ངོ་སྤྲོད།
ཕྲན་གྱི་དངོས་མིང་ལ་བསོད་ནམས་མཐར་ཕྱིན་ཅེས་འབོད། 1995ལོར་གླིང་ཚང་འགུ་ཟི་རུ་སྐྱེས། ཤེས་རབ་མེད་ཀྱང་སྦྱོང་བརྩོན་གྱི་རྔུལ་ཆུ་དང་བརྗེས་པའི་སྐྱ་སེར་གཉིས་ལས་ཐོས་པ་ཕྲན་ཙམ་ཐོབ། རྩོམ་རིག་གི་ལམ་དུ་ཞུགས་ནས་ 《གངས་རྒྱན་མེ་ཏོག་དང་། ཟླ་ཟེར། གངས་དཀར་རི་བོ། མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ། ལང་ཚོའི་འཛུམ་རིས། ཤྭ་སྐྱ། ཁམས་པའི་རྩོམ་རིག་སྒྱུ་རྩལ། གངས་རིའི་རང་མདངས། གཡུ་ཐོག་འབོད་སྐུལ། མཚོ་མཐའི་གླུ་སྐད། འདན་གླིང་རྩོམ་རིག གསེར་གྱི་ལྷ་དར། 》 སོགས་དུས་དེབ་རེ་འགའ་དང་། “རྔ་བའི་ཚགས་པར་དང་། ལྷོ་ཁའི་ཚགས་པར། ཁམས་པའི་ཚགས་པར”སོགས་ཁ་ཤས། < མཆོད་མེ་དྲ་བ་དང་། བཙན་པོ་མགར་གྱི་དྲ་བ། རྒྱལ་ཕྱི་བོད་རིག་པ། ཀྲུང་གོ་བོད་དྲ། མཚོ་སྔོན་པོའི་དྲ་བ། གངས་ལྗོངས་ཉི་གཞོན་དྲ་བ། ཐུ་བྷོད་དྲ་བ། ཧི་མ་ལའི་བོན་དྲ། དཀར་མཛེས་སློབ་གསོ་དྲ་བ་ >སོགས་དྲ་ཚིགས་ཁ་ཤས། “ལུག་ཚང་དཔལ་ཡོན་སོགས་འཕྲིན་སྟེགས་”ཁ་ཤས་བཅས་མདོར་ན་ཚགས་དེབ་དང་དྲ་ཚིགས་ཁག་ཏུ་ཡག་བཙོག་ལ་མ་ལྟོས་པར་རྩོམ་ཡིག་སུམ་བརྒྱ་ཁ་ལྷག་ཟིན། བྱ་དགའ་ཡང་རེ་ཟུང་ཐོབ། རང་གི་[དུས་མཐའི་རོལ་དབྱངས་]དང་ཞིང་ཆེན་སི་བོད་སློབ་གྲྭའི་[གསོ་རིག་དུས་དེབ་]སོགས་རེ་ཟུང་གཙོ་སྒྲིག་བྱས། [འཇའ་ཚོན་གྱི་ལུང་གཤོངས་]ལྟ་བུ་སྙན་དེབ་སོགས་ཀྱང་ཞུ་དག་བགྱིས། ད་སྐབས་གསོ་རིག་དང་། ལོ་རྒྱུས། སྙན་ངག བརྡ་སྤྲོད་སོགས་ཀྱི་དགེ་རྒན་དཀྱུས་མ་ཞིག་གི་མིང་ཙམ་ཁུར་ནས་ཡོད།
སྙན་ཚིག་སྲེད་པ་གཞོན་ནུ་མའི་བྲོ།
ལས་རླུང་རྟ་ལ་རྒྱུ་བའི་རྣམ་ཤེས་ཀྱི།།
རང་རིག་གསལ་སྟོང་མཐར་ལ་མ་ཐུག་བར།།
ལས་ཀྱི་མྱོང་སྐལ་འཁོར་བའི་མེ་ཏོག་གང་།།
རྟག་ཏུ་འབྲལ་མེད་རྗེས་སུ་ཟུངས་ཤིག་ཨང་།།
འཇིག་རྟེན་འདི་ན་ཉམས་ནི་སྣ་ཚོགས་ཏེ།།
གར་གྱི་ཉམས་སོགས་ཤུགས་ཀྱིས་བཙིར་ན་ཡང་།།
བཙིར་བ་ཕལ་ཆེར་ཤིང་གི་མངར་ཆ་ལས།།
མེ་ཏོག་འཛིན་གྱི་དོ་ཟླ་གང་ལ་འོང་།།
མཛེས་མ་ཕལ་ཆེར་སྙམ་མེད་མཐོང་ན་ཡང་།།
གློ་བུར་དྲན་པ་གཅིག་ཅར་གསལ་བྱེད་པ།།
གསལ་བའི་གཟུགས་ལས་མྱོང་པའི་ཧམ་པ་སོགས།།
དབང་མེད་སེམས་བྱུང་འཕྱུར་བའི་རྦ་རླབས་རྩེན།།
ལྷག་པར་གླུ་དང་གར་ཆུང་ཟློས་གར་སོགས།།
རྩེད་བ་ལས་ཀྱང་བུད་མེད་གཞོན་ནུ་མས།།
བྲོ་ཡི་སྟངས་སྟབས་སེམས་ཀྱིས་མྱོང་གྱུར་ན།།
དེ་ལས་མཛེས་པའི་འཇོ་སྒེག་གང་ན་ཡོད།།
