བཅར་འདྲི་བ། ར་རྫ་འཇམ་དབྱངས་སྐྱིད།

ངའི་མིང་ལ་སྐྱིད་སྒྲོལ་མ་ཟེར། ཕ་ཡུལ་བོད་ལྗོངས་ནག་ཆུ་ནས་ཡིན། ད་ལྟ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བོད་ཡིག་རྩོམ་རིག་གི་ཆེད་ལས་སྦྱོང་གི་ཡོད་ལ་ལོ་རིམ་དང་པོ་ཡིན།

སྨིན་དྲུག སློབ་ཆེན་སློབ་མ་ནི་སློབ་གྲྭ་ཆུང་འབྲིང་གི་དུས་དང་བསྡུར་ན། ལྟོས་བཅས་སུ་རང་དབང་ཡོད་པ་ཞིག་ཡིན་ཚོད། རང་དབང་གི་དུས་ཚོད་བེད་སྤྱོད་ཚུལ་མ་འདྲ་བའི་རྐྱེན་གྱིས་སློབ་མར་བཟང་ངན་འཆོར་སའི་ཁོར་ཡུག་ཅིག་ཏུ་མཐོང་གི་ཡོད། དེས་ན་ཁྱེད་ཀྱིས་སློབ་སྦྱོང་གི་ཞར་དུ་དཔེ་ཀློག་ལ་འབད་གི་ཡོད་དམ། གང་ལྟར་ཕ་མའི་ལྟ་རྟོག་དང་དགེ་རྒན་གྱི་དམ་དྲག་མེད་པའི་ཁོར་ཡུག་དེ་རུ་དུས་ཚོད་ཇི་ལྟར་དུ་གཏོང་གི་ཡོད་པ་ངས་ཤེས་འདོད།

སྐྱིད་སྒྲོལ་མ། སློབ་གྲྭ་ཆེན་མོར་སླེབས་པའི་སློབ་དུས་དང་པོ་དེར་ངས་རང་དབང་གི་དུས་ཚོད་དེ་ལས་བརྒྱ་ཆའི་བརྒྱད་ཅུ་ཙམ་ནི་དོན་སྙིང་མེད་པའི་ལས་ལ་འཕྲོ་བརླག་ཏུ་བཏང་སྟེ་དཔེ་ཆ་འདྲ་ཆགས་པོ་གཅིག་ཀྱང་བལྟ་མ་ཐུབ། ད་རེས་སློབ་དུས་ཀྱི་ཟླ་བ་སྔོན་མར་ངས་བོད་ཡིག་རྩོམ་རིག་གི་དེབ་གཉིས་དང་རྒྱ་ཡིག་སྒྲུང་དེབ་གཅིག་བལྟས་ཟིན། ད་ལྟ་ལྷུག་རྩོམ་ཕྱོགས་སྒྲིག་ཅིག་ལ་ལྟ་ཡི་ཡོད། སླད་མུ་མཐུད་ནས་དཔེ་ཀློག་བྱ་རྒྱུའི་འཆར་གཞི་དང་སེམས་ཤུགས་ཡོད། དཔེ་ཀློག་ཕུད། རང་དབང་གི་དུས་ཚོད་ནང་དུ་ངས་དགོང་མོའི་ཆུ་ཚོད་གཅིག་བེད་སྤྱད་ནས་ལུས་པོ་སྦྱོང་བརྡར་དང་ཉིན་གཅིག་ནང་གི་ཆུ་ཚོད་གང་རུང་གཉིས་བེད་སྤྱད་དེ་དྲ་ཐོག་ནས་བརྙན་ཐུང་དྲས་སྒྲིག་བྱེད་རྒྱུ་སྦྱངས་ཏེ་ཕ་མས་སྤྲད་པའི་ཟས་རིན་ཕུད་རང་ཉིད་ཀྱིས་ཀྱང་སྒོར་མོ་བཙལ་གསོག་ཨེ་ཐུབ་ལྟ་ཡི་ཡོད་ལགས།

སྨིན་དྲུག ཨ་ལ་ལ… ཁྱོད་རང་བུ་མོ་ངར་བ་རེད། མང་པོ་ཞིག་གིས་སྒོར་མོ་བརླག་སྟངས་ལས་སྒྲུབ་སྟངས་སློབ་ཀྱི་མེད་པ།

སྨིན་དྲུག སློབ་ཆེན་ནང་དུ་བུ་མོ་ཚོས་འཚོལ་སྙེག་བྱེད་ས་དང་དགའ་ཁ་ཕྱོགས་ས་གཙོ་བོ་གང་ཡིན་ན། ཁ་ཅིག་གིས། བུ་མོ་ཚོ་ནི་དགའ་རོགས་གང་བྱུང་དུ་སྒྲིག་པ་དང་ཁོ་རེ་ཡའི་བརྩེ་དུང་གི་བརྙན་འཕྲིན་ཟློས་གར་ལ་ལྟ་བ་དང་ཡག་ལས་བཅས་ལ་མགོ་འཁོར་ཡོད་ཚུལ་བཤད། དེ་ནི་གཟུ་བོར་གནས་པའི་སྐད་ཆ་ཞིག་ཡིན་མིན་མ་ཤེས་པས། ངོ་མ་དེ་འདྲ་ཡིན་ནམ།

སྐྱིད་སྒྲོལ་མ། བུ་མོ་ཆ་ཚང་དགའ་རོགས་སྒྲིག་པ་དང་སློབ་གཉེར་དང་འབྲེལ་བ་མེད་པར་མགོ་འཁོར་ནས་བསྡད་ཡོད་པའི་བཤད་ཚུལ་དེ་ནི་དོན་དངོས་དང་གཏན་ནས་མི་མཐུན་པ་ཞིག་རེད་འདོད། སྤྱིར་ང་ཚོའི་སློབ་གྲྭའི་ནང་དུ་མང་ཆེ་བ་བུ་མོ་ཡིན་རུང་། རང་ལ་འཚོ་བའི་ནང་དུ་འབྲེལ་འདྲིས་ཡོད་པ་ནི་གྲོགས་མོ་གསུམ་བཞི་དང་ཉལ་ཁང་གི་བུ་མོ་ཚོ་མ་གཏོགས་མེད། སློབ་གྲྭ་གཅིག་གི་ནང་དུ་མི་འདྲ་མིན་སྣ་ཚོགས་ཡོད་པ་བདེན། སྤྱིའི་ཆ་ནས་བལྟས་ན། བློ་སེམས་རྩེ་གཅིག་གིས་སློབ་སྦྱོང་ལ་དམིགས་པ་གཏད་དེ་རང་གི་ནུས་པ་ཡར་འདེགས་བྱེད་མཁན་ཡོད་ལ། གློག་བརྙན་དང་བརྩེ་དུང་གི་སྒྲུང་དེབ་ལ་རོལ་ནས་འདུག་པ་ཡོད།  ད་རུང་ཕྱིའི་རྣམ་པ་དང་བྱད་གཟུགས་ལ་མཛེས་བཟོ་བྱེད་པ་དང་རང་གི་དགའ་རོགས་དང་མཉམ་ཟ་མཉམ་འཐུང་དང་མཉམ་དུ་སློབ་སྦྱོང་བྱེད་མཁན་ཡང་འདུག ཁ་ཤས་ཤིག་གིས་ཅི་བྱེད་འདི་བྱེད་མེད་པར་དུས་རྒྱུན་ལྟར་ལྟོ་ཟ་བ་དང་སློབ་ཚན་ཚོགས་བཞིན་ཉི་མ་གཏོང་གི་ཡོད། དེ་ནི་བུ་དང་བུ་མོ་ཚང་མར་ཁྱབ་པ་ཡིན།

སྨིན་དྲུག ཁྱེད་ཀྱིས་བསམས་ན། བུ་བུ་མོ་གཉིས་ཀའི་ཆེས་མི་འདྲ་ས་དེ་གང་རེད། དཔེར་ན། སྤོབས་པ་ཆེ་ཆུང་དང་འཛེམ་སྣང་ཡོད་མེད་དེ་སློབ་ཁྲིད་སྐབས་སུ་རྒན་ལགས་ལ་དྲི་བ་འདོན་པའི་སྤོབས་པ་བུ་ཚ་ཚོ་ཆེ་བ་སོགས་ལྟ་བུ། དེའི་རྒྱུ་རྐྱེན་སྐྱེ་ཁམས་ཏེ་ལུས་རྟེན་གྱིས་བསྐྱེད་པ་རེད་དམ། ཡང་ན་ཆུང་དུས་བུ་བུ་མོ་གཉིས་ལ་སྐད་ཆ་བཤད་ཆོག་མིན་ཐད་ནས་ཁྱད་པར་གཏོད་པའི་སློབ་གསོའམ་གོམས་སྲོལ་དེས་བསྐྱེད་པ་རེད་འདོད།

