོ་གའི་དྲག་སྤྱོད་དང་གནས་ཡུལ་གྱིས་སྡུག་ལ་གཏད་ནའང་སྐྱེས་མ་ཕར་ཚུར་ལ་རོགས་རེས་དང་ལྟ་རྟོག་ཐུབ་པས་ཚེ་སྲོག་གི་བདེ་འཇགས་ལ་ཁག་ཐེག་དང་ཉམ་ཐག་ཚོའི་སེམས་ཤུགས་མི་ཆག་པར་ཡང་ཕན་པར་སེམས། དགོས་པ་མེད་པའི་བག་ཆགས་ལས་སད་ཅིང་ནང་འཁྲུག་གི་བྱ་སྤྱོད་ལས་འགོངས་པ་ཡིན་ན། ཕན་ངོ་མ་ནི་གོ་བབ་དམའ་ཞིང་དཔུང་རོགས་ཞན་པའི་སྐྱེས་མ་རང་ཚོ་ལ་ཕན་པ་ཡིན་ནོ་ཞེས་པ་དེའོ། །
མཐར། ཁྱེད་ཀྱིས་སློབ་སྦྱོང་གི་བར་གསེང་ནས་དུས་ཚོད་མང་པོ་སྤྱད་ཅིང་རྣམ་འགྱུར་ཡག་པོའི་སྒོ་ནས་གོང་གི་དྲི་བ་དག་ལ་ལན་དྲང་མོ་དོན་བསྡུས་པོ་ཁ་གསལ་པོའི་ངང་ནས་བཏབ་པར་ཐུགས་རྗེ་ཆེ་ཞུ་བའི་དུས་མཚུངས་སུ། བདག་དང་བསམ་བློའི་དཔུང་རྡང་གཅིག་པའི་གྲོགས་མོ་ལགས་དང་། བྱ་མདོ་བདེ་སྐྱིད་སྒྲོལ་མ། རྔ་བ་ཚེ་རིང་སྐྱིད། ལ་སྟོད་ཚེ་རིང་། ཙོང་ཁ་དཀར་མོ་རྒྱན་བཅས་ཀྱིས་གཙོས་པའི་རོགས་རམ་མཐུན་འགྱུར་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་ཡིན།
2023/08/30ཉིན་གྲུབ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ་ཞེས་པའི་ ལས་ལ་འཇུག་དུས་ཀྱི་ཐོག་མའི་དྲན་ཚུལ། ར་རྫ་འཇམ་དབྱངས་སྐྱིད།
དང་པོ། རྔ་བ་ཚེ་རིང་སྐྱིད། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ།
གཉིས་པ། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། ཙོང་ཁ་དཀར་མོ་རྒྱན།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། གསུམ་པ། ལ་སྟོད་ཚེ་རིང་།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཞི་པ། ཁྱུང་མཆུ་འབུམ་སྐྱིད།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། ལྔ་པ། མཚོ་ལྷོ་རྡོ་རྗེ་སྒྲོལ་མ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། དྲུག་པ། ཆུ་ཆེན་བདེ་གསལ་ལྷ་མོ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བདུན་པ། ནག་ཆུ་སྐྱིད་སྒྲོལ་མ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བརྒྱད་པ། ཁྲི་ཀ་བན་དེ་སྐྱིད།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཅུ་པ། བྲག་དཀར་ཚེ་དབང་རྡོ་རྗེ་མཚོ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཅུ་གཅིག ཡུལ་ཤུལ་ཟླ་མཛེས།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཅུ་གཉིས། བསང་ཆུ་རྟ་མགྲིན་སྒྲོལ་མ།
འཕྲིན་སྟེགས་འདི་ནི་གཙོ་བོ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4088
དཔྱད་མཆན་སྤེལ།