སྔོན་གླེང་།
ལོ་བཅུ་གྲངས་ལྷག་གི་སྔོན་ལ། ཕྲན་གྱིས་ཧྥ་རན་སིའི་རི་མོ་དུས་དེབ་ཅིག་ཏུ་སྒྱུ་རྩལ་པ་ཨེ་དྷོ་བར མོན་ཆིས(Edvard Munch 1863-1944) བྲིས་པའི‘‘ངུ་འབོད’’(Le cri)ཅེས་པའི་རི་མོ་གྲགས་ཅན་ཁག་ལས་རི་མོ་གཅིག་ཐེངས་གཉིས་ལ་རྐུ་ལ་ཤོར་བའི་གནས་ཚུལ་ཞིག་མཐོང་མྱོང་། དེ་རིང་རི་མོ་དེའི་སྐོར་གྱི་གནས་ཚུལ་རྩད་གཅོད་བྱེད་སྐབས། ངུ་འབོད་ཀྱི་རི་མོ་གཅིག་ཕྱི་ལོ་༡༩༩༤ལོར་རྐུ་ལ་ཤོར་བ་དང་། ངུ་འབོད་ཀྱི་རི་མོ་གཅིག་དང་རི་མོ་གཞན་པ་ཞིག་ཀྱང་ཕྱི་ལོ་༢༠༠༤ལོར་བརྐུས་འདུག་མོད། ཕྱིས་སུ་རི་མོ་དེ་གཉིས་རྙེད་སོན་བྱུང་བའི་གནས་ཚུལ་རྟོགས་སོང་།
ངུ་འབོད་ཀྱི་སྐོར་གཤམ་དུ་ཞུ་རྒྱུ་ཡིན་མོད། ངུ་འབོད་ཅེས་པའི་རི་མོ་འདི་ནི་གདོན་འདྲེའི་སྣང་བརྙན་ཅན་ཞིག་གིས་རང་ཉིད་ཀྱི་རྣ་བ་ལག་པ་གཉིས་ཀྱིས་བཀབ་སྟེ་ཁ་གདངས་ཤིང་། གདུང་ཚོར་དྲག་པོ་ཡོད་པའི་རྣམ་འགྱུར་སྟོན་བཞིན་ཡོད་པ་དང་། རི་མོ་འདིའི་རྒྱབ་ལྗོངས་ཀྱི་ཚོན་མདངས་ནི་དམར་སེར་སྔོ་ནག་ཅིག་ཡིན་པ་རེད། རི་མོ་འདིའི་ཁྱད་ཆོས་སམ་འཐེན་ཤུགས་གཙོ་བོ་ནི་གདོན་འདྲེ་ལྟ་བུའི་གཟུགས་བརྙན་འདི་ཡིན་པ་འདྲ་སྟེ། དེ་ལ་རྐྱེན་བྱས་ཏེ་ཕྲན་གྱི་སེམས་ངོགས་ནས་ཀྱང་རི་མོ་འདི་མ་ཡལ་བར་གྱུར། ཕྱིས་སུ་རི་མོ་འདིའི་སྐོར་ལ་དོ་སྣང་མང་ཙམ་བྱས་ཏེ། ཕྱི་ལོ་༢༠༡༦ལོའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་སྐབས་བཅུ་བཞི་པ་ནོར་ཝེ་རྒྱལ་ཁབ་ཀྱི་བྷིར་རྒན་གྲོང་ཁྱེར་གྱི་བྷིར་རྒན་སློབ་གྲྭ་ཆེན་མོར་ཚོགས་སྐབས་ཀྱི་གོ་སྐབས་དང་བསྟུན་ནས‘‘མོན་ཆི་འགྲེམས་སྟོན་ཁང’’(Musée Munch )དུ་འགྲོ་རྩིས་ཡོད་མོད། སྒེར་དོན་ཞིག་ལ་བརྟེན་ནས་ནོར་ཝེར་འགྲོ་སྐལ་མ་བྱུང་། དེ་བས། ངུ་འབོད་ཀྱི་རི་མོ་ངོ་མ་ཁག་མ་མཐོང་བའི་ཕངས་སེམས་དེ་ད་དུང་ཡང་དྲོད་མ་ཡལ་བར་ཡོད།
ད་ལོར་ཕྲོག་ཞུ་ནད་ཡམས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ཆེ་ཁག་མང་པོ་ཐེམ་སྤང་ལ་གཞོལ་དུ་བཅུག སྐབས་དེར་ཁོམ་ལོང་གི་དུས་ཚོད་སྤྱད་དེ་ཕྱི་ལོ་༡༩༧༤ལོར་ཨིན་ཇིའི་རྒྱལ་ཁབ་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཕིས་ཁྲེར བོ་ཁན་སིས (Peter Watkins) ཕབ་སྐྲུན་བྱས་པའི་གློག་བརྙན‘‘ཨེ་དྷོ་བར མན་ཆི། ཚེ་སྲོག་གི་ཞབས་བྲོ’’ (Edvard Munch, la danse de la vie) ཞེས་པར་བལྟས་ཤིང་། ཡིག་ཐོག་ཏུ་གསལ་བའི་ཁོང་གི་ལོ་རྒྱུས་ཅི་ཡོད་ལ་དོ་སྣང་བྱས། ལྷག་པར་དུ་ད་ཕན་དྲྭ་ཐོག་ན་མཐོང་རྒྱུ་ཡོད་པའི་ཁོང་གི་རི་མོ་ཁག་ལའང་ལན་གཅིག་མིན་པར་ཐེངས་མང་ཞིབ་ལྟ་བགྱིས་པས། ཁོང་གི་ལོ་རྒྱུས་དང་རི་མོ་སྐོར་ཅུང་ཙམ་ཤེས་སོང་སྙམ་པའི་རྟོགས་གདེང་ཞིག་རྙེད་བྱུང་།
དེས་ན་གཤམ་དུ་མོན་ཆི་དང་ཁོང་གི་རི་མོའི་སྐོར་མདོར་བསྡུས་ཤིག་གླེང་རྒྱུ་ཡིན་མོད། འོན་ཀྱང་རྩོམ་འདིའི་ནང་དུ་གསལ་བའི་ས་མིང་དང་མི་མིང་སོགས་ཕྲན་གྱི་རི་མོའི་སྐོར་གྱི་རྩོམ་ཡིག་གཞན་དག་དང་འདྲ་བར་ཧྥ་རན་སིའི་སྐད་གདངས་ལྟར་བྲིས་ཡོད། སྤྱིར་བཏང་ཧྥ་ཡིག་ནས་ཨིན་ཡིག་ཏུ་བསྒྱུར་བའི་དེབ་བམ་ཨིན་ཡིག་ནས་རྗར་མན་ཡི་གེར་བསྒྱུར་བའི་དེབ། ཡང་ན་ཉི་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བའི་དེབ་སོགས་མདོར་ན་ཕྱི་སྐད་གང་རུང་ཞིག་ཏུ་ཡོད་པའི་དེབ་ཅིག་བོད་ཡིག་ཏུ་ཡིག་སྒྱུར་བྱེད་སྐབས། ས་མིང་དང་མི་མིང་རྣམས་སྐད་གདངས་གང་ཞིག་ལ་གཞི་འཛིན་དགོས་པ་དང་། འདི་ལ་སྒྲ་སྒྱུར་བྱེད་ཚུལ་གྱི་ངེས་སྲོལ་ཞིག་ངེས་པར་དུ་ཡོད་དགོས་པར་འདོད་མོད། ཕྲན་གྱིས་རྩོམ་ཡིག་འདི་དང་འདི་ལྟ་བུའི་ཟུར་བལྟའི་ཡིག་ཆ་ཕལ་མོ་ཆེ་ནི་ཧྥ་ཡིག་ཡིན་སྟབས། ཐེངས་འདིའི་རྩོམ་ཡིག་ཏུ་གསལ་བའི་མིང་བརྡ་དག་ཀྱང་ཧྥ་སྐད་ཀྱི་གདངས་ལྟར་བྲིས་ཡོད་པ་ཐུགས་འཇགས་འཚལ་ཞེས་ཞུ་འདོད་དོ། །
དང་པོ། སྐུ་ཚེའི་སྟོད་ཀྱི་ལོ་རྒྱུས་མདོར་བསྡུས།
༡ ཆུང་དུས་ཀྱི་ལོ་ཟླ།
སྒྱུ་རྩལ་པ་ཨེ་དྷོ་བར མོན་ཆི་ནི་ཕྱི་ལོ་༡༨༦༣ལོའི་ཟླ་༡༢པའི་ཚེས་བཅུ་གཉིས་ཉིན་ནོར་ཝེ་རྒྱལ་ཁབ་ཀྱི་ཤར་ལྷོའི་མཚམས་སུ་ཡོད་པའི་གྲོང་རྡལ་ལོ་ཊིན(Loten)སྡེ་བར་སྐུ་འཁྲུངས། ཁོང་གི་ཕ་ནི་དམག་མིའི་སྨན་པ་ཞིག་དང་། མ་ནི་ཞིང་གྲོང་གི་གཞོན་ནུ་མ་ཞིག་རེད། མན་ཆི་ལོ་ལྔ་ལ་སོན་སྐབས། ཁོང་གི་སྐྱེད་ཡུམ་ནི་གློ་ནད་ཊི་བིའི (Tuberculose) དབང་གིས་ཚེ་ལས་འདས། ཁོང་ལ་སྲིང་མོ་ཞིག་ཡོད་པ་ལོ་དྲུག་དང་། ནུ་བོ་ཞིག་ཡོད་པ་ལོ་གསུམ། ནུ་མོ་འབྲིང་བ་ཞིག་ཡོད་པ་ལོ་གཅིག ནུ་མོ་ཆེས་ཆུང་བ་ནི་སྐྱེས་མ་ཐག་པའི་བྱིས་པ་དམར་རྗེན་ཞིག་ཡིན་པར་བཤད།
ཊེལ་ཋེས་སི་བྷ་ཁན་གྱི་གྷམ་ལུ ཨ་ཁེར་གྱི་ལྷ་ཁང་།
དེ་བས། ཨ་མའི་སྲིང་མོ་ཞིག་ཡོད་པ་དེས་ཤུལ་ལུས་ཀྱི་བྱིས་པ་ལྔ་བདག་སྐྱོང་བྱེད་འགོ་ཚུགས་ཏེ། མོན་ཆི་ཨོ་སོ་ལོའི་ལྷ་ཁང་ཆེན་མོའི་སློབ་གྲྭར (École de la Cathédrale d’Oslo)ཐོ་འགོད་བྱས། ཕྱི་ལོ་༡༨༧༧ལོར་ཁོང་ལ་སྲིང་མོ་ཞིག་ཡོད་པ་དེའི་ཚེ་སྲོག་ཀྱང་སྟབས་མ་ལེགས་པར་གློ་ནད་ཊི་བིས་ཕྲོགས་པས་ཚེ་ལས་འདས། དེ་ནས་བཟུང་ནུ་མོ་འབྲིང་བ་ཞིག་ཡོད་པ་སེམས་གཅོང་གིས་མནར། ཕྱིས་སུ་ནུ་བོ་ཞིག་ཡོད་པ་དེ་ཡང་གློ་ནད་ཅིག་ལ་རྐྱེན་བྱས་ཏེ་གྲོངས་པས། ནད་དང་འཆི་བ། ཁེར་རྐྱང་དང་ན་ཟུག་སྐྱོ་གདུང་གི་ཚོར་བ་བཅས་ཀྱིས་ཁོང་གི་སེམས་ཁམས་བསྒྱུར་ཅིང་བག་ཆགས་བསྐྲུན་པས། ཕྱིས་སུ་ཁོང་གིས་བརྗོད་གཞི་འདི་དག་ལས་འཕྲོས་ཏེ་རི་མོ་སྣ་ཚོགས་བྲིས་ཡོད།
