བཅར་འདྲི་བ། ར་རྫ་འཇམ་དབྱངས་སྐྱིད།
ངའི་མིང་ལ་ཟླ་མཛེས་ཟེར། ཕ་ཡུལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ནས་ཡིན། ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཕྱི་སྐད་སློབ་གླིང21དབྱིན་ཡིག་འཛིན་གྲྭར་སློབ་གཉེར་བྱེད་ཀྱི་ཡོད།
སྨིན་དྲུག ལེགས་སོ། །མཚམས་སྦྱོར་གནང་བར་ཐུགས་རྗེ་ཆེ། དབྱིན་ཇི་ཤེས་ན་འཛམ་གླིང་གི་དེབ་གྲགས་ཆེན་སྐོར་ཞིག་དབྱིན་ཡིག་གི་ལམ་ནས་བལྟས་ན་གོ་བ་ལོན་སླ་བས་སྐྱིད་པ་ལ།
སྨིན་དྲུག སློབ་ཆེན་སློབ་མ་ནི་སློབ་གྲྭ་ཆུང་འབྲིང་གི་དུས་དང་བསྡུར་ན། ལྟོས་བཅས་སུ་རང་དབང་ཡོད་པ་ཞིག་ཡིན་ཚོད། རང་དབང་གི་དུས་ཚོད་བེད་སྤྱོད་ཚུལ་མ་འདྲ་བའི་རྐྱེན་པས་སློབ་མར་བཟང་ངན་འཆོར་སའི་ཁོར་ཡུག་ཅིག་ཏུ་མཐོང་གི་ཡོད། དེས་ན་ཁྱེད་ཀྱིས་སློབ་སྦྱོང་གི་ཞར་དུ་དཔེ་ཀློག་ལ་འབད་གི་ཡོད་དམ། གང་ལྟར་ཕ་མའི་ལྟ་རྟོག་དང་དགེ་རྒན་གྱི་དམ་དྲག་མེད་པའི་ཁོར་ཡུག་དེ་རུ་དུས་ཚོད་ཇི་ལྟར་དུ་གཏོང་གི་ཡོད་པ་ངས་ཤེས་འདོད།
ནང་ཆེན་ཟླ་མཛེས། སློབ་ཆེན་འགྲིམས་རྗེས། སློབ་འབྲིང་དུ་སློབ་སྦྱོང་བྱེད་སྟངས་དང་རྩ་བ་ནས་མི་འདྲ་བ་རྟོགས། སློབ་གྲྭ་ཆེན་མོའི་ནང་དུ་ངས་སློབ་སྦྱོང་ལ་འབད་བརྩོན་བྱེད་ཀྱི་ཡོད་པར་མ་ཟད། རང་ཉིད་ཀྱི་དགའ་ཕྱོགས་དང་འཇོན་ནུས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་ཅི་ཐུབ་བྱེད་ཀྱི་ཡོད། རང་ཉིད་ལ་དབང་བའི་བར་སྟོང་དང་དུས་ཚོད་ཧ་ཅང་མང་པོ་འདུག ང་སློབ་ཆེན་ལ་ཐོན་མ་ཐག་ཁོར་ཡུག་དང་སློབ་སྦྱོང་བྱེད་སྟངས་མ་འདྲ་བ་སོགས་ཀྱིས་ཁ་ཕྱོགས་ཅུང་ཟད་རྨོངས་པར་གྱུར་བས་དམིགས་འབེན་མེད་པ་ལྟ་བུ་ཆགས་མོད། སློབ་སྐབས་གཅིག་འདས་པ་དང་བསྟུན་ནས་རིམ་གྱིས་ཁ་ཕྱོགས་རྙེད་ཙམ་བྱུང་། དེ་བཞིན་མ་འོངས་པའི་ལས་ཞུགས་སོགས་ལ་བསམ་བློ་གཏོང་བཞིན་རང་ཉིད་མཐོར་འདེགས་གཏོང་བའི་ལས་སུ་དགའ་བཞིན་སྤྲོ་བཞིན་འཇུག་པས་མི་ཚད། ཕུན་སུམ་ཚོགས་པའི་སློབ་ཆེན་གྱི་འཚོ་བ་རོལ་མུས་ཡིན།
སྨིན་དྲུག སློབ་འབྲིང་ནས་ར་ལུག་ལྟར་འཚོས་ཏེ་སློབ་ཆེན་དུ་རི་རྒྱག་བྱེད་པ་ལྟ་བུའི་བར་བརྒལ་དེ་ལ་མ་གོམས་པ་ནི་ཁྱེད་ཅག་ལན་པ་ག་ལ་ཡིན། ངའི་བུ་མོ་ཡང་མ་གོམས་པར་སློབ་སྐབས་དང་པོའི་སྐབས་སུ་དཀའ་ལས་ཅུང་ཟད་མྱོང་སོང་། སློབ་ཆེན་དུ་རང་དབང་ཆེ་ཡང་སློབ་སྦྱོང་ལ་རང་འགུལ་བྱེད་དགོས་ཕྱིར་རང་ཚུགས་དང་རང་གཅུན་མེད་པ་ཚོ་ནི་འཐུས་ཤོར་དུ་འགྲོ་རྒྱུ་རེད།
སྨིན་དྲུག སློབ་ཆེན་ནང་དུ་བུ་མོ་ཚོས་འཚོལ་སྙེག་བྱེད་ས་དང་དགའ་ཁ་ཕྱོགས་ས་གཙོ་བོ་གང་ཡིན་ན། ཁ་ཅིག་གིས། བུ་མོ་ཚོ་ནི་དགའ་རོགས་གང་བྱུང་དུ་སྒྲིག་པ་དང་ཁོ་རེ་ཡའི་བརྩེ་དུང་གི་བརྙན་འཕྲིན་ཟློས་གར་ལ་ལྟ་བ་དང་ཡག་ལས་བཅས་ལ་མགོ་འཁོར་ཡོད་ཚུལ་བཤད། དེ་ནི་གཟུ་བོར་གནས་པའི་སྐད་ཆ་ཞིག་ཡིན་མིན་མ་ཤེས་པས། ངོ་མ་དེ་འདྲ་ཡིན་ནམ།
