ཧྥ་རན་སིའི་རྩོམ་པའི་ཁྱུ་མཆོག་མི་ལན·ཀུན་དྷེ་ར(Milan Kundera)སྐུ་གཤེགས་པར་རྗེས་དྲན་དུ།

 

སྒྲུང་གཏམ་བརྩེ་བ་དབྱངས་རྟ་འགུགས་པའི་རྩོམ་པའི་ཁྱུ་མཆོག་ཞིང་གཞན་གཤེགས།།

འགྲོ་མིའི་སེམས་ཁམས་གདངས་སུ་རྩོམ་པའི་སྨྱུག་ཁའི་རྒྱལ་པོ་གཏན་དུ་གཟིམས།།

གང་ཞིག་ང་ཚོར་གཏན་དུ་བྲལ་ཡང་ཤུལ་བཞག་སྒྲུང་རྩོམ་ནོར་བུའི་མཛོད།།

འཛམ་གླིང་སྒྲུང་རྩོམ་གདོང་ལྔའི་མི་ལན་ཀུན་དྷེ་ར་ལགས་རྗེས་དྲན་དུ།

གཅིག རྩོམ་པ་པོ་ངོ་སྤྲོད་རགས་བསྡུས།

སྒྲུང་རྩོམ་གྱི་རྩོམ་པ་པོ་གྲགས་ཅན་མི་ལན·ཀུན་དྷེ་ར་ལགས་ནི1929ལོའི་ཟླ4ཚེས1ཉིན་མེ་ལན་ཁུན་ཏེ་ལ་ནི་ཆེ་ཁི་སི་ལོ་ཝ་ཁི་ཡའི་གྲོང་ཁྱེར་གཉིས་པར་གྲགས་པ་བྷིར་ནོ་རུ་(Brno, the second largest city in Czechoslovakia)སྐུ་འཁྲུངས། ཨ་ཕ་ནི་རྣོ་སྦྲེང་མཁན་དང་རོལ་དབྱངས་ཀྱི་དགེ་རྒན་ཆེན་མོ་ཞིག་ཡིན་ལ། རོལ་དབྱངས་སློབ་གླིང་གི་གླིང་གཙོ་བྱས་མྱོང་། ཀུན་དྷེ་རའི་བྱིས་པའི་དུས་སྐབས་ཀྱི་དུས་ཚོད་མང་པོ་ཞིག་ནི་ཨ་ཕའི་དཔེ་ཁང་ནས་རོལ་བ་རེད། ཁོས་དཔེ་ཁང་ནང་ནས་རྒྱུན་དུ་ཁ་རོག་གེར་ཨ་ཕས་སློབ་མར་སློབ་ཁྲིད་བྱེད་པར་ཉན་པ་དང་། སྐབས་རེར་ཨ་ཕས་དངོས་སུ་ཁོ་ལ་རྣོ་སྦྲེང་ཁྲིད་པ་དང་། ཁོ་ཁྲིད་ནས་གོམ་པ་རེ་རེ་བཞིན་རོལ་དབྱངས་ཀྱི་འཇིག་རྟེན་དུ་སོང་། རང་གི་ཤེས་ཚོད་ཀྱིས་གང་འདོད་དུ་ཨ་ཕའི་དཔེ་ཆ་མང་པོར་རགས་ལྟ་བྱས་པ་རེད། ལོ་བཅུ་ལྷག་གི་སྐབས་སུ་ཁོས་རྩོམ་རིག་བརྩམས་ཆོས་གྲགས་ཅན་མང་པོ་ཀློག་པ་དང་ཅེ་ཁུ་(The Czech Republic)དང་ཕྱི་རྒྱལ་ཚང་མར་ཡོད། ཁོ་རང་ལོ་བཅུ་གསུམ་བཅུ་བཞིའི་དུས་སུ་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ལ་ཁེལ་ཞིང་། ཁོའི་དགེ་རྒན་དང་ལྷན་དུ་ཅེ་ཁི་ཡི་ཆེས་ཕུལ་དུ་བྱུང་བའི་གཞས་གདངས་རྩོམ་མཁན་གྱི་གྲས་ཤིག་ཏུ་པའོ་ཨར་ཧ་སི་ནས་གཞས་གདངས་རྩོམ་སྟངས་སློབ་སྦྱོང་བྱས། རྗེས་སུ་སྐུ་ཞབས་ཧ་སི་དང་མཉམ་དུ་གཅིག་སྡུད་བཙོན་སྒར་དུ་བཅུག་ནས་ཕྱིར་ཐོན་མ་ཐུབ་ལ་ཀུན་དྷེ་ར་ཡིས་ཐོག་མཐའ་བར་གསུམ་དུ་ཁོང་”ང་རང་ཉིད་ཀྱི་ལྷ་ཁང་ནང་གི་གཅིག”་ཏུ་བརྩིས་པ་རེད། ཁོས་བྲིས་པའི་སྙན་ངག་དང་པོ་ནི་《པའོ་ཨར་ཧ་སི་ལ་རྗེས་དྲན་ཞུ》་བྱེད་པ་དེ་རེད། 1947ལོར་ལོ18ལ་སླེབས་པའི་མི་ལན·ཀུན་དྷེ་ར་ནི་ཅེ་ཁེའི་གུང་ཁྲན་ཏང་ནང་ཞུགས། ཁོ་རང་ཆེས་ཐོག་མར་བཟོ་དབྱིབས་སྒྱུ་རྩལ་ལ་མགོ་འཁོར་ནས་བློ་གཅིག་སེམས་གཅིག་གིས་འཇིམ་རྐོས་པ་དང་རི་མོ་བ་བྱེད་འདོད་སྐྱེས། སྐབས་ཤིག་ལ་ཁོང་ནི་ཕ་ཡུལ་དུ་སྐད་གྲགས་ཆུང་བའི་རི་མོ་མཁས་ཅན་ཞིག་ཏུ་གྱུར་ནས་ཟློས་གར་ཁང་དང་དཔེ་སྐྲུན་ཁང་ལ་བར་བཅུག་རི་མོ་མི་ཉུང་བ་ཞིག་བྲིས་པ་རེད། དེའི་རྗེས་སུ་སྤྲོ་སེམས་འཁོལ་བའི་ངང་ནས་རོལ་དབྱངས་ལ་དགའ་སོང་། གླུ་དབྱངས་ལ་ཞེན་ཆགས་པ་དང་མཉམ་དུ་ཀུན་དྷེ་ར་ད་དུང་སྙན་ངག་འབྲི་བའི་སྤྲོ་སེམས་ཤིག་ཞུགས་སོང་།