ཕྱི་ལོ་༡༨༧༩ལོར་ཁོང་གི་ཕ་རྒན་གྱིས་མོན་ཆི་ཁུ་སི་ཌེ་ཡ་ནའི་བཟོ་རིག་སློབ་གྲྭར (École Technique de Christiania) ཐོ་འགོད་བྱས་ཏེ། མ་འོངས་པར་ཁོང་འཕྲུལ་ལས་འཆར་འགོད་པ་ཞིག་ཏུ་འགྱུར་བར་རེ་བ་བཅིངས། ཁོང་གིས་སློབ་གྲྭ་དེ་ནས་སྦྱངས་འབྲས་རྩེར་སོན་བླངས་ཡོད་ནའང་། ལོ་གཅིག་ལྷག་ལས་མ་འགོར་བར། ཁོང་གིས་བཟོ་རིག་སློབ་གྲྭ་བསྐྱུར་ཏེ་ཁུ་སི་ཌེ་ཡ་ནའི་རི་མོ་སྒྱུ་རྩལ་གྱི་སློབ་གྲྭར(École royale de dessin de Christiania) ཞུགས་ཏེ་རང་ཉིད་རི་མོ་བ་ཞིག་བྱེད་རྒྱུའི་ཡིད་དམ་བཅས། སྐབས་དེར་ཕོ་ལོ་བཅུ་དྲུག་ཡིན་ལ། ཁོང་གིས་ཆུང་དུས་ནས་བཟུང་སྟེ་ཨ་ནེའི་མདུན་ནས་རི་མོ་སྦྱངས་པས། རི་མོའི་སློབ་གྲྭར་ཞུགས་སྐབས། མོན་ཆིས་རི་མོ་རང་མགོ་ཐོན་པ་ཞིག་འབྲི་ཤེས་པར་བཤད་ཅིང་། སྤྱི་ལོ་༡༨༨༠ལོར་བྲིས་པའི་ཊེལ་ཋེས་སི་བྷ་ཁན་གྱི་གྷམ་ལུ ཨ་ཁེར་གྱི་ལྷ་ཁང (Telthusbakken with Gamle Aker Church) ཞེས་པའི་རི་མོ་ནི་ད་ཕན་མཐོང་ཆོས་སུ་ཁོང་གི་རི་མོ་དང་པོར་བགྲངས་པ་ཡིན།
༢ རི་མོ་འབྲི་འགོ་བརྩམས་པ།
ཕྱི་ལོ་༡༨༨༡ལོར་ཨེ་དྷོ་བར མོན་ཆི་ཨོ་སོ་ལོའི་རི་མོ་སློབ་གྲྭར(École de design à Oslo)ཞུགས་ཏེ་ལོ་གཅིག་གི་རྗེས་སུ་བཟོ་རིག་མཛེས་རྩལ་སློབ་གླིང(École des Arts et Metiers )དུ་འཛུལ་ཞུགས་བྱས། ཕྱི་ལོ་༡༨༨༢ནས་༡༨༨༣ལོའི་བར་ཁོང་གིས་ན་གཞོན་རི་མོ་བ་ཁ་ཤས་དང་མཉམ་དུ་ཁང་པ་ཞིག་གླས་ཏེ། ནོར་ཝེའི་རི་མོ་བ་དང་རྩོམ་པ་པོ་ཁེ་སི་ཊན ཁོ་རོ་རྗུ( Christian Krohg 1852-1925)དགེ་རྒན་ལ་བསྟེན་ནས་དངོས་ཡོད་རིང་ལུགས(Réalisme) ཀྱི་རི་མོ་སྒྱུ་རྩལ་གྱི་སྐོར་སྦྱང་བརྩོན་བྱས་ཏེ་ཤེས་རྒྱ་བསྐྱེད། ཁོང་གིས་འབོལ་ཁྲིའི་སྟེང་གི་ཁག་སི་ཅང མན་ཆི(Christian Munch sur le canapé)ཞེས་པའི་ཕ་རྒན་གྱི་འདྲ་རིས་དང་། ནོར་ཝེའི་རི་མོ་བ་ཁ་ལི རྗན་ཟན ཨལ་རྗལ(Portrait du peintre Jensen Hjell)གྱི་འདྲ་རིས། སྲིང་མོ་ལོ་ཝ མོན་ཆིའི(Laura Munch)འདྲ་རིས། གཞན་ཡང་ཨོ་སོ་ལོའི་མཐའ་འཁོར་གྱི་ཡུལ་ལྗོངས་སོགས་བྲིས་པས། ཁོང་གི་རི་མོ་དགེ་རྒན་དང་དགེ་གྲོགས་ཚོས་ཁོང་ལ་རི་མོའི་ཐད་ལ་སྐྱེས་སྟོབས་ཀྱི་ཤེས་རབ་རྣོན་པོ་ཞིག་ཡོད་པ་ཤེས་། དེ་དང་ཆབས་ཅིག སྐབས་དེར་ཁོང་ལ་རྒྱལ་གཞུང་གི་སློབ་ཡོན་ཞིག་ཐོབ་ཅིང་། དེའི་ལེགས་ཚོགས་ཀྱིས་གཟའ་འཁོར་གསུམ་རིང་ཧྥ་རན་སིའི་རྒྱལ་སར་ལྟ་སྐོར་དུ་འགྲོ་སྐལ་བྱུང་།
ཕྱི་ལོ་༡༨༨༥ལོར་ཁོང་པེ་རེ་སིར་སླེབས་སྐབས། པེ་རེ་སིའི་རི་མོའི་འཇིག་རྟེན་དུ་མཐོང་སྣང་རིང་ལུགས (Impressionnisme ) ཀྱི་རི་མོ་རྒྱུག་ཆེ་བའི་དུས་སྐབས་ཤིག་ཡིན་པས། ཁོང་གིས་སྒྱུ་རྩལ་པ་ཨས་དྷུ་བ མཱ་ནེས(Édouard Manet 1832-1883)གཙོས་པའི་རི་མོ་སྐོར་ཞིག་གི་སྒྱུ་རྩལ་བརྩམས་ཆོས་ཁག་ལ་རོལ་མྱོང་བྱས་ཤིང་། ལོ་བུ་ཝུ་འགྲེམས་སྟོན་ཁང་དུ་ཕྱིན་ཏེ་སྲོལ་རྒྱུན་རི་མོའི་སྐོར་ལའང་དོ་སྣང་བྱས། དེ་ནས་ནོ་ཝེར་ལོག་རྗེས། ཁོང་གིས‘‘བྱིས་པ་ནད་པ’’(L’Enfant malade)ཞེས་པའི་རི་མོ་ཞིག་འབྲི་འགོ་བརྩམས། རི་མོ་འདི་ལ་དུས་ཚོད་མང་པོ་བཏང་ནས་ཚོད་ལྟ་བྱས། གཙོ་བོ་རི་མོའི་སྟེང་ནས་སྐྱོ་གདུང་གི་རྣམ་པ་ཞིག་མངོན་པར་འབད་བརྩོན་བྱས་པ་རེད། ‘‘བྱིས་པ་ནད་པ’’ནི་ཁོང་གི་འདས་པོ་སྲིང་མོ་ཞིག་ཡོད་པ་དེ་གློ་ནད་ཊི་བིས་མནར་སྐབས་ཀྱི་སྣང་བརྙན་མཚོན་ཐབས་བྱས་པ་ཞིག་ཡིན་ཏེ། རི་མོའི་སྟེང་ན་ཁོང་གི་སྲིང་མོ་རྐུབ་བཀྱག་ཅིག་ཏུ་སྡོད་ཅིང་། ཁོག་སྨད་ནི་མལ་གོས་ཀྱིས་གཡོགས། སྔས་འབོལ་དཀར་པོ་ཞིག་གི་སྟེང་ལ་མགོ་བོ་བཞག་སྟེ་རང་ཉིད་ལ་ལག་འཇུ་བྱེད་ཅིང་། མགོ་བོ་སྨད་པའི་གཞོན་ནུ་མ་ཞིག་ལ་གདོང་བསྟན་ཡོད་པ་རེད།
རི་མོ་འདི་ནི་ཁོང་གིས་ཆུང་དུས་སུ་བྲིས་པའི་རི་མོ་གྲགས་ཅན་ཞིག་ཡིན་ཞིང་། རི་མོ་འདིས་ཕྱིས་སུ་བྲིས་པའི་རི་མོ་གཞན་དག་ལ་ཤུགས་རྐྱེན་བཞག་པར་བཤད། ཁོང་གིས‘‘བྱིས་པ་ནད་པའི་རི་མོ་འདི་དང་མཉམ་དུ་ལམ་བུ་གསར་པ་ཞིག་བཏོད་པས་ངའི་སྒྱུ་རྩལ་ལ་བསེར་བུ་ཤོར། ངའི་བརྩམས་ཆོས་ཕལ་མོ་ཆེ་ནི་རི་མོ་འདི་ལ་བརྟེན་ནས་བྱུང་བ་ཡིན’’ཞེས་གསུངས། ཁོང་གིས་ཕྱི་ལོ་༡༨༨༥ནས་༡༩༢༦ལོའི་བར་དུ་རི་མོ་འདི་དང་ཆ་འདྲ་ནའང་། ཚོན་མདངས་མི་གཅིག་པའི་རི་མོ་གཞན་པ་ལྔ་བྲིས། དེང་སང་རི་མོ་འདི་དག་ནོར་ཝེའི་ཨོ་སོ་ལོའི་འགྲེམས་སྟོན་ཁང་དང་། ཨིན་ལན་གྱི་འགྲེམས་སྟོན་ཁང་། སི་བེ་ཊན་གྱི་འགྲེམས་སྟོན་ཁང་དུ་ཡོད།
བྱིས་པ་ནད་པ།