ནང་ཆེན་ཟླ་མཛེས། སྤྱིར་བཏང་སློབ་གྲྭ་ཆེན་མོར་སླེབས་རྗེས་ཕྱོགས་གང་གི་ཐད་ནས་རང་དབང་ཡོད་པ་ཞིག་དང་། ཡང་རང་དབང་གིས་དགའ་རོགས་སྒྲིག་ཆོག་ལ། བརྙན་འཕྲིན་ཟློས་གར་རམ་གློག་བརྙན་ལ་བལྟ་བའི་དུས་ཚོད་ཀྱང་ཡོད་མོད། འོན་ཀྱང་གློག་བརྙན་གང་རིགས་ལ་བལྟ་མིན་ནི་མི་སྒེར་གྱི་དགའ་ཕྱོགས་ཡིན་པ་ལས། བུ་མོ་ཚང་མས་དགའ་རོགས་སྒྲིག་པའི་བརྗོད་བྱ་ཡིན་པའི་བརྙན་འཕྲིན་ལ་བལྟ་བ་དང་དགའ་རོགས་སྒྲིག་པ་གཅིག་པུར་མགོ་འཁོར་བ་ཞིག་ཀྱང་ག་ལ་ཡིན།
སྨིན་དྲུག ངས་བཤད་འདོད་པ་ནི། གཙོ་ཕལ་དང་ཡག་ཉེས། བཟང་ངན་གྱི་དབྱེ་བ་གསལ་བོར་ཤེས་རྒྱུ་དེ་ཡིན་པ་ལས། གློག་བརྙན་ལ་ལྟ་བ་དང་ལྷོད་གཡེང་ཅུང་ཟད་བྱེད་པ་མི་བཟང་ཞེས་པ་མིན་མོད། གོ་ཚུལ་ལ། སློབ་ཆེན་གྱི་རང་དབང་གི་ཁོར་ཡུག་དེ་རུ་རང་དབང་བེད་མ་ཆོད་དེ་སྐོར་ཞིག་གིས་སློབ་སྦྱོང་གི་དུས་ཚོད་འཕྲོ་བརླག་ཏུ་གཏོང་གི་ཡོད་རེད་སྐད།
སྨིན་དྲུག ཁྱེད་ཀྱིས་བསམས་ན། བུ་བུ་མོ་གཉིས་ཀའི་ཆེས་མི་འདྲ་ས་དེ་གང་རེད། དཔེར་ན། སྤོབས་པ་ཆེ་ཆུང་དང་འཛེམ་སྣང་ཡོད་མེད་དེ་སློབ་ཁྲིད་སྐབས་སུ་རྒན་ལགས་ལ་དྲི་བ་འདོན་པའི་སྤོབས་པ་ལྟོས་བཅས་སུ་བུ་ཚ་ཚོ་ཆེ་བ་ལྟ་བུ། དེའི་རྒྱུ་རྐྱེན་སྐྱེ་ཁམས་ཏེ་ལུས་རྟེན་གྱིས་བསྐྱེད་པ་རེད་དམ། ཡང་ན་ཆུང་དུས་བུ་བུ་མོ་གཉིས་ལ་སྐད་ཆ་བཤད་ཆོག་མིན་ཐད་ནས་ཁྱད་པར་གཏོད་པའི་སློབ་གསོའམ་གོམས་སྲོལ་དེས་བསྐྱེད་པ་རེད་འདོད།
ནང་ཆེན་ཟླ་མཛེས། ངས་བསམས་ན། ལྷན་སྐྱེས་སུ་བུ་མོ་ཚོར་ཡང་སྤོབས་པ་ཡོད་པར་འདོད། ཡིན་ཡང་ཆུང་དུས་ཀྱི་སློབ་གསོ་མི་འདྲ་བའི་རྐྱེན་གྱིས། བུ་ཞིག་ཡིན་ན་ཕ་མས་ཁོ་ལ་དཔའ་ངར་ལྡན་དགོས་ཚུལ་གྱི་བསླབ་བྱ་རྟག་པར་གནང་ཞིང་། དཔའ་ངར་ལྡན་ན་ད་གཟོད་སྐྱེས་པ་ཚད་ལྡན་ཞིག་ཏུ་འགྱུར་ཐུབ་པའི་བསླབ་བྱ་རྒྱག་གི་ཡིན་པས་ཡིན་ངེས།
སྨིན་དྲུག སྨན་ཆུང་རང་གིས་གནས་ལུགས་གང་འཚམ་ཤེས་འདུག་པས་ཟབ་སའི་གནས་ལུགས་ཤེས་པའི་སླད་དུ་མུ་མཐུད་ནས་འབད་པ་བསྟེན་རོགས།
སྨིན་དྲུག སློབ་ཆེན་ནང་དུ་བུ་བུ་མོ་གཉིས་ཀའི་སློབ་ཚན་གྱི་སྦྱངས་འབྲས་སུ་བཟང་། ཡིག་རྒྱུགས་ཁྲོད་དུ་བུ་མོ་ཚོས་སྐར་གྲངས་མཐོན་པོ་ལེན་གི་ཡོད་ཚུལ་ཐོས་གི་འདུག དེ་འདྲ་ཡིན་ན། སློབ་གྲོགས་བུ་ཚོར་གནོན་ཤུགས་འདུག་གམ།
ནང་ཆེན་ཟླ་མཛེས། རྒྱུགས་འབྲས་བཟང་བ་ནི་བུ་མོ་ཚོས་བུ་ལས་འབད་པ་བྱས་པའི་རྐྱེན་ལས་བྱུང་བ་ཡིན་འདོད། དེ་འདྲའི་སྐབས་སུ་བུ་ཚ་ཚོར་གནོན་ཤུགས་ཅུང་ཙམ་ཡོད་སྲིད།
སྨིན་དྲུག རེད་ཡ། མཁས་པ་ནི་བརྒྱ་ཆ་དགུ་བཅུ་གོ་དགུའི་རྔུལ་ཆུ་དང་ལྷན་སྐྱེས་ཀྱི་ཤེས་རབ་གཅིག་འདུས་པ་ལས་བྱུང་བ་ཡིན་ཞེས་པ་ལྟར། འཇིག་རྟེན་འདིར་གཟེངས་སུ་ཐོན་ཡོང་བ་ཡོད་དོ་ཅོག་བརྩོན་འགྲུས་ལ་མ་བསྟེན་པ་ཞིག་ག་ལ་ཡོད་དེ། གར་ཡང་མེད་དོ། །
སྨིན་དྲུག སློབ་མ་བུ་བུ་མོ་གཉིས་ཀའི་ནང་ནས་དཔེ་ཀློག་བྱེད་པའི་གྲངས་ཀ་སུ་མང་། དཔེ་ཀློག་གི་ཁ་ཕྱོགས་འདྲའམ། སློབ་གྲྭའི་ནང་དུ་རྒྱུགས་འབྲས་བཟང་བའི་བུ་མོ་མང་པོ་ཐོན་གི་ཡོད་ན་ཡང་། སྤྱི་ཚོགས་སུ་ཞུགས་རྗེས། འབུར་དུ་ཐོན་ཐུབ་ཀྱི་མེད་པའི་རྒྱུ་མཚན་ཅི་ཡིན་ལ་ཁྱེད་ཀྱིས་བསམ་བློ་བཏང་ཨེ་མྱོང་།