གཉིས། རྩོམ་འབྲིའི་སྨྱུག་ཁ་སྒྲུང་གཏམ་གྱི་ཕྱོགས་ལ་བསྲིངས་ཚུལ།

1948ལོར་ལོ19ལ་སོན་པའི་མི་ལན·ཀུན་དྷེ་ར་ནི་པུའུ་ལ་ཀེ་ཁྲ་ལི་སློབ་གྲྭ་ཆེན་མོའི་(CharlesUniversity)མཚན་ཉིད་རིག་པའི་ཚན་ཁག་ཏུ་རྒྱུགས་འཕྲོད་རྗེས་རྒྱུན་དུ་གླུ་དབྱངས་སློབ་ཚན་ཉན་པར་འགྲོ་གི་ཡོད། རྗེས་ནས་པོ་ལ་ཀི་གློག་བརྙན་སློབ་གླིང་དུ་གློག་བརྙན་ཆེད་ལས་འདོན་དུ་སོང་བ་མ་ཟད་དེ་ནས་མཐར་ཕྱིན་པ་རེད། གླུ་དབྱངས་ལ་ཞེན་ཆགས་པ་དང་མཉམ་དུ་སྙན་ངག་བྲིས་པ་རེད། ཀུན་དྷེ་རའི་སྙན་ངག་དང་པོ་ནི་《མི་སྟེ་ཡངས་ཤིང་རྒྱ་ཆེ་བའི་མེ་ཏོག་ལྡུམ་ར་ཞིག》་ཅེས་པའི་ནང་ནས་མི་རྣམས་ཀྱིས་སྒྲ་མི་འདྲ་བ་ཐོས་བྱུང་། སྐབས་དེའི་ཅེ་ཁེའི་རྩོམ་རིག་ལས་རིགས་སུ་ལུང་འཛིན་རིང་ལུགས་དར་ཁྱབ་ཆེ་བ་དང་། སྤྱི་འགྲོས་ཅན་གྱི་སྙན་ངག་གང་སར་ཁྱབ་ཡོད། ཀུན་དྷེ་རའི་སྙན་ངག་ལ་མངོན་གསལ་གྱི་དངོས་ཡོད་རིང་ལུགས་ཀྱི་ཁྱད་ཆོས་དང་དགག་པའི་སྙིང་སྟོབས་ལྡན་པ་ཞིག་ཡིན། 1956ལོར་ཁོང་གིས་པུ་ལ་ཀེ་གློག་བརྙན་སློབ་གླིང་གི་སློབ་སྦྱོང་ལེགས་གྲུབ་བྱུང་ཞིང་སློབ་གྲྭར་བསྡད་དེ་དགེ་རྒན་ཞིག་བྱས་ནས་འཛམ་གླིང་གི་རྩོམ་རིག་སློབ་ཁྲིད་གནང་བ་རེད། སློབ་གྲྭར་བསྡད་ནས་ཡུན་རིང་མ་སོང་བར་ཀུན་དྷེ་ར་ཡིས་རིགས་པའི་གཞུང་ལུགས་ཀྱི་དཔེ་དེབ་འབོར་ཆེན་ལྟ་ཀློག་བྱེད་འགོ་ཚུགས་པ་མ་ཟད་སློབ་ཆེན་རིང་རྩོམ་འབྲི་བྱེད་འགོ་ཚུགས་པའི་《སྒྲུང་གཏམ་གྱི་སྒྱུ་རྩལ》་ཞེས་པའི་དཔེ་དེབ་དེ་མུ་མཐུད་ལེགས་སྒྲུབ་བྱས་པ་དང་ཁོང་ལོ25ནས་ལོ27བར་ལེགས་སྒྲུབ་བྱས་པར་ཧ་ལམ་ལོ་གཉིས་ཀྱི་དུས་ཚོད་བེད་སྤྱད་བྱས་ཡོད། དཔེ་ཆ་འདི་འབྲི་བའི་ཀུན་སློང་ནི་དགེ་རྒན་གྱི་ཐོབ་ཐང་དང་སློབ་ཁྲིད་ཐད་ཀྱི་དགོས་མཁོ་ཡང་ཡོད་ལ། དུས་མཚུངས་སུ་ད་དུང་རྩོམ་རིག་ལག་ལེན་ཁྲོད་ཀྱི་སོམ་ཉིའི་དྲ་བར་ཚུད་པ་ཁ་ཤས་ཐག་གཅོད་བྱེད་ཆེད་དུ་བྲིས་པ་ཞིག་ཡིན། 《སྒྲུང་གཏམ་གྱི་སྒྱུ་རྩལ》ཞེས་པ་ནི1960ལོར་པར་སྐྲུན་བྱས་ཤིང་། 1964ལོར་ཅེ་ཁེ་སི་ལོ་ཧྥ་ཁེའི་རྒྱལ་ཁབ་(Czechoslovakia)ཀྱི་བྱ་དགའ་ཐོབ། སྐབས་དེར་ཀུན་དྷེ་རའི་སྨྱུག་རྩེའི་ཁ་ཕྱོགས་ཕལ་ཆེ་བའི་དུས་ཚོད་ནི་ཟློས་གར་གྱི་ཕྱོགས་སུ་བསྲིངས་ལ། ཁོས་རང་གི་མེས་རྒྱལ་ནས་སྔ་གཞུག་ཏུ་འཁྲབ་གཞུང་གསུམ་བྲིས་ཡོད། 1958ལོར་ཀུན་དྷེ་ར་ལ་མཚོན་ན་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་ཏེ། འཁྲབ་གཞུང་འབྲི་བའི་བར་གསེང་དུ་ཁོང་གིས་ཉིན་གཅིག་གཉིས་ཀྱི་དུས་ཚོད་བེད་སྤྱད་དེ་《ང་དང་ཡིད་སྐྱོ་བའི་དཀོན་མཆོག》་ཅེས་བྲིས་པ་དེ་ནི་ཁོང་གི་སྐུ་ཚེ་གང་པོར་བྲིས་པའི་སྒྲུང་དེབ་དང་པོ་དེ་ཡིན། རྩོམ་ཡིག་དང་པོ་བྲིས་ཚར་རྗེས་ཁོང་གིས་སྐམ་ས་ནས་བསྟུད་མར་རྩོམ་ཡིག་གཉིས་པ་དང་། གསུམ་པ། བཞི་བ་བཅས་བསྡོམས་པས་རྩོམ་ཡིག་བཅུ་ཙམ་བྲིས་ཤིང་། ལེ་ཚན་དང་པོ་ནས་ཆེས་མཇུག་མཐའི་བར་དུ་དུས་ཚོད་ཀྱི་བར་ཐག་ནི་ཏག་ཏག་ལོ10ཡིན། སྒྲུང་ཐུང་འདི་དག་《དགོད་བྲོ་བའི་བརྩེ་བ》ཞེས་པའི་སྤྱིའི་ཁ་བྱང་དེབ་གསུམ་ལ་བགོས་ནས་པར་སྐྲུན་བྱས། ཁོང་ལ་འཛམ་གླིང་གི་མཚན་སྙན་དངོས་སུ་སྐྲུན་འགོ་ཚུགས་པའི་བརྩམས་ཆོས་ནི་སྒྲུང་རིང་《ཀུ་རེ》་ཞེས་པ་དེ་ཡིན་ཞིང་། དེབ་འདི་བསྟུད་མར་པར་གཞི་ཐེངས3བཏོན་པ་དང་། དཔར་གྲངས་དེབ་ཁྲི་བཅུ་ཕྲག་ཁ་ཤས་ཟིན་ཡོད།《ཀུ་རེ》ཞེས་པ་ད་དུང་གློག་བརྙན་དུའང་ཕབ་ཡོད། 1968ལོའི་ཟླ8པར་སུའུ་ལེན་གྱི་དམག་དཔུང་གིས་ཅེ་ཁེ་སི་ལོ་ཧྥ་ཁེ་བཙན་བཟུང་བྱས་པ་རེད། 《ཀུ་རེ》་དེ་བཀག་སྡོམ་དཔེ་ཆའི་གྲས་སུ་བཞག་ནས་མྱུར་དུ་དཔེ་ཁང་དང་དཔེ་མཛོད་ཁང་ནས་མེད་པར་གྱུར། ཡོ་རོབ་ཤར་མའི་རྒྱལ་ཁབ་ཏུ་པོ་ལན་(The Republic of Poland)དང་ནན་སི་ལ་ཧྥུ་(Yugoslavia)ཕུད་དེ་དང་འདྲ་བའི་ལས་དབང་ཞིག་བྱུང་བ་རེད། ཀུན་དྷེ་ར་ནི་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱས་པ་དང་། གློག་བརྙན་སློབ་གླིང་གི་དགེ་རྒན་དང་ལས་སྒྲུབ་པ་ཡང་ཕྱིར་འཐེན་བྱས་ཤིང་། རྩོམ་རིགས་ཡོད་ཚད་འཕྲལ་མར་དཔེ་ཁང་དང་སྤྱི་བའི་དཔེ་མཛོད་ཁང་ནས་མེད་པར་གྱུར་པ་དང་། དུས་མཚུངས་སུ་རྩོམ་རིགས་གང་ཡང་འགྲེམས་སྤེལ་བྱེད་མི་ཆོག་པར་བཟོས་པ་རེད།

གསུམ། རང་རྒྱལ་དུ་སྒྲུང་གཏམ་གྱི་སྒོ་ལ་འཇུག་ཚུལ།

1975ལོར་ཧྥ་རན་སིའི་དབྱི་ཧུའེ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཨའེ་ཏེ་ཅ་ཧྥུ་ཨའོ་ལེ་སྐུ་ངོ་མས་རེ་འདུན་ཞུས་པའི་འོག་ཅེ་ཁེ་སྲིད་གཞུང་གིས1978ལོར་ཀུན་དྷེ་ར་དང་ཁོང་གི་བཟའ་ཟླ་ཕ་རི་སིར་གཞིས་ཆགས་པ་མ་ཟད1981ལོར་ཧྥ་རན་སིའི་རྒྱལ་ཁོངས་སུ་ཞུགས། མི་ལན·ཀུན་དྷེ་ར་དང་ཁོའི་ཆུང་མ་གཉིས་ཧྥ་རན་སིར་ཕེབས་པར་དམིགས་བསལ་ཆོག་མཆན་བཀོད་པ་རེད། ཀུན་དྷེ་ལ་ནི་ཧྥ་རན་སིར་སླེབས་རྗེས་ཧྥ་རན་སིའི་རྩོམ་པ་པོ་ཧྥེར་ནན་ཏེ་སིས་འོས་སྦྱོར་བྱས་པ་བརྒྱུད་སྔོན་ལ་ལེ་ཨེན་སློབ་ཆེན་(UNIVERSITE RENNES)དུ་དགེ་རྒན་རམ་འདེགས་པའི་འགན་འཁུར་བ་བྱས་པ་རེད། ཡུལ་གྱར་བའི་ཐོག་མའི་དུས་སུ་ཀུན་དྷེ་ར་ནི་ས་སྐྱེས་རྡོ་སྐྱེས་ཀྱི་སྤྱི་དམངས་མི་སྣར་གྱུར། ཁོང་བརྙན་འཕྲིན་དུ་ཕེབས་ནས་བཅར་འདྲི་དང་ལེན་དང་། གླེང་མོལ་སྤེལ་བ། རྩོམ་ཡིག་འབྲི་བ་བཅས་གནང་། ཡུལ་དུས་སྣ་ཚོགས་ལ་བརྟེན་ནས་མི་རྣམས་ལ་སུའུ་ལེན་(Union of Soviet Socialist Republics)གྱིས་བཙན་འཛུལ་བྱས་རྗེས་ཅེ་ཁེ་སི་ལོ་ཧྥ་ཁེའི་གནས་ཚུལ་གསུངས་པ་རེད། 1978ལོར་མི་ལན·ཀུན་དྷེ་ར་དང་ཁོང་གི་བཟའ་ཟླ་ཕ་རི་སིར་གཞིས་ཆགས་ཤིང་། 1981ལོར་ཧྥ་རན་སིའི་རྒྱལ་ཁོངས་སུ་ཞུགས། 1984ལོར་ཀུན་དྷེ་ར་ཡིས་《ཐེགས་པར་དཀའ་བའི་ཚེ་སྲོག་གི་ཡང་བ》ཞེས་པ་སྤེལ། 1988ལོར་ཨ་རིའི་འཁྲབ་ཁྲིད་པ་ཧྥེ་ལི་ཕུའུ་ཁའོ་ཧྥུ་མན་(Philip Kaufman)གྱིས་གློག་བརྙན་《པུའུ་ལ་ཀི་ཡི་བརྩེ་དུང》(The Unbearable Lightness of Being)་ཞེས་པར་བཅོས་སྒྲིག་བྱས།