ཕྱི་ལོ་༡༨༨༦ལོར་ཁོང་གིས་ཨོ་སོ་ལོ་ནས‘‘བྱིས་པ་ནད་པ’’དང་རི་མོ་གཞན་པ་སྐོར་ཞིག་འགྲེམས་སྟོན་བྱས་མོད་དེ་དག་ལ་གདེང་འཇོག་བྱེད་མཁན་བྱུང་མེད། འོན་ཀྱང་། ཁོང་གིས་ཕྱི་ལོ་༡༨༨༦ནས་༡༨༨༨ལོའི་བར་པི་ཡ་ནོ་དཀྲོལ་མཁན་གྱི་བུ་མོ(File au piano)དང་། གྲུ་ཆུང་སྟེང་གི་བུ་གསུམ(Bateau avec trois garçons) མཚོ་ངོགས། (Plage) རང་ཉིད་ཀྱི་འདྲ་རིས(Autoportrait) ཀ་རན རྗོར་རྗི་ཊ་ཊི(Karen Bjølstad) ཨ་སི་ཊ ཁར་སན(Aasta Carlsen) ཨང་དྷ་ཝེ་ཡ མན་ཆིས་གཟུགས་ཕུང་ཆགས་རིམ་ལ་སློབ་སྦྱོང་བྱེད་པ(Andreas Munch étudie l’anatomie)སོགས་ཀྱིས་མཚོན་པའི་རི་མོ་མི་འདྲ་བ་སུམ་ཅུ་ལྷག་བྲིས།
ཕྱི་ལོ་༡༨༨༩ལོར་མོན་ཆིས་ཡང་བསྐྱར་ཨོ་སོ་ལོ་ནས་རི་མོ་འགྲེམས་སྟོན་ཞིག་བྱས་ཤིང་། དེའི་སྟེང་དུ་ཨང་ཊིས སྒར་གྱི་འདྲ་རིས(Portrait de Hans Jæger)དང་། མཚོ་ངོགས་ཀྱི་ཨན་གྷར(Inger sur la plage)གྱིས་མཚོན་པའི་རི་མོ་སྐོར་ཞིག་བཤམས། སྐབས་དེར་ཁོང་གིས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རི་མོ་འབྲི་སྟངས་ཤིག་འཚོལ་བཞིན་ཡོད་ལ། གོང་གི་རི་མོ་འདི་གཉིས་ནི་སྐབས་དེའི་ཚབ་མཚོན་བརྩམས་ཆོས་གཉིས་ཡིན་པ་རེད།
༣ པེ་རེ་སི་ལ།
ཕྱི་ལོ་༡༨༨༩ལོར་ཨེ་དྷོ་བར མོན་ཆིར་རྒྱལ་གཞུང་གི་སློབ་ཡོན་གཉིས་པ་ཐོབ་པས་ཡང་སྐྱར་པེ་རེ་སིར་ཕྱིན། ཁོང་གིས་སྒྱུ་རྩལ་པ་ལེས་ཨོང བྷོ་ནཱ(Léon Bonnat 1833-1922)དགེ་རྒན་དུ་བསྟེན་ནས་ཞོགས་པར་རི་མོ་སྦྱངས་ཤིང་། ཕྱི་དྲོར་འགྲེམས་སྟོན་ཁང་དང་པེ་རེ་སིའི་སྒྱུ་རྩལ་པ་དག་གི་རི་མོ་འགྲེམས་སྟོན་གྱི་མཛད་སྒོ་ཁག་ལ་ཕྱིན་ཏེ་ཐོས་པ་བཙལ། ཁོང་ནི་སྐབས་དེར་སྒྱུ་རྩལ་པ་ལེས་ཨོང བྷོ་ནཱའི་སློབ་མའི་གྲས་ཀྱི་ཤེས་རབ་ཆེ་ཤོས་ཡིན་པར་བཤད་ཅིང་། ཟླ་ཤས་ཀྱི་རྗེས་སུ་ཁོང་གིས་དགེ་རྒན་གྱི་མདུན་ནས་ཤེས་བྱ་མནོ་རྒྱུ་མེད་པར་བཤད་དེ་རང་སྟོབས་ཀྱིས་རི་མོ་སྦྱངས། སྐབས་དེ་ཤེད་དུ་སྒྱུ་རྩལ་པ་པའོ གྷོ་གྷན(Paul Gauguin 1848-1903)དང་། བན་སང བང གྷོ་གྷུ(Vincent Van Gogh 1853-1890)གཉིས་ཀྱི་རི་མོའི་ཚོན་མདངས་དང་། ལྷག་པར་དུ་མཚོན་དོན་རིང་ལུགས་དང་དངོས་ཡོད་རིང་ལུགས་ཀྱི་རི་མོའི་གྲུབ་མཐར་དམིགས་བསལ་གྱིས་དོ་སྣང་བྱུང་སྟེ་ཤུགས་རྐྱེན་ཐེབས་འགོ་ཚུགས། ཕྱི་ལོ་༡༨༩༠ལོར་རང་ཉིད་སྡོད་སའི་སྒེའུ་ཁུང་ཕྱི་རོལ་གྱི་ཡུལ་ལྗོངས་ཏེ་སན ཁུ་ལོ་ཊིའི་སེ་ན་ཆུ་བོ(La Seine à Saint-Cloud)ཞེས་པའི་རི་མོ་དེ་བྲིས།
སན ཁུ་ལོ་ཊིའི་མཚན་མོ།
ཕྱི་ལོ་༡༨༨༩ལོའི་སྟོན་ཁར། ཁོང་གིས་ཕ་རྒན་གྱི་གྲོངས་གཏམ་ཐོས་པས་རེ་ཞིག་སྡུག་བསྔལ་དྲག་པོས་གཟིར་བས། སྐབས་དེའི་རང་ཉིད་ཀྱི་གནས་བབ་དང་སྐྱོ་གདུང་གི་ཚོར་བ་མཚོན་པའི་རི་མོ་སན ཁུ་ལོ་ཊིའི་མཚན་མོ(Nuit à Saint-Cloud)ཞེས་པ་བྲིས། རི་མོ་གྲགས་ཅན་འདིའི་སྟེང་ན་ཞྭ་མོ་གྱོན་པའི་སྐྱེས་པ་ཞིག་གིས་ཐ་མག་ལ་མེ་སྤར་ཏེ་ཉལ་ཁང་གི་སྒེའུ་ཁུང་འགྲམ་དུ་བསྡད་དེ། སེ་ན་གཙང་པོར་ལྟ་བཞིན་ཡོད། སྐབས་དེར་མཚན་མོ་ཡིན་པ་རེད། ཁང་པའི་ནང་གི་ཁ་དོག་ནི་སྨུག་པོ་ཡིན་ནའང་། ཕྱི་རོལ་གྱི་ཟླ་འོད་སྔོན་པོས་འབོལ་ཁྲི་དང་པང་གཅལ་སྔོན་པོར་བྱས་ཡོད། ཁ་དོག་སྔོན་པོས་བཟོད་གླགས་བྲལ་བའི་སྡུག་བསྔལ་མཚོན་པར་གྲགས། ད་ལྟ་ཨོ་སོ་ལོའི་འགྲེམས་སྟོན་ཁང་དུ་ཡོད།
ཕྱི་ལོ་༡༨༩༠ལོར་ཁོང་ལ་གཞུང་འབྲེལ་གྱི་སློབ་ཡོན་ཐེངས་གསུམ་པ་ཐོབ་པས་ཏྲན་མག་གི་རྒྱལ་ས་ཀོ་པན་ནཱ་གྷུ (Copenhague)དང་རྗར་མན་གྱི་གྲོང་ཁྱེར་ཨང་བྷོག(Hambourg) དེ་རྗེས་ཧྥ་རན་སིའི་གྲོང་ཁྱེར་ནིའུ་སི (Nice) སོགས་སུ་ཕྱིན་ཏེ་རི་མོའི་སྐོར་ལ་སྐོམ་པས་ཆུ་འདོད་ལྟར་འབད། ཕྱི་ལོ་༡༨༩༢ལོར་ཁོང་གིས་ཡིད་མུག (Mélancolie)ཅེས་པའི་རི་མོ་ཞིག་བྲིས་ཤིང་། འདི་ནི་ནོར་ཝེ་རྒྱལ་ཁབ་ཀྱི་མཚོན་དོན་རིང་ལུགས་ཀྱི་རི་མོ་ཐོག་མ་ཡིན་ལ། སྒྱུ་རྩལ་པ་པའོ གྷོ་གྷན་གྱི་རི་མོར་ལད་ཟློས་བྱས་པ་ཞིག་ཀྱང་རེད། རི་མོའི་སྟེང་ན་སྐྱེ་བོ་ཞིག་མཚོ་ངོགས་ཤིག་ཏུ་བསྡད་དེ་ལག་པས་འགྲམ་པ་སྐྱོར་ཏེ་བསམ་གཞིག་ཅིག་གི་ནང་དུ་ལྷུང་ཞིང་། ཁོང་གི་ལྟག་རྒྱབ་ན་བཟའ་ཟླ་གཉིས་གྲུ་ལས་བབས་ཏེ་ག་ཤེད་ཅིག་ཏུ་ལོག་བཞིན་པའི་ངང་ཚུལ་བྲིས་ཡོད། ཁོར་ར་ཁོར་ཡུག་ནི་སྐྱོ་སྣང་མཚོན་པའི་ཁ་དོག་གིས་གྲུབ་ཡོད། རི་མོ་འདིའི་བསྟན་དོན་ནི་སྔར་ཁོང་རང་ཉིད་ཀྱི་གྲོགས་པོ་ཞིག་གི་བཟའ་ཟླ་དང་མཉམ་དུ་བརྩེ་དུང་བྱུང་བའི་གནས་ཚུལ་རྒྱུན་ཐག་ཏུ་བགྱིས་པ་ཡིན་པ་རེད།
༤ སྦིར་ལན་དུ།
ཕྱི་ལོ་༡༨༩༢ལོར་རྒྱལ་ཁོངས་ནོར་ཝེ་ནས་ཡིན་ཞིང་རྗར་མན་གྱི་རྒྱལ་ས་ན་ཕྱག་ལས་གནང་བཞིན་པའི་སྒྱུ་རྩལ་པ་ཨ་རྡལ་སི་ཊན ནོལ་མན(Adelsteen Normann 1848-1918)གྱི་རོགས་རམ་འོག སྦིར་ལན་གྱི་སྒྱུ་རྩལ་ཚོགས་པ(Union artistique berlinoise)ཟེར་བ་དེས་ཁོང་རྗར་མན་གྱི་རྒྱལ་སར་གདན་དྲངས། ཁོང་གིས་རི་མོ་སྐོར་ཞིག་འགྲེམས་སྟོན་བྱས་ནའང་། རི་མོར་བལྟ་རུ་ཕེབས་པའི་སྒྱུ་རྩལ་པ་སྐོར་ཞིག་གིས་ཁོང་གི་རི་མོ་དག་ལ་ཁྱད་གསོད་དང་སྨྲ་འབེབས་བགྱིས་པས། འགྲེམས་སྟོན་གྱི་དུས་ཚོད་ཐུང་བར་གྱུར་པའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན། འོན་ཀྱང་། དེ་ལ་བརྟེན་ནས་རི་མོར་དད་དོད་ཡོད་པའི་མི་སྣ་མང་པོ་ཞིག་གིས་ཁོང་གི་མཚན་ཤེས་པར་གྱུར།
