བཅར་འདྲི་བ། ར་རྫ་འཇམ་དབྱངས་སྐྱིད།
ངའི་མིང་ལ་མཚོ་མོ་ཟེར་ཕ་ཡུལ་ཆབ་མདོ་ནས་ཡིན། ད་ཆ་བོད་ལྗོངས་སློབ་གྲྭ་ཆེན་མོའི་ལོ་རིམ་གསུམ་པའི་བོད་དགེ་འོས་ཆེད་ལས་ཀྱི་སློབ་མ་ཞིག་ཡིན།
སྨིན་དྲུག རང་ཉིད་མཚམས་སྦྱོར་གནང་བར་ཐུགས་རྗེ་ཆེ། འདི་ནས་ཆབ་མདོའི་བུ་མོ་རང་གི་སྐད་ཡིག་སྦྱོང་མཁན་ཞིག་དང་འཕྲད་པར་དགའ་སོང་།
སྨིན་དྲུག སློབ་ཆེན་སློབ་མ་ནི་སློབ་གྲྭ་ཆུང་འབྲིང་གི་དུས་དང་བསྡུར་ན། ལྟོས་བཅས་སུ་རང་དབང་ཡོད་པ་ཞིག་ཡིན་ཚོད། རང་དབང་གི་དུས་ཚོད་བེད་སྤྱོད་ཚུལ་མ་འདྲ་བའི་རྐྱེན་གྱིས་སློབ་མར་བཟང་ངན་འཆོར་སའི་ཁོར་ཡུག་ཅིག་ཏུ་མཐོང་གི་ཡོད། དེས་ན་ཁྱེད་ཀྱིས་སློབ་སྦྱོང་གི་ཞར་དུ་དཔེ་ཀློག་ལ་འབད་གི་ཡོད་དམ། གང་ལྟར་ཕ་མའི་ལྟ་རྟོག་དང་དགེ་རྒན་གྱི་དམ་དྲག་མེད་པའི་ཁོར་ཡུག་དེ་རུ་དུས་ཚོད་ཇི་ལྟར་དུ་གཏོང་གི་ཡོད་པ་ངས་ཤེས་འདོད།
ཆབ་མདོ་མཚོ་མོ། རྒྱུན་དུ་སློབ་ཁྲིད་ལ་ཞུགས་པ་ཕུད་ཞོར་ལ་དཔེ་ཀློག་དང་ཡིག་གཟུགས་སྦྱོང་བ་གཟའ་མཇུག་ལ་རང་གི་འཚོ་བའི་འགྲོ་གྲོན་བཙལ་ཆེད་དུ་ཁྱིམ་ཚང་གི་དགེ་རྒན་བྱེད་དུ་འགྲོ་བ་བཅས་སོ ། །
སྨིན་དྲུག ལྷ་ས་ནི་བོད་ཀྱི་གྲོང་ཁྱེར་ཡིན་པས་གཟའ་མཇུག་དང་དབྱར་དགུན་གསེང་གི་སྐབས་སུ་བོད་ཡིག་ཆེད་ལས་ཀྱི་སློབ་ཆེན་དག་ལ་ཁྱིམ་ཚང་གི་དགེ་རྒན་བྱེད་པའི་གོ་སྐབས་ཡོད་པ་དེ་ཧ་ཅང་ལེགས། གཅིག་ནས་རང་གི་ལག་ཟུང་ལ་བརྟེན་ནས་དངུལ་སྒྲུབ་པ་ཡིན་ན་དེའི་རིན་ཐང་ལྷག་ཏུ་ཤེས་པས་གྲོན་ཆུང་བྱེད་པར་ཕན་ལ། གཉིས་ནས་ཕ་མའི་འགན་ཁུར་ཡང་ཅུང་ཟད་ཇེ་ཡང་དུ་གཏོང་ཐུབ།
སྨིན་དྲུག སློབ་ཆེན་ནང་དུ་བུ་མོ་ཚོས་འཚོལ་སྙེག་བྱེད་ས་དང་དགའ་ཁ་ཕྱོགས་ས་གཙོ་བོ་གང་ཡིན་ན། ཁ་ཅིག་གིས། བུ་མོ་ཚོ་ནི་དགའ་རོགས་གང་བྱུང་དུ་སྒྲིག་པ་དང་ཁོ་རེ་ཡའི་བརྩེ་དུང་གི་བརྙན་འཕྲིན་ཟློས་གར་ལ་ལྟ་བ་དང་ཡག་ལས་བཅས་ལ་མགོ་འཁོར་ཡོད་ཚུལ་བཤད། དེ་ནི་གཟུ་བོར་གནས་པའི་སྐད་ཆ་ཞིག་ཡིན་མིན་མ་ཤེས་པས། ངོ་མ་དེ་འདྲ་ཡིན་ནམ།
ཆབ་མདོ་མཚོ་མོ། ཁོ་མོའི་ཉེ་འགྲམ་གྱི་སློབ་གྲོགས་བུ་མོ་ཚོ་ལ་ཆ་བཞག་ན། ཕལ་ཆེ་བ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་སློབ་སྦྱོང་བྱེད་མཁན་ཡིན་པ་ལས་དེ་ལྟར་སྡོད་མཁན་ནི་ཧ་ཅང་ཉུང་། ཡང་གཏན་ནས་ལྟ་མཁན་མེད་པའང་མ་ཡིན་ཏེ་གཟའ་མཇུག་དང་ངལ་གསོའི་སྐབས་སུ་བརྙན་འཕྲིན་སོགས་ལ་ལྟ་ཡང་དེ་ནི་རྒྱུན་འཇགས་ཀྱི་འཚོ་བ་ཞིག་རྩ་བ་ནས་མ་ཡིན་ནོ། །
སྨིན་དྲུག དེ་འདྲ་ཡིན་ན་བཟང་བ་ལ། གསེར་ལས་དཀོན་པའི་དུས་ཚོད་འཕྲོ་བརླགས་སུ་བཏང་ན་རྗེས་མར་འགྱོད་པ་སྐྱེ་ངེས་ཡིན། ང་ཚོར་འགྱོད་པ་ལས་ཀྱི་མཐའ་མ་ཡིན་ཟེར་བའི་བཤད་སྲོལ་ཡོད་པ་མ་ཡིན་ནམ།
སྨིན་དྲུག ཁྱེད་ཀྱིས་བསམས་ན། བུ་བུ་མོ་གཉིས་ཀའི་ཆེས་མི་འདྲ་ས་དེ་གང་རེད། དཔེར་ན། སྤོབས་པ་ཆེ་ཆུང་དང་འཛེམ་སྣང་ཡོད་མེད་དེ་སློབ་ཁྲིད་སྐབས་སུ་རྒན་ལགས་ལ་དྲི་བ་འདོན་པའི་སྤོབས་པ་བུ་ཚ་ཚོ་ཆེ་བ་སོགས་ལྟ་བུ། དེའི་རྒྱུ་རྐྱེན་སྐྱེ་ཁམས་ཏེ་ལུས་རྟེན་གྱིས་བསྐྱེད་པ་རེད་དམ། ཡང་ན་ཆུང་དུས་བུ་བུ་མོ་གཉིས་ལ་སྐད་ཆ་བཤད་ཆོག་མིན་ཐད་ནས་ཁྱད་པར་གཏོད་པའི་སློབ་གསོའམ་གོམས་སྲོལ་དེས་བསྐྱེད་པ་རེད་འདོད།
ཆབ་མདོ་མཚོ་མོ། མི་རིགས་གཞན་དང་བསྡུར་ན་རང་རེའི་བུ་དང་བུ་མོ་གང་ཡིན་རུང་སྐད་ཆ་བཤད་པ་དང་འདྲི་བ་འདོན་པ་སོགས་ཀྱི་ཐད་ནས་ངོ་ཚ་ཆེ་ཞིང་སྤོབས་པ་མེད་པ་ནི་ཐུན་མོང་གི་ཁྱད་ཆོས་ཤིག་ཏུ་མཐོང་ཡང་། བུ་ཚོ་བུ་མོ་ལས་སྤོབས་པ་ཆེ་བ་མཐོང་། དེ་ཡང་རིག་གནས་དང་ཁོར་ཡུག་གི་ཤུགས་རྐྱེན་ཆེན་པོ་ཐེབས་པའི་རྐྱེན་གྱིས་རེད་སྙམ།