སྐྱིད་སྒྲོལ་མ། བུ་བུ་མོ་གཉིས་ཀའི་སྐྱེ་ཁམས་ཀྱི་ཁྱད་པར་ཕུད། ཆེས་མི་འདྲ་བའི་ཕྱོགས་ནི་བསམ་གཞིག་གཏོང་སྟངས་དེ་རེད་འདོད། ནམ་རྒྱུན་འཚོ་བའི་ནང་དུ་སྤོབས་པ་ཆེ་ཆུང་དང་། འཛེམ་སྣང་ཡོད་མེད་སོགས་ཕྱོགས་མང་པོ་ཞིག་ནས་མི་འདྲ་ནའང་། དེ་ལྟར་གྲུབ་པའི་རྒྱུ་རྐྱེན་གཙོ་བོ་བསམ་གཞིགས་བྱེད་སྟངས་ལ་རག་ལས་འདུག་སྙམ། དེའང་ལྷན་སྐྱེས་མིན་པར་རྗེས་སུ་གཞན་དང་ཡང་ན་རང་གི་ཉེ་འགྲམ་གྱི་ནང་མི་སྤུན་མཆེད་ཚོའི་བསམ་བློའི་ཤུགས་རྐྱེན་ཐེབས་པ་སོགས་དང་འབྲེལ་བ་ཡོད་པ་འདྲ། མདོར་ན་བུ་ཕོ་དང་བུ་མོའི་ཁྱད་པར་དང་བྱ་སྤྱོད་གང་མང་ཞིག་ནི་ཁྱིམ་ཚང་ཞིག་གི་སློབ་གསོ་དང་འཚར་ལོངས་འབྱུང་སའི་ཁོར་ཡུག་དང་འབྲེལ་བ་ཆེན་པོ་ཡོད་པ་རེད་འདོད།

སྨིན་དྲུག དབྱེ་ཞིབ་བྱེད་སྟངས་འདི་གནད་ལ་ཁེལ་འདུག འདི་འདྲ་ཁྱེད་ལ་སྐྱེས་ཐོབ་ཏུ་ཡོད་པ་ཡིན་ནམ། ཡང་ན་རྗེས་ཐོབ་ཀྱིས་དེབ་སོགས་བཀླགས་པ་ལས་བྱུང་བ་ཡིན་ན། སྐོར་ཞིག་དེབ་ཀློག་པ་རྐྱེན་བྱས་ནས་ཐོབ་ཐང་གི་འདུ་ཤེས་སད་ཀྱི་ཡོད་ལ། སྐོར་ཞིག་ལ་ནི་ལྷན་སྐྱེས་སུ་རང་རྩིས་ཀྱི་འདུ་ཤེས་ཡོད་པ་ཡིན། དཔེར་ན། ངའི་ཨ་མ་ནི་ཐོབ་ཐང་དང་རྩིས་ཐང་ཞེས་པའི་ཐ་སྙད་ཟ་རྒྱུ་དང་ཡང་ན་འཐུང་རྒྱུ་ཅི་ཡིན་མི་ཤེས་མཁན་ཞིག་ཡིན་མོད། ཡིན་ཡང(本能)ལྷན་སྐྱེས་སུ་རང་རྩིས་ཡོད་པ་ཞིག་ཡིན་པས། བཙན་པོས་གཉོམ་ཆུང་ལ་ཐུབ་ཚོད་དང་དྲང་གཞག་མ་ཡིན་པ་དང་ཡང་ན་རང་གི་རྩིས་ཐང་ལ་གནོད་པའི་ལས་བྱེད་མཁན་དང་ཕྲད་ཚེ་སེམས་སུ་དོ་མི་མཉམ་པར་གཉོམ་མི་འཁུར་མཁན་ཞིག་ཏན་ཏན་ཡིན་པ་ལྟ་བུ།དེ་བས་སྡེ་བའི་ནང་གི་སྐྱེས་མ་བཟང་མོའི་མིག་དཔེའི་གྲས་སུ་ཚུད་མེད་ལ། ཁྱིམ་ཚང་ནང་དུ་ཁ་ལེན་ཚིག་བརྩི་མཁན་དེའང་ཡིན་མི་སྲིད། ད་དུང་ཨ་ཕས་ཁྱིམ་གྱི་རྒྱུ་དངུལ་བུད་མེད་གཞན་ལ་ལྐོག་ནས་སྤྲད་པ་ཤེས་ཚེ། སྙིང་རུས་བསྐྱེད་ནས་དོན་དེ་གླེང་བར་བྱེད(སྐབས་ཐོག་དེར་ཁྱོ་གས་ཕྱི་ནས་ཟུར་མོ་བསྟེན་ཏེ་ནང་རྒྱུ་ཕྱི་ལ་གཏོར་ན་དང་། ཕྱི་མི་ནང་ལ་བཀུག་སྟེ་ཤོ་རྒྱག་ཆང་རོགས་ཚོ་ལ་ཤ་བཙོས་ཐུག་པ་སྐོལ་བཅུག་ནས་ཆུང་མ་དཀའ་ལས་ལ་གཏོད་པ། ཤོ་བརྒྱབ་སྟེ་མཚན་ཐོག་ཐག་ལ་བཟའ་ཟླ་བུ་ཕྲུག་དག་གི་གཉིད་གཅོག་མཁན་ཡང་མེད་པ་མིན་རུང་དེ་དག་ལ་རྣམ་འགྱུར་སྟོན་ཐུབ་མཁན་ཧ་ལམ་མེད་ཚོད་རེད། ཚད་འཛིན་མཁན་མེད་པར་རྒྱ་ཡན་དུ་ཤོར་བའི་རབས་དེའི་སྐྱེས་པ་སྐོར་ཞིག་གིས་ཚེ་ཡང་རིང་བོ་ཟིན་མེད)། རང་གཤིས་ཡོད་ལ་རང་གི་བསམ་ཚུལ་བཤད་ཕོད་པ་དེ་སྤྱིར་ཡིན་ན་ཡོན་ཏན་ཞིག་ཏུ་བརྩིས་ན་འགྲིག་མོད། ལྡོག་སྟེ་དེ་ནི་ངའི་ཨ་མ་སྡུག་ལ་སྦྱོར་བྱེད་དུ་གྱུར་པ་ཡིད་རེ་ཕངས། 

དེའང་ལོ་ཟླ་ཕྱིར་ལ་ལྡོག་ན། སྤོ་བོ་རྨོ་བོའི་གུ་ཡངས་དང་བརྩེ་བས་བསྐྱངས་པའི་ཨ་མའི་ཆུང་དུས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་ངེས་ཡིན། ཕ་མའི་བཙན་དང་དབང་གི་འོག་ནས་དཔའ་ཞུམ་སྤ་ཀོང་དུ་བཅུག་པའི་བྱིས་པ་འཚར་ལོངས་བྱུང་ན་སྤོབས་པ་དང་ཡིད་ཆེས་ཞན་ཚུལ་བཞེད། 

སྨིན་དྲུག སློབ་ཆེན་ནང་དུ་བུ་བུ་མོ་གཉིས་ཀའི་སློབ་ཚན་གྱི་སྦྱངས་འབྲས་སུ་བཟང་། ཡིག་རྒྱུགས་ཁྲོད་དུ་བུ་མོ་ཚོས་སྐར་གྲངས་མཐོན་པོ་ལེན་གི་ཡོད་ཚུལ་ཐོས་གི་འདུག དེ་འདྲ་ཡིན་ན། སློབ་གྲོགས་བུ་ཚ་ཚོར་གནོན་ཤུགས་འདུག་གམ།

སྐྱིད་སྒྲོལ་མ། སྤྱིའི་ཆ་ནས་བཤད་ན། དེང་སང་སློབ་གྲྭའི་ནང་དུ་འབད་བརྩོན་དང་ནན་ཏན་ཆེ་བ་བུ་མོ་ཚོ་རེད་འདུག དེ་བས་སྦྱངས་འབྲས་ལེགས་པ་བཤད་ཅི་དགོས། ངའི་བསམ་པར། སློབ་ཆེན་དུ་གནོན་ཤུགས་ཡོད་མེད་དེ་གཙོ་བོ་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་མིན་དང་འབྲེལ་བ་འདུག་འདོད། གང་ཡིན་ཟེར་ན། སློབ་ཆེན་ཐོན་ནས་ཞིབ་འཇུག་ལ་རྒྱུགས་སྤྲོད་དགོས་ཐུག་ན། བུ་མོ་ཙམ་མ་ཡིན་པར་བུ་ཕན་ཚུན་གྱི་དབར་ལ་ཡང་འགྲན་རྩོད་ཆེ་བས་རང་ཤུགས་སུ་གནོན་ཤུགས་ཡོད་ངེས། གལ་ཏེ་དངོས་གཞི་མཐར་ཕྱིན་ནས་ཐད་ཀར་གཞུང་ཞབས་ལ་རྒྱུགས་ལེན་དགོས་ཐུག་ན་ཡང་། ད་ལྟའི་སློབ་ཚན་གྱི་སྦྱངས་འབྲས་གཅིག་པུས་རྒྱལ་ཕམ་ཐག་མི་ཆོད་པས་སློབ་ཆེན་དུ་གནོན་ཤུགས་ཆེན་པོ་ཡོད་མི་སྲིད།