སྐབས་དེར། ཁོང་སྦིར་ལན་དུ་ཡོད་པའི་ཕག་ཕྲུག་ཆུང་ཆུང(le bar Petit cochon noir)ཞེས་པའི་ཆང་ཁང་དུ་བསྐྱོད་དེ། སུ་ཝི་ཌེན་གྱི་འཁྲབ་གཞུང་རྩོམ་པ་པོ་གྲགས་ཅན་ཨོ་རྒུ་སི་ཊི སི་ཊེན་བྷལ་རྒུ(August Strindberg 1849-1912)དང་། ནོར་ཝེའི་རྐོས་རིས་པ་གྷོས་སི་ཊ་བི བིས་རྗུས་ལང་ཌི(Gustav Vigeland 1869-1943) ཧོ་ལན་ཊིའི་སྙན་ངག་མཁན་སི་ཏན་ནས་སི་ལ ཕེལ་བྷིས་བྷེལ་སི་ཁེས( Stanisław Przybyszewski 1868-1927) ཊན་མག་གི་རྩོམ་པ་པོ་ཨོལ་རྒལ དྷུ་ཝེ་སི་མན(Holger Drachmann 1846-1908) གཞན་ཡང་རྗར་མན་གྱི་བཟོ་རིག་སྒྱུ་རྩལ་ལོ་རྒྱུས་པ་རྗོལ་ལིས་སི མེལ་ཡེ གྷུ་ཝེ་སི(Julius Meier-Graefe 1867-1935)དང་། ཡོངས་སུ་གྲགས་པའི་མཚན་ཉིད་པ་ཧྥེལ་དྷུ་ཝས་ཁུ ནེས་ཆི(Friedrich Nietzsche 1844-1900)སོགས་ལའང་འབྲེལ་འདྲིས་བྱས་ཏེ་གྲོགས་པོ་གྱུར་ཅིང་། ནིས་ཆི་ནི་ཁོང་གི་རི་མོ་ཉོ་མཁན་དང་རི་མོ་འབྲི་སྐུལ་གནང་མཁན་གྱི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་པ་རེད།
ཕྱི་ལོ་༡༨༩༢ལོར་ཁོང་གིས་ཡང་བསྐྱར་རི་མོ་དྲུག་སྦིར་ལན་དུ་འགྲེམས་སྟོན་བྱས་པས་མ་བསམས་ས་ནས་གཟིགས་མོ་བའི་དགའ་བསུ་ཐོབ། སྐབས་དེར་ཁོང་གིས་བྲིས་པའི་རི་མོ་དག་གི་བརྗོད་བྱ་ནི་འཆི་བ་དང་དངངས་སྐྲག་དང་སྐྱོ་གདུང་སོགས་ལ་འབྲེལ་བ་ཡོད་དེ། ལམ་ཆེན་ཀ་ལི རྗོ་ཨན་གྱི་མཚན་མོ(Soiree sur Karl Johan avenue) ནད་པའི་ཉལ་ཁང་ནང་གི་འཆི་བ( La Mort dans la chambre de la malad) དངངས་སྐྲག(La Peur)དང་། པུར་ཐལ།(Cendres) མ་དྷོ་ནཱུ(Madone) མི་མ་སེང་ངམ་བུད་མེད་ཀྱི་ལོ་ཚོད་གསུམ(Sphinx ou Les Trois Âges de la femme) རོ་ལངས(Vampire)ལྟ་བུ་སོགས་ཀྱིས་ངེས་ཤེས་འདྲོངས་ནུས། རི་མོ་དེ་དག་གི་སྤྱི་མིང་ལ‘‘ཚེ་སྲོག་གི་རྒྱན་གོས’’(La Frise de la Vie) ཞེས་བཏགས་ཡོད་མོད། སྐབས་དེར་ཁོང་གིས་བྲིས་པའི་རི་མོ་གྲགས་ཅན་ནི་ངུ་འབོད(Le cri)ཅེས་པ་ཡིན་ནོ། །
༥ ངུ་འབོད།
མོན་ཆི་སྦིར་ལན་དུ་སྡོད་སྐབས་སྐད་གྲགས་ཅན་གྱི་རི་མོ་ངུ་འབོད་ཐོག་མ་བྲིས་ཏེ་ལེགས་པར་གྲུབ། ངུ་འབོད་འདི་ལ་རི་མོ་མི་འདྲ་བ་ཁྱོན་བསྡོམས་ལྔ་ཡོད་ཅིང་། སྤྱི་ལོ་༢༠༡༦ལོར་ཨ་རིའི་ཉིག་ཡོར་དུ་ཡོད་པའི་ཟོ་ཋུ་བྷེ་ཛུ(Sotheby’s)ཞེས་པའི་འགྲེམས་སྟོན་ཁང་གིས་ངུ་འབོད་ཀྱི་རི་མོ་གཅིག་ལ་ཨ་སྒོར་ས་ཡ་༡༢༠སྤྲད་དེ་ཉོས་འདུག་པས། འཛམ་གླིང་གི་རིན་གོང་ཆེ་བའི་རི་མོ་ཨང་ལྔ་པ་རེད་ཟེར། རི་མོ་གཞན་པ་དེ་དག་ད་ལྟ་ཨོ་སོ་ལོའི་འགྲེམས་སྟོན་ཁང་དུ་ཡོད་རབས་ཐོས།
ངུ་འབོད།
གང་ལྟར། ཁོང་གིས་ཕྱི་ལོ་༡༨༩༣ལོར་བྲིས་པའི་ཉིན་ཐོ་ཞིག་ཏུ་ངུ་འབོད་ཅེས་པའི་རི་མོ་བྲིས་པའི་གོ་རིམ་མདོར་བསྡུས་ཤིག་གསུང་དོན། ཉིན་ཞིག་གི་ས་སྲོད་ཀྱི་དུས་སུ། ངས་ལམ་ཆུང་ཞིག་བརྒྱུད་དེ་འགྲོ་བཞིན་ཡོད། གྲོང་ཁྱེར་ནི་གཞོགས་སུ་ཡོད་ཅིང་། རྗོར་ཊི(fjord)ནི་གཤམ་དུ་ཡོད། ང་ཐང་ཆད་ཅིང་མི་བདེ་བའི་ཚོར་བ་ཞིག་བྱུང་། ངས་འགྲོ་མཚམས་བཞག་སྟེ་མཚོ་འགག་ལ་རྒྱང་ལྟ་བྱས། ཉི་མ་བཞུད། སྤྲིན་པ་ཁྲག་དམར་དུ་འགྱུར། ངའི་ཚོར་སྣང་ལ་ངུ་འབོད་ཅིག་རང་བྱུང་ཁམས་སུ་བརྒྱུད་པར་བྱེད། ངས་ངུ་འབོད་ཀྱི་སྒྲ་ཐོས་པས་རི་མོར་བྲིས་པ་ཡིན། སྤྲིན་པ་ནི་ཁྲག་དམར་དང་མཚུངས། ཁ་དོག་གིས་ངུ་འབོད་བྱེད། དེ་ནི་ངུ་འབོད་ཀྱི་རི་མོར་གྱུར། ཡང་། ཁོང་གིས་རྗེས་སུ་རི་མོ་འདིའི་སྐོར་ལ་སྐད་ཆ་གཞན་ཞིག་ཀྱང་གསུངས་ཡོད་པ་འདི་ལྟར། ང་དང་གྲོགས་པོ་གཉིས་ལམ་དུ་ཆས། ཉི་མ་ནུབ་སོང་། གློ་བུར་དུ་ནམ་མཁའ་ནི་ཁྲག་མདོག་ཏུ་གྱུར། ངས་གོམ་པ་སྤོ་མཚམས་བཞག་ཅིང་། ཐང་ཆད་པའི་ཚོར་སྣང་སྐྱེས། ང་ནི་སྐྱོར་ར་ལ་ཁེན་ནས་བསྡད། ལྗང་མདོག་གི་མཚོ་ཁུག་དང་གྲོང་ཁྱེར་གྱི་མཁའ་དབྱིངས་ཁྲག་དང་མེ་ལྕེར་སྣང་། གྲོགས་པོ་གཉིས་མུ་མཐུད་དུ་བསྐྱོད། ང་དེ་རུ་ལངས་ཏེ་སེམས་ཁྲལ་གྱིས་འདར་སོང་། ངའི་ཚོར་སྣང་ལ་ཚད་མེད་པའི་ངུ་འབོད་ཅིག་རང་བྱུང་ཁམས་བརྒྱུད་དེ་འགྲོ་བར་འདུག་སྙམ། ཞེས་སོ། །
ངུ་འབོད་ནི་མྱོང་ཚོར་རིང་ལུགས་ཀྱི་རི་མོ་ཞིག་ཡིན་ཞིང་། མྱོང་ཚོར་རིང་ལུགས(Expressionnisme)ནི་དངོས་ཡོད་ཀྱི་གཟུགས་བརྙན་ཐོག་ནས་སྒྱུ་རྩལ་པའི་སེམས་ཁོང་གི་བརྩེ་དུང་ངམ་ཡང་ན་རྟོག་པ་འོག་འགྱུ་རི་མོའི་ལམ་ནས་མཚོན་པར་བྱེད་པའི་སྒྱུ་རྩལ་ཞིག་རེད།
ཁོང་སྦིར་ལན་དུ་ལོ་བཞི་བསྡད་རིང་དུས་ཚོད་ཕལ་མོ་ཆེ་སྤྱི་མིང་ལ‘‘ཚེ་སྲོག་གི་རྒྱན་གོས’’ཞེས་པའི་རི་མོ་སྐོར་ཞིག་གི་ཐད་ལ་བཏང་ཡོད་ལ། བརྐོས་རིས་ལག་རྩལ་དང་། སྐྱུར་ཚག་པར་རིས(Gravure) རྡོ་པར(lithographie )སོགས་ཀྱི་ལས་རིགས་ཀྱང་སྦྱངས། གཞན་ཡང‘‘ཚེ་སྲོག་གི་རྒྱན་གོས’’སུ་མ་བཙུད་པའི་རི་མོ་གཞན་དག་སྟེ་གསར་བརྗེའི་རྒྱབ་ལྗོངས་འོག་གི་བུད་མེད་ཀྱི་མགོ(Woman’s head against a red Background)དང་། བུད་མེད་ཀྱི་གདོང་འབག་འོག་གི་འདྲ་རིས( Self-Portrait under the Mask of a Woman) སྐར་ཚོགས་བཀྲ་བའི་མཚན་མོ།( Starry Night ) འཆི་བ་དང་དཔྱིད་ཀ( Death and Spring) མཁའ་འགྲོ་མའི་འཆི་བ། མི་ཚེ་དང་འཆི་བ།( Death and Life) འཆི་བའི་དྲི་ངན(The Smell of Death )སོགས་བྲིས། ཕྲན་གྱིས་རགས་རྩིས་བྱས་པ་ལྟར་ན། ཁྱོན་བསྡོམས་རི་མོ་མི་འདྲ་བ་བརྒྱད་ཅུ་ཟིན་མ་ཟིན་ཙམ་འདུག ཁོང་གིས་རང་ཉིད་ཀྱི་་བརྩམས་ཆོས་དག་བྲིན་རྒྱུ་ཡོད་མེད་ལ་མ་ལྟོས་པར། རང་ཉིད་ཀྱི་རི་མོ་དག་ལ‘‘ཕྲུ་གུ་ཚོ’’ཞེས་བརྗོད་འདུག