སྨིན་དྲུག དེ་འདྲ་ཡིན་ས་རེད། གྲངས་ཉུང་མི་རིགས་མང་པོ་ཡོད་པའི་སློབ་ཆེན་དུ་བོད་ཀྱི་སློབ་མ་ཚོ་མི་རིགས་གཞན་དང་བསྡུར་ན་སྤོབས་པ་མེད་པས། དྲི་བར་ལན་འདེབས་པ་དང་རྒན་ལགས་ལ་དྲི་བ་འདོན་མཁན་དཀོན་པོ་ཡིན་ཚུལ་ངས་ཀྱང་གོ་མྱོང་། དེ་ལྟར་བུ་དང་བུ་མོ་ཚང་མའི་གཉའ་བཅག་ཅིང་དཔའ་ཞུམ་དུ་བཅུག་ཡོད་པ་བདེན་ན། ཁྱིམ་ཚང་གི་ཕ་མ་དང་སློབ་གྲྭའི་དགེ་རྒན་གྱིས་གཙོས་པའི་འབྲེལ་ཡོད་དག་གིས་དོན་དག་འདིའི་རིགས་ལའང་དབྱེ་ཞིབ་དང་བསམ་གཞིགས་བྱེད་མི་དགོས་སམ།
སྨིན་དྲུག སློབ་ཆེན་ནང་དུ་བུ་བུ་མོ་གཉིས་ཀའི་སློབ་ཚན་གྱི་སྦྱངས་འབྲས་སུ་བཟང་། ཡིག་རྒྱུགས་ཁྲོད་དུ་བུ་མོ་ཚོས་སྐར་གྲངས་མཐོན་པོ་ལེན་གི་ཡོད་ཚུལ་ཐོས་གི་འདུག དེ་འདྲ་ཡིན་ན། སློབ་གྲོགས་བུ་ཚ་ཚོར་གནོན་ཤུགས་འདུག་གམ།
ཆབ་མདོ་མཚོ་མོ། ང་ཚོའི་འཛིན་གྲྭའི་བུ་བུ་མོ་གཉིས་ལས་བུ་མོ་ཚོའི་སྦྱངས་འབྲས་ལྟོས་བཅས་ཀྱིས་བཟང་བ་ངོ་མ་རེད། འོན་ཀྱང་བུ་ཚོར་གནོན་ཤུགས་ཡོད་མེད་ངས་ཤེས་མ་སོང་།
སྨིན་དྲུག སྣང་ཚུལ་དེ་ནི་བོད་ལྗོངས་སློབ་ཆེན་ཙམ་ཡང་མ་ཡིན་པར་བོད་ཀྱི་སློབ་ཆེན་གཞན་དག་ནས་ཀྱང་བསླབ་གཞིའི་ཡིག་ཚད་བུ་མོ་ཚོ་ཡག་པོ་ཡོད་ཚོད་རེད།
སྨིན་དྲུག སློབ་མ་བུ་བུ་མོ་གཉིས་ཀའི་ནང་ནས་དཔེ་ཀློག་བྱེད་པའི་གྲངས་ཀ་སུ་མང་། དཔེ་ཀློག་གི་ཁ་ཕྱོགས་འདྲའམ། སློབ་གྲྭའི་ནང་དུ་རྒྱུགས་འབྲས་བཟང་བའི་བུ་མོ་མང་པོ་ཐོན་གི་ཡོད་ན་ཡང་། སྤྱི་ཚོགས་སུ་ཞུགས་རྗེས། འབུར་དུ་ཐོན་ཐུབ་ཀྱི་མེད་པའི་རྒྱུ་མཚན་ཅི་ཡིན་ལ་ཁྱེད་ཀྱིས་བསམ་བློ་བཏང་ཨེ་མྱོང་།
ཆབ་མདོ་མཚོ་མོ། བུ་བུ་མོ་གཉིས་ཀས་དཔེ་ཀློག་བྱེད་པར་མང་ཉུང་ཡོད་མེད་གསལ་བོར་མི་ཤེས། སྦྱངས་འབྲས་གཅིག་མཚུངས་ཙམ་འབྱུང་གི་ཡོད་པ་ལ་བལྟས་ན་དེ་གཉིས་ཀྱི་དཔེ་ཀློག་གི་གྲངས་ཀ་ཕལ་ཆེར་གཅིག་པ་མིན་འགྲོ་སྙམ། ང་ཚོ་ཆེད་ལས་གཅིག་པའི་དཔེ་ཆ་ལྟ་ཕྱོགས་ཐད་ནས་བཤད་ན། བུ་ཕལ་མོ་ཆེས་བོད་ཡིག་གི་དཔེ་ཆ་སྟེ་དཔེར་ན་ཚད་མ་དང་གྲུབ་མཐའ་སོགས་ལ་ལྟ་ཞིང་བུ་མོ་ཕལ་ཆེ་བས་ནི་བརྩམས་སྒྲུང་དང་རྒྱ་ཡིག་གི་དཔེ་ཆ་སོགས་ལ་ལྟ། ལས་ཀར་ཞུགས་རྗེས་འབུར་དུ་ཐོན་ཐུབ་ཀྱི་མེད་པ་ནི་གཅིག་ནས་ཆེད་ལས་ཀྱི་རྐྱེན་དང་གཉིས་ནས་བུད་མེད་ཕལ་ཆེ་བ་སློབ་གྲྭ་ནས་ཐོན་རྗེས་ཁྱིམ་ཚང་འཛིན་པ་དང་ཕྲུ་གུ་སྐྱེ་བ་སོགས་ཁྱིམ་ཚང་གིས་བཀག་རྒྱ་ཆེན་པོ་ཐེབས་པ་དེ་ལས་བརྒལ་བའི་སྤོབས་པ་མེད་པ་སོགས་ཀྱིས་བུད་མེད་ཚོ་དེ་ལྟར་གྱུར་བ་མིན་ནམ་སྙམ།
སྨིན་དྲུག རེད་ལགས། འཁོར་བ་བཟུང་རྗེས་ཁྱོ་གས་ཁྱིམ་ལས་ཀྱི་ཆ་ཤས་མི་ལེན་པ་དང་ཁྱིམ་ཚང་གི་འགན་ཁུར་སྙོམ་སྒྲིག་མ་ཐུབ་ཚེ། སྐྱེས་མ་ཚོར་ཁྱིམ་ལས་དང་བྱིས་སྙོར་སོགས་ཀྱི་འགན་ཁུར་ལྕི་བས་ཡར་རྒྱས་ཡོང་བར་བཀག་རྒྱ་ཆེ་བ་མངོན་གསལ་དོད་པོ་རེད།
སྨིན་དྲུག ཕོ་མོ་གཉིས་ཀས་བསླབ་གཞིའི་ཆེད་ལས་འདེམས་པ་ལ་ཁྱད་པར་འདུག་གམ། འདུག་ན་དེའི་རྒྱུ་མཚན་རང་རང་གི་དགའ་ཕྱོགས་འཇོན་ཕྱོགས་ལ་བསྟུན་པ་རེད་དམ། ཡང་ན་གོམས་ཕྱོགས་ལོབས་ཕྱོགས་ཀྱི་དབང་དུ་ཤོར་བ་རེད།
ཆབ་མདོ་མཚོ་མོ། ཁྱད་པར་ཅུང་ཟད་ཡོད་པར་འདོད། རང་གིས་བསམས་ན། ཆེད་ལས་འདེམས་དུས་དགའ་ཕྱོགས་དང་གོམས་ཕྱོགས་གཉིས་ཀའི་ཤུགས་རྐྱེན་ཡོད་པ་རེད་འདོད།
སྨིན་དྲུག ཁྱེད་ཀྱི་འཛིན་གྲྭར་བུ་མོ་མང་ངམ་བུ་ཚ་མང་། ལྟ་རྒྱ་ཆེ་ལ་མིག་རྒྱང་རིང་ཞིང་རང་གི་སྐད་དང་ཡི་གེ་ལ་དགའ་བ་བུ་མོ་ཚོ་རེད་དམ། ཡང་ན་བུ་ཚ་ཚོ་རེད། དེ་གཉིས་ལ་ཁྱད་པར་ཤོར་ཡོད་པ་བདེན་ན། ཅིའི་ཕྱིར་དེ་འདྲ་ཆགས་པ་རེད།
ཆབ་མདོ་མཚོ་མོ། སྤྱིའི་ཆ་ནས་བཤད་ན་བུ་ཚོ་ཡིན་པར་འདོད། དེ་ལྟར་གྱུར་བའི་རྒྱུ་མཚན་གཙོ་བོ་ནི་ཕོ་མོ་གཉིས་ཀའི་དགའ་ཕྱོགས་དང་དཔེ་ཀློག་མི་འདྲ་བས་དང་དེའི་ཁར་ཁོར་ཡུག་གིས་ཤུགས་རྐྱེན་ཐེབས་པ་སོགས་ཀྱིས་མིན་ནམ་སྙམ།