སྨིན་དྲུག འོ་ལེ། འགྲན་རྩོད་ཆེ་ན་གནོན་ཤུགས་ཡོད་རེད། སྤྱི་ཚོགས་སུ་ཞུགས་རྗེས་དཔོན་གནས་དང་ཁེ་ཕན་རྩོད་ཤུགས་ཆེ་བ་སྐྱེས་པ་ཚོ་ཡིན་རྒྱུ་རེད། དེའང་རྒྱུ་མེད་རྐྱེན་མེད་མིན། 

སྨིན་དྲུག སློབ་མ་བུ་བུ་མོ་གཉིས་ཀའི་ནང་ནས་དཔེ་ཀློག་བྱེད་པའི་གྲངས་ཀ་སུ་མང་། དཔེ་ཀློག་གི་ཁ་ཕྱོགས་འདྲའམ། སློབ་གྲྭའི་ནང་དུ་རྒྱུགས་འབྲས་བཟང་བའི་བུ་མོ་མང་པོ་ཐོན་གི་ཡོད་ན་ཡང་། སྤྱི་ཚོགས་སུ་ཞུགས་རྗེས། འབུར་དུ་ཐོན་ཐུབ་ཀྱི་མེད་པའི་རྒྱུ་མཚན་ཅི་ཡིན་ལ་ཁྱེད་ཀྱིས་བསམ་བློ་བཏང་ཨེ་མྱོང་།

སྐྱིད་སྒྲོལ་མ། ངས་བལྟས་ན། སྤྱིར་བཏང་བུ་ཚོ་དཔེ་ཀློག་ལ་དགའ་བོ་འདུག བུ་དང་བུ་མོའི་དཔེ་ཀློག་གི་དགའ་ཕྱོགས་རེ་བཤད་ན། བུ་མོ་ཚོ་ལང་ཚོར་ཟུག་གཟེར་ཆེ་བའི་རྩོམ་རིག་དང་བརྩེ་དུང་མཚོན་པའི་བརྩམས་སྒྲུང་། ལྷུག་རྩོམ་བཅས་ལ་ལྟ་བར་དགའ། བུ་ཚོ་ནི་གྲགས་ཅན་མི་སྣའི་རྣམ་ཐར་དང་སྒྱུ་འཕྲུལ་བརྩམས་སྒྲུང་། ལོ་རྒྱུས་བཅས་ལ་ལྟ་བར་དགའ། སྤྱི་ཚོགས་སུ་ཞུགས་རྗེས་བུ་ཚོའི་གྲུབ་འབྲས་ཅུང་ལེགས་པའི་རྒྱུ་མཚན་ནི་ལྷན་སྐྱེས་ཀྱི་དགེ་མཚན་དང་གཅིག སྤོབས་པ་ཆེ་བ་དང་གཉིས། སྤྱི་ཚོགས་དང་རིག་གནས་ཀྱི་བག་ཆགས་ལས་བྱུང་བའི་ཡར་སྐྱེད་ཀྱི་སེམས་པ་ཡོད་པ་བཅས་ཡིན་པར་འདོད། བུ་མོ་ཚོ་འབུར་དུ་ཐོན་མི་ཐུབ་པའི་རྒྱུ་མཚན་ནི་གཤིས་ཀ་གཉོམ་ཆུང་བ་དང་སྤྱི་ཚོགས་སུ་བུད་མེད་ཀྱི་གནས་བབ་ཅུང་སྐྱོ་བ། བུད་མེད་ཀྱི་ནུས་པ་ལ་ཡིད་ཆེས་དང་ཁས་ལེན་བྱེད་མཁན་ཉུང་བ། གཞན་ད་དུང་བུ་མོ་ཚོས་རང་ཉིད་ཀྱི་ཕུགས་བསམ་དང་ནུས་རྩལ་སྔོག་འདོན་ཐུབ་མིན་དང་དེ་ནས་གཉེན་སྒྲིག་རྗེས་ཁྱིམ་འཛིན་མའི་ལས་ལ་ཞུགས་པ་བཅས། མདོར་བསྡུས་ན། བུ་མོ་ཚོའི་རང་ངོས་ཀྱི་དོན་དག་ཅིག་མིན་པར་ཕྱི་རོལ་གྱི་རྒྱུ་རྐྱེན་མང་པོ་དང་འབྲེལ་བ་ཆེན་པོ་ཡོད་རེད་སྙམ།

སྨིན་དྲུག བུ་བུ་མོ་གཉིས་ཀྱི་དཔེ་ཀློག་གི་ཁ་ཕྱོགས་བྱེ་བྲག་ལ་བབས་ནས་བཤད་པ་བཟང་། སྤྱི་ཚོགས་གནས་བབ་ལས་ཕོ་མོ་གཉིས་ཀྱི་མཇུག་འབྲས་མི་འདྲ་བ་ཐོན་པར་འདོད་པའི་བསམ་ཚུལ་འདི་ཡང་བཟང་། ཁྱེད་ནི་མ་གཞི་ནས་སྐྱེས་མའི་བདེ་སྡུག་ལ་ཚོར་ཤེས་ཡོད་མཁན་ཞིག་ཡིན་པས་ཐོབ་ཐང་ཕྱོགས་ཀྱི་དཔེ་ཀློག་དང་འཚོ་བར་མཉམ་ཞུགས་བྱེད་ཐུབ་ན། རང་ལ་ཕན་པ་གླེང་ཅི་དགོས་ཏེ་ད་དུང་སྐྱེས་མའི་གནས་བབ་སྐྱོ་བོ་ཡིན་པའི་རང་གི་ཕ་ཡུལ་གྱི་དགོས་མེད་གྱོང་གུད་རག་བཞིན་པའི་ཉམ་ཐག་བུ་མོ་ཚོའི་གནས་བབ་ལ་འགྱུར་བ་གཏོང་བར་ཕན་པ་ཡོད་པ་གདོན་མི་ཟ།

སྨིན་དྲུག ཕོ་མོ་གཉིས་ཀས་བསླབ་གཞིའི་ཆེད་ལས་འདེམས་པ་ལ་ཁྱད་པར་འདུག་གམ། འདུག་ན་དེའི་རྒྱུ་མཚན་རང་རང་གི་དགའ་ཕྱོགས་འཇོན་ཕྱོགས་ལ་བསྟུན་པ་རེད་དམ། ཡང་ན་གོམས་ཕྱོགས་ལོབས་ཕྱོགས་ཀྱི་དབང་དུ་ཤོར་བ་རེད།

སྐྱིད་སྒྲོལ་མ། དེ་དོན་ངས་ཧ་གོ་གི་མེད།

སྨིན་དྲུག ཁྱེད་ཀྱི་འཛིན་གྲྭར་བུ་མོ་མང་ངམ། བུ་ཚ་མང་། ཡང་ལྟ་རྒྱ་ཆེ་ལ་མིག་རྒྱང་རིང་ཞིང་རང་གི་སྐད་དང་ཡི་གེ་ལ་དགའ་བ་བུ་མོ་ཚོ་རེད་དམ། ཡང་ན་བུ་ཚ་ཚོ་རེད། དེ་གཉིས་ལ་ཁྱད་པར་ཤོར་ཡོད་པ་བདེན་ན། ཅིའི་ཕྱིར་དེ་འདྲ་ཆགས་པ་རེད།