༦ པེ་རེ་སིར་ཕྱིར་ལོག
ཕྱི་ལོ་༡༨༩༦ལོར་མོན་ཆི་རྒྱལ་ས་པེ་རེ་སིར་ལོག་སྟེ་དུས་ཚོད་ཕལ་མོ་ཆེ་བརྐོས་རིས་ལག་རྩལ་ལ་བཏང་། ཁོང་གིས་དཔར་བ་ཨོ་གྷུ་སི་ཊི ཁུ་ལོ(Auguste Clot 1858-1936)དང་མཉམ་འབྲེལ་གྱིས་ཚོན་ལྡན་གྱི་རྡོ་བརྐོས་རི་མོ་དང་ཤིང་བརྐོས་རི་མོའི་ལས་རིགས་ལ་གཞོལ། དེང་སང་ཡང་ཁོང་གི་བརྐོས་རིས་སྒྱུ་རྩལ་དག་ལ་དགའ་བསུ་བྱེད་མཁན་གྱི་སྒྱུ་རྩལ་པ་མང་པོ་ཡོད་པར་གྲགས།
ཡང་། སྐབས་དེར་ཁོང་གིས་ཧྥ་རན་སི་དང་ནོར་ཝེའི་ཟློས་གར་འཁྲབ་གཞུང་རྩོམ་པ་པོ་རེ་ཟུང་གི་འཁྲབ་ཚན་བརྡ་ཁྱབ་ཀྱང་བཟོས་པར་མ་ཟད། དེང་རབས་རིང་ལུགས་དང་མཚོན་རྟགས་རིང་ལུགས་ཀྱི་དབུ་འདྲེན་པ་ཞག་ལི བྷོ་དྷི་ལེར(Charles Baudelaire 1821-1867)གྱིས་བརྩམས་པའི«མི་དགེ་མེ་ཏོག»( Les Fleurs du mal)ཅེས་པའི་སྙན་དེབ་ཀྱི་བར་འཇུག་རི་མོའང་བྲིས་པར་བཤད་མོད། ཕྱིས་སུ་སྙན་དེབ་དེ་སྤར་སྐྲུན་བྱེད་སྐབས་རི་མོ་དེ་དག་ནང་འཇུག་བྱས་མི་འདུག
གཞན་ཡང་། གྲོགས་པོ་ཨོ་རྒུ་སི་ཊི སི་ཊེན་བྷལ་རྒུ་དང་མཉམ་འབྲེལ་གྱིས་རྗར་མན་གྱི‘‘མགྱོགས་སྐྱེས’’ཞེས་པའི་གསར་ཤོག་གི་བར་འཇུག་རི་མོ་བྲིས། ལོ་དེར་ཁོང་ཊོས་ལ ལར་སན(Tulla Larsen)ཟེར་བའི་གྲལ་རིམ་མཐོ་བའི་གཞོན་ནུ་མ་ཞིག་ལ་ཁ་ཐུག་པས། རེ་ཞིག་བརྩེ་དུང་གི་འཇིག་རྟེན་དུ་ཐིམ།
༧ ཚེ་སྲོག་གི་ཞབས་བྲོ་དང་རི་མོ་གཞན་དག
ཕྱི་ལོ་༡༨༨༩ལོ་ནས་བཟུང་སྟེ། ཨེ་དྷོ་བར མོན་ཆིས་རི་མོ་དག་གི་ཞེང་ཚད་ཆེན་པོར་བསྒྱུར། སྐབས་དེའི་རི་མོ་ཆེ་ཤོས་ནི་གཞོན་ནུ་ཕོ་མོ་གཉིས་གཅེར་བུ་བུད་པའི་རི་མོ་རྫས་འགྱུར་བསྡུ་ལེན( Métabolisme)ཞེས་པ་དེ་ཡིན། གཞན་ཡང་ཡེ་ཤུའི་ཆོས་ལུགས་ཀྱི་མཚོན་དོན་ཡོད་པའི་སྐད་གྲགས་ཅན་གྱི་རི་མོ་རྒྱ་གྲམ་སྟོང་པའམ་གྷོལ་གྷོ་ཊ(La Croix vide ou Golgotha)ཞེས་པ་བྲིས། ཁོང་གིས་ཆུང་དུས་ནས་རི་མོའི་གྲུབ་མཐའ་མཐོང་སྣང་རིང་ལུགས་དང་། མཚོན་རྟགས་རིང་ལུགས། མྱོང་ཚོར་རིང་ལུགས་སོགས་སྤྱད་དེ་རི་མོ་སྣ་ཚོགས་ཤིག་བྲིས་ཡོད་མོད། ལོ་དེར་ཧྥ་རན་སིའི་སྒྱུ་རྩལ་པ་མོ་ཝས་སི ཌེ་ནིས(Maurice Denis 1870-1943)ཀྱི་རི་མོའི་རིང་ལུགས་ཏེ་ནཱ་པིའི(Nabi)རིང་ལུགས་ཞེས་པ་གསར་དུ་ཤེས།
ཚེ་སྲོག་གི་ཞབས་བྲོ།
ཕྱི་ལོ་༡༨༩༩ལོར་ཁོང་གིས་ཚེ་སྲོག་གི་ཞབས་བྲོ(La Danse de la vie)ཞེས་པའི་རི་མོ་གྲགས་ཅན་ཞིག་བྲིས། རི་མོ་འདི་ནི་ཁོང་གི་དགའ་རོགས་ཊོས་ལ ལར་སན་དང་མཉམ་དུ་ཞབས་བྲོར་གཡེང་བའི་རྣམ་པ་ཞིག་ཡིན། རི་མོའི་མདུན་ཕྱོགས་ན་བཟའ་ཟླ་གཉིས་ཀྱི་ཞབས་བྲོ་འཁྲབ་བཞིན་པའི་གཡོན་ཕྱོགས་ན་འཛུམ་མདངས་འཕྱུར་བའི་བུད་མེད་ཅིག་ལངས་ཡོད་ཅིང་། གཡས་ཕྱོགས་ན་སྡུག་བསྔལ་ཆེ་བའི་ལྭ་བ་ནག་པོ་གྱོན་པའི་བུད་མེད་ཅིག་འགྲེང་ཡོད། དོན་ངོ་མར་བདེ་སྐྱིད་དང་སྡུག་བསྔལ་གྱི་རྣམ་པ་མངོན་པའི་བུད་མེད་འདི་གཉིས་ཀྱིས་ཁོང་གི་དགའ་རོགས་ཊོས་ལ ལར་སན་གྱི་སེམས་ཁམས་མཚོན་པར་བཤད། ད་དུང་གཞོན་ནུ་མ་འདི་བརྗོད་བྱར་བགྱིས་པའི་རི་མོ་གྲུ་ཁའི་སྟེང་གི་བུ་མོ།(Girls on the Jetty) ཊོས་ལ ལར་སན(Tulla Larsen) ཊོས་ལ ལར་སན་གྱི་འདྲ་རིས་ཟུར་ཟ་མ(Caricature Portrait of Tulla Larsen)སོགས་ཡོད།
ཕྱི་ལོ་༡༩༠༡ལོར་ཁོང་གིས་ཟམ་པའི་སྟེང་གི་གཞོན་ནུ་མ(Jeunes Filles sur un pont )ཞེས་པའི་རི་མོ་སྐད་གྲགས་ཅན་གཞན་ཞིག་ཀྱང་བྲིས། ཕྱིས་སུ་ཁོང་གིས་རི་མོ་འདི་དང་ཆ་འདྲ་བ་ཁྱོན་བསྡོམས་བཅུ་གཉིས་བྲིས་པ་དང་། ཕྱི་ལོ་༡༩༠༢ལོར་ཨ་རིའི་ཟོ་ཋུ་བྷེ་ཛུ(Sotheby’s)ཞེས་པའི་རིན་སྤར་འཚོང་འགྲེམ་ཁང་ཞིག་གིས་རི་མོ་གཅིག་ལ་ཨ་སྒོར་ས་ཡ་༥༤དང་ཕྱེད་ཀ་སྤྲད་དེ་ཉོས་འདུག ༢༠༡༦ལོར་རི་མོ་དེ་རྗར་མན་གྱི་ཕྱུག་བདག་ཅིག་གི་ལག་ལ་ཤོར་བའི་གནས་ཚུལ་ཡོད་པ་རེད།
ཕྱི་ལོ་༡༨༩༨ནས་སྤྱི་ལོ་༡༩༠༢ལོའི་བར་ཁོང་གིས་རི་མོ་གཞན་ཡང་ཁ་སྤུ་ཅན་གྱི་རྒད་པོ(Old Man with a Beard)དང་། དམར་ཧྲེང་།(Nude) བྱིས་པ་དང་འཆི་བ། (Death and the Child) ནག་པོའི་ཐང་ཤིང་གི་ནགས་ཚལ། (Dark Spruce Forest) སྐྱོ་གར། (Tragedy) མིག་གིས་མིག་ལ་གཏད་པ། (Eye in eye) དམར་པོ་དང་དཀར་པོ། (Red and white ) ཁྱིམ་ཚང་གི་དེབ་ཐེར(The Book Family)སོགས་བྲིས་ཡོད་མོད་འདིར་ཞིབ་ཏུ་མ་བྲིས་སོ། །
གཉིས་པ། སྐུ་ཚེའི་སྨད་ཀྱི་ལོ་རྒྱུས་མདོར་བསྡུས།
༡ ཡང་སྐྱར་སྦིར་ལན་དུ།
ཕྱི་ལོ་༡༩༠༢ལོར་རྗར་མན་གྱི་རྒྱལ་ས་ནས་ལོགས་སུ་གྱེས་པའི་སྦིར་ལན་པ(La Berliner Secession)ཞེས་པའི་རི་མོའི་ཚོགས་སྡེ་ཞིག་གི་ཚོགས་ཁང་དུ་མོན་ཆིས་རི་མོ་ཉེར་ལྔ་སྡེ་ཚན་པ་བཞི་རུ་བགོས་ཏེ་འགྲེམས་སྟོན་བྱས།