བཞི། སྒྲུང་གཏམ་གྱི་རྣམ་ཤེས་ཕྱི་གླིང་དུ་ཐོན་ཚུལ།

1985ལོར་ཀུན་དྷེ་རའི་སྒྲུང་གཏམ་གྱི་བརྩམས་ཆོས་ལ་ཕྱིའི་རྒྱལ་ཁབ་གང་མང་ཞིག་གིས་གདེང་འཇོག་དང་དོ་སྣང་བྱ་ཡུལ་དུ་གྱུར་ཏེ། ཁོས་བརྩམས་པའི་སྒྲུང་གཏམ་དག་ལ་བྱུང་རིམ་དང་། སྒྲུང་གཏམ་གྱི་སྤྲོས་བརྗོད་ནང་དོན། ཐབས་ལམ། དེ་ལས་མངོན་པའི་རྩོམ་གཤིས། བརྗོད་བྱ་འདེམ་སྒྲུག བརྗོད་སྙིང་མཚོན་སྟངས་བཅས་ཀྱི་ཐད་གཅིག་མཐུན་གྱི་ཆ་ཞིག་ཡོད་པ་ནི། ཁོའི་སྒྲུང་གཏམ་དག་གི་ནང་དུ་སྤྱི་ཚོགས་དགག་བཞག་གི་འདུ་ཤེས་ཟབ་མོ་ཞིག་ཡོད་པ་དེ་རེད། ལྷག་པར་དུ་ཀྲུང་གོའི་རྩོམ་རིག་དཔྱད་གཏམ་པ་ལི་ཨོའུ་ཧྥན་གྱིས་《ཕྱི་རྒྱལ་གྱི་རྩོམ་རིག་ཞིབ་འཇུག》་ཅེས་པའི་ཐོག་《འཛམ་གླིང་རྩོམ་རིག་གི་བདེན་དཔང་གཉིས་ཏེ། ཨ་མེ་རི་ཁ་ལྷོ་མ་དང་ཡོ་རོབ་ཤར་མའི་རྩོམ་རིག་གིས་ཀྲུང་གོའི་དེང་རབས་རྩོམ་རིག་ལ་བློ་སྒོ་འབྱེད་པ》ཞེས་པ་སྤེལ་བའི་ཐོག་ནས་ཨ་མེ་རི་ཁ་ལྷོ་མའི་རྩོམ་པ་པོ་མར་ཁེ་སི་དང་ཅེ་ཁེའི་རྩོམ་པ་པོ་མི་ལན·ཀུན་དྷེ་ར་དང་དེ་བཞིན་དུ་ཁོང་ཚོ་སོ་སོའི་མཚོན་བྱེད་བརྩམས་ཆོས་ངོ་སྤྲོད་བྱས་ཤིང་། ཀུན་དྷེ་ལའི་མཚན་སྙན་ནི་ཀྲུང་གོར་དངོས་སུ་བསྒྲགས་བྱུང་། 1989ལོར་ཀུན་དྷེ་རའི་ཕ་ཡུལ་པུར་ནོ་ཡི་ཨ་ཐེ་ལན་ཏི་སི་དཔེ་སྐྲུན་ཁང་གིས་རང་འགུལ་ངང་ཁོང་དང་འབྲེལ་བ་བྱས་ཏེ་ཁོང་གིས་ལོ་ཉི་ཤུ་ལྷག་ཙམ་རིང་མེས་རྒྱལ་དུ་ཐོག་མཐའ་བར་གསུམ་དུ་བཀག་སྡོམ་བྱས་པའི་བརྩམས་ཆོས་པར་སྐྲུན་བྱེད་འདོད་ཡོད་ཅེས་བཤད་པ་རེད། ཀུན་དྷེ་ར་ནི་དགའ་སྤྲོའི་ངང་ནས་འཐད་པ་བྱུང་། འོན་ཀྱང་ཁོ་ཚོས་བདམས་པའམ་གཟིགས་ཞིབ་བྱས་མྱོང་བའི་”གནད་སྨིན་འཐུས་ཚང་གི་བརྩམས་ཆོས”་དེ་དག་མ་གཏོགས་པར་སྐྲུན་བྱེད་མི་ཆོག་པའི་གཏན་འབེབས་གསལ་པོ་བྱས་པ་རེད།

ལྔ། རང་ཡུལ་དུ་མཚན་སྙན་གྱི་སྐྱ་རེངས་ཤར་ཚུལ།

1995ལོའི་སྟོན་ཁར་ཅེ་ཁེ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བྱ་དགའ་མཐོ་ཤོས་ཀྱི་གྲས་ཤིག་སྟེ་བྱས་རྗེས་བྱ་དགའ་མི་ལན·ཀུན་དྷེ་ར་སྤྲོད་རྒྱུའི་ཐག་བཅད་པ་རེད། ཁོང་གིས་དགའ་སྤྲོའི་ངང་དང་ལེན་གནང་བ་དང་འབྲེལ་ཡིག་ཐོག་ནས་ཅེ་ཁེའི་《མི་དམངས་ཚགས་པར》་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། བྱ་དགའ་ཐོབ་པའི་མྱོང་ཚོར་སྐོར་གླེང་སྐབས་ཀུན་དྷེ་ར་ལགས་ཀྱིས་བཤད་རྒྱུར། “ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། གཅིག་བྱས་ན་དེ་བས་ཀྱང་ང་ལ་སེམས་འགུལ་ཐེབས་པ་ནི་ཝ་ཚི་ལ་ཧྥུ་ཧ་ཝེར་(VáclavHavel)གྱིས་ང་ལ་བསྐུར་བའི་འཕྲིན་ཡིག་རེད་ཅེས་བཤད་ཆོག ལྷག་པར་དུ་འཕྲིན་ཡིག་ནང་གི་སྐད་ཆ་འདི་འདྲ་ཞིག་སྟེ་ཁོང་གིས་ད་ཐེངས་ཀྱི་བྱ་དགའ་སྤྲོད་པ་དེ་ང་དང་མེས་རྒྱལ། མེས་རྒྱལ་དང་ངའི་དབར་གྱི་འབྲེལ་བར་རྫོགས་ཚིག་བཀོད་པ་ཞིག་ཏུ་བརྩིས་ཡོད”་ཅེས་བཤད། 2011ལོར་མི་ལན·ཀུན་དྷེ་ར་ནི་སྐར་བདུན་རིག་མཛོད་དུ་བདམས་ཐོན་བྱུང་བ་དང་། འཇིག་རྟེན་འདིར་བདམས་ཐོན་བྱུང་བའི་རྩོམ་པ་པོ་གཅིག་པུ་ཡིན།(Milan Kundera was selected as the only living author to be selected)  2019ལོའི་ཟླ11ཚེས28ཉིན་ཅེ་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཧྥ་རན་སིར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་པི་ཏེ་ཏེ་ལུའུ་ལ་ཁེས་ཕ་རི་སིའི་ཀུན་དྷེ་རའི་སྡོད་ཁང་ནང་མི་ལན·ཀུན་དྷེ་ར་ལགས་ལ་འཚམས་འདྲི་བྱས་ནས་ཁོང་ལ་སྤྱི་དམངས་ཀྱི་ལག་ཁྱེར་སྤྲད་པ་རེད། མི་ལན·ཀུན་དྷེ་ར་ནི་ཡང་བསྐྱར་མེས་རྒྱལ་ཅེ་ཁུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནས་ཡོང་བའི་སྤྱི་དམངས་ཀྱི་ཐོབ་ཐང་ཐོབ་སོང་། 2020ལོའི་ཟླ9ཚེས20ཉིན་ཧྥུ་ལན་ཚི་ཁ་ཧྥུ་ཁ་(Franz Kafka)མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧྥུ་ལ་ཏི་སྨིར་ཙེ་ལའེ་ཚི་ཉི་(Vladmír elezny)ཡིས་ཅེ་ཁེའི་རྩོམ་པ་པོ་མི་ལན·ཀུན་དྷེ་ར་ལགས་ལ་ད་ལོའི་ཧྥུ་ལན་ཚི་ཁ་ཧྥུ་ཁ་རྒྱལ་སྤྱིའི་རྩོམ་རིག་བྱ་དགའ་ཐོབ་པ་ཁྱབ་བསྒྲགས་བྱས། ཀུན་དྷེ་ར་ཡིས་ཁ་པར་ནང་ནས་བྱ་དགའ་ཐོབ་པར་བཀའ་དྲིན་ཞུས་ཤིང་། ཁོས་འདི་ལ་ཧ་ཅང་གཟི་བརྗིད་ལྡན་པར་འདོད་པ་རེད། ལྷག་པར་དུ་འདི་ནི་ཁ་ཧྥུ་ཁ་བྱ་དགའ་(Franz Kafka Prize)རེད། ཁོ་ལ་ཧ་ཅང་སྙིང་ཉེ་བའི་རྩོམ་པ་པོ་ཞིག་གི་མིང་གིས་མིང་བཏགས་པའི་རྩོམ་རིག་གི་བྱ་བཞག་ཅིག་རེད། པུར་ནོ་རུ་གནས་པའི་མོ་ལ་ཝེ་ཡའི་དཔེ་མཛོད་ཁང་(MoravianLibrary)གི་ཅེ་ཁེའི་རྩོམ་པ་པོ་མི་ལན·ཀུན་དྷེ་ར་(MilanKundera)ནི2023ལོའི་ཟླ7པའི་ཚེས11ཉིན་ཏེ་གཟའ་མིག་དམར་ལ་པ་ལི་ནས་སྙུན་གཞིའི་རྐྱེན་པས་དགུང་གྲངས94སྟེང་ཚེ་ལས་འདས་སོང་། ཀུན་དྷེ་ར་ནི་དུས་རབས་ཉི་ཤུ་བའི་ཤུགས་རྐྱེན་ཆེས་ཆེ་བའི་སྒྲུང་གཏམ་རྩོམ་པ་པོའི་གྲས་ཤིག་ཡིན་ལ། ཁོའི་མི་ཚེ་གང་བོའི་དུས་ཚོད་མང་ཆེ་བ་ནི་དབེན་སར་བསྡད་པས་མང་ཚོགས་དང་འབྲེལ་འདྲིས་བྱེད་པ་ཧ་ཅང་ཉུང་བའི་ས་སྐྱེས་རྡོ་སྐྱེས་ཀྱི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན།