སྐྱིད་སྒྲོལ་མ། ངའི་འཛིན་གྲྭར་བུ་མོ་མང་། ང་ཚོའི་ཆེད་ལས་ནི་རང་རིགས་ཀྱི་སྐད་བརྡ་རིག་པ་ཡིན། ང་ཚོའི་འཛིན་གྲྭར་བུ་མོ་ཧ་ཅང་མང་། དེ་ནི་བུ་མོ་ཚོ་རང་གི་སྐད་དང་ཡི་གེ་ལ་དགའ་བ་མཚོན་ཐུབ་མིན་གསལ་པོ་མི་ཤེས་མོད།  རང་གི་སྐད་རིགས་ལ་བཅངས་པའི་དུང་བ་དང་ལ་རྒྱ་ཡོད་མིན་དང་།  རང་གི་རིག་གནས་ལ་རྣམ་འགྱུར་ཇི་འདྲ་འཛིན་མིན་དེ་ནི་གཙོ་བོ་ཕ་མའི་བསླབ་བྱ་དང་འཚར་ལོངས་ཀྱི་ཁོར་ཡུག་དང་འབྲལ་ཐབས་མེད་པ་ཞིག་རེད་ངས་འདོད།

སྨིན་དྲུག ཏག་ཏག་རེད། བུ་ཕྲུག་གང་ཞིག་ལ་ཐོག་མའི་བག་ཆགས་ཅི་འདྲ་ཞིག་འཇོག་མིན་དེ་གཙོ་བོ་ཕ་མ་གཉིས་དང་རག་ལས་ཡོད་པ་ཡིན་པས། ཕ་མ་རང་བཞིན་དྲང་མོ་རང་གི་རིག་གནས་ལ་དགའ་བ། ལེགས་བྱང་ཡོད་ལ་རྩིས་ཐང་ཆེ་བ་ཞིག་ཡིན་ན། ཕྲུ་གུ་ལའང་རང་བཞིན་གྱིས་བག་ཆགས་བསྒོ་བ་མ་ཡིན་ནམ།

སྨིན་དྲུག སློབ་ཆེན་དུ་དགེ་རྒན་གང་དང་སུ་ཡི་སློབ་ཁྲིད་དང་གཏམ་བཤད་ཀྱིས་རང་ལ་སློབ་སྦྱོང་གི་དགའ་སྣང་དང་སྤྲོ་སྣང་བསྐྱེད་པ་དང་། ཡང་ན་བློ་སྒོ་འབྱེད་པའི་དགེ་རྒན་དང་དཔེ་དེབ། སློབ་གྲོགས། དྲ་སྒང་འཆད་ཁྲིད་སོགས་ལ་ཕྲད་མྱོང་ངམ། མྱོང་ན་དེས་ཁྱེད་ཀྱི་མི་ཚེ་ལ་བཟང་འགྱུར་ཐེབས་མིན་སྐོར་བྱེ་བྲག་ལ་བབ་ནས་བཤད་རོགས།

སྐྱིད་སྒྲོལ་མ། ངའི་ཉེ་འཁོར་དུ་ཡོད་པའི་སློབ་གྲོགས་མང་པོ་ཞིག་ལ་ང་རང་ཡིད་སྨོན་འཆོར་བའི་ནུས་པ་དང་འཇོན་ཐང་འདུག དེ་ཙམ་མ་གཏོགས་ང་ལ་བློ་སྐྱེད་ཅན་གྱི་སྐུལ་ལྕག་དང་ངར་ཤུགས་སློང་མཁན་ཞིག་ལ་ཕྲད་མ་སོང་། གཅིག་བྱས་ན། ང་དང་ཁོ་ཚོ་ལམ་གཅིག་མིན་ཡང་ཐང་། གཅིག་བྱས་ན་ང་རང་ཉིད་ལ་འདུ་ཤེས་དེ་འདྲ་སྐྱེ་མ་ཐུབ་པ་ཡིན་འགྲོ།

སྨིན་དྲུག བོད་ཁུལ་གྱི་སློབ་གྲྭ་སྐོར་ཞིག་ཏུ་བུ་མོ་ཚོའི་སེམས་ཤུགས་གཅོག་པའི་སྐད་ཆ་བཤད་མཁན་གྱི་དགེ་རྒན་སྔར་བཞིན་ཡོད། སློབ་ཆེན་གྱི་ཁོར་ཡུག་ཏུ་དགེ་རྒན་དང་བུ་ཚ་སློབ་གྲོགས། ད་དུང་བསླབ་གཞི་སོགས་སུ་སྐྱེས་མ་ལ་ཁྱད་གསོད་མཐོང་ཆུང་དམའ་འབེབས་བྱེད་ཚུལ་འདུག་གམ། འདུག་ན་དེས་ཁྱོད་ལ་སེམས་ཚོར་ག་འདྲ་བྱིན། དེས་རང་གི་ཡར་སྐྱེད་ཀྱི་སེམས་ཁམས་ལ་གནོད་དམ།

སྐྱིད་སྒྲོལ་མ། བུད་མེད་ལ་དམའ་འབེབས་དང་མཐོང་ཆུང་བྱེད་པ་ནི་ད་ལྟ་ཡིན་རུང་འདུག ང་རང་དེ་འདྲའི་མི་ལ་ཕྲད་ན་སྐྱུག་བྲོ་བ་ཙམ་གྱིས་མི་ཚད་སེམས་གཏིང་ནས་ཁོང་ཁྲོ་ལངས་ཏེ་རང་དབང་མེད་པར་རང་རློམ་ཆེ་བའི་ཅོལ་ཆུང་གི་སྤྱོད་པ་དེ་ལ་ཁྲེལ་དགོད་བྱེད་འདོད་ལ། ཁོ་ཚོའི་ང་རྒྱལ་གྱི་ཁེངས་པ་དེ་ལ་ཆུ་འཁྱགས་ཀྱང་ལྡུག་འདོད།

སྨིན་དྲུག ཁག་མི་འདུག ང་ལ་ཡང་དང་ཐོག་དེ་འདྲའི་བསམ་ཚུལ་བྱུང་མྱོང་། རྗེས་སུ་ཁོང་ཁྲོ་ལང་བ་ལས་དོན་དག་མང་པོ་ཞིག་གནས་ལུགས་ལ་བརྒྱུས་ནས་བཤད་ན་ཕན་ཐོགས་པ་རྟོགས།

སྨིན་དྲུག སློབ་སྦྱོང་གི་གནོན་ཤུགས་དང་ཡང་ན་འཚོ་བའི་དཀའ་ཉོག་སྟེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སྐོར་ཞིག་ཏུ་དགེ་རྒན་གྱིས་བུ་མོ་སློབ་མ་ཚོར་ཆགས་སྲེད་ཀྱི་སྐད་ཆ་བཤད་པའམ་ཐ་ན་བརྙས་བཅོས་བྱས་ཚུལ་ཡང་ཐོས་མྱོང་། དེ་སྐོར་གང་རིགས་ལ་འཕྲད་དུས། ཁྱོད་ཀྱིས་ཇི་ལྟར་ཐག་གཅོད་གི་ཡོད། ཡང་སློབ་མ་བུ་བུ་མོ་གཉིས་ལས། གང་གིས་ཁྱོད་ཀྱི་དཀའ་ངལ་སེལ་རོགས་དང་ཡང་ན་སེམས་གཏམ་ལ་ཉན་ནས་གདུང་སེམས་མཉམ་བསྐྱེད་བྱེད།

སྐྱིད་སྒྲོལ་མ། ང་རང་ཉིད་ནི་ཁ་ཁུ་སིམ་པོ་དང་ཞི་འཇམ་གྱི་གཤིས་ཀ་དེ་འདྲ་ཡིན་པས། གལ་སྲིད་སྟབས་མ་ལེགས་པར་གནས་ཚུལ་དེ་འདྲར་ཕྲད་ན་སེམས་ཁམས་ལ་སོས་དཀའ་བའི་རྨ་བཟོ་ངེས་ཅན་རེད། དོན་དེ་ཐག་གཅོད་པའི་ཐབས་ཤེས་བཟང་ཤོས་ནི་འབྲེལ་ཡོད་སྡེ་ཁག་ལ་གོང་གཏུགས་བྱས་ནས། ཁྲིམས་ལུགས་སྤྱད་ནས་རང་ཉིད་སྲུང་རྒྱུ་དེ་རེད། ནམ་རྒྱུན་འཚོ་བའི་ནང་དུ་སེམས་སྐྱོ་བ་དང་གུ་དོག་པའི་དུས་སུ། བུ་མོ་ཚོ་དང་སེམས་གཏམ་བཤད་རེས་དང་གདུང་སེམས་མཉམ་བསྐྱེད་བྱས་པའང་མང་།

སྨིན་དྲུག བུ་མོ་བབ་ཆགས་ལྷད་མེད་དང་ཉམས་མྱོང་མེད་མཁན་ཚོས་ནི་ལྷག་ཏུ་འདིའི་སྐོར་དང་། ཐ་ན་དགའ་རོགས་སྒྲིག་དུས་ཀྱང་གཡོ་འོག་ཏུ་ཚུལ་མིན་ལ་གཟབ་གཟབ་བྱེད་དགོས་རྒྱུ་རེད།