སྡེ་ཚན་དང་པོའི་མིང་ལ་ས་བོན་གྱི་དགའ་ཞེན(L’amour des semences)ཞེས་བཏགས་ཤིང་། སྡེ་ཚན་འདི་རུ་སྐར་ཚོགས་བཀྲ་བའི་མཚན་མོ་དང་། མིག་གིས་མིག་ལ་གཏད་པ། མཚོ་ངོགས་སུ་སྐོར་བྲོ་འཁྲབ་པ།(Danser sur la plage) འོ་བྱེད་པ། (le baiser ) མ་དྷོ་ནཱུ་བཅས་ཡོད། སྡེ་ཚན་གཉིས་པའི་མིང་ལ་བརྩེ་དུང་གི་འཕེལ་རྒྱས་དང་ཁ་འཐོར ( Développement et dissolution de l’amour) ཞེས་བྱ་ཞིང་། འདི་ནི་པུར་ཐལ་དང་། རོ་ལངས། ཚེ་སྲོག་གི་ཞབས་བྲོ། ཕྲག་དོག(Jalousie) བུད་མེད། ཡིད་མུག་བཅས་ཀྱིས་གྲུབ་བོ།། སྡེ་ཚན་གསུམ་པ་ནི་དངངས་སྐྲག་ཅེས་པ་ཡིན་ལ། སྡེ་ཚན་འདི་རུ་ལམ་ཆེན་ཀ་ལི རྗོ་ཨན་གྱི་མཚན་མོ་དང་། དངངས་སྐྲག འབྲེང་པ་དམར་པོ།(lierre rouge) གྷོ་གྷོལ་ཊ(Golgotha) ངུ་འབོད་བཅས་ཡོད། སྡེ་ཚན་བཞི་པ་ནི་འཆི་བ་ཞེས་པ་ཡིན་ལ། འདི་རུ་འཆི་བའི་ཉལ་ཁྲི(le lit de mort)དང་། ནད་པའི་ཉལ་ཁང་ནང་གི་འཆི་བ། འཆི་བའི་དྲི་ངན། རྫས་འགྱུར་བསྡུ་ལེན། མི་ཚེ་དང་འཆི་བ། གྲོངས་ཟིན་པའི་མ་དང་བྱིས་པ(La mère morte et l’enfant)སོགས་ཡོད་དོ། ། རི་མོ་འདི་དག་གི་སྤྱི་མིང་ལ‘‘ཚེ་སྲོག་གི་རྒྱན་གོས’’ཟེར་ཞིང་། རི་མོ་འདི་དག་འགྲེམས་སྟོན་བྱེད་སྐབས། བརྩམས་ཆོས་འདི་དག་གིས་ལྟད་མོ་བ་མང་པོའི་ཡིད་དབང་བཀུག་ཅིང་། རྗར་མན་གྱི་ཚགས་ཤོག་དང་རི་མོའི་དུས་དེབ་སོགས་ཀྱི་སྟེང་དུའང་ཁོང་གི་བརྩམས་ཆོས་དེ་དག་གི་སྒྱུ་རྩལ་མཐོ་ཚུལ་མཐོ་སྐོར་གྱི་གནས་ཚུལ་སྤེལ།
སྐབས་དེ་ཤེད་དུ། མོན་ཆིས་པར་ལེན་འཕྲུལ་ཆས་ཤིག་ཉོས་ཏེ། ཕྱིས་སུ་ཁོང་གིས་མི་སྣ་གཞན་དང་རང་ཉིད་ཀྱི་འདྲ་རིས་སོགས་འབྲི་སྐབས། ཐོག་མར་པར་ཆས་ཀྱིས་པར་ཞིག་བླངས་རྗེས། དེ་ནས་པར་དེའི་སྣང་བརྙན་རི་མོའི་ལམ་ནས་འབྲི་འགོ་བརྩམས་ཡོད། དེར་བརྟེན། ཁོང་གི་རི་མོ་སྐོར་ཞིག་ལ་འགྱུར་ལྡོག་གི་བསེར་བུ་ཕྲན་བུ་ཤོར་ཡོད་མོད། འོན་ཀྱང་ཁོང་གིས‘‘ང་ཚོས་ལྷ་ཡུལ་དང་དམྱལ་བ་ནས་དེ་བེད་སྤྱོད་གཏོང་ན་མ་གཏོགས། པར་ལེན་འཕྲུལ་ཆས་ཀྱིས་པིར་སྨྱུག་དང་ཚོན་སྡེབ་པང་ལེབ་ལ་འགྲན་མི་ནུས’’ཞེས་གསུངས་ཡོད།
གང་ལྟར། ལོ་དེར། ཁོང་ཅེཀ(Czech)སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས ཕ་རལ་རྒི (Prague) ལའང་ཕྱིན་ཏེ་རི་མོ་སྐོར་ཞིག་འགྲེམས་སྟོན་བྱས་པས། ཡུལ་དེའི་རི་མོ་ལ་དད་དོད་ཡོད་པའི་ཤ་དར་ཁྲག་དར་གྱི་གཞོན་སྐྱེས་སྐོར་ཞིག་ལ་ཤུགས་རྐྱེན་བཞག
ཕྱི་ལོ་༡༩༠༢ལོའི་ཟླ་༡༢ པའི་ནང་ཆང་ཁང་ཞིག་ཏུ་ཁོང་དང་གྲོགས་པོ་ཆེ་གེ་མོ་ཞིག་གིས་གཞོན་ནུ་མ་ ཊོས་ལ ལར་སན་རྩད་དེ་འཁྲུག་འཛིང་ཤོར་བ་དང་། ཁོང་གི་དགའ་རོགས་ཡིན་པའི་གཞོན་ནུ་མ་དེས་ཁོང་གི་སྟེང་ལ་མེ་མདའ་ཐུང་མདའ་ཞིག་བསྣུན་པས་མཛུབ་མོ་གཉིས་ལ་རྨས་སྐྱོན་བཟོས། དེའི་སྐྱོ་གར་ལ་བརྟེན་ནས་ཁོང་གཉིས་ཀྱི་འབྲེལ་བ་རྩ་ཆད་དུ་གྱུར། ཕྱི་ལོ་༡༩༠༦ལོར་སྔར་དགའ་རོགས་ཀྱིས་མེ་མདའ་བརྒྱབ་པའི་གནས་བབ་མཚོན་ཆེད་ལག་དམར(The Murderess))ཞེས་པ་དང་། མ་རེའི་འཆི་བ་དང་པོ(Death of Marat I) མ་རེའི་འཆི་བ་གཉིས་པ(Death of Marat II)ཞེས་པའི་རི་མོ་སྐད་གྲགས་ཅན་གསུམ་བྲིས་ཡོད།
ལག་དམར།
ཕྱི་ལོ་༡༩༠༣ནས་བཟུང་། ཁོང་ལ་འདྲ་རིས་རི་མོ་འབྲི་སྐུལ་བྱེད་མཁན་གྱི་མི་སྣ་མང་བར་གྱུར་ཅིང་། ཁོང་གིས་ཀྱང་དམིགས་པ་ཡོད་ཚད་འདྲ་རིས་བརྩམས་ཆོས་ཀྱི་ཕྱོགས་སུ་གཏད་ཡོད། དུས་སྐབས་དེར་བྲིས་པའི་རི་མོ་སྐོར་ཞིག་དཔེ་མཚོན་དུ་དྲངས་ན། དམྱལ་བའི་ནང་གི་འདྲ་རིས(Self-Portrait in Hell)དང་། ཨ་སི་གྷ་ཞིས་ཐང་ཨང་གི་བུ་མོ་བཞི།(Four Girls in Åsgårdstrand) མལ་ཟིལ ཨ་ཞིས་ནག(Marcel Archinard) ཨེག་མན ཞིས་ལེ་གྷན། (Hermann Schlittgen) གཡོར་གྲུ་ཚོང་མཁན་ས་ཁུ་སི ལན་ཌི(Max Linde in Sailing Outfit) པིར་སྨྱུག་འཛིན་པའི་འདྲ་རིས།(Self portrait with Brushes) སྨན་པ་ས་ཁུ་སི ལན་ཌིའི་བུ་བཞི(Les Quatre Fils du docteur Max Linde)སོགས་ཡོད་དོ། ། སྨན་པ་ས་ཁུ་སི ལན་ཌིའི་བུ་བཞི་ཞེས་པའི་རི་མོ་ནི་ཁོང་གི་འདྲ་རིས་བརྩམས་ཆོས་དག་ལས་དེང་རབས་རིང་ལུགས་ཀྱི་འདྲ་རིས་ཕུལ་བྱུང་ཞིག་ཏུ་བརྩི། སྨན་པ་ས་ཁུ་སི ལན་ཌི་ནི་རྗར་མན་གྱི་ཁོང་གི་བློས་ཐུབ་ཀྱི་གྲོགས་པོ་དང་རི་མོ་ཉོ་མཁན་གཙོ་བོ་ཞིག་ཡིན་པར་བཤད།
ཕྱི་ལོ་༡༩༠༦ལོར་ཁོང་གིས་ཟློས་གར་འཁྲབ་སྟོན་པ་མ་ཁུ་སི ཝན་ན་ཌིའི(Max Reinhardt 1873-1943)ཟློས་གར་འཁྲབ་གཞུང་གྲགས་ཅན་གདོན་འདྲེའི་ཚོགས(Les Revenants)ཀྱི་འཁྲབ་ཚན་བརྡ་ཁྱབ་རི་མོའི་ལམ་དུ་བྲིས། རྗར་མན་གྱི་མཚན་ཉིད་སྨྲ་བ་ནིས་ཆིའི་འདྲ་རིས་དང་ཁོང་གི་ལྕམ་སྐུའི་འདྲ་རིས་སོགས་ཀྱང་སྐབས་དེ་ཤེད་དུ་བྲིས། འོན་ཀྱང་། རེ་ཞིག་ཁོང་ཏྲན་མག་གི་རྒྱལ་ས་ན་ཡོད་སྐབས་ཨོག་ལེན་པི་ཝང་གཏོང་མཁན་གྱི་མཛའ་མོ་ཨེ་བ མོབ་དྷོ་ཆེས(Eva Mudocci 1872–1953)ཟེར་བ་དེ་དང་ཁ་གྱེས། དེ་ལ་བརྟེན་ནས་རིམ་གྱིས་ཁོང་ཆང་ལ་དགའ་བར་གྱུར་པ་དང་། ཆང་གིས་སྙིང་ཁམས་མྱོས། དེ་བས་སྨན་ཁང་ཞིག་ཏུ་ཟླ་བ་དྲུག་ལ་སྡོད་དགོས་བྱུང་།
༢ རང་ཡུལ་དུ་གཞིས་ཆགས།
ཕྱི་ལོ་༡༩༠༩ལོར་མོན་ཆིས་རྗར་མན་བཞག་སྟེ་རང་ཡུལ་ནོར་ཝེར་ལོག ཁུ་ཝ་རྗེག་ཝོ(kragero)ཞེས་པའི་གྲོང་ཁྱེར་དུ་གཞིས་ཆགས་ཏེ། སྔར་ཁོང་གིས་བྲིས་མྱོང་བའི་ནད་དང་། འཆི་བ། སྐྱོ་གདུང་གི་ཚོར་བ་མཚོན་པའི་རི་མོ་སོགས་སྤངས་ཅི་ཐུབ་བྱས་ཏེ། མོམ་ལོང་གི་དུས་ཚོད་མི་སྣ་འདྲ་མིན་གྱི་འདྲ་རིས་དང་ཡུལ་ལྗོངས་ཀྱིས་མཚོན་པའི་རི་མོའི་ཕྱོགས་ལ་བཏང་ཡོད།