རྒྱབ་གཟུགས་རི་སུལ་འདྲ་བའི་གཞུང་ཐིག་དབར།།
སྒལ་ཚིགས་མེ་ཏོག་བརྒྱུས་པའི་སུམ་བརྩེགས་ཅན།།
སོག་པ་མེ་ལོང་དགའ་འཁྱིལ་རི་མོ་ལས།།
གཡས་འཁྱིལ་བྱ་འབྲུག་འཁྱུད་པའི་ཁ་དོག་འཚེར།།
སྐྲ་ཡི་ལན་བུ་ལྗོན་ཤིང་གཞོན་ནུའི་སོར།།
སྐུལ་བྱེད་རླུང་གི་ཡང་ཡང་བསྐོར་གྱུར་ན།།
ཉི་མའི་རྡུལ་གྱི་འོད་དག་ཉམས་བྱེད་པ།།
རྒྱང་རིང་མིག་ལ་སྐར་མ་རབ་རིབ་འཚུབ།།
ཤིན་ཏུ་ལྕི་བའི་སྐུ་སྨད་ཤ་ཁུ་སྤུངས།།
དར་སྤྲིན་གོས་ཀྱིས་མི་གསལ་གཡོགས་བྱེད་ཀྱང་།།
རང་བཞིན་མཛེས་པའི་ཟླུམ་གཟུགས་ཁ་སྦྱོར་གང་།།
མ་ཁོག་ཕྱི་རུ་འབུར་བའི་བརྐོས་རྩལ་མཛེས།།
བྱིན་པ་ཉ་མོ་གདང་ལ་གཤིབ་པའི་དབྱིབས།།
གོས་སྣེ་འཇའ་ཤན་དཀྲུགས་པའི་ལྡེམ་ལྡེམ་བར།།
སྐད་ཅིག་མཐོང་བའི་ཡིད་འཛིན་སྣང་བའི་ངོགས།།
རབ་ཏུ་འཇམ་པའི་རླུང་ཡང་སིལ་སིལ་གཏོར།།
རྐེད་པ་དར་དཀར་སྒྲིལ་བའི་ཉག་ག་ནས།།
སྲོད་ཁའི་ཉི་མའི་དམར་མདངས་དུས་ཀྱི་བརྡ།།
མི་བརྟན་གཡོ་ཞིང་འཁྱུག་པའི་དཔྱི་སྨད་གང་།།
རི་སྒང་ཤིན་ཏུ་ངལ་བའི་དར་ཅོག་འགྲན།།
མ་བཅོས་ལྷུན་གྱིས་གྲུབ་པའི་བཞིན་རས་ལ།།
མ་དག་དྲི་མའི་དཔུང་ཚོགས་སྔ་སངས་བའི།།
མ་རིག་རྨོངས་ཡིད་སྒུལ་བའི་ཟླ་བའི་གདོང་།།
མ་དག་མིག་གི་མཚན་མོའི་མཁའ་ལ་རྒྱུ།།
སྨིན་མ་ནགས་ཀྱི་ལྗོན་པ་དཀྲུགས་པའི་ཀློང་།།
རི་ཡི་ཞོལ་ག་གདོང་གི་ཉག་ཟུར་གོང་།།
ཅུང་ཙམ་དོགས་པའི་ཁྲ་ཆུང་སྤྱན་གྱི་གཟུགས།།
ཡུ་མོ་འདྲོགས་པའི་ཟོལ་གྱིས་འཇབ་བྱེད་པ།།
ཞལ་སྒོ་བྱུ་རུ་དཀྱིལ་འཁོར་དམར་མདངས་ན།།
ཚེམས་དཀར་དུང་གི་ཞོ་གསར་ཚར་དུ་མངར།།
རང་བྱུང་མཚམས་སྤྲིན་དམར་པོས་གངས་ཀྱི་རི།།
མུ་ཁྱུད་གཅེས་པར་འཁྱུད་པའི་རྣམ་པར་སྟོན།།
མགྲིན་གྱི་ཕྲ་རགས་མ་བྱས་བྱས་པའི་སྡུག །
དེ་ཡི་གཉེར་ཕྲེང་མཚོ་ཡི་མཛེས་པ་བཞིན།།
རིན་ཆེན་བྱུ་རུ་དམར་པོའི་མགུལ་རྒྱན་དཀྱིལ།།
ཉ་མོ་གསེར་གྱི་པ་ཏྲ་འཁྱུག་ལྡིང་བྱེད།
བྲང་ཡངས་དར་གྱི་སྟོད་གོས་སྔོ་བསངས་འཐུང་།།
དམ་ཕྱིར་མྱོས་བུམ་ཟླུམ་གཟུགས་རི་མོ་བྱོན།།
འབུར་དང་ལྡེམ་པའི་རྣམ་འགྱུར་བརྒྱ་ཕྲག་གིས།།
བཟོད་མེད་རླུང་གིས་སྲོག་རླུང་ཡོམ་ཡོམ་འདར།།
འདོད་ལྡན་མིག་གི་བདུད་རྩི་ཆར་གྱི་རྒྱུན།།
རབ་དཀར་བསིལ་བའི་རེག་འཇམ་བྲང་གི་མཁར།།
ཤིན་ཏུ་མཛེས་པའི་སྤྲིན་དཀར་ནུ་འབྲས་གཟུགས།།
འདྲེན་བྱེད་མིག་གི་སྡོང་རྩེར་བལ་ལྟར་ཐོགས།།
དཔྱི་རྐེད་ཉི་ཟླའི་གདགས་སྲིབ་རེ་མུས་འཁོར།།