དྲུག བརྩམས་ཆོས་ནི་ལྷ་མཚོ་སྔོན་མོའི་རྦ་རླབས་བཞིན་འཕྱུར་ཚུལ།

* སྙན་ངག་གི་སྐོར།

《པའོ་ཨར་ཧ་སི་ལ་རྗེས་དྲན་ཞུ》 《མི་སྟེ་ཡངས་ཤིང་རྒྱ་ཆེ་བའི་མེ་ཏོག་ལྡུམ་ར་ཞིག》 《ཁེར་རྐྱང》 《མཇུག་མཐའི་ཟླ་ལྔ་བ》

* སྒྲུང་གཏམ་གྱི་སྐོར།

《ང་དང་ཡིད་སྐྱོ་བའི་དཀོན་མཆོག》1958ལོར།   《ཀུ་རེ》1967ལོར།   《དགོད་བྲོ་བའི་བརྩེ་བ》1968ལོར།

《གནས་གཞན་དུ་འཚོ་བ》1969ལོར།   《སྒོར་བྲོ་ལ་ཁ་གྱེས་པ》1976ལོར།   《བཞད་གད་དང་བརྗེད་པའི་དེབ》1979ལོར།

《ཐེགས་པར་དཀའ་བའི་ཚེ་སྲོག་གི་ཡང་བ》1984ལོར།   《ཉམས་པ་མེད་པ》1990ལོར།   《དལ་བ》1995ལོར།

《ཐོབ་ཐང》1996ལོར།   《རང་བཞིན》 《བསྙེལ་བྱང》 《གཞོམ་གཞིག་བྲལ་བ》   《རྟེན་འབྲེལ་ལ་སྙིང་བོ་མེད》2014 ལོར།

《ཅི་ཡང་མི་ཤེས་པ》2000ལོར།

* རྩོམ་རིག་གཞུང་ལུགས་ཀྱི་སྐོར།

《སྒྲུང་གཏམ་གྱི་སྒྱུ་རྩལ》1986ལོར།   《རྒྱབ་འགལ་བྱས་པའི་ཁ་ཆེམས》  《ཡོལ་རས》  《མཇལ་འཛོམས》

* འཁྲབ་གཞུང་གི་སྐོར།

《ཡ་ཁུ་དང་ཁོའི་བདག་པོ》 《ལས་དབང་སྨྲ་བ་ཡ་ཁི》

* གཞན་དག་གི་སྐོར།

《སྟེང་དབང་གིས་འཕྲད་པ》   《ཨེ་ཧྲི་ཡི་སྲིད་པའི་རང་བཞིན》   《རྒྱུ་འབྲས་ཀྱི་འབྲེལ་བ་ལས་བརྒལ་བ》

《སྣ་མང་གི་ལོ་རྒྱུས་རིང་ལུགས》  《འབྱུང་སྲིད་པའི་རང་བཞིན》  《དེང་རབས་རིང་ལུགས》

《བདེ་མོ་འཇོག་པའི་འདུ་འཛོམས་ཀྱི་ཆེད་དུ》   《ཞལ་གྱེས་ཞུ་བའི་ཝར་ཙི》  《རླངས་འཁོར་ལ་འདུག་པའི་རོལ་རྩེད》

བདུན། བརྩམས་སྒྲུང་གི་ཁྱད་ཆོས་ཆིག་ཐུབ་གཏམ་གྱི་རི་མོ།

       ༡.བསམ་བློའི་གཙོ་བོ་ཆུ་བརྒྱ་ཟམ་འདུས།

བརྩེ་བ་དང་འཆི་བ། དགའ་བ། སྐྱོ་བ་བཅས་ནི་རྒྱུན་མཐོང་གི་བརྗོད་གཞི་འདི་དག་ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་གནས་ཚུལ་སྣ་ཚོགས་ཀྱི་འོག་དང་སྨྱན་གཟུགས་སྣ་ཚོགས་ཁྲོད་ནས་རྙེད་ཐུབ་མོད། མི་ལན·ཀུན་དྷེ་ར་ཡིས་ཁོའི་སྨྱུག་འོག་གི་མི་སྣ་དང་ཀློག་པ་པོའི་བར་དུ་བསམ་པའི་འབྲེལ་བ་ཟབ་མོ་ཞིག་བཙུགས་པ་བརྒྱུད་ནས་གོང་གི་བརྗོད་གཞི་རེ་རེ་ལ་གཏིང་ཟབ་པའི་འཚོལ་ཞིབ་ཅིག་བྱས་འདུག ཀུན་དྷེ་ར་ཡིས་རྒྱུན་དུ་རང་ཉིད་བརྩམས་སྒྲུང་ནང་དུ་བཞག་ནས་རང་ཉིད་ཀྱི་གསར་རྩོམ་དང་ཕན་ཚུན་ལ་སྐུལ་འདེད་བྱེད་པ་དང་། དེ་དང་འདྲ་བར་ཁོང་གིས་ཀྱང་ང་ཚོ་ལྟ་བུའི་ཀློག་པ་པོ་རྣམས་དེའི་ནང་དུ་གདན་འདྲེན་ཞུས་ཏེ་ཀློག་པ་པོ་རྣམས་ཀྱིས་ཁོང་གི་སྨྱུག་འོག་གི་མི་སྣ་དང་འབྲེལ་བ་འཛུགས་རོགས་གནང་། ཀུན་དྷེ་རའི་བརྩམས་སྒྲུང་གི་མགོ་མཇུག་བར་གསུམ་དུ་ཁྱབ་པ་ནི་ཁོས་སྐད་གསེང་མཐོན་པོས་འབོད་པའི་བརྗོད་གཞི་གཙོ་བོ་ཞིག་རེད། མི་ཚེ་ནི་གང་ལ་འགྲོ་བ་དང་གང་ནས་ཡོང་བའི་དོན་དག་ཅིག་རེད། ཁོང་གི་སྒྲུང་དེབ་ཁ་ཤས་ནང་ཀུན་དྷེ་ར་ཡིས་ཁ་ཕྱོགས་མི་འདྲ་བ་ཁ་ཤས་ནས་བརྗོད་བྱ་གཙོ་བོ་དེར་རྒྱས་བཤད་བྱས་པ་དང་། ཀུན་དྷེ་ར་ཡིས་མཚན་ཉིད་རིག་པ་ཁྲིད་སྟོན་དུ་འཛིན་པའི་བྱེད་ཐབས་ལ་བརྟེན་ནས་རྒྱས་བཤད་བྱེད་རིམ་དེ་དག་ནི་མིའི་རིགས་ཀྱི་འཚོ་བའི་འདུ་ཤེས་ཀྱི་གནད་དོན་ལ་ཐུག་པ་ཞིབ་ཚགས་ཀྱིས་བྲིས་འདུག ཁོང་གིས་བརྩམས་སྒྲུང་རེ་རེའི་ནང་བརྗོད་བྱ་གཙོ་བོ་དང་མི་སྣ་ཞིབ་འབྲི་གཏིང་ཟབ་བྱས་ཡོད་པར་མ་ཟད་རྩོམ་འབྲི་བའི་བརྒྱུད་རིམ་ནང་ཤེས་བྱ་ཕུན་སུམ་ཚོགས་པ་བེད་སྤྱོད་གནང་ཐུབ་པའི་རྒྱུ་མཚན་ནི་ཁོ་རང་ཉིད་ཀྱི་མྱོང་བ་དངོས་ལ་ཐུག་འདུག ཁོས་སྨྱུག་འོག་གི་མི་སྣ་ལ་དངོས་སུ་མྱོང་ཚོར་ཡོད་པའི་དཔེ་མཚོན་ནི་ཁོའི་བརྩམས་སྒྲུང་《ཅི་ཡང་མི་ཤེས་པ》ཞེས་པའི་ནང་དུ་ཡོད། ཀུན་དྷེ་ར་ནི་བརྩམས་སྒྲུང་ཁྲོད་ཀྱི་ཡུལ་གྱར་པ་གཉིས་དབྱི་ལེ་ན་དང་ཡའོ་སི་ཧྥུ་དང་འདྲ་བར་རང་གི་ཕ་ཡུལ་ཅེ་ཁུ་སྤྱི་མཐུན་རྒྱལ་ཁབ་དང་ཁ་བྲལ་བ་མ་ཟད། དབྱི་ལེ་ན་དང་འདྲ་བར་ཁོ་ཡང་ཧྥ་རན་སི་ལ་གནས་སྤོར་ནས་ལོ་ངོ་སུམ་ཅུ་ཡས་མས་ལ་བསྡད།