ནང་ཆེན་ཟླ་མཛེས། སྤྱིར་བཏང་ཡིན་ན། བུ་མོས་དཔེ་ཆར་བལྟ་བའི་བསྡུར་ཚད་བུ་ལས་ཅུང་ཟད་མཐོ་ལ་འབད་པ་ཡང་བྱེད་མོད། འོན་ཀྱང་ལས་ཞུགས་བྱས་རྗེས། རྒྱུ་རྐྱེན་མང་པོའི་དབང་གིས་བུ་མོ་ཚོའི་ནུས་པ་འབུར་དུ་ཐོན་ཐུབ་ཀྱི་མེད་པ་རེད་སྙམ།
སྨིན་དྲུག སློབ་ཆེན་དུ་བུ་མོ་ཚོའི་གྲུབ་འབྲས་ལྟོས་བཅས་སུ་བུ་ལས་བཟང་བ་གཅིག་མཚུངས་ཀྱི་བཤད་ཚུལ་ཞིག་ཏུ་གྱུར་ཡོད་ནའང་། སྤྱི་ཚོགས་སུ་ཞུགས་རྗེས་གྲུབ་འབྲས་དེ་དང་མཉམ་པའི་རླུང་རྟ་ཞིག་བུ་མོ་ཚོར་རྒྱུག་གི་མེད་ཚུལ་ད་རེས་ཀྱི་བཅར་འདྲི་བྱེད་སའི་བུ་མོ་ཕལ་མོ་ཆེའི་བསམ་ཚུལ་ཡང་ཡིན་ན། ཅིའི་ཕྱིར་དེ་ལྟར་གྱུར་བ་ལ་ང་ཚོ་མི་རེ་ངོ་རེ་ནས་བསམ་བློ་རྣལ་དུ་ཐིངས་པ་གཏོང་མི་དགོས་སམ།
སྨིན་དྲུག ཕོ་མོ་གཉིས་ཀས་བསླབ་གཞིའི་ཆེད་ལས་འདེམས་པ་ལ་ཁྱད་པར་འདུག་གམ། འདུག་ན་དེའི་རྒྱུ་མཚན་རང་རང་གི་དགའ་ཕྱོགས་འཇོན་ཕྱོགས་ལ་བསྟུན་པ་རེད་དམ། ཡང་ན་གོམས་ཕྱོགས་ལོབས་ཕྱོགས་ཀྱི་དབང་དུ་ཤོར་བ་རེད།
ནང་ཆེན་ཟླ་མཛེས། བུ་དང་བུ་མོས་ཆེད་ལས་འདེམས་པའི་ཕྱོགས་ནས་ཁྱད་པར་ཡོད་པ་རེད། འདི་ནི་ངས་བསམས་ན་གཙོ་བོ་དགའ་ཕྱོགས་མི་འདྲ་བ་ལ་རག་ལས་ཡོད་རེད་འདོད།
སྨིན་དྲུག འདི་ལེའུ་སྔོན་མའི་ཁ་བརྡའི་ནང་དུ་ཅུང་ཞིབ་ཆ་ཅན་ཞིག་བཤད་ཡོད་པས་དེས་འཐུས་པར་བྱའོ། །
སྨིན་དྲུག ཁྱེད་ཀྱི་འཛིན་གྲྭར་བུ་མོ་མང་ངམ། བུ་ཚ་མང་། ཡང་ལྟ་རྒྱ་ཆེ་ལ་མིག་རྒྱང་རིང་ཞིང་རང་གི་སྐད་དང་ཡི་གེ་ལ་དགའ་བ་བུ་མོ་ཚོ་རེད་དམ། ཡང་ན་བུ་ཚ་ཚོ་རེད། དེ་གཉིས་ལ་ཁྱད་པར་ཤོར་ཡོད་པ་བདེན་ན། ཅིའི་ཕྱིར་དེ་འདྲ་ཆགས་པ་རེད།
ནང་ཆེན་ཟླ་མཛེས། འདི་ངས་བསམས་ན་ཕོ་མོའི་དབྱེ་བ་འབྱེད་དཀའ་རྒྱུ་རེད། དེ་ནི་མི་སྒེར་གྱིས་ཅི་ཞིག་ལ་ཕྱོགས་ཡོད་པར་བལྟ་དགོས།
སྨིན་དྲུག སློབ་ཆེན་དུ་དགེ་རྒན་གང་དང་སུ་ཡི་སློབ་ཁྲིད་དང་གཏམ་བཤད་ཀྱིས་རང་ལ་སློབ་སྦྱོང་གི་དགའ་སྣང་དང་སྤྲོ་སྣང་བསྐྱེད་པ་དང་། ཡང་ན་བློ་སྒོ་འབྱེད་པའི་དགེ་རྒན་དང་དཔེ་དེབ། སློབ་གྲོགས། དྲ་སྒང་འཆད་ཁྲིད་སོགས་ལ་ཕྲད་མྱོང་ངམ། མྱོང་ན་དེས་ཁྱེད་ཀྱི་མི་ཚེ་ལ་བཟང་འགྱུར་ཐེབས་མིན་སྐོར་བྱེ་བྲག་ལ་བབ་ནས་བཤད་རོགས།
ནང་ཆེན་ཟླ་མཛེས། སྤྱིར་སློབ་ཆེན་དུ་སྤྱོད་པ་བཟང་ཞིང་ཡོན་ཏན་ཅན་གྱི་དགེ་རྒན་མང་པོ་ཡོད་ལ། དེའི་ནང་གི་དགེ་རྒན་ཞིག་གིས་ང་ལ་བག་ཆགས་དང་ཤུགས་རྐྱེན་ཟབ་མོ་བཞག་མྱོང་། ཁོང་ནི་དབྱིན་ཇི་པ་ཞིག་སྟེ་ང་ཚོའི་དབྱིན་ཡིག་གི་ཁ་སྐད་རྒན་ལགས་ཡིན། ངས་དབྱིན་ཡིག་སློབ་མི་འདོད་པའམ་རྒྱུན་སྐྱོང་ཐུབ་ཀྱི་མེད་པའི་སྐབས་ཤིག་ལ། ཏག་ཏག་ཁོང་གི་སྐུལ་ལྕག་དང་སློབ་སྟོན་གྱིས་ང་རང་དབྱིན་ཡིག་ལ་སྔར་ལས་ལྷག་པའི་སྤྲོ་བ་ཡོད་པར་བཏང་།
སྨིན་དྲུག དབྱིན་ཇིའི་རྒན་ལགས་ཤིག་གིས་ཁྱེད་ལ་དབྱིན་ཡིག་གི་དགའ་སྣང་བསྐྱེད་པར་བཀྲ་ཤིས་བདེ་ལེགས་ཞུ། རང་རེའི་བོད་ཡིག་དགེ་རྒན་དག་གིས་ཀྱང་སློབ་ཕྲུག་ཚོ་ལ་བོད་ཡིག་གི་དགའ་སྣང་བསྐྱེད་ཐུབ་ན་ཅི་འདྲའི་དགའ་བ་ལ་ཨང་། ཡིད་ཕངས་པ་ཞིག་ལ། དབྱིན་ཇི་པས་ཁྱོད་རང་དབྱིན་ཡིག་ལ་དགའ་སྣང་ཇི་ལྟར་བསྐྱེད་པའི་ཚུལ་དེ་བྱེ་བྲག་ལ་བབས་ནས་བཤད་མེད་པ་དེ་རེད།