སྨིན་དྲུག སློབ་ཆེན་དུ་དགེ་རྒན་གང་དང་སུ་ཡི་སློབ་ཁྲིད་དང་གཏམ་བཤད་ཀྱིས་རང་ལ་སློབ་སྦྱོང་གི་དགའ་སྣང་དང་སྤྲོ་སྣང་བསྐྱེད་པ་དང་། ཡང་ན་བློ་སྒོ་འབྱེད་པའི་དགེ་རྒན་དང་དཔེ་དེབ། སློབ་གྲོགས། དྲ་སྒང་འཆད་ཁྲིད་སོགས་ལ་ཕྲད་མྱོང་ངམ། མྱོང་ན་དེས་ཁྱེད་ཀྱི་མི་ཚེ་ལ་བཟང་འགྱུར་ཐེབས་མིན་སྐོར་བྱེ་བྲག་ལ་བབ་ནས་བཤད་རོགས།
ཆབ་མདོ་མཚོ་མོ། སྤྱིར་རིག་ཚན་གང་གི་དགེ་རྒན་ཡིན་རུང་ཕལ་ཆེ་བས་ནི་སྲོལ་རྒྱུན་གྱི་ཁྲིད་ཐབས་སྤྱོད་པས་ཧ་ལམ་འདྲ་པོ་ཡིན་མོད། ཡིན་ཡང་ཉེ་བའི་ཆར་རྩོམ་རིག་སློབ་ཁྲིད་ཀྱི་སྐབས་སུ་རྒན་ལགས་ཤིག་གིས་བསམ་བློ་གཏོང་སྟངས་དང་སློབ་ཚན་འཁྲིད་སྟངས་ཀྱི་ཐབས་ཤེས་དེས་བདག་ལ་སྔར་མ་བྱུང་བའི་ཚོར་བ་དྲག་པོ་ཞིག་སྦྱིན། སློབ་ཁྲིད་དེ་ལས་ད་གཟོད་འཛམ་གླིང་གི་གནས་ཚུལ་གང་ཡིན་རུང་དེ་འདི་འདྲ་ཞིག་རེད་ཨ་སྙམ་པའི་ངེས་ཤེས་ཤིག་སྐྱེས་སུ་བཅུག་པས་ཧ་ཅང་དགའ་སོང་།
སྨིན་དྲུག འདིའི་ཐད་ནས་སྨན་ཆུང་རང་གིས་ཡག་པོ་གསུངས་བཞག ང་ཚོའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཀུན་ཏུ་དེ་ལྟར་སློབ་མར་གོ་རྟོགས་སྤྲོད་ཐུབ་ཅིང་བསམ་གཞིགས་ཀྱི་སྒོ་མོ་འབྱེད་མཁས་པའི་རྒན་ལགས་མང་པོ་ཡོད་ན་སློབ་བུ་རྣམ་རིག་ཅན་མང་པོ་འབྱུང་བར་ཐེ་ཚོམ་ཅི།
སྨིན་དྲུག བོད་ཁུལ་གྱི་སློབ་གྲྭ་སྐོར་ཞིག་ཏུ་བུ་མོ་ཚོའི་སེམས་ཤུགས་གཅོག་པའི་སྐད་ཆ་བཤད་མཁན་གྱི་དགེ་རྒན་སྔར་བཞིན་ཡོད། སློབ་ཆེན་གྱི་ཁོར་ཡུག་ཏུ་དགེ་རྒན་དང་བུ་ཚ་སློབ་གྲོགས། ད་དུང་བསླབ་གཞི་སོགས་སུ་སྐྱེས་མ་ལ་ཁྱད་གསོད་མཐོང་ཆུང་དམའ་འབེབས་བྱེད་ཚུལ་འདུག་གམ། འདུག་ན་དེས་ཁྱོད་ལ་སེམས་ཚོར་ག་འདྲ་བྱིན། དེས་རང་གི་ཡར་སྐྱེད་ཀྱི་སེམས་ཁམས་ལ་གནོད་དམ།
ཆབ་མདོ་མཚོ་མོ། དེ་འདྲ་འདུག་ལགས། དེ་ལྟར་བྱེད་དུས་ཐོག་མར་ཁོང་ཁྲོ་ལངས་ཤིང་རྗེས་ལ་སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་གིས་སྐད་ཆ་དེ་འདྲ་ཤོད་པ་ནི་ཡ་མཚན་རེད་ཀྱང་སེམས་མོད། ཡར་སྐྱེད་ཀྱི་སེམས་ལ་གནོད་པའི་རྒྱུ་རུ་མ་སོ ང་།
སྨིན་དྲུག སྟབས་ཡག སློབ་ཆེན་པའམ་རང་གཤིས་གྲུབ་ཟིན་པའི་བུ་མོ་ཚོ་ནི་དེ་འདྲའི་སྐད་ཆས་གཉའ་གཅོག་མི་ཐུབ་ན་ཐང་མོད། ཡིན་ཡང་སློབ་གྲྭ་ཆུང་འབྲིང་གི་བུ་མོ་ཚོར་དེ་ལྟར་བྱས་ན་རང་རྩིས་དང་ཡིད་ཆེས་མེད་པར་གཏོང་བར་གདོན་མི་ཟ། སྐོར་ཞིག་གིས་ཤེས་མ་ཤེས་པའི་མཚམས་ནས་སྐྱེས་མ་ལ་དམའ་འབེབས་བྱེད་མོད། ཚང་མ་ཀུན་སློང་མི་གཙང་བའི་གྲས་སུ་ག་ལ་འཇོག་ཉན། སྤྱིར་བཏང་རོང་འབྲོག་ཁྱིམ་ཚང་དང་ལུང་པའི་རི་སྡེ། སྤྱི་ཚོགས་དང་སློབ་གྲྭའི་ཁོར་ཡུག་ཀུན་ཏུ་ཕྱོགས་ཞེན་གྱི་ལྟ་བ་མེད་པ་གཏན་ནས་མ་ཡིན་པས་དེ་ལྟར་འདོད་པ་ནི་རང་གིས་མ་ཚོར་བ་ཙམ་མོ།།
སྨིན་དྲུག སློབ་སྦྱོང་གི་གནོན་ཤུགས་དང་ཡང་ན་འཚོ་བའི་དཀའ་ཉོག་སྟེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སྐོར་ཞིག་ཏུ་དགེ་རྒན་གྱིས་བུ་མོ་སློབ་མ་ཚོར་ཆགས་སྲེད་ཀྱི་སྐད་ཆ་བཤད་པའམ་ཐ་ན་བརྙས་བཅོས་བྱས་ཚུལ་ཡང་ཐོས་མྱོང་། དེ་སྐོར་གང་རིགས་ལ་འཕྲད་དུས། ཁྱོད་ཀྱིས་ཇི་ལྟར་ཐག་གཅོད་གི་ཡོད། ཡང་སློབ་མ་བུ་བུ་མོ་གཉིས་ལས། གང་གིས་ཁྱོད་ཀྱི་དཀའ་ངལ་སེལ་རོགས་དང་ཡང་ན་སེམས་གཏམ་ལ་ཉན་ནས་གདུང་སེམས་མཉམ་བསྐྱེད་བྱེད།
ཆབ་མདོ་མཚོ་མོ། གནས་ཚུལ་དེའི་རིགས་ལ་ང་རང་ཕྲད་མ་མྱོང་།