བརླ་ཡི་གཤོང་ན་ལྐོག་གྱུར་མེ་ཏོག་བཞད།།
སུ་དང་གང་གིས་མཐོང་བ་མ་རྟོགས་ཀྱང་།།
རྟེན་དང་ཚོགས་ཤིང་རྟོག་པའི་རི་མོ་འཆར།།
ཁྱེད་ཀྱི་དབུ་ནས་ཞབས་སོར་ཤེལ་ཕྲེང་དབར།།
གནམ་སའི་བར་གྱི་ཆོས་ཀྱི་གནས་ལུགས་བཞིན།།
མཛེས་པ་དག་ནི་གཞལ་བྱའི་ཆོས་མིན་ཕྱིར།།
འཕྲལ་དུ་གང་འཆར་ཡིད་ཀྱི་བདེ་དགའ་བྱེད།།
འཁོར་བ་འདི་ཉིད་ལུད་གཅིག་ཡིན་དུ་ཆུགས།།
ཁྱེད་ནི་དེ་ལས་འཁྲུངས་བའི་མེ་ཏོག་སྟེ།།
ལུད་ལ་ཇི་ལྟར་མི་དགའ་བཤད་མོད་ཀྱང་།།
ཁྱེད་ལ་བལྟས་ཚེ་ལུད་ཀྱང་དྲིན་ཆེན་དྲན།།
ཁྱེད་ཀྱི་ལུས་འདིའི་ཆ་དང་ཆ་ཤས་རེ།།
མི་འདོད་འབྱུང་བཞི་འཁྲུགས་པའི་སེམས་ཅན་ལ།།
འདོད་ཐོག་མཉེན་པོ་འཕྲད་པའི་དགའ་བ་ལྟར།།
བདག་ཡིད་ངང་བའི་གཤོག་འདབས་མཚོ་ལ་གཡོ།།
མཚོ་ཡི་མཐའ་ནི་རྟག་ཏུ་གཞལ་བྱས་ཀྱང་།།
གཞལ་བའི་མཐའ་ལ་ཐུག་པ་ནམ་ཞིག་སྟེ།།
ཐུག་ཀྱང་ལུས་ཀྱི་སྟོབས་ཀྱང་འགྲིབ་འགྱུར་བས།།
གཤོག་འདབས་མཚོ་ལ་ལྷུང་རུང་ལྷུང་དུ་ཆུགས།།
ནམ་ཞིག་དབྱིངས་ཀྱི་ངོ་བོ་གསལ་ཞིང་རིག།
འཁོར་བའི་རྒྱུན་ཐགས་སྐུད་པ་བཞིན་ཆད་ནས།།
རིགས་དྲུག་ཆོས་ཀྱི་རྡོག་སྣ་བསུབ་པའི་དུས།།
ལས་ཀྱི་ལན་ཆགས་ད་དུང་ཁྱེད་ལ་དབང་།།
དེ་བས་ཁྱེད་ལ་འདི་ཕྱི་འབྲེལ་བའི་ཁམས།།
ས་པ་ལས་ཀྱི་ཐ་སྙད་ཡོངས་སྤུངས་ཏེ།།
བཅོས་མིན་ཚིག་དང་དབྱངས་ཀྱིས་མགྲོན་བོས་ན།།
ཡིད་ཀྱི་ཆོས་འཁོར་མདངས་བཞིན་འཛིན་པར་སྨོན།།
ཞེས་ཀྱང་༢༠༢༢/༡༢/༡༢ཉིན་དར་མདོ་ནས་བྲིས་པའོ།།
དཔའ་ལྷ་མི་སྤྱང་དཀར་པོ་མཇལ་བ།
ཟླ་སྟོད་ཟླ་བའི་འོད་ཀྱི་རྒྱན་ཆས་བརྒྱ།།
ལྷུན་པོ་སྤོམ་རའི་པྲོག་ན་སིལ་སིལ་གཏོར།།
གངས་དང་འོད་གཉིས་མཐུན་པའི་གློ་ཁ་ནས།།
ཡིད་དུ་འོང་བའི་གསར་ཡག་དུང་འདྲ་བྱུང་།།
རྫ་དང་བྲག་རི་འདྲེས་མའི་ཁ་མཚམས་ན།།
ནགས་དང་སྤང་ཐང་སྡེབ་པའི་སྲིབས་ཀ་ན།།
དྲེགས་ཟིལ་ཁེར་སྤྱང་ཁྲོས་པའི་ཟ་རྔམ་ཅན།
ཉེ་རུ་བཅའ་ན་དད་པའི་སྐྱེས་བུ་ཞིག །
སྡིག་ཅན་སྙིང་ལ་མི་བཟོད་མཆེ་སྡེར་ཅན།།
ཁྲག་གིས་དཀྲིས་པའི་སྤྱན་རྩ་དམར་ཤུ་ཤུ།།
ལག་པའི་རུས་ལ་ལྕགས་ཀྱི་སོ་འཁོར་ཅན།།
ཞེ་ཐུལ་ཝེར་མའི་དཔུང་ཚོགས་སྤྲིན་ལྟར་འཐིབ།།
གྲི་ཡི་རྩེ་ན་ཁྲག་ཞག་རི་མོ་དགོད།།
བསྟུད་མར་ཁྲོས་པའི་ཞེ་སྡང་མེ་ཕུང་འབར།།
མི་བཟོད་དུས་ཀྱི་བདུད་དཔུང་འགེམས་མཛད་བུ།
ལེབ་ཆེན་མི་ཡི་བཤས་གྲི་བསྣམས་ལ་བསྟོད།།
འདོ་བ་སྟོང་རི་རླུང་གི་གཤོག་པ་རྒྱས།།
ཟེ་བ་དཀྲུགས་པས་ཁ་ཆར་བུ་ཡུག་འཚུབ། །
འཚེར་སྒྲ་སིང་སིང་རྟ་སྐད་དབྱིངས་ལ་ཁྱབ།།