སྨིན་དྲུག བོད་ཁུལ་གྱི་སློབ་གྲྭ་སྐོར་ཞིག་ཏུ་བུ་མོ་ཚོའི་སེམས་ཤུགས་གཅོག་པའི་སྐད་ཆ་བཤད་མཁན་གྱི་དགེ་རྒན་སྔར་བཞིན་ཡོད། སློབ་ཆེན་གྱི་ཁོར་ཡུག་ཏུ་དགེ་རྒན་དང་བུ་ཚ་སློབ་གྲོགས། ད་དུང་བསླབ་གཞི་སོགས་སུ་སྐྱེས་མ་ལ་ཁྱད་གསོད་མཐོང་ཆུང་དམའ་འབེབས་བྱེད་ཚུལ་འདུག་གམ། འདུག་ན་དེས་ཁྱོད་ལ་སེམས་ཚོར་ག་འདྲ་བྱིན། དེས་རང་གི་ཡར་སྐྱེད་ཀྱི་སེམས་ཁམས་ལ་གནོད་དམ།
ནང་ཆེན་ཟླ་མཛེས། སློབ་གྲྭ་ཆེན་མོའི་ནང་དུའང་གཞན་ལ་བརྙས་བཅོས་དང་ཟུར་ཟ་བྱེད་མཁན་ཡོད་ནི་ཡོད་མོད་ཉུང་ཉུང་རེད། རྒྱུ་མཚན་ཚང་མར་རིག་གནས་ཀྱི་ཆུ་ཚད་ངེས་ཅན་ཞིག་ཡོད་པས་སྤྱིར་བཏང་གདུག་རྩུབ་ཆེ་བའི་བསམ་སྦྱོར་འཆང་མི་སྲིད་པའི་རྐྱེན་གྱིས་ཡིན་སྲིད། ངས་སྤོབས་པ་ཆེན་པོས་རྙོག་དྲ་དང་དཀའ་ངལ་ཡོད་ཚད་ལ་གདོང་གཏོད་ཅི་ཐུབ་བྱེད་ཀྱི་ཡོད།
སྨིན་དྲུག སྨན་ཆུང་རང་གིས་དེའི་རིགས་ཚོར་ཞིང་རྟོགས་ཀྱི་ཡོད་པས་གོམ་པ་དང་པོ་སྤོས་ཚར་བ་མ་ཡིན་ནམ།
སྨིན་དྲུག སློབ་སྦྱོང་གི་གནོན་ཤུགས་དང་ཡང་ན་འཚོ་བའི་དཀའ་ཉོག་སྟེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སྐོར་ཞིག་ཏུ་དགེ་རྒན་གྱིས་བུ་མོ་སློབ་མ་ཚོར་ཆགས་སྲེད་ཀྱི་སྐད་ཆ་བཤད་པའམ་ཐ་ན་བརྙས་བཅོས་བྱས་ཚུལ་ཡང་ཐོས་མྱོང་། དེ་སྐོར་གང་རིགས་ལ་འཕྲད་དུས། ཁྱོད་ཀྱིས་ཇི་ལྟར་ཐག་གཅོད་གི་ཡོད། ཡང་སློབ་མ་བུ་བུ་མོ་གཉིས་ལས། གང་གིས་ཁྱོད་ཀྱི་དཀའ་ངལ་སེལ་རོགས་དང་ཡང་ན་སེམས་གཏམ་ལ་ཉན་ནས་གདུང་སེམས་མཉམ་བསྐྱེད་བྱེད།
ནང་ཆེན་ཟླ་མཛེས། སློབ་ཆེན་ལ་སླེབས་མ་ཐག་སློབ་སྦྱོང་དང་འཚོ་བའི་ཐད་ནས་དཀའ་ངལ་ཁ་ཤས་ལ་འཕྲད་སྲིད། དེ་ནི་གཙོ་བོ་ཁྱོད་ད་དུང་སློབ་གྲྭ་ཆེན་མོའི་འཚོ་བར་གོམས་མེད་པས་རེད། སྤྱིར་བཏང་སློབ་ཆེན་ནང་ནས་ཁྱོད་ཀྱིས་ཁོར་ཡུག་གསར་པ་དང་རྒྱུས་མེད་ཀྱི་མི་དང་དོན་དག་མང་པོ་ཞིག་ལ་གདོང་གཏོད་དགོས། དེ་དག་ཚང་མ་རང་གིས་ཐག་གཅོད་དགོས་པ་ལས། ཁྱོད་ཀྱི་ཚབ་བྱས་ནས་འགན་འཁུར་མཁན་མེད། དེ་འདྲ་ཡིན་ཕྱིར་ངེས་པར་དུ་སྙིང་སྟོབས་ལྡན་ཞིང་སེམས་པ་བཟང་བའི་སློབ་ཆེན་པ་ཞིག་བྱེད་དགོས།
སྨིན་དྲུག དངོས་གནས་རེད། མི་ཆ་མེད་དང་ས་རྒྱུས་མེད་ཀྱི་ཁོར་ཡུག་གསར་བ་ཞིག་ཏུ་སླེབས་པ་དང་སློབ་སྦྱོང་བྱེད་སྟངས་ཐད་ནས་ཀྱང་སྔོན་དང་བསྡུར་ན་ཧེ་བག་ཆེན་པོ་ཡོད་པས་ཐོག་མར་མ་གོམས་པ་ལ་བསམ་ཤེས་ཐུབ་དང་ཐུབ།
སྨིན་དྲུག བུ་མོ་ཚོ་དོན་དག་ཆུང་ཙག་གི་སྟེང་ནས་ཀྱང་མི་འཆམ་པར་ཕན་ཚུན་ལ་ཕྲག་དོག་ཡོད་ཚུལ་ཞིག་གོ་སོང་། དེ་ནི་བུ་མོ་ཚོའི་རྒྱུད་ལ་གྲུབ་པ་ཞིག་རེད་འདོད་དམ། ཡང་ན་མིག་འདྲིས་རྣར་འཇགས་སུ་སོང་བའི་ཁྱིམ་ཚང་ཁོར་ཡུག་གི་སློབ་གསོ་ལས་བྱུང་བ་ཞིག་རེད་སྙམ། དེ་ལ་ཁྱེད་ཀྱིས་བསམ་བློ་ཞིབ་ཕྲ་བཏང་ཨེ་མྱོང་།
ནང་ཆེན་ཟླ་མཛེས། སྤྱིར་ང་ཚོ་བུ་མོ་ནི་བུ་ལས་ཕྲག་དོག་སྐྱེ་སླ་ཞེས་པའི་བཤད་ཚུལ་ཡོད་ན་ཡང་། དོན་དུ་གཙོ་བོ་རང་ཉིད་ཀྱི་ཁོར་ཡུག་དང་སློབ་གསོར་འབྲེལ་བ་ངེས་ཅན་ཞིག་ཡོད་རེད་འདོད།
སྨིན་དྲུག ལྟ་ཚུལ་དེར་ཡང་ང་རང་མོས་མཐུན་ཡོད་ལགས།