སྨིན་དྲུག དགེ་རྒན་དང་ཕ་མའི་གཤོག་འོག་ཏུ་ཡོད་པ་ལྟ་བུའི་མཐོ་འབྲིང་ནས་གློ་བུར་དུ་སློབ་སྦྱོང་དང་འཚོ་བ་གང་གི་ཐད་ནས་ཀྱང་རང་རྐྱ་འཕེར་ཞིང་རང་མགོ་འཐོན་དགོས་པའི་སློབ་ཆེན་གྱི་ཁོར་ཡུག་དེར་སླེབས་པའི་བར་བརྒལ་གྱི་དུས་ཡུན་ནང་དུ་ཁྱོད་དཀའ་ངལ་ལ་ཕྲད་སོང་ངམ། ཕྲད་པ་ཡིན་ན། བློ་འདྲི་ས་མེད་པའམ་ཕ་མ་དྲན་པ་ལ་སོགས་སེམས་ཀྱི་དཀའ་ངལ་རེད་དམ། ཡང་ན་སློབ་སྦྱོང་གི་གནོན་ཤུགས་སམ་ཐབས་ལམ་མ་རྙེད་པས་དང་ས་ཆ་དང་ཁ་ཟས་ལ་མ་གོམས་པ། ཕ་མས་སྤྲད་པའི་སྒོར་མོ་སྤྱོད་མ་ཤེས་པར་མ་འདང་བ་སོགས་ཀྱི་དཀའ་ངལ་རེད།
ཆབ་མདོ་མཚོ་མོ། སློབ་སྦྱོང་གི་གནོན་ཤུགས་སམ་ཐབས་ལམ་མ་རྙེད་པའི་དཀའ་ངལ་ལ་ང་རང་ཕྲད་མྱོང་ཡོད།
སྨིན་དྲུག ཡིན་རྒྱུ་རེད་ཡ། ང་རང་སློབ་ཆེན་འགྲིམས་མྱོང་མེད་པས་སློབ་ཆེན་གྱི་འཚོ་བ་ཧ་གོ་གི་མེད། གོ་ཐོས་བརྒྱ་ལས་མྱོང་བ་གཅིག་བཟང་ཞེས་པ་ངོ་མ་གནས་ལུགས་འདུག མི་ཚེའི་ཉམས་མྱོང་ནི་ཧ་ཅང་གལ་ཆེན་པོ་རེད། དཔེར་ན། འཁོར་བ་མ་བཅས་པ་ཞིག་ལ་འཁོར་བ་གླེང་ན་གོ་བརྡ་མི་འཕྲོད་པ་དང་། བྱིས་པ་མེད་པ་ཞིག་ལ་ཕ་མ་བུ་ཕྲུག་བར་གྱི་བརྩེ་བ་བཤད་ན་བློ་ལ་འཆར་མི་ཐུབ་པ། བཙོན་དུ་བསྡད་མ་མྱོང་བ་ཞིག་ལ་མཚོན་ན། བཙོན་ཁང་གི་དཀའ་ངལ་བཤད་ན་ཧ་མི་གོ་བ་ལྟ་བུ་རེད། དེ་བས། ཕྲུ་གུ་སྙོར་མྱོང་མེད་ཅིང་དེའི་སྐོར་ལ་ཞིབ་འཇུག་གང་ཡང་མེད་མཁན་ཚོས་ཁྱིམ་ཚང་གི་སློབ་གསོ་གླེང་ན་མྱོང་རྒྱུས་མེད་པའི་ལོང་གཏམ་དུ་ཨེ་འགྲོ་འདོད་ཡོང་།
སྨིན་དྲུག བུ་མོ་ཚོ་དོན་དག་ཆུང་ཙག་གི་སྟེང་ནས་ཀྱང་མི་འཆམ་པར་ཕན་ཚུན་ལ་ཕྲག་དོག་ཡོད་ཚུལ་ཞིག་གོ་སོང་། དེ་ནི་བུ་མོ་ཚོའི་རྒྱུད་ལ་གྲུབ་པ་ཞིག་རེད་འདོད་དམ། ཡང་ན་མིག་འདྲིས་རྣར་འཇགས་སུ་སོང་བའི་ཁྱིམ་ཚང་ཁོར་ཡུག་གི་སློབ་གསོ་ལས་བྱུང་བ་ཞིག་རེད་སྙམ། དེ་ལ་ཁྱེད་ཀྱིས་བསམ་བློ་ཞིབ་ཕྲ་བཏང་ཨེ་མྱོང་།
ཆབ་མདོ་མཚོ་མོ། དེ་སྔོན་དེ་ནི་བུ་མོ་ཚོའི་རྒྱུད་ལ་གྲུབ་པའི་རང་བཞིན་ཞིག་རེད་སྙམ་ཡོད་མོད། འོན་ཀྱང་ཕྱིས་སུ་བུད་མེད་རིང་ལུགས་པའི་དཔེ་དེབ་ཀློག་པར་དེ་ཡང་ཁྱིམ་ཚང་དང་ཁོར་ཡུག་གི་སློབ་གསོ་ལས་བྱུང་བ་ཞིག་ཡིན་པ་ཚོར།
སྨིན་དྲུག དཔེ་ཡག་པོ་རེད། ཐོབ་ཐང་གི་འདུ་ཤེས་དང་བསམ་པའི་གོ་རྟོགས་སོགས་ཀྱང་རང་བློ་རང་འབྱེད་བྱེད་རྒྱུ་གལ་ཆེ་བ་རང་གི་ལྟ་ཚུལ་འདི་ལས་ཀྱང་ར་འཕྲོད། གང་དུ་མི་ཡི་ཐོབ་ཐང་དང་རིགས་ཀྱི་ཐོབ་ཐང་གི་གོ་རྟོགས་མ་སད་པ་དེ་རུ་གཡག་སྣ་གར་ཁྲིད་སླ་བ་ཆོས་ཉིད་དོ། །
སྨིན་དྲུག དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་དང་སློབ་གྲྭས་དོ་དམ་བྱེད་སྟངས། ད་དུང་སློབ་མའི་འཚོ་བ་སྟེ་ཉལ་ཁང་གི་ཆ་རྐྱེན་དང་ཟ་ཁང་གི་ཟ་མ། དཔེ་མཛོད་ཁང་གི་མཐུན་རྐྱེན་སོགས་སློབ་ཆེན་གྱི་ཁོར་ཡུག་དེ་ལ་རང་གི་བསམ་ཚུལ་ཞིག་བཤད་པའི་གོ་སྐབས་བྱུང་ན། ཁྱོད་ཀྱིས་ཅི་ཞིག་བཤད་འདོད།
ཆབ་མདོ་མཚོ་མོ། རང་གི་སློབ་གྲྭའི་གནས་ཚུལ་ལ་གཞིགས་ནས་སྒེར་གྱི་བསམ་ཚུལ་ཞིག་བཤད་ན། སློབ་གྲྭའི་དོ་དམ་བྱེད་སྟངས་ལ་མོས་པ་དེ་ཙམ་མེད། ཉལ་ཁང་དང་ཟ་ཁང་གི་ཆ་རྐྱེན་ནི་སྐྱོ་ཙམ་ཡིན་རུང་དེ་འདྲའི་གལ་འགངས་ཆེན་པོར་འཛིན་གྱི་མེད། ཡིན་ཡང་དཔེ་མཛོད་ཁང་སྒོ་ཕྱེ་བའི་དུས་ཚོད་དེ་ཧ་ཅང་ཐུང་ཐུང་ཞིག་ལས་མེད། གོ་ཚུལ་ལ། རྒྱལ་ཕྱི་དང་ནང་ལོགས་ཀྱི་སློབ་ཆེན་མང་པོའི་དཔེ་མཛོད་ཁང་ནི་ཆུ་ཚོད་ཉི་ཤུ་རྩ་བཞིར་སློབ་མར་སྒོ་འབྱེད་བྱས་ཡོད་པ་ཞིག་ཡིན་པས། སློབ་མ་ལ་སློབ་སྦྱོང་བྱེད་སའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཡོད། ལྡོག་སྟེ་ང་ཚོའི་སློབ་གྲྭ་ནི་དེ་ལྟ་བུའི་མཐུན་རྐྱེན་མེད་པས་ན་སློབ་མར་སློབ་སྦྱོང་གི་བསམ་པ་ཡོད་རུང་ཁོར་ཡུག་གིས་འགོག་རྐྱེན་ཆེན་པོ་བཟོ་གི་འདུག