སྨིན་དྲུག དགེ་རྒན་དང་ཕ་མའི་གཤོག་འོག་ཏུ་ཡོད་པ་ལྟ་བུའི་མཐོ་འབྲིང་ནས་གློ་བུར་དུ་སློབ་སྦྱོང་དང་འཚོ་བ་གང་གི་ཐད་ནས་ཀྱང་རང་རྐྱ་འཕེར་ཞིང་རང་མགོ་འཐོན་དགོས་པའི་སློབ་ཆེན་གྱི་ཁོར་ཡུག་དེར་སླེབས་པའི་བར་བརྒལ་གྱི་དུས་ཡུན་ནང་དུ་ཁྱོད་དཀའ་ངལ་ལ་ཕྲད་སོང་ངམ། ཕྲད་པ་ཡིན་ན། བློ་འདྲི་ས་མེད་པའམ་ཕ་མ་དྲན་པ་སོགས་སེམས་ཀྱི་དཀའ་ངལ་རེད་དམ། ཡང་ན་སློབ་སྦྱོང་གི་གནོན་ཤུགས་སམ་ཐབས་ལམ་མ་རྙེད་པས་དང་ས་ཆ་དང་ཁ་ཟས་ལ་མ་གོམས་པ།ཕ་མས་སྤྲད་པའི་སྒོར་མོ་སྤྱོད་མ་ཤེས་པར་མ་འདང་བ་སོགས་ཀྱི་དཀའ་ངལ་རེད།

སྐྱིད་སྒྲོལ་མ། སློབ་གྲྭར་འབྱོར་མ་ཐག་དཀའ་ངལ་ཏོག་ཙམ་ཞིག་ལ་ཕྲད་བྱུང་། མི་ལ་རྒྱུས་མངའ་མེད་ཅིང་ཁོར་ཡུག་གསར་པ། རང་ཁྱིམ་དང་ཁ་ཐག་རིང་བ། གནམ་གཤིས་ལ་མི་གོམས་པ་བཅས་ཀྱི་དཀའ་ངལ་ཡིན་མོད། ང་གནས་འདིར་ཡོང་བར་འགྱོད་པ་ཅི་ཡང་མེད། དཀའ་ངལ་ཆེ་ཤོས་དེ་ནི་རང་ཉིད་རང་གཅུན་བྱེད་རྒྱུ་དེ་རེད་འདུག

སྨིན་དྲུག ཁྱེད་ནི་མི་བསམ་ཤེས་རང་གཅུན་ཡོད་པ་ཞིག་ཡིན་པ་ཁ་བརྡ་འདི་དག་ལས་ཀྱང་མཐོང་སོང་། རྒྱུ་བཟང་པོ་བསགས་ན་འབྲས་བུ་བཟང་པོ་ལོས་ཡོད། 

སྨིན་དྲུག བུ་མོ་ཚོ་དོན་དག་ཆུང་ཙག་གི་སྟེང་ནས་ཀྱང་མི་འཆམ་པར་ཕན་ཚུན་ལ་ཕྲག་དོག་ཡོད་ཚུལ་ཞིག་གོ་སོང་། དེ་ནི་བུ་མོ་ཚོའི་རྒྱུད་ལ་གྲུབ་པ་ཞིག་རེད་འདོད་དམ། ཡང་ན་མིག་འདྲེས་རྣར་འཇགས་སུ་སོང་བའི་ཁྱིམ་ཚང་ཁོར་ཡུག་གི་སློབ་གསོ་ལས་བྱུང་བ་ཞིག་རེད་སྙམ། དེ་ལ་ཁྱེད་ཀྱིས་བསམ་བློ་ཞིབ་ཕྲ་བཏང་ཨེ་མྱོང་།

སྐྱིད་སྒྲོལ་མ། ངའི་བག་ཆགས་སུ། བུ་མོ་ཕན་ཚུན་བར་རྩོད་པ་དང་རྒྱབ་འཛིང་བྱེད་པ་ཉུང་ཉུང་རེད། མ་མཐའ་ཡང་ངའི་འཚོ་བའི་ནང་དུ་དེ་འདྲ་མཐོང་མ་མྱོང་། བུ་མོ་ཚོ་མ་འཆམ་པར་ཕན་ཚུན་ཕྲག་དོག་བྱེད་པ་དེ་ཡང་གོམས་སྲོལ་གྱི་བག་ཆགས་ཤིག་ལས་བྱུང་བ་ཡིན་སྲིད། ཐ་ན་དེང་གི་དུས་སུའང་གློག་བརྙན་དང་བརྙན་འཕྲིན་སྐོར་ཞིག་ཏུ་བུ་མོའི་དབར་དུ་ཕྲག་དོག་དང་འཁོན་འཛིན་ཆེ་ཚུལ་རྐྱང་རྐྱང་གི་ལྟད་མོ་སྟོན་གི་འདུག དོན་དུ་དེ་དག་གིས་ཀྱང་བུ་མོ་ཚོར་ཤུགས་རྐྱེན་ངན་པ་འཇོག་གི་ཡོད་པ་ཐེ་ཚོམ་ཅི།

སྨིན་དྲུག མོས་མཐུན་ཡོད་དང་ཡོད། རྒྱ་ནག་གི་བརྙན་འཕྲིན་སྐོར་ཞིག་ལས། ལང་ཚོའི་དུས་ཀྱི་བུ་མོ་ཚོ་ནི་རང་ལ་བསམ་ཚུལ་མེད་པའི་བྱིས་པ་གླེན་པ། ཕྲག་དོག་གིས་རྒྱུད་བརླམས་པ་ལྟ་བུ་ཞིག་ཏུ་བཟོ་བཞེངས་བྱས་འདུག འདི་དང་འདི་ལྟ་བུས་ཀྱང(བརྙན་འཕྲིན་ཟློས་གར”དུག་ཅན”ལྟ་ལ་དགའ་བའི)རང་རེའི་བུ་མོ་ཚོར་ཡང་ངན་ཤུགས་ཐེབས་ཀྱི་ཡོད་པ་གདོན་མི་ཟ། དོན་དུ་དེ་ནི་ཁོ་ཚོས་རང་གི་སྐྱེས་མའི་སྣང་བརྙན་ནག་པོ་བཟོས་ཏེ་མི་རབས་རྗེས་མར་ཤུགས་རྐྱེན་ངན་པ་འཇོག་པ་ལས་ཅི་ཡང་གོ་མི་ཆོད། གལ་སྲིད་ཁོ་ཚོའི་ཁྲོད་དུ་མིང་དོན་གཉིས་མཚུངས་ཀྱིས་ཐོབ་ཐང་མིག་འབྲས་ལྟར་སྲུང་མཁན་གྱི་སྐྱེས་མ་མང་པོ་ཡོད་རྒྱུ་ན། སྒྲོ་འདོགས་དང་སྐུར་འདེབས་བྱས་ཏེ་བུད་མེད་ནི་བེམ་གཟུགས་ལས་རྣམ་ཤེས་མེད་པ། བླུན་རྨོངས་ལས་སྤྱང་གྲུང་མེད་པར་སྒྲུབ་པའི་བརྙན་འཕྲིན་ཆར་རྗེས་ཀྱི་ཤ་མོ་ལྟར་བརྡོལ་ཡོང་རྒྱུ་མ་རེད། གང་འདོད་འདོད་བྱེད་པ་འདི་ནི། སོས་དལ་དུས་འདི་སྣང་གི་ཟང་ཟིང་དང་ཕྱིའི་པགས་པ་དང་རྣམ་པ་ཁོ་ན་གཙིགས་སུ་འཛིན་པ་ལས། ཚེ་སྲོག་ལས་ཀྱང་རིན་ཐང་ཆེ་བའི་ཐོབ་ཐང་དང་རྩིས་ཐང་ཡལ་བར་དོར། རང་གཅེས་རང་བདག་མ་བྱས་པའི་འབྲས་བུ་ཞིག་མིན་ནམ་ཞེས་དེ་སྔ་ནས་འདོད་ཡོད་མོད། ད་རེས་སྨན་ཆུང་རང་གིས་གླེང་སློང་བྱས་པས་ཞོར་ལ་ཅིག་བཤད་པ་ལགས། མུ་མཐུད་དུ་ང་ཚོའི་འཕེལ་རྒྱས་ཀྱི་འགོག་རྐྱེན་དུ་འགྲོ་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་མི་ལེགས་པ་གང་ཡིན་མཐའ་དག་ལ་མཉམ་འཇོག་དོ་སྣང་ཡོད་པར་ཤོག 