སྨིན་དྲུག དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་དང་སློབ་གྲྭས་དོ་དམ་བྱེད་སྟངས། ད་དུང་སློབ་མའི་འཚོ་བ་སྟེ་ཉལ་ཁང་གི་ཆ་རྐྱེན་དང་ཟ་ཁང་གི་ཟ་མ། དཔེ་མཛོད་ཁང་གི་མཐུན་རྐྱེན་སོགས་སློབ་ཆེན་གྱི་ཁོར་ཡུག་དེ་ལ་རང་གི་བསམ་ཚུལ་ཞིག་བཤད་པའི་གོ་སྐབས་བྱུང་ན། ཁྱོད་ཀྱིས་ཅི་ཞིག་བཤད་འདོད།
ནང་ཆེན་ཟླ་མཛེས། བསམ་ཚུལ་བཤད་རྒྱུ་མེད། ཕྱོགས་གང་ཐད་ནས་ཡིན་ཡང་ཡག་པོ་རེད།
སྨིན་དྲུག མི་ལོ་བཞིའི་རིང་ལ། དགོས་པའི་ཡོན་ཏན་སྦྱོང་ས་དགའ་བའི་དགོད་སྒྲ་འཆོར་ས་སྡུག་གི་རྔུལ་ཆུ་འདོན་ས་རེ་བའི་རྨི་ལམ་སྦྲུམ་ས་དེར། ཆེས་དགའ་འོས་ཤིང་བརྗེད་དུ་ཕངས་པའི་དོན་བཟང་ལ་ཁྱེད་རང་ཕྲད་མྱོང་ངམ། དེ་དང་ཁ་འབྲལ་ཁར་ཆེས་ཞེན་ཆགས་ཆེ་ས་དེ་ཅི་ཡིན།
ནང་ཆེན་ཟླ་མཛེས། ད་ལྟ་ང་རང་སློབ་ཆེན་ལོ་རིམ་གཉིས་པའི་སློབ་མ་ཡིན། སློབ་ཆེན་གྱི་འཚོ་བའི་ཁྲོད་ནས་དགའ་འོས་ཤིང་བརྗེད་དུ་མེད་པའི་དོན་བཟང་ཡང་ཁ་ཤས་ལ་ཕྲད་མྱོང་།
སྨིན་དྲུག དེང་སྐབས་ཨེ་ཛི་ནད་དུག་སློབ་ཆེན་ཁག་ལ་ཡང་ཐོན་ཡོད་པས། ཁྱེད་ནས་དེའི་སྐོར་གྱི་ཤེས་བྱ་ལ་དོ་སྣང་གིས་དགའ་རོགས་སྒྲིག་དུས་རང་གི་བདེ་ཐང་ལ་མཉམ་འཇོག་བྱེད་ཀྱི་ཡོད་དམ། དེ་མིན། སྦྲུམ་འགོག་མ་ཐུབ་པར་ཕྲུ་གུ་འཁོར་ནས་སྡུག་ལ་གཏད་པའི་སློབ་མ་བྱུང་མྱོང་ངམ། བུ་མོ་ཚོར་ལུས་རྟེན་གྱིས་བསྐྱེད་པའི་ལན་ཆགས་དེ་འདྲ་བྱུང་དུས། ཕྲུ་གུ་སྐྱེད་མཁན་དགའ་རོགས་ཀྱིས་སེམས་གསོ་དང་རོགས་རམ་བྱེད་ཀྱི་ཡོད་དམ།
ནང་ཆེན་ཟླ་མཛེས། འདིའི་རིགས་སློབ་ཆེན་དུ་དེ་འདྲའི་མང་པོ་མི་འདུག བུ་མོ་ལ་ལར་དགའ་རོགས་ཀྱིས་འདང་ཆེ་ལ་འགན་ཡང་འཁུར་གྱི་འདུག ཡིན་ཡང་བུ་མོ་ཁ་ཅིག་ལ་གནོད་འཚེ་ཆེན་པོ་ཐེབས་ཀྱི་ཡོད་ས་རེད། དེའི་ཕྱིར་ཚང་མས་དོན་དག་ཅི་ཞིག་སྒྲུབ་པའི་སྔོན་ལ་བློ་རིག་ལྡན་པའི་སྒོ་ནས་མཇུག་འབྲས་སྔོན་དཔག་བྱེད་རྒྱུ་ཧ་ཅང་གལ་ཆེ།
སྨིན་དྲུག མཐར་ཕྱིན་རྗེས་མུ་མཐུད་དུ་ཞིབ་འཇུག་ལ་རྒྱུགས་སྤྲོད་གི་ཡིན་ནམ། ཡང་ན་སྤྱི་ཚོགས་སུ་འཇུག་གི་ཡིན། རྒྱུ་མཚན་ཅི།
ནང་ཆེན་ཟླ་མཛེས། ངས་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་འདོད།
སྨིན་དྲུག མ་འོངས་པར་རང་གིས་སྦྱངས་པའི་ཡོན་ཏན་གྱིས་རང་གི་མི་ཚེ་དོན་སྙིང་ལེན་པར་འབད་རྩིས་ཡིན་ནམ། ཡང་ན་བཟའ་ཚང་ཞིག་བཙལ། བུ་ཕྲུག་རེ་སྐྱེས། འཚོ་ཚིས་ཁ་རྒྱབ་ཀྱིས་འདངས་པ་ན། ཡིད་ཚིམ་མགུ་གང་ནས་སྡོད་རྩིས་ཡིན། ཡང་ན་སྤྱི་ཚོགས་ཉམས་རྒུད་དང་སྐད་ཡིག་ཉམས་ནུབ་ཏུ་འགྲོ་བ་སོགས་ལ་བཟང་འགྱུར་གཏོང་བའི་ལས་ལ་འབད་པའི་ཕུགས་འདུན་རྒྱ་ཆེན་པོ་ཡོད་དམ།
ནང་ཆེན་ཟླ་མཛེས། ངས་རང་ཉིད་ཀྱིས་སྦྱངས་པའི་ཆེད་ལས་ཤེས་བྱར་བརྟེན་ནས་ཐོག་མར་འབྲེལ་ཡོད་ཀྱི་ལས་ཀ་ཞིག་འཚོལ་འདོད། དེ་ནས་རང་ཉིད་ཀྱི་ལས་གནས་སུ་རང་འཁྲིའི་ལས་ཀ་ཡག་པོར་སྒྲུབ་ཐོག ད་དུང་གང་ཐུབ་ཅི་ཐུབ་ཀྱིས་མི་གཞན་ལ་རོགས་རམ་ཡང་མང་ཙམ་བྱེད་ཐུབ་ན་བསམ་ཡོད།
སྨིན་དྲུག བུ་མོ་ཚོར་ཡང་ཁ་རྒྱབ་ཙམ་མ་ཡིན་པར་ཕུགས་འདུན་དང་འཆར་གཞི་རྒྱ་ཆེན་པོ་ཡོད་ན་འགྲིག་དང་འགྲིག་པས་ཁྱེད་རང་ངོ་མ་ཡག་པོ་རེད།