ཁོའི་མི་སྒེར་གྱི་ཉམས་མྱོང་ཁོའི་བརྩམས་སྒྲུང་དང་ཁོ་དང་དཔེ་ཆའི་ཁྲོད་ཀྱི་མི་སྣའི་གཏིང་ཟབ་པའི་འབྲེལ་བའི་ཁྲོད་དུ་འདྲེས་ཡོད་ལ། འདིས་ཁོའི་བརྩམས་སྒྲུང་ཁྲོད་ཀྱི་གནས་ཚུལ་ཀློག་པ་པོའི་མིག་ལམ་ནང་དུ་སྔར་ལས་བདེན་པ་བདེན་ཐུབ་དང་ཡིད་རྟོན་རུང་བ་ཞིག་ཏུ་འགྱུར་བར་ཕན་ཐོགས་བྱས་ཡོད། མི་གཞན་གྱི་ཤུགས་རྐྱེན་ཟབ་མོ་ཐེབས་པའི་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། ཀུན་དྷེ་ར་ཡིས་ད་དུང་ཁོ་རང་ཉིད་ཀྱི་འཚོ་བ་ལས་གཞན་པའི་ས་ནས་ཚོར་བ་བསྡུ་ལེན་བྱས་ཏེ་ཁོས་ཨོ་སི་ཁྲུ་རི་ཡའི་རྩོམ་པ་པོ་རོ་པོ་ཐེ་མུའུ་ཆི་ཨེར་(RobertMusil)དང་འཇར་མན་གྱི་མཚན་ཉིད་རིག་པ་བ་ཧྥུ་ལི་ཏེ་ལི་ཞི་ཉི་ཚའེ་(FriedrichWilhelm)སོགས་ཀྱི་བསམ་བློར་དམིགས་ནས་བརྩམས་ཆོས་འགའ་གསར་རྩོམ་བྱས་འདུག  མུའུ་ཆི་ཨར་གྱི་ཆེས་མིང་དུ་གྲགས་པའི་བརྩམས་སྒྲུང་《རང་གཤིས་མེད་པའི་མི》་དང་ཁོན་ཏི་ལ་ཡི་བརྩམས་ཆོས་ཁ་ཤས་ལ་འདྲ་ས་ཡོད། 《རང་གཤིས་མེད་པའི་མི》ཞེས་པའི་ནང་སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་རིག་སྟོབས་ཉམས་ཚུལ་ལ་ཞིབ་ལྟ་བྱས་པ་མ་ཟད། མི་སྣ་མང་པོའི་སེམས་ཁམས་ཀྱི་འཚོ་བ་དང་བསམ་པའི་འཚོ་བར་ལྟ་ཞིབ་ཀྱང་བྱས་ཡོད། ཉི་ཚའེ་ཡིས་རྟག་བརྟན་འཁོར་བ་དང་”ཁུར་པོ་ལྕི་ཤོས”་ཀྱི་རིགས་པའི་གཞུང་ལུགས་གཙོ་གནད་དུ་བཟུང་ནས་གྲོས་བསྡུར་བྱས་པ་དེ་ཡང་《ཐེགས་པར་དཀའ་བའི་ཚེ་སྲོག་གི་ཡང་བ》ཞེས་པའི་སྙིང་དོན་གལ་ཆེན་ཞིག་རེད། ཕྱི་རོལ་ནས་བྱུང་བའི་ཤུགས་རྐྱེན་དང་རང་ཉིད་ཀྱི་འཚོ་བའི་ཤུགས་རྐྱེན་ཟུང་འབྲེལ་བྱས་ཏེ་ཀུན་དྷེ་ར་ཡིས་བརྩམས་ཆོས་ཀྱི་བརྗོད་བྱ་གཙོ་བོའི་ཟབ་ཚད་སྔར་བས་ཆེ་རུ་བཏང་ཡོད།

༢. ཞིབ་བརྗོད་བྱེད་ཐབས་ལག་མཐིལ་སྐྱུ་རུ་རློན་བཞག

མི་ལན·ཀུན་དྷེ་རའི་བརྩམས་སྒྲུང་གིས་གཏམ་རྒྱུད་ཀྱི་ཟུར་ཚད་དང་དུས་ཚོད་ཀྱི་ཟུར་ཚད་ཀྱི་གདམ་གསེས་ལ་ཧ་ཅང་དོ་སྣང་བྱེད། སྲོལ་རྒྱུན་གྱི་དོན་བརྗོད་ནི་སྤྱིར་བཏང་དུ་མི་དང་པོ་དང་གསུམ་པའི་ཞིབ་བརྗོད་ལས་མ་འདས། སྐབས་འགར་མི་གཉིས་པའི་སྐད་ཆའི་རྣམ་པའི་ཞིབ་བརྗོད་ཡོད་ནའང་མི་སྔོན་མ་གཉིས་ཀྱི་ཞིབ་བརྗོད་ཀྱི་འགྱུར་ལྡོག་ཙམ་རེད། མི་ལན·ཀུན་དྷེ་ར་ཡིས་མི་དང་ཁྱད་པར་ཅི་ཡང་མེད་པ་ཞིག་ཞིབ་བརྗོད་བྱས་མོད། འོན་ཀྱང་མི་ལན·ཀུན་དྷེ་ར་ཡིས་མི་དང་པོའམ་གསུམ་པས་གཏམ་རྒྱུད་བཤད་པའི་སྐབས་སུ་ཧ་ཅང་ཁྱད་པར་ཅན་གྱི་ནུས་པ་ཞིག་བསྐྲུན་ཐུབ་པ་ནི་དམིགས་བསལ་གྱི་ཁྱད་ཆོས་ཤིག་རེད། གཏམ་རྒྱུད་བྱུང་བ་དེ་རྩོམ་པ་པོའི་རྩོམ་འབྲི་དང་ཀློག་པ་པོའི་ཀློག་འདོན་དང་མཉམ་དུ་སྤེལ་བ་དང་། དེ་གཉིས་ཀྱི་བར་དུ་དུས་མཉམ་གྱི་རྣམ་པ་ཞིག་གྲུབ་པར་བྱས་ཤིང་། བརྩམས་ཆོས་ལ་སྔར་བྱུང་མ་མྱོང་བའི་དོན་དངོས་ཀྱི་ཚོར་བ་ཞིག་ཐོབ་པ་དང་། སྐྱི་པགས་གཏུབ་པའི་”ཡུལ་དངོས་ཐད་གཏོང”་ལྟ་བུའི་”ཡུལ་དངོས་སུ་ཡོད་པའི”་ཚོར་བ་ཞིག་ངང་གིས་སྦྱིན་ཐུབ་བོ།།