རྨིག་པའི་ཤུལ་ན་བླ་མཚོ་དགུ་བརྩེགས་མཁྱིལ།།
ཆིབས་སུ་ཆིབས་རྟ་དཀར་མོ་གངས་ཀྱི་དཔངས།།
མི་དཀར་ཟླ་བའི་གདོང་ལ་འཛུམ་རིས་ཅན།།
ཉིན་ལ་ཉི་མའི་འོག་ཤེད་ཁྲ་ཚོམ་ཚོམ།།
མཚན་ལ་ཟླ་བའི་འོག་ཏུ་འོད་འཚེར་འཚེར།།
སྐུ་ཤ་གངས་ཞུན་ཐིགས་པའི་སྙིང་བོ་ལ།།
སྤྱན་ཟུང་ཆར་སྤྲིན་གློག་གི་རོལ་གར་ཅན།།
སྨིན་མ་ནགས་ཀྱི་སེང་གེ་ཁྲོས་པའི་ཀློང་།།
དྲེགས་པ་བཅོ་བརྒྱད་འདུལ་བའི་གད་རྒྱངས་སྒྲོག །
ཇག་ལ་སོང་ན་ཇག་དཔོན་དོམ་སྙིང་ཅན།།
ཚོང་ལ་ཕེབས་ན་ཚོང་དཔོན་ནེའུ་ལེ་འཛིན།།
དམག་ལ་ཆས་ན་དམག་དཔོན་ཨ་དོམ་བུ།།
འགྲན་གྱི་ཟླ་མེད་སེང་ཆེན་བཀའ་ཡི་བློན།།
ཉག་ཕྲན་མདའ་ཡིས་སྒྱུ་སྐར་ཚོགས་ཀྱང་གཏོར།།
མདུང་གིས་བསྣུབས་པའི་རི་བོའི་ལྟོ་ཡང་ཐེད།།
གྲི་ཡིས་བཅད་ན་རྡོ་རྗེ་ཡིན་ཡང་གས།།
གོ་འཇོ་གླིང་གི་དགྲ་ལྷ་ཡོངས་ཀྱི་དཔོན།།
མཁར་ལ་མི་འགྱུར་སྨུག་པོ་ལྕུག་དཀྲིས་ན།།
མི་ལ་མི་འགྱུར་དུང་སྐྱེས་འཚར་ཡག་བཞུགས།།
ཡུམ་ལ་མི་འགྱུར་ལྷོ་བཟའ་སྒྲོལ་མ་བཞུགས།།
སྲས་ལ་མི་འགྱུར་དཔའ་གསར་ཟླ་བ་བཞུགས།།
སྔ་དྲོ་གངས་ཀྱི་སེང་གེའི་གཡུ་རལ་འཇུས།།
ཕྱི་དྲོ་ནགས་ཀྱི་སྟག་མོའི་གཉའ་ནས་མནན།།
སྟག་སེང་ཁ་སྤྲོད་གླིང་ཡུལ་སྒར་ལ་ཁྲིད།།
རྒོད་ཀྱི་རྟིང་མ་ཞེ་ཐུལ་སེང་སྟག་ཐོགས།།
ཕྱི་དགྲ་བཏུལ་ལ་ནང་མི་བལ་ལྟར་འཇམ།།
ཚིག་ལ་ལྗིད་ཡོད་བློ་ཁོག་མཁའ་ལས་ཡངས།།
དཔོན་ལ་བློ་དཀར་འབྲིང་རྒྱུད་ལྡོང་ལ་གཅེས།།
ཕར་འགྲོ་སྣ་འདྲེན་ཚུར་ཡོང་གཞུག་ན་ཡོད།།
ཡར་དེད་རི་བོ་རྩེར་དེད་རྩི་ལྟར་འབྲེག །
མར་དེད་རྒྱ་མཚོ་ཁར་དེད་ཁྲག་གིས་བརྫིས།།
སྡིག་ཅན་མཚོན་ལ་དྲངས་བ་བགྲང་ལས་ཡས།།
དཔའ་རྟགས་དཔའ་བོས་བླངས་པའི་སྙན་གྲགས་ཆེ།།
དུས་ཀྱི་མཐའ་དང་མུན་པའི་བཙན་རྫོང་བརྒལ།།
རྟ་ཕོའི་རྨིག་སྒྲ་འཁོར་གསུམ་ཁྲོལ་སྒྲ་བཅས།།
འབྲི་ཟླ་ཟལ་མོའི་སྒང་ནས་མར་མར་ཡོང་།།
དགོད་ཙམ་བྱེད་ཅིང་གཟིགས་ཙམ་འཛུམ་ཡང་བསྟན།།
གྲི་མགོ་འཕུར་ཙམ་སྤྱན་གཉིས་ཅེར་རེ་བལྟ།།
རྟ་ཁ་འཐེན་ཞོར་བསམ་བློ་གཏོང་ཞོར་ངང་།།
ཡོབ་ཆེན་བརྒྱངས་ནས་ཕྱི་ཙམ་བཀྱེད་ཞོར་དུ།།
ང་འདྲ་ང་ངོ་གསུངས་ནས་གླུ་ཞིག་བླངས།།
ཕྱི་ལྟར་དཔའ་མཛངས་དེས་གསུམ་རྒྱན་པའི་གླུ།།
གསང་བ་མངོན་ཤེས་ལས་གྲུབ་གཡང་གི་གླུ།།
ནང་ལྟར་རིགས་གསུམ་གཅེས་བསྡུས་ཆོས་ཀྱི་གླུ།།
ཕ་གཞིས་གླིང་དཀར་རྒྱས་པའི་སྐྱིད་ཀྱི་གླུ།།