སྨིན་དྲུག དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་དང་སློབ་གྲྭས་དོ་དམ་བྱེད་སྟངས། ད་དུང་སློབ་མའི་འཚོ་བ་སྟེ་ཉལ་ཁང་གི་ཆ་རྐྱེན་དང་ཟ་ཁང་གི་ཟ་མ། དཔེ་མཛོད་ཁང་གི་མཐུན་རྐྱེན་སོགས་སློབ་ཆེན་གྱི་ཁོར་ཡུག་དེ་ལ་རང་གི་བསམ་ཚུལ་ཞིག་བཤད་པའི་གོ་སྐབས་བྱུང་ན། ཁྱོད་ཀྱིས་ཅི་ཞིག་བཤད་འདོད།

སྐྱིད་སྒྲོལ་མ། ཉལ་ཁང་དུ་མི་ཇེ་ཉུང་དུ་དང་ཟ་ཁང་གི་ཟ་མའི་སྤུས་ཚད་ལེགས་སུ་དང་། སློབ་གྲྭའི་མཐའ་འཁོར་གྱི་འགྲིམ་འགྲུལ་སྟབས་བདེ་གཏོང་རྒྱུ། སློབ་གྲྭའི་སྒོ་སྲུང་གི་དུས་ཚོད་གཏན་ཁེལ་བྱས་པ་དེ་མེད་པར་བཟོ་རྒྱུ་བཅས་ཀྱི་རེ་བ་ཡོད།

སྨིན་དྲུག མི་ལོ་བཞིའི་རིང་ལ། དགོས་པའི་ཡོན་ཏན་སྦྱོང་ས་དགའ་བའི་དགོད་སྒྲ་འཆོར་ས་སྡུག་གི་རྔུལ་ཆུ་འདོན་ས་རེ་བའི་རྨི་ལམ་སྦྲུམ་ས་དེར། ཆེས་དགའ་འོས་ཤིང་བརྗེད་དུ་ཕངས་པའི་དོན་བཟང་ལ་ཁྱེད་རང་ཕྲད་མྱོང་ངམ། དེ་དང་ཁ་འབྲལ་ཁར་ཆེས་ཞེན་ཆགས་ཆེ་ས་དེ་ཅི་ཡིན།

སྐྱིད་སྒྲོལ་མ། ཆེས་ཞེན་ཆགས་ས་དེ་ནི་ལོ་བཞིའི་ལང་ཚོ་དང་། མོས་མ་བཟས་ན་ངས་མི་འཐུང་བའི་གྲོགས་མཆོག་མ་དང་། རང་དབང་དང་ལྡན་པའི་སློབ་ཆེན་གྱི་ཁོར་ཡུག་དེ་ཡིན་སྲིད།

སྨིན་དྲུག དེང་སྐབས་ཨེ་ཛི་ནད་དུག་སློབ་ཆེན་ཁག་ལ་ཡང་ཐོན་ཡོད་པས། ཁྱེད་ནས་དེའི་སྐོར་གྱི་ཤེས་བྱ་ལ་དོ་སྣང་གིས་དགའ་རོགས་སྒྲིག་དུས་རང་གི་བདེ་ཐང་ལ་མཉམ་འཇོག་བྱེད་ཀྱི་ཡོད་དམ། དེ་མིན། སྦྲུམ་འགོག་མ་ཐུབ་པར་ཕྲུ་གུ་འཁོར་ནས་སྡུག་ལ་གཏད་པའི་སློབ་མ་བྱུང་མྱོང་ངམ། བུ་མོ་ཚོར་ལུས་རྟེན་གྱིས་བསྐྱེད་པའི་ལན་ཆགས་དེ་འདྲ་བྱུང་དུས། ཕྲུ་གུ་སྐྱེད་མཁན་དགའ་རོགས་ཀྱིས་སེམས་གསོ་དང་རོགས་རམ་བྱེད་ཀྱི་ཡོད་དམ།

སྐྱིད་སྒྲོལ་མ། དོན་དག་དེའི་རིགས་ང་ལ་གསལ་ཆ་མེད།

སྨིན་དྲུག མཐར་ཕྱིན་རྗེས་མུ་མཐུད་དུ་ཞིབ་འཇུག་ལ་རྒྱུགས་སྤྲོད་གི་ཡིན་ནམ། ཡང་ན་སྤྱི་ཚོགས་སུ་འཇུག་གི་ཡིན། རྒྱུ་མཚན་ཅི།

སྐྱིད་སྒྲོལ་མ། ང་ནི་ཁྱིམ་ཚང་ཆུང་ཆུང་ཞིག་གི་བུ་ཕྲུག་ཆེ་མགོ་དང་སློབ་སྦྱོང་བྱས་ནས་སྦྱངས་འབྲས་ཅུང་ལེགས་པའི་སློབ་ཆེན་པ་དང་པོ་དེ་ཡིན་པས། ངའི་ཕྲག་སྟེང་དུ་ཁྱིམ་ཚང་ཞིག་གི་འཚོ་བའི་ཆ་རྐྱེན་དང་གནས་བབ་སྒྱུར་བའི་འོས་འགན་དང་རེ་བ་ཚང་མ་ཡོད་པས། སློབ་ཆེན་མཐར་ཕྱིན་རྗེས་སྤྱི་ཚོགས་སུ་འཇུག་རྒྱུ་དེ་ནི་འགྱུར་བ་མེད་པའི་དོན་དངོས་ཤིག་ཡིན།

སྨིན་དྲུག ཁྱེད་ཀྱི་རྩོམ་ཡིག་ལ་བལྟས་ནས་འདིར་སླེབས་པར། ངའི་སེམས་ཀྱི་རྒྱུད་སྐུད་བར་མེད་དུ་བརྡུངས་ནས་ག་ཤེད་ཅིག་ཏུ་སྨྲེང་ནས་ཡོང་། ཅི་ཡིན་གསལ་བོར་ཧ་མ་གོ སྤྱིར་བཏང་སྒྱུ་རྩལ་གྱིས་ཕྱུག་པའི་བརྩམས་ཆོས་ལ་ལྟ་དུས་ང་ལ་འདི་འདྲའི་ཚོར་བ་སྟེར་ཡོང་མོད།  དེ་རིང་ངའི་བསམ་ཚོད་ལས་རྦད་དེ་འགོངས། མུ་མཐུད་དེ་ལྟ་མ་ཐུབ་པར་རྩིས་འཁོར་ཅོག་ཙེ་སྒང་ནས་མདུན་ལ་དེད་ཅིང་རང་ཉིད་འབོལ་ཁྲིའི་སྟེང་ལ་བསྙེས་ནས་ཅུང་ཟད་བསྡད། འདང་ཞིག་རྒྱག་དུས། སྐད་ཆ་དེ་ནི་འབྲོག་ཁྱིམ་ཕལ་པའི་བུ་མོ་ཞིག་གི་སེམས་ཁོང་ནས་བརྡོལ་ཡོང་བའི་ཆུ་མིག་དྭངས་མ….

སྨིན་དྲུག རང་གི་དབང་ལ་ཡོང་བ་ཡིན་ན། ཁྱེད་ཀྱིས་འཚོ་བ་ག་འདྲ་ཞིག་བསྐྱལ་འདོད། མ་གསང་དྲང་མོར་ལབ་རོགས། ཁྱེད་ཅག་གིས་མ་འོངས་འཚོ་བར་བློས་བསླངས་ཅི་འདྲ་བྱེད་མིན་ཤེས་ན་འདོད།

སྐྱིད་སྒྲོལ་མ། ཕ་མ་གཉིས་དང་སྤུན་མཆེད་ཚོ་བདེ་ཐང་ངང་འཚོ་བའི་ཁར། རང་ཉིད་ལ་ཁོང་རྣམ་པར་སྲི་ཞུ་སྒྲུབ་པའི་དཔལ་འབྱོར་དང་ཆ་རྐྱེན་ཡོད་པ་ཞིག་ཡིན་ན་འདོད།

སྨིན་དྲུག བུ་མོ་སྐོར་ཞིག་གིས་རང་གི་མིག་སྔའི་གནས་བབ་ལ་གཞིགས་ཏེ་དངོས་ཡོད་ལ་ཕྱོགས་ཆེ་བའི་བཟོ་འདྲ་མཐོང་། དེའང་མཐའ་གཅིག་ཏུ་སྐྱོན་ཆར་བརྩི་མི་རུང་ནའང་། རྡོག་སྣེ་གཅིག་པུར་བལྟས་ཡོང་ན་མཇུག་འབྲས་ག་འདྲ་ཆགས་མིན་དེ་ཁྱེད་ཅག་ལ་བཏོན་པའི་དྲི་བ་ཡིན། 