སྨིན་དྲུག རང་གི་དབང་ལ་ཡོང་བ་ཡིན་ན། ཁྱེད་ཀྱིས་འཚོ་བ་ག་འདྲ་ཞིག་བསྐྱལ་འདོད། མ་གསང་དྲང་མོར་ལབ་རོགས། ཁྱེད་ཅག་གིས་མ་འོངས་འཚོ་བར་བློས་བསླངས་ཅི་འདྲ་བྱེད་མིན་ཤེས་ན་འདོད།
ནང་ཆེན་ཟླ་མཛེས། ངས་ནི་སྟབས་བདེ་ཞིང་དྲོད་ཁོལ་ལྡན་པའི་འཚོ་བ་ཞིག་རོལ་ན་འདོད། འཚོ་བའི་ཆ་རྐྱེན་འབྱོར་ལྡན་ཞིག་མིན་ན་ཆོག་མོད། འོན་ཀྱང་ངེས་པར་དུ་འཆམ་མཐུན་དང་བརྩེ་བས་ཕྱུག་པའི་ཁྱིམ་ཚང་ཞིག་ཡིན་དགོས།
སྨིན་དྲུག བཟའ་ཟླ་གཉིས་ཀྱིས་ཕན་ཚུན་ལ་རོགས་རེས་དཀྱེལ་ཡངས་བསམ་ཤེས་རྒྱབ་སྐྱོར། སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་འཁུར་ཐུབ་ན། བཟའ་ཚང་མི་འགྲིག་པ་དང་ཁྱིམ་གཞིས་དྲོད་ཁོལ་མེད་པར་འགྱུར་ག་ལ་སྲིད།
སྨིན་དྲུག ཁྱེད་ཀྱི་སེམས་ནང་གི་རང་གི་བཟའ་ཟླ་ག་འདྲ་ཞིག་རེད། བཟའ་ཟླ་བཙལ་དུས། མེད་དུ་མི་རུང་བའི་ཆ་རྐྱེན་གང་དག་ཚང་དགོས། དཔེར་ན། སྐྱེས་གཟུགས་དང་རྒྱུ་འབྱོར་གཙོ་བོར་ལྟ་གི་ཡིན་ནམ། ཡང་ན་མི་གཞི་བཟང་ཞིང་འཇོན་ཐང་ཡོད་པ། རང་ལ་གུས་བརྩི་ཆེ་ཞིང་སྐྱིད་སྡུག་མཉམ་མྱོང་ཐུབ་པ་ཞིག་བཙལ་གི་ཡིན།
ནང་ཆེན་ཟླ་མཛེས། མ་འོངས་པའི་རང་གི་ཁྱོ་གའི་ཚད་གཞི་ནི། མི་གཞི་བཟང་ལ་གནད་དོན་གང་ཡིན་ཐག་གཅོད་པའི་ནུས་པ་ལྡན་པ་ཞིག་ཡིན་དགོས།
སྨིན་དྲུག བཟའ་ཚང་བཙལ་དུས་མི་གཞི་བཟང་མིན་ནི་མ་མཐའི་ཚད་གཞི་ལ་འཇོག་དགོས་པ་བདེན་པ་རེད། ཁྱིམ་ཚང་ལ་ཁུར་སེམས་ཡོད་ཅིང་མཉམ་སྐྱིད་མཉམ་སྡུག་བྱེད་ཐུབ་མིན་ཡང་གལ་ཆེ། གཞན། སྨན་ཆུང་རང་ལ་དོན་དག་གང་ཡིན་ཐག་གཅོད་ཀྱི་ནུས་པ་ལྡན་པའི་ཁྱོ་ག་ཞིག་དགོས་འདོད་པ་དེ་ནི་མ་དག་རྒྱུན་འབྱམས་སུ་སོང་བའི་བསམ་ཚུལ་ཞིག་ཡིན་པར་འདོད། འདི་ཡང་སྤྱིར་བཏང་གི་དོན་དག་ཅིག་མིན་པས་མཇུག་སྡུད་པའི་སྐད་ཆའི་ནང་དུ་ཅུང་ཟད་བཤད་དགོས་སེམས།
སྨིན་དྲུག གཉེན་སྒྲིག་བྱས་རྗེས། བཟའ་ཟླས་ཁྱིམ་ལས་དང་བྱིས་སྙོར་དང་བྱིས་པའི་སློབ་གསོ་སོགས་ལ་འགན་མ་ཁུར་བར་ལས་ཀ་མང་པོ་རང་གི་འགན་དུ་བབ་ན། འཁང་ར་ཅི་ཡང་མེད་པར་དོ་དོ་ཏན་ཏན་གྱིས་བྱེད་ཐུབ་བམ། མཐོ་རིམ་སློབ་གསོ་ཐོབ་རུང་སྲོལ་རྒྱུན་གྱི་སྐྱེས་མ་ནང་ལྟར་མི་ཚེ་ཁྱིམ་ལས་ནང་དུ་ཟད་དགོས་ཐུག་ཚེ། ཁྱོད་ལ་བློ་ཕམ་ཡོད་དམ།
ནང་ཆེན་ཟླ་མཛེས། ང་རང་ཡིན་ན་དེ་ལྟ་བུའི་འཚོ་བ་ཞིག་འདེམས་རྒྱུ་མ་རེད། བརྒྱ་ལ་ངོ་མ་དེ་འདྲ་བྱུང་ཚེ། ངས་ཁོ་དང་ཁ་བརྡ་བྱས་ནས་མཉམ་དུ་གནད་དོན་ཐག་གཅོད་བྱེད་པ་ལས། རང་གཅིག་པུས་ལས་ཀ་ཡོད་ཚད་བྱེད་དགོས་པའི་འཚོ་བ་ཞིག་ངས་རོལ་མི་བསམ།
སྨིན་དྲུག གལ་སྲིད་ཁྱོ་གས་ཕྱི་ནས་ཟུར་མོ་བསྟེན་ན། རྙོག་དྲ་དེ་རང་གི་ཁྱོ་ག་ལས་སེལ་གི་ཡིན་ནམ། ཡང་ན་འུ་ཅག་གི་སྲོལ་རྒྱུན་ལྟར་དུ། ཟུར་མོ་དེ་དང་ཁྱོད་ཤི་ང་གསོན་གྱི་དགྲ་ཤ་རྩོད་གི་ཡིན(གསལ་བཤད་དགོས་པ་ནི། སྐྱེས་པ་ཚོ་རྐྱང་རྐྱང་དེ་འདྲ་རེད་ཟེར་བ་མིན་ཏེ། གཙོ་བོ་དེང་དུས་ཀྱི་སྐྱེས་མ་ཚོས་དོན་དག་དེར་ཇི་ལྟར་གདོང་གཏོད་པ་དང་ཐག་གཅོད་ཚུལ་ཤེས་འདོད་པས་ཡིན)།
ནང་ཆེན་ཟླ་མཛེས། དོན་དག་དེ་འདྲ་བྱུང་ན། ཕལ་ཆེར་རང་གི་ཁྱོ་ག་ལ་ཁ་བརྡ་བྱས་ཏེ་རྙོག་དྲ་ཐག་ཨེ་ཆོད་ལ་འབད་གི་ཡིན།