༢༠༢༠ ༡༢ ༦ ཞེས་གཟའ་པ་སངས་དགོང་མོར་ཉང་ཕུའི་ལ་རྩེ་དཀར་རིལ་དང་འབྲེལ་བའི་རྨི་ལམ་ཕྲན་བུ་ཞིག་དང་སྦྱར་ནས་བྲིས་པའོ།།
བྲོ་མ་ཞིག་གི་སྒྲོ་གུར་མཛེས་པའི་སྙན་ཚིག
འདོད་པས་འདོད་པར་སྒྲུབ་ན་འཇའ་དང་གུར།།
གཞོན་པས་གཞོན་པ་བསླུ་བ་ལང་ཚོ་སྟེ།།
བརྒྱ་ཡི་དཀྱིལ་ན་ལྷག་པར་གཅིག་མངོན་པ།།
ཟླ་བ་ལྟ་བུ་ཁྱེད་ལ་བདུད་རྩི་ལྡན།།
མ་བསྡུས་པ་ཡང་བསྡུས་པའི་ཁྱོད་ཞལ་དེ།།
མཐོང་བ་ཙམ་གྱིས་སྐྲ་སེམས་གཙེ་བ་དང་།།
ཚུགས་ཀྱི་སྒལ་ཚིགས་ལྷོད་ཅིང་རིམ་གྱིས་འཐོར།།
མང་བོའི་དཀྱིལ་ནས་བདག་ནི་ཁྱི་ལྟར་དྲུད།།
སྙན་གཞུང་དག་ལས་མཆུ་སྒྲོས་ཨུཏྤལ་དམར།།
གཡོ་བའི་ཚེ་ན་སྐྱེ་འགྲོ་བརྒྱལ་བ་བཤད།།
དེ་ལྟར་ན་ཡང་ཁྱེད་ཀྱི་མཆུ་འདབ་ཀྱི།།
རྡུལ་རྣམ་དག་ཀྱང་རབ་ཏུ་ཞིམ་པར་སྙམ།།
ཚེམས་ཀྱི་འོད་ཟེར་འཕྲོ་ཙམ་འཕྲོ་ཙམ་གྱིས།།
བདག་གི་མིག་ལ་དགུན་གྱི་ཁ་བ་འབབ།།
བསིལ་ལམ་མི་བསིལ་དྲན་པ་སྐོལ་ལོག་རེས།།
དབང་མེད་ཁ་ནས་ཨ་ཆུ་རེ་འགའ་ཤོར།།
གདངས་དེ་སྙན་ན་སྙན་པས་ཚོད་ཅིག་མེད།།
སྐྱེ་རབས་དུ་མ་དེ་དང་མཉམ་འགྱུར་ཞེས།།
སྨོན་བཏབ་ཅིང་དྲན་པ་ཡང་ཡང་མཐར།།
འགྲུབ་ལ་ཉེ་དང་མི་ཉེ་ཆོ་འཕྲུལ་ཤར།།
ཁྱེད་ཀྱི་ལག་ཟུང་དཔེ་མཚོན་མི་རྙེད་ཅིང་།།
འགུལ་བའི་ཚེ་ན་སྙིང་ཡང་རལ་བྱེད་པ།།
སེན་མོ་དག་གི་འོད་ཚོམ་ཁོ་ན་ཡིས།།
གླིང་འདིར་མུན་པ་ཇི་སྲིད་འབྱུང་མི་འགྱུར།།
དར་གོས་ལ་སོགས་སྐུ་ལུས་གཡོགས་པ་ནི།།
ཁྱེད་ཀྱིས་རང་ཉིད་དམན་པ་འཛིན་པ་སྟེ།།
མ་སྤྲས་ན་ཡང་དེ་ལས་མཛེས་འགྱུར་བ།།
སྒེག་མ་དག་གི་རང་བཞིན་གཤིས་ལུགས་སོ།།
སྨིན་པའི་ནུ་ཟུང་འདོད་པའི་དཔལ་འཛིན་མ།།
དཀུ་སྨད་རྒྱས་པ་སྲེད་པ་བརྒྱ་ཡི་བཅུད།།
འགྲོ་བའི་ཚེ་ན་སྤྲིན་དཀར་དལ་གྱིས་གཡོ།།
མི་བརྟན་བདག་གི་རླུང་ཡང་དེའི་ཕྱོགས་རྒྱུ།།
ཆ་ཤས་དག་ཀྱང་རིན་ཆེན་མཛོད་ཀྱི་ཆ།།
སྐྲ་དང་བ་སྤུ་རྔུལ་ཆུ་ཟེགས་མ་ཡང་།།
ལས་ཅན་དག་གི་ཟས་སུ་འགྱུར་བ་ལས།།
ལས་མེད་དག་གིས་དྲི་ཙམ་འཛིན་མི་འོས།།
སྨིན་མ་ནགས་ཀྱི་ལྗོན་ཤིང་དཀྲིགས་པའི་དབུས།།
ཁྱེད་ཀྱི་མིག་ནི་རི་དྭགས་འདྲོགས་པ་འདྲ།།
སུ་ལ་བལྟས་ཀྱང་བློ་ཁ་བསྒྱུར་བ་འདིས།།
རྔོན་པ་དག་ཀྱང་དཔའ་བའི་སྤོབས་ཞུམ་པ།།
རི་ཁྲོད་གཙང་མ་མེ་ཏོག་རེ་ཟུང་བཞད།།
དེ་ཡང་ས་བདག་ཀླུ་ཡི་ཁྱིམ་དུ་ཁྱེར།།
འདུ་འཛིང་སྙིགས་མའི་གྲོང་ན་ཁྱེད་ལྟ་བུ།།
མེ་ཏོག་གཞན་ཞིག་སྐྱེ་བ་ཡོད་མ་ཡིན།།
ཁྱེད་ཀྱིས་ཅིའི་ཕྱིར་བདག་ལ་ལྟ་ཙམ་གྱིས།།
ཧ་ཅང་དམར་བའི་མཁུར་ཚོས་རེག་པ་ཡིན།།