སྨིན་དྲུག སློབ་སྦྱོང་ལ་དགའ་ཞིང་ཡར་སེམས་ཡོད་པའི་སློབ་མ་ཞིག་ལ་མཚོན་ན། ཁུམ་སིམ་ཞིང་བག་ཕེབས་པའི་སློབ་སྦྱོང་གི་ཁོར་ཡུག་ནི་མེད་དུ་ག་ལ་རུང་། སློབ་སྦྱོང་ལ་དགའ་སྣང་ཡོད་རུང་མཐུན་རྐྱེན་མེད་ན་གེགས་སུ་འགྲོ་ངེས། འབྱུང་འགྱུར་སྨན་ཤར་རང་ལ་དགོད་སྒྲས་ཁེངས་པའི་ཁྱིམ་གཞིས་དྲོན་མོ་ཞིག་དང་དཔེ་ཆས་གཏམས་པའི་དཔེ་ཁང་འཛོམས་པོ་ཞིག་ཡོད་པར་སྨོན། སྤྱིར་ཡང་དཔེ་ཁང་དང་དཔེ་ཆ་མེད་པའི་ཁྱིམ་ཚང་ནི་རླན་གཤེར་མེད་པའི་ས་གཞི་དང་རྩྭ་སྔོན་མེད་པའི་ཐང་སྐྱ་ལྟར་སྣང་བ་ཧ་ཅང་སྐྱོའོ། །
སྨིན་དྲུག མི་ལོ་བཞིའི་རིང་ལ། དགོས་པའི་ཡོན་ཏན་སྦྱོང་ས་དགའ་བའི་དགོད་སྒྲ་འཆོར་ས་སྡུག་གི་རྔུལ་ཆུ་འདོན་ས་རེ་བའི་རྨི་ལམ་སྦྲུམ་ས་དེར། ཆེས་དགའ་འོས་ཤིང་བརྗེད་དུ་ཕངས་པའི་དོན་བཟང་ལ་ཁྱེད་རང་ཕྲད་མྱོང་ངམ། དེ་དང་ཁ་འབྲལ་ཁར་ཆེས་ཞེན་ཆགས་ཆེ་ས་དེ་ཅི་ཡིན།
ཆབ་མདོ་མཚོ་མོ། ཞེན་ཆགས་ཆེ་ས་ནི་བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན་རྣམ་པ་དང་དེ་ལས་གལ་ཆེ་ཤོས་ནི་རང་གི་མི་ཚེའི་ཁྲོད་ཀྱི་སློབ་མ་ཞིག་ཟེར་བའི་ཐ་སྙད་དེ་དང་ཡོངས་སུ་ཁ་འབྲལ་བ་དེ་ཡིན་ངེས་སྙམ།
སྨིན་དྲུག དེང་སྐབས་ཨེ་ཛི་ནད་དུག་སློབ་ཆེན་ཁག་ལ་ཡང་ཐོན་ཡོད་པས། ཁྱེད་ནས་དེའི་སྐོར་གྱི་ཤེས་བྱ་ལ་དོ་སྣང་གིས་དགའ་རོགས་སྒྲིག་དུས་རང་གི་བདེ་ཐང་ལ་མཉམ་འཇོག་བྱེད་ཀྱི་ཡོད་དམ། དེ་མིན། སྦྲུམ་འགོག་མ་ཐུབ་པར་ཕྲུ་གུ་འཁོར་ནས་སྡུག་ལ་གཏད་པའི་སློབ་མ་བྱུང་མྱོང་ངམ། བུ་མོ་ཚོར་ལུས་རྟེན་གྱིས་བསྐྱེད་པའི་ལན་ཆགས་དེ་འདྲ་བྱུང་དུས། ཕྲུ་གུ་སྐྱེད་མཁན་དགའ་རོགས་ཀྱིས་སེམས་གསོ་དང་རོགས་རམ་བྱེད་ཀྱི་ཡོད་དམ།
ཆབ་མདོ་མཚོ་མོ། གནས་ཚུལ་དེ་འདྲར་ང་རང་ཕྲད་མ་མྱོང་བར་མ་ཟད། ཉེ་འཁོར་དུ་ཡོད་པའང་མཐོང་ཐོས་མ་བྱུང་བས་དེའི་སྐོར་བརྗོད་ཤེས་མ་སོང་།
སྨིན་དྲུག མཐར་ཕྱིན་རྗེས་མུ་མཐུད་དུ་ཞིབ་འཇུག་ལ་རྒྱུགས་སྤྲོད་གི་ཡིན་ནམ། ཡང་ན་སྤྱི་ཚོགས་སུ་འཇུག་གི་ཡིན། རྒྱུ་མཚན་ཅི།
ཆབ་མདོ་མཚོ་མོ། སྤྱི་ཚོགས་ལ་འཇུག་གི་ཡིན། གང་ཡིན་ཞེ་ན་སློབ་ཆུང་ནས་ད་བར་གྱི་ལོ་བཅུ་གྲངས་ཤིག་གི་རིང་ལ་སློབ་གྲྭའི་འགྲོ་སྒོ་ཐད་ནས་ཕ་མ་སྤུན་མཆེད་ཚོས་རོགས་སྐྱོར་མང་པོ་གནང་ཡོད་པས་མུ་མཐུད་དུ་ཁོ་ཚོའི་ངལ་རྩོལ་དང་རྔུལ་ནག་གིས་བསགས་པའི་དངུལ་རྣམས་ཁྱེར་ནས་སློབ་གྲྭར་འགྲོ་རྐྱང་བྱས་ན་རང་གི་སེམས་ཀྱི་ཁུར་པོ་ལྕིག་དྲགས་པས་ཡིན། དེང་གི་ཞིབ་འཇུག་སློབ་མ་ཞེས་པ་ཕལ་ཆེ་བ་ནི་གཞུང་ཞབས་ཀྱི་ཡིག་ཚད་མ་ལོན་པ་དང་སྤྱི་ཚོགས་ནས་ཁ་བྲལ་ཐབས་ཀྱི་ལམ་ཁ་ཞིག་བཙལ་བ་དང་ཡང་འདྲ་བས། མིང་དོན་མཚུངས་པའི་ཞིབ་འཇུག་སློབ་མའམ་རིག་གཞུང་ཐད་ནས་འབྲས་བུ་ཆེན་པོ་ལོན་པའི་དོན་གཉེར་པ་ཆེན་པོ་མ་མཐོང་། དེ་ལྟར་བཤད་པ་ང་རང་ཞིབ་འཇུག་ལ་གཏོང་མ་འདོད་པས་ནི་རྩ་བ་ནས་མིན་ཏེ་རྗེས་སུ་ལས་ཀར་ཞུགས་ཤིང་རང་ཁ་རང་སོས་ཡོང་རྗེས་ལས་ཞོར་དུ་ཞིབ་འཇུག་གི་ཡིག་ཚད་ལོན་ན་སྙམ་པའི་བསམ་པ་དང་རེ་བ་གཉིས་ཀ་ཡོད།
སྨིན་དྲུག ཞིབ་འཇུག་དང་འབུམ་རམས་པ་ལ་ཡིག་ཚད་གཏོང་བ་ནི་ལས་ཀ་མ་རག་པ་དང་སྤྱི་ཚོགས་ལ་གདོང་གཏོད་མ་ཐུབ་པར་བྲོས་བྱོལ་བྱེད་སྟངས་ཤིག་རེད་ཅེས་པའི་བཤད་ཡམས་ཤིག་ངས་ཀྱང་ཐོས་མྱོང་། གལ་སྲིད་སློབ་ཆེན་མཐར་ཕྱིན་ནས་གཞུང་ཞབས་ཀྱི་ལས་ཀ་བྱུང་བ་ཡིན་ན་མུ་མཐུད་དུ་སློབ་གཉེར་བྱེད་མཁན་དེ་འདྲ་མང་པོ་ཡོད་ན་མེད་ན། ཚང་མ་དེ་འདྲ་རེད་ཟེར་མི་ཕོད་མོད། དམིགས་ཡུལ་སློབ་སྦྱོང་ཡིན་མིན་ཅི་ཆ། རྒྱུ་མཚན་ང་ཚོའི་མེས་པོ་གོང་མའི་ཐོས་བསམ་ལ་གཞོལ་བའི་སྙིང་སྟོབས་དེ་ད་ལྟ་ཉམས་བཞིན་པས་ནའོ། །