མི་ལན·ཀུན་དྷེ་ར་ནི་ཐུའོ་ཧྲི་”བསྐྱར་སྒྲིག་བརྩམས་སྒྲུང”གི་དད་ལྡན་པ་རྣལ་མ་ཞིག་ཡིན་ལ་”བསྐྱར་སྒྲིག”་གི་རིགས་པའི་གཞུང་ལུགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་ལག་ལེན་པ་ཞིག་ཀྱང་ཡིན། བསྐྱར་སྒྲིག་རྣམ་པའི་དོན་བརྗོད་དམ་ཡང་ན་སྒྲ་མང་བའི་དོན་བརྗོད་ནི་མི་ལན·ཀུན་དྷེ་ར་ལགས་ཧ་ཅང་དགའ་བ་ཙམ་མ་ཡིན་པར་བཀོལ་སྤྱོད་བྱེད་པར་ཡང་ཧ་ཅང་བྱང་ཆུབ་པའི་དོན་བརྗོད་ཐབས་རྩལ་ཞིག་ཡིན། མི་ལན·ཀུན་དྷེ་ར་ཡིས་རྟག་ཏུ་དུས་རབས་མི་འདྲ་བ་དང་རིགས་མི་འདྲ་བའི་མི་སྣའི་གཏམ་རྒྱུད་ལག་ཞོར་དུ་བྲིས་ནས་རང་ཉིད་ཀྱི་བརྩམས་སྒྲུང་ནང་འཕུར་མཉེད་བྱེད་པ་དང་ཆབས་ཅིག་གཏམ་རྒྱུད་རིགས་གཉིས་དང་ཐ་ན་རིགས་ཁ་ཤས་བརྗོད་ཀྱི་ཡོད། དེའི་རྩོམ་རིགས་ནང་ལོ་རྒྱུས་དང་དོན་དངོས། དོན་དངོས་དང་སྒྲིག་གཞི་རྫུན་མ་མཉམ་དུ་འཕུར་མཉེད་བྱས་ན་གང་འདོད་དུ་ཁ་ཕྱེ་ཆོག་ལ་གང་འདོད་དུ་སྒྲིག་སྦྱོར་ཡང་བྱས་ཆོག ཁ་ཕྱེ་བ་ནི་རང་སོ་སོའི་ཁེར་རྐྱང་གི་གཏམ་རྒྱུད་ཡིན་ལ། སྒྲིག་སྦྱོར་བྱེད་པ་ནི་སྙན་ངག་གི་ཉམས་ལྡན་པའི་བསྐྱར་སྒྲིག་རྣམ་པའི་བརྩམས་སྒྲུང་གི་རྒྱུ་ཆ་གལ་ཆེན་ཞིག་ཡིན། མི་ལན·ཀུན་དྷེ་ར་ལ་མཚོན་ནས་བཤད་ན་བརྩམས་སྒྲུང་ཞིབ་བརྗོད་ཀྱི་རྣམ་པའི་གདམ་གསེས་ནི་ཁོའི་སྡུག་བསྔལ་གྱི་འཚོལ་སྙེག་ཡིན་ལ། ཁོ་ལ་གསར་གཏོད་ཀྱི་སྤྲོ་སྣང་ཡང་སྟེར་ཐུབ། ཁོའི་བརྩོན་ལེན་འདིའི་རིགས་ནི་དོན་གནས་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་རེད་ཅེས་བཤད་ཆོག ཁོས་བརྩམས་སྒྲུང་གི་དོན་བརྗོད་འབྲི་མཁན་དག་ལ་ཚོད་ལྟ་གསར་བ་ཞིག་མཁོ་འདོན་བྱས་འདུག ཁོང་གིས་ཐུན་མོང་རང་བཞིན་གྱི་རྒྱས་བཤད་བྱེད་སྟངས་དང་བསྐྱར་སྒྲིག་རྒྱས་བཤད་བྱེད་སྟངས་སོ་སོར་རྒྱས་བཤད་མཁན་གྱི་ཤེས་ཚོར་ཟུར་ཚད་དང་གཏམ་རྒྱུད་ཀྱི་མི་སྣ་གཙོ་བོའི་སྐད་ཆའི་ཟུར་ཚད་ཐོག་ནས་ཡིག་ཆའི་གཏམ་རྒྱུད་ལ་དུས་རིམ་དང་གཏན་ཚིགས་ཀྱི་སྒྲོམ་གཞི་ཞིག་བཙུགས་ཡོད། ཞིབ་བརྗོད་ཀྱི་རྣམ་པ་དང་སྐད་ཆའི་རྣམ་པ་སོ་སོ་མི་འདྲ་བས་བརྩམས་ཆོས་ལ་རྣམ་པ་དང་ནང་དོན་སྟེང་གི་ཚོར་བ་ངོ་མ་ཞིག་སྟེར་ཐུབ། མི་ལན·ཀུན་དྷེ་ར་ལ་རྨི་ལམ་ཞིབ་བརྗོད་ཀྱི་ཚོར་བ་ནི་ཁ་ཧྥུ་ཁ་དང་ཆའོ་དབྱི་སི། ཕུའུ་ལུའུ་སི་ཐི་སོགས་ཀྱི་བརྩམས་སྒྲུང་དགེ་རྒན་ཆེན་མོ་ལས་བྱུང་བ་ཞིག་རེད། འོན་ཀྱང་མི་ལན·ཀུན་དྷེ་ར་དེ་ལ་དགའ་བ་དང་ཆ་རྒྱུས་ཡོད་པ་ནི་སྒྲུང་གཏམ་ཐུང་འབྲིང་ཀློག་པར་སྤྲོ་བའི་རྩེ་རི་བ་ངས་བསམ་པར་ཁོའི་དགེ་རྒན་རྣམས་ལས་ཅུང་ཙམ་ཡང་ཞན་པ་ཞིག་རེད། དེའི་སྟབས་ལེགས་པའི་བཀོལ་སྤྱོད་ཀྱིས་མི་ལན·ཀུན་དྷེ་ར་ཡི་བརྩམས་སྒྲུང་ལ་རབ་རིབ་ཀྱི་མཛེས་དཔྱོད་རིག་པའི་ཡུལ་ལྗོངས་ཤིག་ཐོབ་པ་དང་། ཁོ་ལ་གནས་པའི་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་བརྩམས་སྒྲུང་གིས་བརྩམས་སྒྲུང་གི་བརྗོད་གཞི་དང་ཐག་ཉེ་བའི་ཐབས་ལམ་ཞིག་རྙེད་པ་རེད། རྒྱུ་མཚན་ནི་མེ་ཏོག་དང་མེ་ཏོག་མིན་པ་ནི་མཛེས་དཔྱོད་རིག་པའི་ནང་དོན་ཞིག་ཡིན་པ་མ་ཟད། གནས་པ་རིང་ལུགས་པ་རྣམས་ཀྱི་མིག་ནང་གི་འཚོ་གནས་རྣམ་པའི་ལད་ཟློས་དངོས་བྲིས་ཤིག་ཀྱང་ཡིན།

༣.བརྩམས་ཆོས་ཀྱི་བརྗོད་བྱ་གཙོ་བོ་འོ་མའི་མར་ལོ།

 ཀ སེམས་ཁམས་དངོས་ཡོད་རིང་ལུགས་ཀྱིས་ཁྱབ་ཚུལ།

མི་ལན·ཀུན་དྷེ་ར་ཡིས་སེམས་ཁམས་དངོས་ཡོད་རིང་ལུགས་ཀྱི་རྩོམ་འབྲིའི་བྱེད་ཐབས་སྤྱད་དེ་ཀློག་པ་པོས་མི་སྣའི་བསམ་གཞིགས་བྱ་རིམ་ལ་སེམས་ཁུར་བྱེད་ཚད་དེ་ཁོ་ཚོས་མི་སྣའི་ཕྱིའི་རྣམ་པར་སེམས་ཁུར་བྱེད་ཚད་ལས་བརྒལ་བ་ཡོད་དེ། གང་ལགས་ཤེ་ན། ཀུན་དྷེ་ར་ཡིས་རང་ཉིད་བརྩམས་སྒྲུང་ནང་དུ་བཞག་ནས་གསར་རྩོམ་དང་ཕན་ཚུན་སྐུལ་འདེད་བྱེད་པར་མ་ཟད། ཁོང་གིས་རང་ཉིད་ཀྱང་ཀློག་པ་པོ་དེའི་ནང་དུ་གདན་འདྲེན་ཞུས་ཏེ་ཀློག་པ་པོས་ཁོང་གི་སྨྱུག་འོག་གི་མི་སྣ་དང་འབྲེལ་བ་འཛུགས་རོགས་གནང་བ། ཁོས་ཀློག་པ་པོའི་བསམ་པའི་བཀོད་ཤུགས་ཀྱིས་རང་འགུལ་གྱིས་རྩོམ་པ་པོའི་བསམ་པའི་བཀོད་ཤུགས་ལ་ཁ་གསབ་བྱེད་ཐུབ་པར་ཡིད་ཆེས་བརྟན་པོ་ཞིག་ངང་ངམ་ཤུགས་ཀྱིས་ཆགས་འདུག

རང་བསྟོད་(Kitsch)ཀྱིས་འདུས་ཚུལ།

ཀུན་དྷེ་རའི་བརྩམས་སྒྲུང་དག་གི་ནང་དུ་ཁོ་རང་ཉིད་བེད་སྤྱད་དང་ལྷན་དུ་རང་བསྟོད་ཀྱིས་འདུས་ཡོད་དེ། དེ་བས་རང་བསྟོད་ནི་རིན་ཐང་མེད་པ་དང་ཡོངས་སུ་ཁས་མི་ལེན་པ་ཞིག་མིན་པར་དེ་ནི་ཐ་ཤལ་ཞིག་མིན་ལ་མང་ཚོགས་ལ་ངོ་དགའ་བྱེད་འདོད་པ་ཞིག་ཀྱང་མིན། དེ་བས་ཡང་དག་པའི་དོན་སྙིང་ནི་”མཁས་མདོག”་ཡིན་པས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་བསམ་ཚུལ་ལ་ལུགས་མཐུན་དང་ཁྲིམས་མཐུན་རང་བཞིན་སྤྲོད་ཡོད་པ་བཞིན་དུ་ངུ་བ་ནི་སྐྱོ་གདུང་གི་རྐྱེན་གྱིས་མ་ཡིན་པར་སྐྱོ་གདུང་མཚོན་པའི་ཆེད་དུ་ཡིན། དགོད་པའང་སྤྲོ་སྣང་གི་རྐྱེན་གྱིས་མ་ཡིན་པར་སྤྲོ་སྣང་གི་ཆེད་དུ་ཡིན། འདི་ནི་མིའི་རིགས་ཀྱི་དོན་སྙིང་མེད་པའི་མངོན་ཚུལ་ཞིག་ཡིན། རང་བསྟོད་ཀྱང་དེ་ལས་མ་འདས།