ཁོང་རང་ཡུལ་དུ་ལོག་པའི་ལོ་དེར། ཁོང་གིས་ནོར་ཝེའི་རྒྱལ་ས་ནས་རི་མོ་བརྒྱ་སྐོར་ཞིག་འགྲེམས་སྟོན་བྱས་པར། སི་ཀོ་ནེ་གྷ་ལེ་ཝེ་ཡེ(Nasjonalgalleriet)ཟེར་བའི་རྒྱལ་གཞུང་གི་འགྲེམས་སྟོན་ཁང་དེས་ཁོང་གི་རི་མོ་སྐོར་ཞིག་ཉོས། ཕྱི་ལོ་༡༩༡༢ལོར་རྗར་མན་གྱི་གྲོང་ཁྱེར་ཁོ་ལོ་ཉུ(Cologne)ནས་ཀྱང་ཁོང་གི་རི་མོ་འགྲེམས་སྟོན་བྱས་པས། མོན་ཆིའི་རི་མོ་ཉོ་མཁན་མང་དུ་བྱུང་བ་དང་། དེ་དང་ཆབས་ཅིག་དཔལ་འབྱོར་ཡང་གོང་དུ་འཕེལ་བར་གྱུར།
ཕྱི་ལོ་༡༩༡༤ནས་སྤྱི་ལོ་༡༩༡༧ལོའི་བར་རྒྱལ་གཞུང་གིས་མངགས་བཀོད་ལྟར། ཁོང་གིས་རྒྱལ་ས་ནོར་ཝེའི་གཙུག་ལག་སློབ་གྲྭ་ཆེན་མོ་སྟེ་ལ་ཏིན་གྱི་སྐད་དུ་ཨོ་ལ(Aula)ཞེས་པར་གྱན་ཐང་ལྟ་བུ་རི་མོ་ཞེང་ཚད་ཤིན་ཏུ་ཆེ་བ་ཞིག་བྲིས། ཡང་། ཕྱི་ལོ་༡༩༡༦ནས་༡༩༡༧ལོའི་བར་ཁོང་གིས་ཕྱི་རོལ་ཡུལ་ལྗོངས་ཀྱི་བཀོད་པ་མཚོན་པའི་རི་མོ་ཟེས་ཁྲུབ(Situ)ཞེས་པའི་རི་མོ་ཤིན་ཏུ་ཆེ་བ་ཞིག་ཀྱང་བྲིས་འདུག
ཕྱི་ལོ་༡༩༡༦ལོར་ཁོང་གིས་རྒྱལ་ས་ཨོ་སོ་ལོ་དང་ཐག་ཉེ་བའི་གྲོང་ཁྱེར་ཨས་ཁུ་ལེ(Ekely)ནས་ཁང་པ་ཞིག་ཉོས་པར་མ་ཟད། སྒྱུ་རྩལ་ལས་གྲྭ་ཞིག་ཀྱང་བསྐྲུན། སྐབས་དེར་ཁོང་དགུང་ལོ་ང་གསུམ་ཡིན་པ་རེད། དགུང་ལོ་ང་གསུམ་གྱི་སྟེང་ནས་མ་གྲོངས་བར་དུ་ཁོང་ཨས་ཁུ་ལེའི་རང་ཁྱིམ་དུ་གྲོགས་མེད་ཁེར་ངང་བཞུགས་པར་གྲགས།
མཚོ་འགྲམ་དུ་འོ་སྐྱེལ་བ།
ཕྱི་ལོ་༡༩༡༦ལོ་ནས་༡༩༣༠ལོའི་བར་གྱི་ཁོང་གི་ལོ་རྒྱུས་ཡིག་རིགས་གཞན་དུ་གསལ་པོ་ཞིག་བྲིས་ཡོད་པ་མ་མཐོང་མོད། རྩོམ་ཡིག་ཅིག་ཏུ་ཕྱི་ལོ་༡༩༢༧ལོར་ཁོང་གིས་པར་ཆས་ཤིག་ཉོས་ཏེ་བརྙན་ཐུང་མང་པོ་ཞིག་བཟོས་སྐོར་གྱི་ལོ་རྒྱུས་ཐོར་རེ་བ་ཞིག་འདུག དེ་ལྟ་ནའང་། ཁོང་གི་རི་མོ་དག་ཕར་སློག་ཚུར་སློག་བྱེད་སྐབས། བར་བརྒལ་གྱི་ལོ་ངོ་དེ་དག་གི་ནང་དུ། མོན་ཆིས་ཀ་པ་ཇིའི་ཞིང་ཁའི་སྐྱེས་པ(Man in the Cabbage Field)དང་། མེ་ཏོག་ལྡུམ་རྭའི་ནང་གི་ན་ཆུང་མ། (Young Woman in the Garden) མལ་ཁྲིའི་འགྲམ་དུ་གཅེར་བུར་སྡོད་པ། (Seated Nude on the Edge of the Bed) གཅེར་བུར་ལངས་བའི་ཨ་ཧྥེ་རི་ཁ་བ། (Standing Naked African) ཉི་མ་ལ་ཁ་ཕྱོགས་པའི་བུད་མེད། (Women turned toward the sun) མཚོ་ཁའི་ཡུལ་ལྗོངས། (Coastal Landscape) གཟུགས་པོ་བཀྲུ་བའི་སྐྱེས་པ།(Bathing Man) སྤྱི་ཟླ་༥ཚེས་༡༧ཉིན་གྱི་ནོར་ཝེའི་གྲོང་རྡལ་ཆུང་ཆུང་ཞིག (17th of May in a Small, Norwegian Town) ཤིང་གི་རྐུབ་སྟེགས་འགྲམ་གྱི་འདྲ་རིས། (Model be the Wicker Chair) སྒྱུ་རྩལ་པ་དང་ཁོང་གི་འདྲ་རིས།(The Artist and his Model) ལས་རྩོལ་པ་ཁྱིམ་དུ་ལོག་པ། (Workers Returning Home) ཨས་ཁུ་ལེའི་ནགས་ཚལ་ཁྲོད་ཀྱི་བུད་མེད་གཉིས། (Two Women in the Woods at Ekely) མཚོ་འགྲམ་དུ་འོ་སྐྱེལ་བ། (Kiss on the beach) དྲོད་ཁང་ནང་དུ་ལས་ཀ་བྱེད་པ། (At Work by the Greenhouse) ཁང་པ་འབར་སོང་། (The House is Burning!) མེ་ཏོག་ལྡུམ་རའི་ནང་གི་ཕྲག་དོག (Jealousy in the Garden) སོགས་རི་མོ་མི་འདྲ་བ་སུམ་བརྒྱ་ལྷག་བྲིས་ཡོད་པ་མཐོང་བྱུང་།
རི་མོ་དེ་དག་ནི་ཁོང་བཞུགས་སའི་ཉེ་འཁོར་གྱི་ཡུལ་ལྗོངས་དང་རང་ཉིད་དང་འབྲེལ་བ་བྱུང་བའི་མི་སྣ་སྐོར་ཞིག་གི་འདྲ་རིས་ཡིན་པ་རེད། ཕྱི་ལོ་༡༩༣༠ལོའི་གཡས་གཡོན་དུ་ཁོང་གི་མིག་གིས་གསལ་པོ་མི་མཐོང་བའི་དཀའ་ངལ་བྱུང་སྟབས། རི་མོ་སྐོར་ཞིག་གི་ཁྲོད་དུ་གཡེང་བའི་དངོས་པོ་མང་པོ་མཐོང་རྒྱུ་ཡོད།
༣ ཚེ་མཇུག་གི་ལོ་རྒྱུས།
ཕྱི་ལོ་༡༩༣༠ལོ་ནས༡༩༤༠ལོའི་བར་རྗན་མན་གྱི་ན་ཛི་ཚོགས་པས་མོན་ཆིའི་རི་མོ་བརྩམས་ཆོས་དག་ནི‘‘ངན་རུལ་གྱི་སྒྱུ་རྩལ’’(Art dégénéré)དུ་ངོས་འཛིན་བྱས་པར་མ་ཟད། ཕྱི་ལོ་༡༩༣༧ལོར་རྗར་མན་གྱི་རྟེན་རྗས་བཤམས་སྟོན་ཁང་དུ་འགྲེམས་སྟོན་བྱས་པའི་ཁོང་གི་བརྩམས་ཆོས་༨༢ ཕྱིར་འཐེན་བྱས། ཕྱིས་སུ་རི་མོ་༧༢ རྙེད་སོན་བྱུང་ཞིང་། རི་མོ་འདི་དག་གི་ཁྲོད་དུ་ཁོང་གི་སྐད་གྲགས་ཅན་གྱི་བརྩམས་ཆོས་ངུ་འབོད་དང་། བྱིས་པ་ནད་པ་སོགས་ཡོད། འོན་ཀྱང་། རི་མོ་བཅུ་གཉིས་རྩ་ཡལ་དུ་ཕྱིན་པས་ད་དུང་ཡང་རྙེད་སོན་བྱུང་མེད། བྱེད་བབ་འདིས་ཁོང་ལ་ཡིད་གདུང་བའི་སེམས་ཚོར་དྲག་པོ་སྐྱེས་སུ་བཅུག་ཡོད། སྤྱིར་བཏང་བཤད་ན། མན་ཆི་ནི་དེ་སྔ་ཧྥ་ཤི་སིར་ངོ་རྒོལ་བྱེད་མཁན་ཞིག་ཡིན་མོད། འོན་ཀྱང་། རྗར་མན་ནི་ཁོང་གི་ཕ་ཡུལ་གཉིས་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད། གནད་འགག་ལ་སླེབས་དུས། ཁོང་གིས‘‘ངའི་གྲོགས་པོ་ཚང་མ་ནི་རྗར་མན་པ་ཡིན། འོན་ཀྱང་ང་དགའ་ས་ནི་ཧྥ་རན་སི་བ་ཡིན’’ཞེས་གསུང་སྐད་ཤོར།
ཉལ་ཁྲི་དང་ཆུ་ཚོད་འཁོར་ལོའི་བར།