སྲེད་ལྡན་བདག་ནི་ཉི་མས་སྲེག་པ་བཞིན།།
ཡོངས་སུ་དམར་བ་ཁྱེད་ཀྱིས་མ་རིག་གམ།།
ཁྱེད་ཀྱི་རྒྱབ་གཟུགས་ཐང་ཤིང་སློང་བ་འདྲ།།
སྣག་སྣུམ་འོད་ཀྱི་སྐྲ་ཡི་དཔྱང་ཐགས་རེ།།
མི་འཛིན་སྡོམ་པའི་དྲ་བའི་སྦྲེལ་མཚམས་ན།།
སེམས་ཅན་དུ་ཙམ་ངལ་ནས་འཆི་བ་ལགས།།
རྙེད་པའི་སླད་དུ་རིམ་གྲོ་བྱ་རུང་ངམ།།
མིན་རུང་ཐབས་དང་དུས་སོགས་ཡོད་ངེས་སམ།།
གང་ལྟར་བདག་དང་སེམས་ཅན་མཐའ་ཡས་ཀྱིས།།
ཁྱེད་དུ་དོན་དུ་རྨི་ལམ་འཁྲུག་པར་བྱ།།
བསྒྲུབས་ནས་བརྙེས་ན་བདག་ཀྱང་དབེན་དུ་གཤེགས།།
སྒལ་ཚིགས་བྲག་དང་འཕོང་མགོ་ས་སྦྱར་ནས།།
ཁྱེད་ཀྱི་མཚན་ནས་རབ་ཏུ་བོས་བྱས་ཏེ།།
འཚོ་བའི་ལྷག་མ་གཏོང་འདི་དགའ་བ་ཡིན།།
འཐབ་པས་ཐོབ་ན་ཁོ་བོ་དམག་ལ་ཆས།།
སྲོག་དེ་འབེན་བཞག་ལུས་དེ་གོ་ཆ་བྱེད།།
ཁྱེད་ཀྱི་མཚན་ནས་རབ་ཏུ་བོས་བྱས་ནས།།
ཡན་ལག་དག་ཀྱང་མཆོད་པར་དབུལ་བར་བྱ།།
དེ་ལྟར་མིན་ཡང་ལས་ཀྱི་དབང་གིས་ནི།།
ཚེ་འདིར་ཐོབ་པར་བདག་ལ་མེད་ན་ཡང་།།
ཁྱེད་དང་ཉེ་བའི་ས་རྡུལ་སྤར་གང་ཡང་།།
བདག་ལ་མཚོན་ན་སྔོན་དུས་ཁ་ཞག་ཡིན།།
ཁྱེད་རང་གང་བཞུགས་གནས་དེ་དག་པའི་ཞིང་།།
ཆུ་ཀླུང་ལྗོན་ཤིང་མེ་ཏོག་འདབ་ཆགས་དག །
གོས་དང་ལྷམ་ཐེད་མདོར་ན་ཅི་གནས་ཀྱང་།།
ལེགས་པར་མཐོང་བའི་མོས་གུས་ཆད་མེད་བྱེད།།
ཁྱེད་ཀྱི་དོན་དུ་སྙིང་ཡང་གྲངས་མེད་ཕོངས།།
སེན་མོས་མིག་ཀྱང་ཕྱི་རུ་འབྱིན་ཕོད་པ།།
དཀའ་བའི་གནད་དུ་ཁྱི་ལྟར་འདུར་རུང་ཆོག །
མཐའ་ན་གཅེས་པའི་དངོས་ཙམ་བརྩིས་ཀྱང་རུང་། །
མྱི་ཁའི་མེ་འོབས་གཅེར་བུར་ལྟུང་བྱ་བ།།
ངོ་ཚའི་ཤ་པགས་འདམ་ལྟར་རྫོབ་ཀྱང་ཆོག །
ཁྱེད་ཀྱི་ཆ་ཤས་ཀུན་ལ་དགའ་བ་འདིས།།
ཁྱེད་ཀྱི་དོན་དུ་ཅི་ཡང་དགའ་བ་ཡིན།།
འདི་ལྟར་བྲིས་པ་སྙན་ཚིག་ངག་གི་དཔལ། །
བརྗོད་བྱའི་དོན་ནི་ཁྱེད་ལས་གཞན་གང་ཞིག །
དུས་དང་ཡུལ་གྱི་བསྐལ་བར་གང་འཇིག་ཀྱང་། །
ཁྱེད་ཀྱི་དོན་ནི་ནམ་ཡང་མི་འཇིག་གོ ། །
༢༠༠༡༩ ཞེས་ཀྱང་སྡེ་དགེ་དཔལ་སྤུངས་ནས་ཡིན་པའི་སློབ་གྲོགས་ཞིག་གི་རེ་བ་ལྟར་བྲོ་ལ་བལྟས་ནས་རྗེས་སུ་ལེགས་སྐྱེས་ཙམ་དུ་བྲིས་པའོ།།
འཛུམ་དྲུག་ཉི་མའི་དཀྱིལ་འཁོར།
ལས་དང་ལམ་འདི་མ་བཟོ་བཟོས་ནི་འདྲ།།
བཟོས་པ་ཡག་གོ་འུ་གཉིས་ཐུག་པ་བདེན།།
ང་ལ་མཚོན་ན་དབྱར་ཟླ་སྟོན་ཟླ་ཡིན།།
དེ་ལས་སྐྱིད་པའི་དུས་གཅིག་མི་དགོས་སྐད།།
ཐོག་མ་འཕྲད་པ་ལས་ཀྱི་རོགས་ཡིན་ན།།
ལས་ལ་ཁ་དྲོ་ཕྲན་གྱིས་བཀའ་དྲིན་ཞུ།།
མ་ཐུག་ཐུག་པའི་ལུང་སྟོང་ཡུ་མོ་འདི།།