སྨིན་དྲུག ཁྱོད་ལ་མཚོན་ན། འཇིག་རྟེན་འདིར་ཆེས་མེད་དུ་མི་རུང་བ་ཅི་ཞིག་རེད། གལ་སྲིད་རང་གི་དབང་ལ་ཡོང་བ་ཡིན་ན། ཁྱེད་ཀྱིས་འཚོ་བ་ག་འདྲ་ཞིག་བསྐྱལ་འདོད། མ་གསང་དྲང་མོར་ལབ་རོགས། ཁྱེད་ཅག་གིས་མ་འོངས་འཚོ་བར་བློས་བསླངས་ཅི་འདྲ་བྱེད་མིན་ཤེས་ན་འདོད།
ཆབ་མདོ་མཚོ་མོ། ད་ལྟའི་གནས་བབ་ལྟར་ན། ཆེས་མེད་དུ་མི་རུང་བ་ནི་ཕ་མ་ཡིན་པར་སྙམ། གལ་ཏེ་རང་གི་མི་ཚེ་ཇི་ལྟར་སྐྱེལ་བའི་དབང་ཆ་དང་རང་དབང་ཡོད་ཚེ་ས་ཆ་ཞིག་ཏུ་སླེབས་ན་དེ་རུ་ལས་ཀ་བྱས་ནས་དེའི་རིག་གཞུང་དང་རིག་གནས་སྤྱི་ཚོགས་ལ་རྒྱུས་ལོན་བྱེད་པར་མ་ཟད་རང་གི་ལག་ཟུང་ལ་བརྟེན་ནས་དཔེར་ན་རྒན་གསོ་ཁང་དང་དྭ་ཕྲུག་ཁང་ལྟ་བུ་ལ་རོགས་རམ་བྱེད་འདོད། དེ་མིན་གནས་གཅིག་ལ་རྒྱུན་རིང་སྡོད་པ་མ་ཡིན་པར་འཛམ་གླིང་ཡོངས་ལ་སྐོར་བ་རྒྱག་འདོད།
སྨིན་དྲུག ཨ་ལེ། སྤྱི་ཚོགས་ལ་རྒྱུས་ལོན་བྱེད་རྒྱུ་དེའང་ངའི་དགའ་ཕྱོགས་མང་པོའི་ཁྲོད་ཀྱི་གཅིག་དེ་ཡིན་པས་ངེད་གཉིས་ལའང་འདྲ་ས་འདུག དོན་དམ་གྱི་རྒྱུས་ལོན་ནི་ས་ཆ་ཞིག་ལ་འབྱོར་རྗེས། ཕྱི་ཡི་སྣོད་ཀྱི་བཀོད་པ་མཁར་ཁང་པ་དང་ཁྱིམ་ར་བ་སོགས་ལ་མྱོང་རོལ་བྱེད་པ་ཙམ་ཞིག་མིན་པར་ནང་བཅུད་ཀྱི་སེམས་ཅན་ལ་རྒྱུས་ལོན་བྱེད་རྒྱུ་དེ་བས་གལ་ཆེ་བར་འདོད།
སྨིན་དྲུག མ་འོངས་པར་རང་གིས་སྦྱངས་པའི་ཡོན་ཏན་གྱིས་རང་གི་མི་ཚེ་དོན་སྙིང་ལེན་པར་འབད་རྩིས་ཡིན་ནམ། ཡང་ན་བཟའ་ཚང་ཞིག་བཙལ། བུ་ཕྲུག་རེ་སྐྱེས། འཚོ་ཚིས་ཁ་རྒྱབ་ཀྱིས་འདངས་པས་ན། ཡིད་ཚིམ་མགུ་གང་ནས་སྡོད་རྩིས་ཡིན། ཡང་ན་སྤྱི་ཚོགས་ཉམས་རྒུད་དང་སྐད་ཡིག་ཉམས་ནུབ་ཏུ་འགྲོ་བ་སོགས་ལ་བཟང་འགྱུར་གཏོང་བའི་ལས་ལ་འབད་པའི་ཕུགས་འདུན་རྒྱ་ཆེན་པོ་ཡོད་དམ།
ཆབ་མདོ་མཚོ་མོ། ད་ལྟའི་བསམ་ཚོད་དང་གནས་བབ་ལྟར་བྱས་ན་རྗེས་སུ་བཟའ་ཚང་བཙལ་བ་དང་ཕྲུ་གུ་སྐྱེ་བསམ་པ་རྩ་བ་ནས་མེད་པར། རང་གིས་སྦྱངས་པའི་ཤེས་བྱ་ཡོན་ཏན་ལ་བརྟེན་ནས་རང་ཁ་རང་གསོ་དང་ཕ་མ་སྤུན་མཆེད་ལ་ཞབས་ཞུ་སྒྲུབ་པ་ཕུད། ད་དུང་རང་གི་ནུས་པའི་འཇོན་འཇོན་གྱིས་སྤྱི་ཚོགས་ལ་ཕན་བདེ་ཕྲན་བུ་སྒྲུབ་ཐུབ་ན་བསམ།
སྨིན་དྲུག བཟའ་ཚང་བཙལ་འདོད་མེད་པའི་བསམ་ཚུལ་ཞིག་དེང་དུས་ཀྱི་བུ་མོ་སྐོར་ཞིག་ལ་ཡོད་དང་ཡོད་ཀྱི་འདུག རྒྱུ་མཚན་ཅི་ཡིན་མིན་ཁྱེད་ཀྱིས་ཤེས་སམ།
སྨིན་དྲུག ཁྱེད་ཀྱི་སེམས་ནང་གི་རང་གི་བཟའ་ཟླ་ག་འདྲ་ཞིག་རེད། བཟའ་ཟླ་བཙལ་དུས། མེད་དུ་མི་རུང་བའི་ཆ་རྐྱེན་གང་དག་ཚང་དགོས། དཔེར་ན། སྐྱེས་གཟུགས་དང་རྒྱུ་འབྱོར་གཙོ་བོར་ལྟ་གི་ཡིན་ནམ། ཡང་ན་མི་གཞི་བཟང་ཞིང་འཇོན་ཐང་ཡོད་པ། རང་ལ་གུས་བརྩི་ཆེ་ཞིང་སྐྱིད་སྡུག་མཉམ་མྱོང་ཐུབ་པ་ཞིག་བཙལ་གི་ཡིན།
ཆབ་མདོ་མཚོ་མོ། གལ་སྲིད་བཟའ་ཚང་བཙལ་བ་ཡིན་ན། ཐོག་མར་སློབ་གནས་སོགས་ཀྱི་ཐད་ལ་རང་དང་མཉམ་པ་ཞིག་དང་ཡར་ཐོན་གྱི་བསམ་པ་ཡོད་མཁན་ཞིག ད་དུང་སེམས་བཟང་བ་རང་དང་མི་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ་སོགས་མཐུན་པ་ཞིག་བྱུང་ན་སྙམ།
སྨིན་དྲུག བཟའ་ཚང་ནི་རང་ལ་མཛའ་མི་མཛའ་དེ་གཙོ་བོ་ཡིན་པ་ལས། ཕ་རོལ་པོ་ཇི་འདྲའི་ཕུལ་བྱུང་ཡིན་རུང་བསམ་པའི་འཁྱེར་སོ་དང་དགའ་ཕྱོགས་དང་གཤིས་ཀ་མ་འདྲ་བ་ཡིན་ན་མཉམ་དུ་མི་ཚེ་སྐྱེལ་དཀའ། རང་ཉིད་ཡར་སེམས་ཅན་དང་ཕུགས་འདུན་ཅན་ཞིག་ཡིན་ན་རང་གི་བཟའ་ཟླ་ཡང་འགྲོགས་བདེ་གཤིབ་བདེ་ཡོང་བ་ཞིག་ཡིན་ན་བདེ།
སྨིན་དྲུག གཉེན་སྒྲིག་བྱས་རྗེས། བཟའ་ཟླས་ཁྱིམ་ལས་དང་བྱིས་སྙོར་དང་བྱིས་པའི་སློབ་གསོ་སོགས་ལ་འགན་མ་ཁུར་བར་ལས་ཀ་མང་པོ་རང་གི་འགན་དུ་བབ་ན། འཁང་ར་ཅི་ཡང་མེད་པར་དོ་དོ་ཏན་ཏན་གྱིས་བྱེད་ཐུབ་བམ། མཐོ་རིམ་སློབ་གསོ་ཐོབ་རུང་སྲོལ་རྒྱུན་གྱི་སྐྱེས་མ་ནང་ལྟར་མི་ཚེ་ཁྱིམ་ལས་ནང་དུ་ཟད་དགོས་ཐུག་ཚེ། ཁྱོད་ལ་བློ་ཕམ་ཡོད་དམ།