ཕྱི་ལོ་༡༩༣༠ལོ་ནས༡༩༤༠ལོའི་གཡོ་འཁྱོམ་ཆེ་བའི་བར་བརྒལ་གྱི་ལོ་དེ་དག་ནང་དུ། ཁོང་གིས་རི་མོ་སྣ་ཚོགས་ཤིག་བྲིས་ཡོད་མོད། དེ་དག་གི་ཁྲོད་ཀྱི་གྲགས་ཆེ་བའི་རི་མོ་ནི‘‘འདྲ་རིས། ཉལ་ཁྲི་དང་ཆུ་ཚོད་འཁོར་ལོའི་བར’’(Self-Portrait. Between the Clock and the Bed )ཞེས་པ་འདི་ཡིན། རི་མོ་འདི་ནི་ཁོང་གིས་ཕྱི་ལོ་༡༩༤༠ནས་༡༩༤༣ལོའི་བར་དུ་བྲིས་པར་བཤད། འདྲ་རིས་སྟེང་ན་རང་ཉིད་ནི་རྒས་འཁོགས་སུ་གྱུར་ཅིང་སྤྲོ་སྣང་མེད་པ་ཞིག་ཏུ་བྲིས་ཡོད། ཁོང་གི་རྒྱབ་ཕྱོགས་ནི་དཀར་ཆ་དོད་པའི་ཁང་པ་ཞིག་ཡིན་ཞིང་། དེའི་ནང་དུ་འོད་སྣང་གིས་གསལ་བའི་སྔར་གྱི་རི་མོ་བརྩམས་ཆོས་མང་པོ་བྲིས་ཡོད། འོན་ཀྱང་། ཁོང་གིས་རང་ཉིད་ཆུ་ཚོད་འཁོར་ལོ་དང་ཉལ་ཁྲིའི་བར་དུ་ཡོད་པ་ཞིག་བྲིས་འདུག
ཕྱི་ལོ་༡༩༤༠ལོར་རྗར་མན་ན་ཛིས་ནོར་ཝེ་བཙན་འཛུལ་བྱས་ཤིང་། ཁོང་གིས་རང་གི་སྒྱུ་རྩལ་དངོས་རྫས་ཚང་མ་ཁང་པའི་ཐོག་བརྩེགས་གཉིས་པར་ཉར་ཚགས་བྱས་ཡོད་མོད། ན་ཛིས་ཡང་བསྐྱར་ཤུལ་ལུས་སྒྱུ་རྩལ་བརྩམས་ཆོས་དེ་དག་གཞུང་བཞེས་བཏང་མི་ཡོང་ངམ་སྙམ་པའི་འཇིགས་སྣང་ཞིག་གི་འོག་ནས་འཚོ་བ་སྐྱེལ་བཞིན། མཐར་ཕྱི་ལོ་༡༩༤༤ལོའི་ཟླ་༡པའི་ཚེས་༢༣ཉིན་ཨོ་སོ་ལོ་ན་བཙན་རྒོལ་རྒྱལ་སྐྱོབ་པ་ཚོས་ན་ཛིར་དྲག་རྒོལ་བྱེད་སྐབས་སྐུ་གྲོངས་འདུག ནོར་ཝེ་མི་མང་གིས་ཁོང་ལ་འདས་མཆོད་རྒྱ་ཆེན་ཞིག་བསྒྲུབས་ཏེ་ཕུང་བོ་རྒྱལ་ས་ཨོ་སོ་ལོའི་དབུས་སུ་ཡོད་པའི་ནོ་ཐོག ཟོ་བོར་དུར་ཁྲོད(La cimetière de Notre sauveur)དུ་སྦས་འདུག
གསུམ་པ། མོན་ཆིའི་སྒྱུ་རྩལ་བརྩམས་ཆོས།
ཨེ་དྷོ་བར མོན་ཆི་སྐུ་མ་གྲོངས་པའི་ལོ་བཞིའི་གོང་དུ། ཁོང་གིས་རང་ཉིད་ལ་དབང་བའི་ཁང་པ་གཉིས་དང་སྒྱུ་རྩལ་བརྩམས་ཆོས་གཙོས་པའི་རྒྱུ་ནོར་ཡོད་ཚད་རང་རྒྱལ་ལ་ཞལ་འདེབས་སུ་ཕུལ། ཁོང་སྐུ་གྲོངས་རྗེས་ཤུལ་ལུས་རྒྱུ་ནོར་དག་ལ་ཞིབ་བཤེར་བྱེད་སྐབས། སྣུམ་ཚོན་རི་མོ་གཅིག་སྟོང་ཉིས་བརྒྱ་དང་། སྐྱ་བྲིས་རི་མོ་བཞི་སྟོང་ལྔ་བརྒྱ། བརྐོས་རིས་ཁྲི་གཅིག་དང་བརྒྱད་སྟོང་། རྡོ་སྐོས་རི་མོ་དྲུག གཞན་ཡང་། འདྲ་པར་དང་། བརྙན་ཐུང་། དེབ་སྣ་ཚོགས། སྦྲགས་ཐམ་སོགས་རྒྱུ་ནོར་མང་པོ་ཡོད་པར་བཤད། འདི་དག་ནི་ཁོང་གིས་རྒྱལ་གཞུང་ལ་ཕུལ་བའི་རྒྱུ་ནོར་ཡིན་མོད། ཁོང་གི་བརྩམས་ཆོས་སྐོར་ཞིག་ནི་རྒྱལ་ཁབ་འདྲ་མིན་གྱི་འགྲེམས་སྟོན་ཁང་དང་གང་ཟག་སྒེར་པའི་ལག་ཏུ་ཡོད་པ་རེད། ཡིག་ཆ་རེ་ཟུང་ལྟར་ན། ཁོང་གིས་མི་ཚེའི་ནང་ཁྱོན་བསྡོམས་སྣུམ་ཚོན་མི་འདྲ་བ་གཅིག་སྟོང་བདུན་བརྒྱ་གྱ་དགུ་བྲིས་པར་བཤད།
ཟླ་བའི་འོད་སྣང་།
ཕྱི་ལོ་༡༩༦༣ལོར་ནོར་ཝེ་གཞུང་གིས་ཁོང་གི་ཤུལ་ལུས་རྒྱུ་ནོར་དག་ལ་དམིགས་ཏེ‘‘མོན་ཆི་འགྲེམས་སྟོན་ཁང’’ཞེས་པ་བསྐྲུན་ཅིང་། འགྲེམས་སྟོན་ཁང་འདི་ནི་ནོར་ཝེ་རྒྱལ་ཁབ་ཀྱིས་གཟི་བརྗིད་ཅིག་ཏུ་རློམ་བཞིན་ཡོད། ༢༠༠༡ལོར་ཁོང་གི་འདྲ་པར་ནོར་ཝེའི་ཤོག་ལོར་བརྒྱ་ཅན་གྱི་སྟེང་ལའང་ཐོན་ཡོད་པ་རེད། དུས་རབས་ཉི་ཤུ་པའི་ནང་དུ་ཁོང་གི་རི་མོར་ལེགས་ཉེས་ཀྱི་བསམ་ཚུལ་བཤད་མཁན་ཅི་རིགས་བྱུང་ཡོད་མོད། ད་ལྟ་ཁོང་ནི་བྱང་ཡུ་རོབ་ཀྱི་སྒྱུ་རྩལ་པ་ཕུལ་བྱུང་ཞིག་ཏུ་བརྩི་བ་རེད།
ཡང་གཅིག་བཤད་ན། ཁོང་གི་གྲགས་ཆེ་བའི་རི་མོ་ཁག་ནི་མཚོ་ངོགས་ཀྱི་ཨན་གྷར་དང་། ལམ་ཆེན་ཀ་ལི རྗོ་ཨན་གྱི་མཚན་མོ། སྒེའུ་ཁུང་འགྲམ་དུ་འོ་བྱེད་པ། (Le baiser avec la fenêtre) ངུ་འབོད། མ་དྷོ་ནཱུ། ལང་ཚོ་དར་མ། (Puberté) ཐ་མག་འཐེན་པའི་འདྲ་རིས། (Autoportrait avec cigarette) ནད་པའི་ཉལ་ཁང་ནང་གི་འཆི་བ། འོ་སྐྱེལ་བ། བྱིས་པ་ནད་པ། ཚེ་སྲོག་གི་ཞབས་བྲོ། གྲོངས་ཟིན་པའི་མ་དང་བྱིས་པ། ཟམ་པའི་སྟེང་གི་གཞོན་ནུ་མ། ཟླ་བའི་འོད་སྣང་། (Clair de lune) མ་རེའི་འཆི་བ། (La mort de Marat) ཉལ་ཁྲི་དང་ཆུ་ཚོད་འཁོར་ལོའི་བར་སོགས་ཡིན་པར་གྲགས། མན་ཆིས་རི་མོ་གཅིག་ལ་རི་མོ་གཞན་པ་ཆ་འདྲ་བ་ཁ་ཤས་བྲིས་པའང་ཡོད། དཔེར་ན། ངུ་འབོད་ཀྱི་རི་མོ་དང་པོ་དང་གཉིས་པ་ནི་གོང་དུ་ཞུས་ཟིན་པ་ལྟར་ཕྱི་ལོ་༡༨༩༣ལོར་བྲིས་ཤིང་། རི་མོ་གསུམ་པ་དང་བཞི་པ་ནི་ཕྱི་ལོ་༡༨༩༥ལོར་བྲིས་ཡོད། རི་མོ་ལྔ་པ་ནི་ཕྱི་ལོ་༡༩༡༠ལོར་བྲིས་འདུག ཁོང་གིས་དེ་ལྟར་འབྲི་དོན་གྱི་རྒྱུ་མཚན་གཙོ་བོ་ནི་ཁོང་གིས་རང་ཉིད་ཀྱི་ཚབ་མཚོན་བརྩམས་ཆོས་ལྟ་བུའི་རི་མོ་གཅིག་བྲིས་རྗེས་དེ་ལ་ཉོ་བདག་ཅིག་བྱུང་ཚེ། བརྩམས་ཆོས་དེ་དང་ཆ་འདྲ་བ་ཞིག་བྲིས་ཏེ་རང་སྒེར་དུ་ཉར་བའི་ལུགས་སྲོལ་འདུག རང་སྒེར་དུ་ཉར་བའི་རི་མོ་དེ་བྲིན་ཚེ། ཡང་རི་མོ་དེ་དང་ཆ་འདྲ་བ་གཞན་པ་ཞིག་འབྲི་སྲོལ་ཡོད་པའི་རྐྱེན་གྱིས་ཡིན་པར་བཤད་དོ། །
ད་ནི་རྩོམ་ཡིག་འདི་བྲིས་ནས་མཚམས་འདིར་ཐོན་སྐབས་ཕྲན་གྱིས་སྒྱུ་རྩལ་པ་ཨེ་དྷོ་བར མོན་ཆི་དང་ཁོང་གི་རི་མོའི་སྐོར་ལ་གང་ཞུ་འདོད་པ་རྣམས་ཞུས་ཟིན་པའི་ཚོར་སྣང་སྐྱེས། དེས་ན་འདིར་ཁོང་གི་གསུང་དུམ་ཞིག་དྲངས་ཏེ་རྩོམ་ཡིག་འདིའི་མཇུག་བསྡུ་རྒྱུ་ཡིན། ཁོང་གིས‘‘སྒྱུ་རྩལ་ནི་མི་སྒེར་གྱི་བསམ་བློ་ལས་རང་བཞིན་གྱིས་བྱུང་བ་རེད། ངེད་ཀྱིས་བཙན་གྱིས་བྱུང་བ་ཞིག་མིན་པར་འདོད། སྒྱུ་རྩལ་དང་། རྩོམ་རིག རོལ་དབྱངས་བཅས་ནི་ངེས་པར་དུ་ང་ཚོའི་སེམས་ཁོང་གི་ཁྲག་དྲོན་ལས་འབྱུང་དགོས། སྒྱུ་རྩལ་ནི་ང་ཚོའི་སེམས་ཀྱི་ཟུངས་ཁྲག་རེད’’ཅེས་གསུངས་འདུག
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3906
དཔྱད་མཆན་སྤེལ།