ཁྲ་རིང་འཁུར་བའི་བུ་ངའི་བསམ་འདུན་ཉིད།།
ཐུག་ནས་ཤོར་བའི་སེམས་ཀྱི་བྱེའུ་ཆུང་འདི།།
མ་ཤོར་སྙིང་ལས་ཤོར་བའི་སྟག་ཕྲུག་ཡིན།།
ཤོར་ན་འཛུམ་དྲུག་རང་ཤར་རང་དོད་ཡིན།།
རང་དོད་འཛུམ་དྲུག་ཉི་མའི་དཀྱིལ་འཁོར་ཡིན།།
ཡག་པ་བརྒྱ་ལས་ཡིད་དུ་འོང་མོ་གཅིག །
མེ་ཏོག་རླུང་གིས་འཁུར་བཞིན་མདུན་ན་ཟགས།།
བླངས་ན་གསེར་སྐུ་ལི་མའི་རིན་གོང་རེད།།
མ་བླངས་བཞག་ན་ཕངས་སེམས་སྐྱེད་བྱེད་རེད།།
ཕར་བལྟས་རས་གཞི་དཀར་པོའི་གཞལ་ཡས་ན།།
ལྔ་ལྡན་མདངས་ཀྱིས་ལོ་བརྒྱར་སྐྱོང་བ་འདྲ།།
ཇི་ཙམ་བལྟས་ཀྱང་དེ་ཙམ་མཛེས་པ་ནི།།
ངོམས་མེད་ལས་ཀྱི་ལོངས་སྤྱོད་ཁྱེད་ཉིད་ཙམ།།
དར་བབས་ལང་ཚོ་མི་བརྟན་རླུང་ལ་ཞོན།།
དགའ་བ་དྲུག་གི་རི་རབ་རྩེ་མོ་བསྙིལ།།
ཤིན་ཏུ་བཞིན་བཟང་པུཎྜ་རི་ཀའི་མདངས།།
མ་བྲིས་ལི་ཁྲི་ཐིག་ལེའི་སྤྱན་ཟུང་མཛེས།།
རྒྱུ་ན་ལྷ་ཡི་དབང་གཞུ་འཁྱུག་སེ་འཁྱུག །
ཡིད་ལ་དགའ་བའི་སྒྱུ་རྩལ་ཆར་ལྟར་འབེབས།།
མ་རྒྱུ་ཨུཏྤལ་དཀར་པོའི་ལུས་ཅན་མ།།
ཀུན་ཏུ་འཚེར་བའི་དྲི་ཞིམ་ཡིད་རབ་འཕྲོག །
མིག་དང་མིག་གིས་བརྡར་ན་མེ་སྟག་བྱིན།།
ཚིག་དང་ཚིག་གིས་འཐེན་ན་འབྲུ་སྣུམ་ཟགས།།
ཚོར་བར་ཚོར་བས་འཁྱུད་པས་རླུང་བུ་ལྡང་།།
ལུས་ཀྱི་རི་ལ་མེ་ཡི་རྒྱ་མཚོ་འཁྱིལ།།
འཛུམ་པའི་མདངས་ཀྱིས་ཀུན་གཞི་སིལ་སིལ་གཏོར།།
འཇམ་པོ་ངག་གིས་གང་གཱའི་ཆུ་ཀླུང་ཕབས།།
ཚོར་དྲུག་བྱིས་པ་ཕུ་དྲུག་མདའ་དྲུག་ཁྱེར།།
ཞི་བའི་ཟླ་གདན་མི་བརྟན་ནུབ་རི་བརྒལ།།
སྤྱན་ཟུང་ཉི་ཟླ་རྒྱས་པའི་འཕྲུལ་འཁོར་ཅན།།
ཆ་རིས་ཉི་ཟླའི་རྣ་ཆའི་མདངས་མཐའ་མཛེས།།
ལུས་ཀྱི་གདགས་སྲིབས་སེམས་ཀྱི་སྟེང་འོག་ཀུན།།
ཁམས་ལྔའི་ཡོན་ཏན་སྦྲང་ཆར་ཟ་མ་ཟིམ།།
དཀར་དམར་མདངས་ཀྱི་མེ་ཏོག་ཆར་དུ་བསྙིལ།།
རབ་ཏུ་དམར་བའི་ཞལ་སྒོ་བྱུ་རུའི་མདངས།།
སིངྒ་ལ་ཡི་མུ་ཏིག་ཕྲེང་བས་བསྐོར།།
སྙན་ཚིག་དབྱངས་ཅན་ཁྲོས་པའི་རོལ་མོ་ལྡེམ།།
ཙན་དན་ལན་བུ་ལྗོན་བཟང་ནགས་ཀྱི་ཚལ།།
སྐྲག་ནས་འདྲོགས་པའི་རི་དྭགས་མིག་ཅན་མ། །
ཤིན་ཏུ་བཀྲེས་པའི་ཁྱི་ར་ལྡོང་རོང་བས།།
ངལ་མེད་འདེད་ལ་དགའ་བའི་བྲོ་གར་འཁྲབ།།
རབ་དཀར་སྤྲིན་གྱི་ཕུང་བོ་དཀར་ལོང་ལོང་།།
རབ་བསིལ་དགའ་མའི་བྲང་གི་མྱོས་བུམ་མཛེས།།
རབ་དད་ཆགས་ལྡན་མིག་གི་ལོངས་སྤྱོད་འདི།།
རབ་མཛེས་སྙན་ཚིག་འབུམ་གྱིས་མཉེན་པར་བྱ།།
གང་ཞིག་པུར་རྩེ་ལས་བྱུང་ཁ་ཆུའི་གཟུགས།།
མཐོང་བ་མོད་ལ་མི་དད་ངེས་འབྱུང་འཐིབ།།