གནའ་བོའི་རོལ་དབྱངས་ཀྱིས་རྒྱན་ཚུལ།

ཀུན་དྷེ་ལ་ནི་དབྱངས་རྟ་ཞིག་གི་རྣམ་པས་བརྩམས་སྒྲུང་འབྲི་བར་དགའ་བ་ནི་གཞན་དང་མི་མཚུངས་པའི་ཁྱད་ཆོས་དང་རྒྱན་ཆ་ཤིག་ཡིན། མཚན་ཉིད་རིག་པ་དང་དོན་བརྗོད། ཕུགས་བསམ་བཅས་དབྱངས་རྟ་གཅིག་གི་ནང་དུ་འཇོག་ཆེད་དུ་ཁོའི་བརྩམས་སྒྲུང་གིས་ནང་དོན་དང་བརྗོད་བྱ་གཙོ་བོའི་བར་གྱི་དབྱངས་རྟ་གཞོགས་འདེགས་བྱེད་པར་དོ་སྣང་ཆེན་པོ་བྱས་འདུག གནའ་བོའི་རོལ་དབྱངས་ལ་རོལ་མྱོང་བྱེད་པའི་ཐབས་ཀྱིས་ཁོའི་བརྩམས་སྒྲུང་ཀློག་ན་ཁྱོད་ཀྱིས་ཁོ་རང་རྒྱུ་རྐྱེན་མི་འདྲ་བའི་བར་གྱི་འདྲ་མཉམ་དང་སྤྱི་ཡོངས་ཀྱི་ཁ་བྲལ་ཐབས་མེད་པ་ཤེས་སྲིད། དེ་ནི་ཕུན་སུམ་ཚོགས་པའི་དབྱངས་རྟ་ཞིག་དང་ཀུན་ནས་མཚུངས། མཐར་གཏུགས་ནས་བཤད་ན་བརྩམས་སྒྲུང་རོལ་དབྱངས་དང་སྡེབ་པ་ནི་བྱ་སྤྱོད་སྤེལ་མཁན་ལ་ཞིབ་འཇུག་བྱེད་པ་དང་མི་ལ་ཞིབ་འཇུག་བྱེད་པ། ལྷག་པར་དུ་དེང་གི་འགྱུར་ལྡོག་དང་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་འདིའི་གསར་རྩོམ་ལ་དབྱེ་ཞིབ་དང་བརྒྱུད་བསྒྲགས་འགྲེལ་བཤད་མཁན་གྱི་ནུས་པ་ཞིག་ཐོན་ཐུབ།

བརྒྱད། མཇུག་གཏམ་ལྷ་མཚོ་སྔོན་མོའི་བཞུར་རྒྱུན།

ངས་བལྟས་མྱོང་བའི་སྒྲུང་གཏམ་དག་གཞིར་བྱས་ཏེ་སྒྲུང་གཏམ་ལ་ཕྱིར་བལྟས་ཤིག་བྱས་ན། འཕེལ་རྒྱས་ཀྱི་དུམ་མཚམས་དང་རྟགས་མཚན་རབ་རིབ་མང་བོ་ཞིག་མཐོང་རྒྱུ་ཡོད། རྩོམ་པ་པོ་ཕྱི་མ་ཕྱི་མས་སྔ་མ་སྔ་མའི་རྩོམ་རྩལ་ལས་ཐོད་རྒལ་བྱས་པ་ཡོད་ལ། རྩོམ་པ་པོ་གཅིག་གི་རྩོམ་རྩལ་ལའང་དུས་སྔ་ཕྱིའི་མི་འདྲ་བའི་ཐོད་རྒལ་ཡོད། དུས་རབས་ཉེར་གཅིག་པའི་ནང་དུ་རྩོམ་པ་པོ་གསར་བ་སྐོར་ཞིག་དང་རྩོམ་གསར་བ་སྐོར་ཞིག་རང་རང་གི་མིའི་རིགས་སམ་རྒྱལ་ཁབ་ཀྱི་རྩོམ་སྟེགས་སུ་ཐོན་ནས་མིའི་རིགས་ཀྱི་རྩོམ་རིག་གི་མཁའ་དབྱིངས་མཛེས་སྡུག་ཅན་དུ་བྱས་ཡོད། མི་ལན·ཀུན་དྷེ་ར་ནི་དེའི་ཁྲོད་ཀྱི་མངོན་པར་གསལ་བའི་སྐར་ཆེན་གཅིག་རེད་ཅེས་བརྗོད་ཆོག  སྒྲུང་གཏམ་འབྲི་མཁན་ཞིག་ལ་མཚོན་ན། ཐོག་མར་རྩོམ་དུ་ཅི་ཞིག་འབྲི་རྒྱུ་ཡིན་པ་དང་ཅི་ཞིག་འབྲི་རྒྱུ་མིན་པའི་འདམ་ང་ཞིག་ཡོད། བསྟན་དོན་མཚོན་པ་ལ་མཚོན་པའི་ནུས་པ་ཡོད་པ་དང༌། ཡང་ན་རྩོམ་རིག་གི་མཛེས་པ་འདོན་པ་ལ་རམ་འདེགས་སུ་འགྱུར་བའི་ཆ་དེ་འབྲི་དགོས་པ་སྨོས་མ་དགོས་ཀྱང༌། འདི་ནི་བཤད་ན་སླ་ལ་ལས་ན་དཀའ་བའི་བྱ་ལས་ཤིག་རེད། སྒྲུང་གཏམ་ལ་ལྟ་བའི་གོ་རིམ་ཁྲོད་དུ་བྲིས་པའི་ཚན་པ་གང་ཡིན་ཀྱང་ལྟ་མཁན་ལ་མངོན་སུམ་ལྟ་བུའི་ཚོར་སྣང་རེ་སྐྱེད་པར་མ་ཟད། རྩོམ་ནང་དོན་མེད་ལྷག་མ་ཅན་དུ་གྱུར་པའི་ཆ་ཡོད་པའི་སྣང་བ་མི་སྟེར་བར་རྩོམ་ཉིད་ཉིང་འདུས་ཅན་དང་ངོས་གཙང་བ་ཅན་དུ་འདུག  དེ་བས་མི་ལན·ཀུན་དྷེ་རའི་སྒྲུང་གཏམ་གྱི་ཁྱད་གཤིས་ཐོག་མར་མངོན་པར་ཤར་ཡོད། འཛམ་གླིང་གི་དོན་བརྗོད་རིགས་ཀྱི་སྒྲུང་གཏམ་སྤྱིའི་འཕེལ་ཕྱོགས་ལྟར་ན། བྱུང་རིམ་གཙོར་འདོན་པ་ཅན་དེ་ཐོག་མའི་སྐབས་དང་། མི་སྣའི་གཤིས་ཀ་གཙོར་འདོན་པ་ཅན་དེ་བར་གྱི་སྐབས། སེམས་ཁམས་འཚོལ་དཔྱོད་གཙོར་འཛིན་པ་དེ་མཐའ་མའི་སྐབས་ཡིན་ལ། མི་ལན·ཀུན་དྷེ་རའི་དོན་བརྗོད་ཀྱི་སྒྲུང་གཏམ་ནི་སྐབས་འདི་གསུམ་པོ་རིམ་གྱིས་འཕེལ་རྒྱས་སུ་ཕྱིན་པའམ་མཐོར་འདེགས་སུ་བྱུང་བའི་འཕེལ་རྒྱས་ཀྱི་རིན་ཐང་ཆེ་བར་ཡོད་པ་ཞིག་ཡིན་པར་འདོད། མི་ལན·ཀུན་དྷེ་ར་ཡི་བརྩམས་ཆོས་ནི་མེ་ལོང་ཞིག་དང་འདྲ་བར་ཐོག་མཐའ་བར་གསུམ་དུ་དེང་རབས་མིའི་དཀའ་ཁག་ལ་འཆར་བ་དང་ཀློག་པ་པོ་མི་རབས་ནས་མི་རབས་བར་མུ་མཐུད་དུ་འཚོལ་ཞིབ་བྱེད་པར་འགུག་བཞིན་པ་ཞིག་ཡིན་ཏེ། ངས་ཐོག་མར་བཀླགས་པའི་བརྩམས་ཆོས་ནི་སྒྲུང་རིང་《ཀུ་རེ》་ཞེས་པ་ནས་དབུ་ཁྱུད་དུ་བཟུང་བ་ཡིན། སྒྲུང་རིང་འདི་ཀློག་མ་ཐག་རྩོམ་པ་པོ་མི་ལན·ཀུན་དྷེ་ར་ལ་ཧ་ཅང་དགའ་སོང་། ཁོའི་བརྩམས་ཆོས་མང་པོའི་ཁྲོད་དུ་མུ་མཐུད་དུ་ཟབ་ཞུགས་བྱེད་ངེས་ཡིན། འདི་ནི་སྤྲོ་སྣང་ལྡན་པའི་རྩོམ་རིག་གི་ཡུལ་སྐོར་ཞིག་ཡིན་པ་ཁོ་ཐག་རེད། 《ཀུ་རེ》ནི1965ལོར་བྲིས་པ་དང1967ལོར་པར་སྐྲུན་བྱས་ཤིང་། དངོས་ཡོད་རིང་ལུགས་ཀྱི་ཉམས་འགྱུར་ལྡན་པའི་རྩོམ་རིགས་དེ་འདྲ་ཞིག་ལོ་རབས་དེར་པར་སྐྲུན་བྱེད་ཐུབ་པ་ནི་མ་གཞི་ནས་རྒྱལ་ཁ་ཞིག་དང་ཀློག་པ་པོ་དག་བསྐལ་བའི་བསོད་ནམས་ཤིག་རེད། 《ཀུ་རེ》ཞེས་པའི་སྒྲུང་གཏམ་ལ་དངོས་ཡོད་ཀྱི་ཆབ་སྲིད་རྒྱབ་ལྗོངས་ཡོད་ལ། ཁོང་གིས་རྩོམ་པ་པོས་སྐབས་དེའི་སུའུ་ལེན་གྱི་འདུ་ཤེས་འཛིན་སྟངས་ལ་དགག་པ་བརྒྱབ་ཚུལ་མཚོན་པ་དང་། ང་ཚོར་དུས་རབས་ཀྱི་རྒྱབ་ལྗོངས་དེ་འདྲའི་འོག་མི་སྣ་ཆུང་ཆུང་གི་སྐྱོ་གར་གྱི་ལས་དབང་མཐོང་དུ་བཅུག་པར་བརྟེན་སྒྲུང་གཏམ་དེར་དངོས་ཡོད་ཀྱི་དགག་པ་རྒྱག་པའི་སྙིང་སྟོབས་ཤིག་མཆིས། སྒྲུང་གཏམ་འདིའི་ནང་དུ་ལུའུ་ཏི་ཝེ་ཁུ་དང་ལུའུ་ཞི་ཡི་གཏམ་རྒྱུད་ནི་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་ཡིན། མཉམ་དུ་དཀའ་སྡུག་གི་ལོ་ཟླ་ལ་གདོང་གཏད་པའི་སྐབས་སུ་མི་དེ་གཉིས་ནི་བརྩེ་དུང་གི་རྒྱ་མཚོར་ལྷུང་མོད། འོན་ཀྱང་ཁོ་གཉིས་མཉམ་དུ་སོང་བ་ནི་བརྩེ་དུང་གི་རྐྱེན་ཡིན་ནམ་ཡང་ན་མཐའ་མེད་པའི་ཁེར་རྐྱང་གི་རྐྱེན་ཡིན་ནམ། མི་གཉིས་ཀྱི་བར་དུ་ཕན་ཚུན་ལ་རྒྱུས་ལོན་མེད་པར་འགལ་བ་ཟབ་མོ་ཡང་ཡོད། འདི་ལྟ་བུའི་གཏམ་རྒྱུད་ཅིག་གིས་ཀྱང་ང་ཚོ་ཀློག་པ་པོ་རྣམས་ལ་ལས་དབང་གི་ཐབས་ཟད་པ་ཚོར་དུ་བཅུག མི་ཞིག་གི་ལས་དབང་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཅིག་མ་གཏོགས་མེད་པ་མ་ཟད་མི་ཚེའི་བགྲོད་ལམ་ལའང་འབྱུང་སྲིད་པའི་རང་བཞིན་སྣ་ཚོགས་ཤིག་བརྗོད་ཡོད།