སྨིན་དྲུག མ་འོངས་པར་རང་གིས་སྦྱངས་པའི་ཡོན་ཏན་གྱིས་རང་གི་མི་ཚེ་དོན་སྙིང་ལེན་པར་འབད་རྩིས་ཡིན་ནམ། ཡང་ན་བཟའ་ཚང་ཞིག་བཙལ། བུ་ཕྲུག་རེ་སྐྱེས། འཚོ་ཚིས་ཁ་རྒྱབ་ཀྱིས་འདངས་པས་ན། ཡིད་ཚིམ་མགུ་གང་ནས་སྡོད་རྩིས་ཡིན། ཡང་ན་སྤྱི་ཚོགས་ཉམས་རྒུད་དང་སྐད་ཡིག་ཉམས་ནུབ་ཏུ་འགྲོ་བ་སོགས་ལ་བཟང་འགྱུར་གཏོང་བའི་ལས་ལ་འབད་པའི་ཕུགས་འདུན་རྒྱ་ཆེན་པོ་ཡོད་དམ།

སྐྱིད་སྒྲོལ་མ། རང་གི་ངོས་ནས་བཤད་ན། ནུས་ཤུགས་ཡོད་ཚད་བཏོན་ནས་བོད་ཀྱི་རིག་གནས་རྒྱུད་འཛིན་པ་དང་བོད་སྐད་ཡིག་ལ་ཞབས་འདེགས་མི་ཆུང་བ་ཞུ་མཁན། བོད་ཀྱི་ལོ་རྒྱུས་དག་རང་གི་བུ་ཕྲུག་ཚོར་བཤད་རྒྱུ་དེ་ནི་ཆེས་དོན་སྙིང་དང་ལྡན་པ་ཞིག་ཏུ་བརྩི་གི་ཡོད། སླད་ཕྱིན་ང་རང་ས་ཆ་གང་ཞིག་ཏུ་འཚོ་དགོས་རུང་། རང་གིས་སྦྱངས་པའི་ཡོན་ཏན་འཕྲོ་བརླག་ཏུ་གཏོང་མི་སྲིད་པར་མ་ཟད། རང་གི་ཐོག་མའི་ཕུགས་འདུན་དེ་ཡང་འདོར་མི་སྲིད།

སྨིན་དྲུག སློབ་གྲྭ་འགྲིམ་དུས་ཕུགས་འདུན་ཡོད་མཁན་མང་ལ། སྤྱི་ཚོགས་དང་ལས་གནས་སུ་ཞུགས་རྗེས་དེ་འབོར་མཁན་མང་བ་ཡང་མཐོང་ཆོས་ཡིན་ན། རང་ལ་ལྟ་ཚུལ་དང་སྒལ་ཚིགས་བརྟན་པོ་ཞིག་མེད་ཚེ། སྤྱི་ཚོགས་ཀྱི་རླུང་རྒྱུན་ནང་ནས་བུ་མོ་ཚོ་ནི་ལྷག་ཏུ་འཚུབ་མའི་ཁྲོད་ཀྱི་ཕྱེ་མ་ལེབ་ལྟར་འགྱུར་བར་ཐེ་ཚོམ་ཅི་ཨང་།

སྨིན་དྲུག ཁྱེད་ཀྱི་སེམས་ནང་གི་རང་གི་བཟའ་ཟླ་ག་འདྲ་ཞིག་རེད། བཟའ་ཟླ་བཙལ་དུས། མེད་དུ་མི་རུང་བའི་ཆ་རྐྱེན་གང་དག་ཚང་དགོས། དཔེར་ན། སྐྱེས་གཟུགས་དང་རྒྱུ་འབྱོར་གཙོ་བོར་ལྟ་གི་ཡིན་ནམ། ཡང་ན་མི་གཞི་བཟང་ཞིང་འཇོན་ཐང་ཡོད་པ། རང་ལ་གུས་བརྩི་ཆེ་ཞིང་སྐྱིད་སྡུག་མཉམ་མྱོང་ཐུབ་པ་ཞིག་བཙལ་གི་ཡིན།

སྐྱིད་སྒྲོལ་མ། སེམས་ནང་གི་བཟའ་ཟླ་དེ་ཕལ་ཆེར་བློ་རྒྱ་ཆེན་ལ་སེམས་པ་བཟང་བ། གནད་དོན་ལ་འཕྲད་སྐབས་ངང་རྒྱུད་དང་ལྡན་པ། ཕན་ཚུན་བར་རྒྱབ་སྐྱོར་དང་བརྩེ་བ་ཡོད་པ། འཚོ་བའི་ཁྲོད་དུ་རྩོད་པ་བྱུང་དུས་ཁ་གསལ་གྱིས་ཐག་གཅོད་ཐུབ་པ་ཞིག དེར་མ་ཟད། གཉེན་སྒྲིག་ལ་བློ་དཀར་སེམས་དཀར་ཡིན་པ། ང་ལ་དགའ་བ་དང་བརྩི་འཇོག་ཡོད་པ། ཕ་མ་གཉིས་ལ་གུས་ཞབས་ཡོད་པ། ཁྱིམ་ཚང་གི་དོན་དག་ཆེ་ཆེ་ཆུང་ཆུང་ལ་མཉམ་ཞུགས་མཉམ་ཐག་གཅོད་པ་དེ་འདྲ་ཞིག་ཡིན་ན་འདོད།

སྨིན་དྲུག ཁྱིམ་ཚང་གི་དོན་དག་ཆེ་ཆེ་ཆུང་ཆུང་ལ་མཉམ་ཞུགས་མཉམ་ཐག་གཅོད་པ་དེ་འདྲ་ཞིག་ཡིན་ན་འདོད། ཅེས་པའི་ཁྱེད་ཀྱི་བསམ་ཚུལ་འདི་ལས་ཀྱང་སྨན་ཤར་རང་ལ་ཐོབ་ཐང་དང་འགན་ཁུར་གྱི་འདུ་ཤེས་ཡོད་པ་མཐོང་། སྐོར་ཞིག་གིས་དོན་དག་ཁ་ཚང་ཐག་གཅོད་ཐུབ་པའི་ཁྱོ་ག་ཞིག་ལ་རེ་གི་ཡོད་པ་འདྲ་མོད། ཁྱིམ་ལས་རྐྱང་རྐྱང་བྱེད་པའིཐོབ་ཐངལས། ཁྱིམ་ཚང་གི་དོན་དག་ཆེ་མ་ཆུང་གསུམ་ཐག་གཅོད་ཀྱི་ཆ་ཤས་ཁྱེད་ཀྱིས་ཅི་ཡང་མ་བླངས་ན། ཐོབ་ཐང་རང་ཤུགས་སུ་ཤོར་འགྲོ་བ་མ་ཡིན་ནམ།

སྨིན་དྲུག གཉེན་སྒྲིག་བྱས་རྗེས། བཟའ་ཟླས་ཁྱིམ་ལས་དང་བྱིས་སྙོར་དང་བྱིས་པའི་སློབ་གསོ་སོགས་ལ་འགན་མ་ཁུར་བར་ལས་ཀ་མང་པོ་རང་གི་འགན་དུ་བབ་ན། འཁང་ར་ཅི་ཡང་མེད་པར་དོ་དོ་ཏན་ཏན་གྱིས་བྱེད་ཐུབ་བམ། མཐོ་རིམ་སློབ་གསོ་ཐོབ་རུང་སྲོལ་རྒྱུན་གྱི་སྐྱེས་མ་ནང་ལྟར་མི་ཚེ་ཁྱིམ་ལས་ནང་དུ་ཟད་དགོས་ཐུག་ཚེ། ཁྱོད་ལ་བློ་ཕམ་ཡོད་དམ།

སྐྱིད་སྒྲོལ་མ། འཁང་ར་ཅི་ཡང་མེད་པ་དཔེ་ག་ལ་སྲིད། གང་ལགས་ཤེ་ན། ཁྱིམ་ཚང་དེ་མི་གཅིག་གིས་གྲུབ་པ་ཞིག་མིན། གཅིག་གིས་ལས་ཀ་མང་པོར་འགན་འཁུར། གཅིག་ནི་ལས་མེད་ཟ་འདོད་བྱས་ན་ཁྱིམ་ཚང་གི་རྩ་དོན་དང་ཡང་མི་མཐུན་པ་ཞིག་ཡིན་པས་སོ། །སྲོལ་རྒྱུན་གྱི་སྐྱེས་མ་ལྟར་དུ་འཚོ་དགོས་བྱུང་ན། ང་ལ་ཐོབ་པའི་སློབ་གསོ་དེའང་བེད་མེད་དུ་འགྲོ་སྲིད། བྱས་ཙང་གལ་སྲིད་གཉེན་སྒྲིག་རྗེས་ཁྱིམ་དུ་སྲོལ་རྒྱུན་ལྟར་འགྲོ་དགོས་པ་ཞིག་ཡིན་ན་ངས་གཉེན་མི་སྒྲིག