སྨིན་དྲུག ལོ་ན་ལོན་པའི་སྐྱེས་པས་ཟུར་མོ་བསྟེན་ན་དོན་དག་དེ་རང་སྟེང་ནས་སེལ་པ་ལས། དོ་བདག་སྐྱེས་མ་དེ་བཙལ་ནས་རྙོག་དྲ་བཟོས་ན་ཚར་རྒྱུ་མེད་པ་གོང་དུ་སོང་བའི་ཁ་བརྡའི་ནང་དུ་ཡང་གླེང་ཡོད་པས་འདིར་སྤྲོས་པར་མི་བཤད་དོ། །སློབ་གསོ་ཡོད་མཁན་ཚོས་སྲོལ་རྒྱུན་གྱི་བུད་མེད་ནང་ལྟར་ཅོ་འཛིང་བྱས་ཏེ་རྣ་བརྫད་ན་མི་བཟང་བའི་གནས་ལུགས་ཤེས་ན་རང་གཞན་ཀུན་ལ་ཤིན་ཏུ་ཕན་པ་ཡིན།
མཇུག་སྡུད་པའི་སྐད་ཆ་ནི། དོན་དག་ཆེ་མ་ཆུང་གསུམ་གང་ཡིན་རུང་ཐམས་ཅད་ཁྱོ་གར་ཐག་གཅོད་དུ་བཅུག་ན། ཉིན་ཞིག་ཁང་པ་དང་རླངས་འཁོར་དང་དངོས་པོ་རྩ་ཆེན་རིགས་ཉོ་དུས་རང་གི་དགའ་མོས་ལྟར་ཐག་གཅོད་པའི་ཐོབ་ཐང་ཁྱེད་ལ་ཡོད་མི་སྲིད། གཞན་བརྟེན་ལ་སྤྱིའི་ཆ་ནས་བཤད་ན། བསམ་བློ་གཞན་བརྟེན་དང་ཁ་རྒྱབ་གཞན་བརྟེན་ཏེ་ནང་གསེས་གཉིས་ཡོད་པར་འདོད། གཅིག་ནི་རང་གིས་ལས་ཅི་ཡང་མི་བྱེད་པར་གཞན་གྱི་ངལ་རྩོལ་ལ་བརྟེན་རྐྱང་གིས་འཚོ་བ། (བོད་ཀྱི་ཁྲོད་དུ་སྐྱེས་མ་དེའི་རིགས་ཉུང་།) གཉིས་ནི་དོན་དག་ཅི་ཡིན་རུང་རང་གིས་ཐག་མི་ཆོད་པར་ཡོད་ཚད་ཁྱོ་གའི་བཀོད་སྒྲིག་ལྟར་འགྲོ་བ། (བསམ་བློ་གཞན་བརྟེན་བྱེད་མཁན་ནི་འབྲོག་དང་རོང་ན་ལྷག་ཏུ་མང་།) སྨན་ཤར་རང་གིས་དོན་དག་གང་ཡིན་ཐག་གཅོད་པའི་ནུས་པ་ལྡན་པའི་ཁྱོ་ག་ཞིག་ལ་རེ་བ་ནི། ཏག་ཏག་བསམ་བློ་གཞན་བརྟེན་ཆེ་བའི་འུ་ཅག་གི་སྔ་རབས་སྐྱེས་མ་དག་གི་བག་ཆགས་ཀྱི་རྒྱུན་སྐྱོང་འདོད་པ་ཙམ་རེད། འབྲོག་དང་རོང་གི་སྐྱེས་མ་ཕལ་མོ་ཆེ་ལ་ཁྱིམ་ལས་བྱེད་པའི་ཐོབ་ཐང་ལས་ཁྱིམ་ཚང་གི་དོན་དག་གང་རིགས་ཐག་གཅོད་པ་དང་ཁྱིམ་ཚང་གི་འགྲོ་ལུགས་བཀོད་སྒྲིག་བྱེད་པའི་དབང་ཆ་སོགས་ཧ་ལམ་མེད། དེ་བས། ནམ་ཞིག་གློ་བུར་ཐོལ་རྒྱག་ཏུ་དོན་དག་གང་ཡིན་ཐག་གཅོད་པའི་འགན་རང་གི་ཕྲག་ཏུ་བབས་པ་ཡིན་ན་གནད་འགག་གི་དུས་སུ་བོང་གོག་མགོ་ལ་དབྱུག་པའི་དཔེ་ལྟར་མགོ་རྨོངས་ཤིང་ཡིད་ཞུམ་སྟེ་ཅི་བྱ་གཏོད་བྲལ་དུ་འགྱུར་བ་ཆོས་ཉིད་ཡིན། ཁྱིམ་ཚང་གི་དོན་དག་ཐག་གཅོད་དང་ལས་ཀ་ཆེན་པོ་བྱེད་པ་དང་ཕུན་ཚོགས་ལོངས་སྤྱོད་དང་དངོས་པོ་འཛད་སྤྱོད་དང་འཆར་གཞི་བཟོ་བ་དང་བུ་ཕྲུག་གི་མདུན་ལམ་སོགས་གང་ཡིན་ལ་སྐད་ཆ་བཤད་པའི་ཐོབ་ཐང་དང་ཐག་གཅོད་པའི་དབང་ཆ་མེད་པ་ཡིན་ན་དེའི་ཐད་ཀྱི་ནུས་པ་རང་བཞིན་གྱིས་བག་ལ་ཞ་འགྲོ་བ་ཡིན། དོན་དུ་ཁྱིམ་ཚང་གི་དོན་དག་གང་ཡིན་རུང་ཁྱོ་ཤུག་གཉིས་ལ་དབང་ཆ་དང་འགན་ཁུར་ཆ་མཉམ་དུ་ཡོད་ན་འགྲིག་པ་ཀུན་གྱིས་ཤེས་དགོས་པའི་དོན་དག་ཅིག་ཡིན་ནོ་ཞེས་པ་དེ་ཡིན།
བྲིས་ནས་འདིར་སླེབས་དུས་གོང་གི་སྐད་ཆ་རྐྱེན་བྱས་ནས་ངས་འདས་དོན་ཞིག་དྲན་སོས་སོང་། དེ་ཡང་། ལོ་ཁ་ཤས་སྔོན་ལ། ན་གཞོན་ཞིག་གིས། འབྲོག་དང་རོང་གི་བུད་མེད་ཚོར་ནུས་པ་མེད་ཚུལ་སྒྲུབ་ཆེད་དུ། བུད་མེད་ལ་འཇོན་ཐང་མེད་པས་སྒོར་མོ་སྟོང་ཚོ་གཅིག་འདྲ་སྤྲད་རུང་བཀོལ་སྤྱོད་ཤེས་གི་མ་རེད་ཅེས་ཁ་ཚོན་བཅད་དེ་བཤད། ངས། དེ་ནི་ཆུང་དུས་ནས་སྒོར་མོ་མ་སྤྲད་པ་དང་ལག་ཏུ་སྒོར་མོ་མང་པོ་ཉར་མ་མྱོང་བ། སྒོར་མོ་བཀོལ་སྤྱོད་བྱེད་ཚུལ་དང་སྒོར་མོའི་