ཆབ་མདོ་མཚོ་མོ། གཉིས་ཀས་ཐུན་མོང་གི་ཁྱིམ་ལས་བྱེད་པ་མ་ཡིན་པར་གལ་སྲིད་རང་གཅིག་པུའི་ཕྲག་ཐོག་ཏུ་བབས་ན་འཁང་ར་བྱེད་སྲིད་ལ། བློ་ཕམ་ཡང་ཡོང་སྲིད།
སྨིན་དྲུག རྒྱུན་ལྡན་གྱི་མི་ཞིག་ཡིན་ན་དེ་འདྲ་ཡིན་རྒྱུ་རེད།
སྨིན་དྲུག གལ་སྲིད་ཁྱོ་གས་ཕྱི་ནས་ཟུར་མོ་བསྟེན་ན། རྙོག་དྲ་དེ་རང་གི་ཁྱོ་ག་ལས་སེལ་གི་ཡིན་ནམ། ཡང་ན་འུ་ཅག་གི་སྲོལ་རྒྱུན་ལྟར་དུ། ཟུར་མོ་དེ་དང་ཁྱོད་ཤི་ང་གསོན་གྱི་དགྲ་ཤ་རྩོད་གི་ཡིན(གསལ་བཤད་དགོས་པ་ནི། སྐྱེས་པ་ཚོ་རྐྱང་རྐྱང་དེ་འདྲ་རེད་ཟེར་བ་མིན་ཏེ། གཙོ་བོ་དེང་དུས་ཀྱི་སྐྱེས་མ་ཚོས་དོན་དག་དེར་ཇི་ལྟར་གདོང་གཏོད་པ་དང་ཐག་གཅོད་ཚུལ་ཤེས་འདོད་པས་ཡིན)།
ཆབ་མདོ་མཚོ་མོ། ཟུར་མོ་དེ་ལ་རྙོག་དྲ་བྱེད་པ་མ་ཡིན་པར་རང་གི་བཟའ་ཟླའི་སྟེང་ནས་དོན་དག་ཐག་གཅོད་གི་ཡིན།
སྨིན་དྲུག སྨན་ཆུང་རང་གི་བསམ་ཚུལ་དེ་ཧ་ཅང་ལགས། མཇུག་སྡུད་པའི་སྐད་ཆ་ནི། ལས་ཀ་འདིར་ཁྱེད་ཅག་གི་རྒྱབ་སྐྱོར་མེད་ན་ང་གཅིག་པུས་ཡོང་ཐབས་ག་ལ་ཡོད། སྤྱིར་བོད་པ་ཐུན་མོང་གི་སྤྱི་དོན་དང་སྒོས་སུ་རང་ཅག་འཁོས་ཆུང་སྐྱེས་མའི་འཚོ་གནས་ལ་གནོད་པ་གང་ཡིན་དེ་ལ་ཚང་མས་མཉམ་རུབ་བྱས་ན་འགྲིག་ཀྱང་འགྲིག་ལ་འབྲས་བུའང་ཐོན་པར་སེམས། དེ་ཡང་གདོད་མར་འགྲོ་བ་མི་འཕེལ་འགྱུར་བྱུང་བའི་དུས་སུའང་མི་ཁེར་མ་གཉིས་མ་ཙམ་གྱིས་རི་དྭགས་གཅན་གཟན་ཆེ་རིགས་བསད་པ་མིན་ལ། ཕ་རོལ་དགྲ་ལ་རྒོལ་བ་བྱེད་པར་དཔའ་རྒོད་ཁེར་རྒྱུག་དང་མདའ་རྒོད་ཁེར་འཕེན་བྱས་པ་ཞིག་ཀྱང་མིན་ཚོད། སྐྱེས་པ་མང་པོས་དཔུང་བ་མཉམ་གཤིབ་དང་མདུང་ཁ་གཅིག་ལ་བསྐོར་བར་བརྟེན། གཟོད་གཅན་གཟན་གྱི་ཁ་ཟས་དང་དགྲ་བོའི་ལག་ཉེས་རྐྱང་ལ་མ་ཤོར་བར་འཚོ་བའི་གླགས་རྙེད་ཅིང་ཚེ་སྲོག་གི་རྒྱུན་བསྐྱངས་པར་ངེས། དཔུང་རྡང་གཅིག་ཏུ་སྦྲེལ་བ་ལྟ་བུའི་སྒྲིགས་སྲོལ་ལ་མ་གནས་པར་ལོགས་སུ་འཚོ་བའི་སྐྱེས་མ་ཚོས་ནི་ཁྱིམ་མགོ་ཐོན་ཐབས་དང་བྱིས་པ་མང་པོར་ལྟ་སྐྱོང་གི་ཞར་ལ། ཤིང་འབྲས་དང་མ་རྨོས་པའི་ལོ་ཏོག་དང་བཅས་པའི་འབྲས་བུ་འདྲ་མིན་བཏུས་ཤིང་རི་དྭགས་ཆུང་རིགས་བདའ་བའམ་ཉ་རིགས་འཛིན་པ་ལ་ཡང་རང་གི་བྱིས་པ་རང་མགོ་ཐོན་ཙམ་ཚོ་དང་མཉམ་དུ་བྱེད་པ་བཅས་བསྐལ་པ་རིང་ཙམ་ལ་དེ་ལྟར་ཡོང་བ་ལས་གྲུབ་པའི་གདོད་མའི་བག་ཆགས་དེས། ད་ཆ་ཡིན་རུང་རང་རིགས་སྐྱེས་མ་ཚོ་ཕན་ཚུན་མཉམ་ལས་དང་རུག་རུག་དང་རྡོག་རྩ་གཅིག་ཏུ་བསྒྲིལ་བར་བཀག་རྒྱ་བཟོ་གི་ཡོད། ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ལྟ་བུའི་གཅིག་གྲོགས་གཅིག་ཕན་གྱི་སྒྲིགས་སྲོལ་མ་ཆགས་པ་དེས་ནི་དོན་དུ་རང་གཞན་གཉིས་ལ་གནོད། དེ་རིང་ཁྱོད་ཀྱིས་གཞན་གྱི་དཀའ་སྡུག་ལ་ཁ་ཡ་མ་བྱས་ཚེ། ནམ་ཞིག་རང་ཉིད་དཀའ་ངལ་ལ་འཕྲད་དུས་གཞན་གྱིས་ཀྱང་ཁ་ཡ་བྱེད་མི་སྲིད། རོང་འབྲོག་ས་ཁུལ་དུ་བུད་མེད་ལ་ཁྱོ་གའི་མནར་གཅོད་དང་གནས་ཚང་གིས་བརྙས་བཅོས་གང་འདོད་འདོད་དུ་བཏང་རུང་དེ་ལ་རོགས་པ་བྱེད་རྒྱུ་ཕར་ཞོག ད་དུང་ངན་པའི་རྒྱབ་རོགས་དང་ཉམ་ཐག་སྐྱེས་མ་ཚོ་ལ་ཁ་གཏོང་མཁན་གྱི་བུད་མེད་སྔར་བཞིན་མང་། དོན་དུ་སྤྱི་ཚོགས་གང་དེར་གནས་པའི་བུད་མེད་གཅིག་ལ་མི་ཡི་ཐོབ་ཐང་མེད་ན་ཀུན་ལ་ཆ་མཉམ་དུ་མེད་པ་ཡིན་པས། རང་གི་མགོ་ལའང་ཉིན་ཞིག་རྟེན་སྐྱེས་མ་ཡིན་པ་རྐྱེན་བྱས་ནས་ཐུབ་ཚོད་ཡོང་བ་སྔོན་ནས་རིགས་བསྒྲེ་ཤེས་ན་མི་ལེགས་སམ། ལར་དེ་ནི་བུད་མེད་སྒེར་པ་ཞིག་གི་སྐྱོན་ཆ་ཁོ་ན་ཙམ་ཡང་མ་ཡིན་པར་རྒྱུ་མཚན་མེད་པར་བུད་མེད་ལ་སྡང་བའི་འུ་ཅག་གི་གོམས་སྲོལ་དེ་ལས་ཐར་མ་ཐུབ་པ་རང་ཡིན། དེ་འདྲ་ཡིན་གཤིས། མ་མཐའ་ཡང་སློབ་གསོ་ཡོད་པའི་བུ་མོ་ཚོ་གོམས་སྲོལ་ངན་པའི་བྲན་དུ་མི་འགྲོ་བས་མི་ཚད