སྲིད་གསུམ་འདོད་པའི་འཁོར་ལོའི་མུ་ཁྱུད་དབུས།།
ཚོར་དྲུག་བདག་མོ་སྐུ་ལུས་གསེར་གྱི་ཏོག །
མིག་དང་རྣ་སོགས་ཀུན་ཀྱང་ཞིམ་དང་གཅིག །
རེག་པ་བདེ་བའི་ཟླ་བ་བསིལ་དང་གཉིས།།
མི་ཁོག་བླ་གཟུགས་ཁྱི་ལྟར་ཁྲིད་དང་གསུམ།།
གཟུགས་མེད་ཤན་པའི་ལག་འདི་སྙིང་ལ་དམར།།
ཆགས་པའི་མིག་ཟུང་མ་བཅོས་སིནྡྷི་ར།།
ཅི་དགའ་རྣམ་འགྱུར་རྫོགས་པའི་སྒྱུ་འཕྲུལ་དྲ།།
མཐོང་བ་མོད་ལ་བདེ་བའི་རོ་ཙ་རྒྱས།།
བདེ་འབྱུང་དགའ་མའི་བྱིན་རླབས་གློག་ལྟར་མྱུར།།
ལག་པའི་མེ་ཏོག་མགུལ་ཡི་ལྗོན་པར་འཁྱུད།།
དམར་ལ་འཚེར་བའི་འདབ་མས་འདབ་མར་སྦྱོར།།
གང་ཞིག་སྦྱོར་བ་ལོག་གམ་དཀོན་མཆོག་མཁྱེན།།
བདག་གི་ལུས་སེམས་གཉིས་མེད་དྲུངས་ནས་འབྱིན།།
ཉིད་ཀྱི་རྣ་རྒྱན་བཀྲ་ཤིས་རྟགས་བརྒྱད་རྩེན།།
སོར་གདུབ་ནོར་བུ་ཆ་བདུན་གཡང་གིས་འབུར།།
བདེ་མོ་གར་གྱི་ཆུ་འཛིན་གཡོ་བའི་ཀློང་།།
བཟོད་མེད་མྱོས་པའི་ཆང་གི་མེ་ཏོག་འཐོར།།
མདངས་ཀྱི་སྦུད་ན་མེ་ཏོག་དམར་པོ་བཞད།།
དུས་ཀྱི་དམར་ཆ་ཟླ་བའི་སྟོབས་རྫོགས་དུས།།
ལུས་གཉིས་དཀྱིལ་འཁོར་བདེ་ཆེན་དབྱིངས་ལ་ཐིམ།།
རྟ་མཆོག་དཀར་པོ་ཁྲག་མཚོ་ཁོལ་མོར་མཆོང་།།
ལས་ཀྱི་བྱང་ཐང་མི་བཟོད་གློག་དམར་འཚུབ།།
ལམ་གྱི་ཆུ་རབ་གཟུགས་ཅན་གཟུགས་མེད་ཁེངས།།
བཟང་ངན་གཉིས་ཀྱིས་ཚུལ་འཆོས་སྣ་ཚོགས་ཁྲོད།།
ཁ་སེམས་ཉི་ཟླ་འདྲ་བའི་ནམ་མཁའ་མཛེས།།
མྱ་ངན་ཡིད་ལ་གདུང་བའི་ཁེར་སྐྱེས་ཤིང་།།
ལོ་འདབ་ལྷགས་པས་བཅོམ་དང་འཇིག་ལ་སྐབས།།
ཡིད་འོང་སྤྲིན་དཀར་ལུས་ཀྱི་དྭངས་གཙང་མས།།
གང་གཱའི་མུ་ཏིག་ཕྱེ་མས་གསོས་པ་དྲན།།
བགྲང་བྱའི་ལང་ཚོ་སང་མཚན་སྟག་གིས་འཆས།།
ཆོས་དང་ནོར་གྱི་རི་མོ་ཆར་བས་འདག །
ཁྱེད་ལ་བཅངས་པའི་དྲན་ཤེས་ཕྱི་ཤུན་མེད།།
འོན་ཀྱང་དུང་བའི་རི་མོ་ཇེ་གསལ་ཡིན།།
ཁྱེད་ཀྱི་ཆ་དང་ཆ་ཤས་མ་ལུས་པ།།
བདག་ལ་མཚོན་ན་“སྦྲང་རྩི་སྐྱིད་”ཀྱི་ཞུན།།
གཞན་གྱིས་རྣ་སྡིགས་ཁ་སྡིགས་བསགས་ཀྱང་རུང་།།
བདུད་རྩི་སློང་བ་བདག་ཉིད་འཐད་པ་ཡིན།།
རྩོམ་འདིའི་ཐོག་མཐའ་ནམ་མཁའི་བདུད་རྩི་ཁྱིམ།།
སོ་སོའི་མཚོ་ལ་རྐྱང་རེ་འབབ་པའི་སྐལ།།
བར་ནི་རྟག་པ་རང་བཞིན་འཆི་མེད་ལམ།།
གཞལ་ཡང་གཞལ་མེད་དབྱངས་ཅན་མགྲིན་རྒྱན་ནོ།།
2021/12/15 ཉིན་རྩོམ་འདི་བྲིས་ནས་སྦྲང་རྩི་སྐྱིད་ཅེས་པའི་མི་ཞིག་ལ་བསྐུར་བའོ།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4004
དཔྱད་མཆན་སྤེལ།