འཆར་གཞི་འདིང་སྟངས་མ་བསླབས་པའི་རྐྱེན་གྱིས་རེད། སྒོར་མོ་བཀོལ་ལོབས་སུ་སོང་བ་དག་ནི་བཤད་ཅི་དགོས་ཏེ། ཐ་ན་ལོ་བཅུ་ཁ་ཅན་གྱི་ངའི་བུ་མོའི་ལག་ལ་སྒོར་སྟོང་གཅིག་བཞག་སྟེ་ཉིན་དུ་མའི་ཁྱིམ་ཚང་གི་འཚོ་ཚིས་བཀོད་སྒྲིག་བྱེད་དུ་བཅུག་ནའང་འཇོན་རྒྱུ་རེད། ད་རུང་ཉོ་ཆ་རྒྱག་དུས་ཚ་ཚོད་དང་ཤིང་ཏོག་སོས་པ་ཡིན་མིན་དང་དངོས་པོའི་རིན་གོང་མཐོ་དམའ་དང་བཟང་ངན་བསྡུར་བ་ལ་ཁྱོ་ག་ལས་ངའི་བུ་མོ་བཟང་རྒྱུ་རེད། མ་བསླབས་མཁས་པ་གླིང་ན་མེད། བསླབས་ན་བ་གླང་མཁས་པར་འགྱུར་ཞེས་པ་ལྟར། དོན་དག་ཐག་གཅོད་སྟངས་དང་དབྱེ་ཞིབ་བྱེད་ཚུལ། བསམ་བློ་གཏོང་ཕྱོགས། སྒོར་མོ་བཀོལ་སྤྱོད། ས་མཐའ་འགྲིམ་པ་སོགས་གང་ཡིན་རུང་གཙོ་བོ་སྦྱོང་བ་ཅི་ཡང་སོང་མེད་ན་ཕོ་མོ་ལ་འབྲེལ་བ་མེད་པར་ནུས་གི་མ་རེད་ཅེས་ཆ་འདྲ་བའི་སྐད་ཆ་བཤད་པ་ན། ཁོ་ཁ་རོག་རེར་བསྡད་སོང་། སྤྱིར་དོན་དག་དེ་རིགས་ནི་བསམ་གཞིགས་ལ་དགའ་བའི་མི་རིགས་ཤིག་ཡིན་ཚེ་སློབ་འབྲིང་སློབ་མ་ཞིག་གིས་ཀྱང་ཤེས་ཚོད་རེད་མོད། བོད་ཀྱི་སློབ་ཆེན་ཞིག་ཏུ་ཐོན་ནས་ལོ་དུ་མ་ཕྱིན་པའི་ཁོ་པར་མཚོན་ན་ལྐོག་གྱུར་ཞིག་ཏུ་མཐོང་གི་ཡོད་པ་མིན་འགྲོ།
མཐར། ཁྱེད་ཀྱིས་སློབ་སྦྱོང་གི་བར་གསེང་ནས་དུས་ཚོད་མང་པོ་སྤྱད་ཅིང་རྣམ་འགྱུར་ཡག་པོའི་སྒོ་ནས་གོང་གི་དྲི་བ་དག་ལ་ལན་དྲང་མོ་དོན་བསྡུས་པོ་ཁ་གསལ་པོའི་ངང་ནས་བཏབ་པར་ཐུགས་རྗེ་ཆེ་ཞུ་བའི་དུས་མཚུངས་སུ། བདག་དང་བསམ་བློའི་དཔུང་རྡང་གཅིག་པའི་གྲོགས་མོ་ལགས་དང་། བྱ་མདོ་བདེ་སྐྱིད་སྒྲོལ་མ། རྔ་བ་ཚེ་རིང་སྐྱིད། ལ་སྟོད་ཚེ་རིང་། ཙོང་ཁ་དཀར་མོ་རྒྱན་བཅས་ཀྱིས་གཙོས་པའི་རོགས་རམ་མཐུན་འགྱུར་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་ཡིན།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ་ཞེས་པའི་ ལས་ལ་འཇུག་དུས་ཀྱི་ཐོག་མའི་དྲན་ཚུལ། ར་རྫ་འཇམ་དབྱངས་སྐྱིད།
དང་པོ། རྔ་བ་ཚེ་རིང་སྐྱིད། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ།
གཉིས་པ། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། ཙོང་ཁ་དཀར་མོ་རྒྱན།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། གསུམ་པ། ལ་སྟོད་ཚེ་རིང་།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཞི་པ། ཁྱུང་མཆུ་འབུམ་སྐྱིད།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། ལྔ་པ། མཚོ་ལྷོ་རྡོ་རྗེ་སྒྲོལ་མ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། དྲུག་པ། ཆུ་ཆེན་བདེ་གསལ་ལྷ་མོ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བདུན་པ། ནག་ཆུ་སྐྱིད་སྒྲོལ་མ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བརྒྱད་པ། ཁྲི་ཀ་བན་དེ་སྐྱིད།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཅུ་པ། བྲག་དཀར་ཚེ་དབང་རྡོ་རྗེ་མཚོ།
འཕྲིན་སྟེགས་འདི་ནི་གཙོ་བོ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3795
དཔྱད་མཆན་སྤེལ།