། ད་ནི་སྨན་ཤར་ནང་ཁུལ་དང་སྐྱེས་མ་ཕན་ཚུན་བར་དོན་མེད་རྩོད་གླེང་དང་ཁྱོ་གའམ་སྐྱེས་པས་ཟུར་མོ་བསྟེན་པ་སོགས་བུད་མེད་ཕན་ཚུན་བར་ལ་ཕུང་དཀྲུག་བྱེད་པ་རྐྱེན་བྱས་ནས་ཁ་འཛིང་ལག་འཛིང་ཤོར་བའི་སྤྱོད་ངན་མཐའ་དག་གི་རྒྱུན་རང་སྟེང་ནས་གཅོད་པ་དང་ཁྱིམ་དུ་ཨ་མ་སྐོར་ཞིག་གིས་རང་གི་ནར་མ་སོན་པའམ་སོན་བཞིན་པའི་བུ་མོ་ཚོའི་རྣ་ལམ་དུ་གཞན་ལ་སྡིགས་མོ་དང་ཕྲག་དོག་དང་གླེང་ཕྱོགས་བཟོ་བ་རྩ་བ་ནས་མ་ཡིན་པར་དེ་ལས་ལྡོག་སྟེ་ཡར་བསྐྱེད་ཀྱི་སེམས་དང་མཐུན་འགྲིག་ཡོང་བའི་སྐད་ཆ་བཤད་པ་བཅས་ཀྱིས་མཚོན། ལོ་ཆུང་བུ་མོ་དང་བུ་ཚ་དག་གི་རྒྱུད་ལ་ས་བོན་ནག་པོ་མ་ཡིན་པའི་སོན་བཟང་ལེགས་པོ་བཏབ་ན་ནི་རྗེས་རབས་པ་རྣམས་སེམས་ཁམས་བདེ་ཐང་ངང་ནས་འཚར་ལོངས་འབྱུང་བར་ཕན་ལ། མ་འོངས་པར་ཁོ་ཚོའི་ཁྱིམ་ཚང་དུ་བཟའ་འཁྲུག་དང་བཟའ་འཐོར་ཉུང་དུ་འགྲོ་བ་ལའང་ཕན་ཐོགས་ཆེ་ངེས། [ཁྱིམ་པས་བུ་ཚ་ཚོའི་རྒྱུད་ལ་ཕོ་མཆོག་མོ་དམན་གྱི་འདུ་ཤེས་འདེབས་པ་དང་། གྲྭ་ཕྲུག་ཚོའི་བློ་རང་གི་བླ་མ་དང་གྲུབ་མཐས་བསྒྱུར་བ་གཉིས་དོན་དུ་གཅིག་མཚུངས་ཡིན། (བུ་མོ་ཚོས་རང་གིས་རང་ལ་སྨད་པའང་བག་ཆགས་དེ་ལས་འདའ་མ་ཐུབ་པ་ཡིན) དེ་བཞིན་ཆུང་བའི་དུས་སུ་བཞག་པའི་བག་ཆགས་ལས་ཐར་དཀའ་བ་ཆོས་ཉིད་ཡིན་པས། དེ་འདྲའི་སློབ་གསོས་བསྐྱངས་ན་རང་གཞན་གཉིས་ཀ་ཟོས་བདེ་གུ་ཡངས་མི་ཡོང་བའི་རྒྱུ་རུ་འགྱུར་ངེས་ཡིན།] ད་དུང་རང་གི་བུ་མོ་ཡང་ཁོག་རྒྱ་ཆུང་བ་མིག་རྒྱང་ཐུང་བ་ཞིག་ཏུ་ཆགས་པ་མི་སྲིད་པས་དོན་དུ་དེའང་རང་གཞན་གཉིས་ཕན་ཡིན་ཞེས་བཤད་འདོད། སྒོས་སུ་ད་རེས་སྐྱེས་སྨན་དང་སྨན་ཤར་མང་པོ་ཁ་འཆམ་གྲོས་འགྲིག་གིས་མཉམ་རུབ་བྱེད་པ་འདི་ནི་སྔ་ལྟས་བཟང་བོ་ཞིག་ཏུ་མཐོང་ལ། རྗེས་རབས་པར་མིག་དཔེ་འཇོག་སྟངས་ཡག་པོ་ཞིག་ཀྱང་ཡིན་པར་བསམས་ནས་དགའ་བ་སྒོམ་གི་ཡོད་པ་བཅས་སོ། །
མཐར། ཁྱེད་ཀྱིས་སློབ་སྦྱོང་གི་བར་གསེང་ནས་དུས་ཚོད་མང་པོ་སྤྱད་ཅིང་རྣམ་འགྱུར་ཡག་པོའི་སྒོ་ནས་གོང་གི་དྲི་བ་དག་ལ་ལན་དྲང་མོ་དོན་བསྡུས་པོ་ཁ་གསལ་པོའི་ངང་ནས་བཏབ་པར་ཐུགས་རྗེ་ཆེ་ཞུ་བའི་དུས་མཚུངས་སུ། རང་དང་བསམ་བློའི་དཔུང་རྡང་གཅིག་པའི་གྲོགས་མོ་ལགས་དང་བྱ་མདོ་བདེ་སྐྱིད་སྒྲོལ་མ། རྔ་བ་ཚེ་རིང་སྐྱིད། ལ་སྟོད་ཚེ་རིང་། ཙོང་ཁ་དཀར་མོ་རྒྱན་བཅས་ཀྱིས་གཙོས་པའི་རོགས་རམ་མཐུན་འགྱུར་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེའང་ཞུ་རྒྱུ་ཡིན།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ་ཞེས་པའི་ ལས་ལ་འཇུག་དུས་ཀྱི་ཐོག་མའི་དྲན་ཚུལ། ར་རྫ་འཇམ་དབྱངས་སྐྱིད།
དང་པོ། རྔ་བ་ཚེ་རིང་སྐྱིད། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ།
གཉིས་པ། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། ཙོང་ཁ་དཀར་མོ་རྒྱན།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། གསུམ་པ། ལ་སྟོད་ཚེ་རིང་།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཞི་པ། ཁྱུང་མཆུ་འབུམ་སྐྱིད།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། ལྔ་པ། མཚོ་ལྷོ་རྡོ་རྗེ་སྒྲོལ་མ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། དྲུག་པ། ཆུ་ཆེན་བདེ་གསལ་ལྷ་མོ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བདུན་པ། ནག་ཆུ་སྐྱིད་སྒྲོལ་མ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བརྒྱད་པ། ཁྲི་ཀ་བན་དེ་སྐྱིད།
འཕྲིན་སྟེགས་འདི་ནི་གཙོ་བོ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3784
དཔྱད་མཆན་སྤེལ།