སྨིན་དྲུག གཉེན་མི་སྒྲིག་ཟེར་བ་དེ་རང་གི་སྐྱེ་ཁམས་དང་སེམས་ཁམས་ལ་དགོས་མཁོ་མེད་པ་ཡིན་ན་མ་གཏོགས། ཁྱོ་གའི་དཀའ་རྙོག་སློང་བ་ལ་གདོང་གཏོད་མ་ཐུབ་སྟེ་བྲོས་བྱོལ་བྱེད་པ་ཡིན་ན་རྗེས་མར་འགྱོད་སྲིད། དེ་ལས་རང་གི་བཟའ་ཟླ་ཡིན་འགྱུར་གྱི་སྐྱེས་པ་དེ་དང་དགའ་རོགས་སྒྲིག་དུས་ནས་ཁྱིམ་ཐབ་བཅོས་རྗེས་སུ་ཁྱིམ་ཚང་དང་བུ་ཕྲུག་བཅས་པར་འགན་ཁུར་དགོས་ཚུལ་གྱི་ཁ་བརྡའམ་ཁ་ཆད་བཞག་ན་ཕན་ཐོགས་ཡོད་སྲིད།

སྨིན་དྲུག གལ་སྲིད་ཁྱོ་གས་ཕྱི་ནས་ཟུར་མོ་བསྟེན་ན། རྙོག་དྲ་དེ་རང་གི་ཁྱོ་ག་ལས་སེལ་གི་ཡིན་ནམ། ཡང་ན་འུ་ཅག་གི་སྲོལ་རྒྱུན་ལྟར་དུ། ཟུར་མོ་དེ་དང་ཁྱོད་ཤི་ང་གསོན་གྱི་དགྲ་ཤ་རྩོད་གི་ཡིན(གསལ་བཤད་དགོས་པ་ནི། སྐྱེས་པ་ཚོ་རྐྱང་རྐྱང་དེ་འདྲ་རེད་ཟེར་བ་མིན་ཏེ། གཙོ་བོ་དེང་དུས་ཀྱི་སྐྱེས་མ་ཚོས་དོན་དག་དེར་ཇི་ལྟར་གདོང་གཏོད་པ་དང་ཐག་གཅོད་ཚུལ་ཤེས་འདོད་པས་ཡིན)

སྐྱིད་སྒྲོལ་མ། དེ་འདྲའི་གནས་ཚུལ་ལྷགས་ན་ནི། སུ་ཞིག་དང་འཐབ་རེས་མ་བྱས་པར་བཟའ་ཚང་ཁ་ཁ་གྱེས་ནས་རང་རང་གི་འཚོ་བ་རོལ་ན་ཡག་ཤོས་རེད་འདོད།

སྨིན་དྲུག ལགས་སོ། །མཇུག་སྡུད་པའི་སྐད་ཆ་ནི། གཅིག་ནས་ལོ་ཆུང་ཡིན་པ་དང་གཉིས་ནས་ཉམས་མྱོང་མེད་པས་དོན་དག་གང་ཡིན་ལ་སྣ་རྐྱང་ངམ་ཟུར་གཅིག་ནས་ལྟ་བ་དེ་རྒྱུན་ལྡན་ཡིན་མོད། དོན་དམ་པར་བོད་ཀྱི་སྤྱི་ཚོགས་སམ་འཇིག་རྟེན་འཁོར་བ་ནི་སློབ་གྲྭའི་ཁོར་ཡུག་ཆུང་ཆུང་དེ་དང་བསྡུར་ན་རྙོག་དྲ་ཧ་ཅང་ཆེ་བས་ཁྱེད་ཅག་གི་བསམ་ཚོད་ལས་འགོངས་ཀྱང་ཐང་། ད་ལྟ་ངས་ཁྱེད་ཅག་ལ་བསམ་བློ་གཏོང་བའི་བར་སྟོང་ཞིག་སྤྲོད་པ་འདིའང་སྤྱི་ཚོགས་དང་འཁོར་བར་འཇུག་པའི་སྟ་གོན་ཞིག་ཡིན་ཟེར་ཡང་མི་ཆོག་པ་མེད། སྨན་ཆུང་ཁྱེད་རང་ཚོར་བ་རྣོ་ཞིང་ཐོབ་ཐང་གི་འདུ་ཤེས་ཡོད་པ་ཞིག་ཡིན་པ་ངས་རྟོགས། དེས་ན། ཐོབ་ཐང་ཟེར་བ་ག་འདྲ་ལ་ངོས་འཛིན་པ་རྡོག་རྡོག་ཅིག་བཤད་ན། སྐྱེས་མའང་མི་ཡིན་པའི་ངོས་ནས། ཚེ་སྲོག་གི་ཐོབ་ཐང་། རང་དབང་གི་ཐོབ་ཐང་། རྒྱུ་ནོར་གྱི་ཐོབ་ཐོང་། བདེ་སྐྱིད་འཚོལ་སྙེག་གི་ཐོབ་ཐང་སོགས་རྩ་ཁྲིམས་དང་བཅའ་ཁྲིམས་སུ་གཏན་འཁེལ་ཡོད་པ་གང་ཡིན་སྐྱེས་པ་ལ་ཡོད་པ་ཐམས་ཅད་གཅིག་མཚུངས་སུ་ལོངས་སྤྱོད་པའི་ཐོབ་ཐང་བུད་མེད་ལའང་ཡོད་ཅེས་པ་དེ་ཡིན། རང་རེའི་རྒན་རབས་ཚོས་ཐོབ་ཐང་དེ་དག་ལོངས་སྤྱོད་ཐུབ་མེད་མོད། ཁྱེད་ཅག་ནི་ལམ་ཁ་དེ་ལ་མི་འགྲོ་བའི་རེ་བ་དང་སྨོན་ལམ་ཡོད་ཅེས་པ་དེའོ། །

མཐར། ཁྱེད་ཀྱིས་སློབ་སྦྱོང་གི་བར་གསེང་ནས་དུས་ཚོད་མང་པོ་སྤྱད་ཅིང་རྣམ་འགྱུར་ཡག་པོའི་སྒོ་ནས་གོང་གི་དྲི་བ་དག་ལ་ལན་དྲང་མོ་དོན་བསྡུས་པོ་ཁ་གསལ་པོའི་ངང་ནས་བཏབ་པར་ཐུགས་རྗེ་ཆེ་ཞུ་བའི་དུས་མཚུངས་སུ། རང་དང་བསམ་བློའི་དཔུང་རྡང་གཅིག་པའི་གྲོགས་མོ་ལགས་དང་བྱ་མདོ་བདེ་སྐྱིད་སྒྲོལ་མ། རྔ་བ་ཚེ་རིང་སྐྱིད། ལ་སྟོད་ཚེ་རིང་། ཙོང་ཁ་དཀར་མོ་རྒྱན་བཅས་ཀྱིས་གཙོས་པའི་རོགས་རམ་མཐུན་འགྱུར་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེའང་ཞུ་རྒྱུ་ཡིན།

        2023/07/18ཉིན་གྲུབ།

 


མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ་ཞེས་པའི་ ལས་ལ་འཇུག་དུས་ཀྱི་ཐོག་མའི་དྲན་ཚུལ། ར་རྫ་འཇམ་དབྱངས་སྐྱིད།
དང་པོ། རྔ་བ་ཚེ་རིང་སྐྱིད། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ།
གཉིས་པ། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ།  ཙོང་ཁ་དཀར་མོ་རྒྱན།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། གསུམ་པ། ལ་སྟོད་ཚེ་རིང་།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཞི་པ། ཁྱུང་མཆུ་འབུམ་སྐྱིད།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། ལྔ་པ། མཚོ་ལྷོ་རྡོ་རྗེ་སྒྲོལ་མ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། དྲུག་པ། ཆུ་ཆེན་བདེ་གསལ་ལྷ་མོ།

འཕྲིན་སྟེགས་འདི་ནི་གཙོ་བོ།
      མི་མོའི་སྐྱིད་སྡུག མི་སྐྱའི་སློབ་གསོ། འཚོ་བའི་རང་མདངས། ཕོ་མོའི་བརྩེ་དུང་།
     སྤྱི་ཚོགས་ཤེས་བྱ། མི་ཚེའི་བྱུང་བ། ལེགས་རྩོམ་འོས་སྦྱོར་བཅས་ས་བཅད་བདུན་ལས་གྲུབ་པ་ཞིག་ཡིན།  

 

 


པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3765