གཞན་ཡང་《ཐེགས་པར་དཀའ་བའི་ཚེ་སྲོག་གི་ཡང་བ》་ཞེས་པ་ནི་དེ་ལས་ཀྱང་ཡག་པོ་ཞིག་ཡིན་ཏེ། དེས་ཚེ་སྲོག་གི་ལྕི་ཡང་མི་འདྲ་བའི་རྒྱུ་གཉིས་སྨྲ་བར་བརྟེན་ནས་འཛམ་གླིང་ལ་ལྟ་ཞིབ་དང་། བླ་སྲོག་ལ་ཞིབ་ལྟ། ཚེ་སྲོག་གི་བདེན་ལུགས་འགྲེལ་བཤད་བཅས་བྱས་ཡོད། སྒྲུང་གཏམ་འདི་ནི་ཡིད་བརྙན་རྙོག་འཛིང་ཆེ་བའི་དཔེ་ཆ་ཞིག་ཡིན་ཞིང་། ནང་དོན་མང་པོ་ཞིག་འདུས་ཏེ་ཆབ་སྲིད་ཅན་དུ་གྱུར་པའི་སྤྱི་ཚོགས་ཀྱི་ནང་དོན་གསལ་སྟོན་དང་། མི་གཤིས་རྟོག་ཞིབ། དེ་བཞིན་མི་སྒེར་གྱི་ལས་དབང་བཅས་དམིགས་བསལ་གྱི་ལོ་རྒྱུས་དང་ཆབ་སྲིད་སྐད་ཆའི་ཁོར་ཡུག་འོག་མངོན། ཁུར་བོ་ལྗིད་ཤོས་ཀྱིས་ང་ཚོར་གཉའ་གནོན་བྱེད་ཀྱི་ཡོད་པས་ང་ཚོས་དེར་མགོ་སྒུར་ནས་ང་ཚོ་ས་ཐོག་ཏུ་མནན་པ་ཡིན། དེར་བརྟེན་ཁུར་བོ་ལྕི་ཤོས་དེ་དུས་མཚུངས་སུ་སྟོབས་འབྱོར་ཆེ་ཤོས་ལྡན་པའི་སྐྱེ་སྟོབས་ཀྱི་གཟུགས་བརྙན་ཞིག་ཏུ་གྱུར་པ་རེད། ཁུར་བོ་ཇི་ཙམ་ལྕི་ན་ང་ཚོའི་ཚེ་སྲོག་གི་ས་གཞི་དང་ཇི་ཙམ་ཉེ་བར་བཅར་ན་དེ་ཙམ་གྱིས་བདེན་པ་བདེན་ཐུབ་ཡོང་གི་རེད། དེ་ལས་ལྡོག་སྟེ་ཁུར་བོ་རྩ་བ་ནས་མེད་པར་གྱུར་ན་མི་རྣམས་མཁའ་རླུང་ལས་ཀྱང་ཡང་བར་འགྱུར་བ་དང་། ལྷབ་ལྷུབ་ཏུ་གཡོ་བ། ས་གཞི་ཆེན་པོ་དང་ས་སྟེང་གི་ཚེ་སྲོག་དང་རྒྱང་ཐག་རིང་དུ་འགྲོ་བ་བཅས་ཡོང་གིན་གདའ། སྒྲུང་རིང་འདི་ཀློག་ཚར་རྗེས་ཚོར་བ་ཞིག་ལ་དེ་ནི་ཡལ་འདབ་རྒྱས་པའི་སྡོང་བོ་ཆེན་པོ་ཞིག་དང་འདྲ་བར་སྡོང་བོའི་རྩད་པ་ནས་ཡལ་གའི་བར་རིམ་པ་རེ་རེ་བཞིན་བཤུ་ཕྲལ་བྱས་རྗེས་ད་གཟོད་རྩོམ་པ་པོས་ང་ཚོར་ཚེ་སྲོག་ཁྲོད་ལྗིད་ཚད་མེད་པའི་བག་ཕེབས་དང་རང་དབང་ཟེར་བ་དེ་སྐབས་འགར་མི་རྣམས་ཀྱིས་བཟོད་ཐབས་བྲལ་བའམ་ཐེགས་ཐབས་བྲལ་བ་ཞིག་ཡིན་པ། ཐ་ན་དོན་སྙིང་སྤུ་ཙམ་ཡང་མེད་པ་ཞིག་ཡིན་པའི་མྱོང་ཚོར་དབང་མེད་དུ་བྱིན་སོང་། ངས་ཁོང་གི་སྒྲུང་གཏམ་གྱི་དཔེ་ཆ་གང་མང་ཞིག་ལ་བལྟས་ཟིན་མོད། དྲང་མོར་བཤད་ན། ངས་རྩོམ་པ་པོ་མི་ལན·ཀུན་དྷེ་ར་འདིའི་བརྩམས་སྒྲུང་དག་ཧ་གོ་སོང་ཞེས་བཤད་མི་ཐུབ། བརྩམས་སྒྲུང་ནང་གི་ཁོའི་སྐད་ཆ་རེ་རེ་ལ་རང་ཉིད་ཀྱི་ནང་དོན་ཟབ་མོ་ཞིག་ཡོད་སྲིད། འདི་ནི་ངས་ཡང་དང་བསྐྱར་དུ་ཀློག་དགོས་པ་དང་ཡང་དང་བསྐྱར་དུ་བསམ་བློ་གཏོང་དགོས་པའི་བརྩམས་སྒྲུང་དག་དག་རེད། ངས་བརྩམས་སྒྲུང་རེ་རེ་བཞིན་བལྟས་ཚར་རྗེས་ཉིན་འགའི་རྗེས་ནས་ཡང་བསྐྱར་བལྟས་ན། ང་ལ་སྔར་དང་མི་འདྲ་བའི་རྒྱུས་ལོན་གསར་བ་ཐོབ་སྲིད། འདི་ནི་མི་ལན·ཀུན་དྷེ་ར་ལགས་ཀྱི་བརྩམས་སྒྲུང་དག་གི་ཡིད་དབང་འཕྲོག་པའི་སྟོབས་ཤུགས་ཡིན་ཡང་སྲིད། མི་ལན·ཀུན་དྷེ་ར་ལགས་ཀྱི་བརྩམས་ཆོས་ཀུན་གྱིས་ང་ལ་མིའི་རིགས་འཚོ་གནས་དང་འཛམ་གླིང་འཚོ་གནས་ཐུབ་ངེས་ཡིན་པར་ཡིད་ཆེས་བརྟན་པོ་ཞིག་སྦྱིན་སོང་ལ། ངས་བློ་གཅིག་སེམས་གཅིག་གིས་འཛམ་གླིང་འདིའི་ཐོག་དད་མོས་དང་། འཚོལ་ཞིབ། རེ་སྒུག་བཅས་བྱེད་པ་ཐམས་ཅད་དེའི་མི་གཤིས་ཀྱི་རྣམ་པའི་ཐོག་ནས་སླར་གསོ་བྱེད་ཐུབ་པ་ཤེས་སོང་ལ། ལྷག་པར་དུ་ཉམས་པ་མེད་པའི་དངོས་པོ་ལ་གདོང་གཏད་ན་འཆི་བདག་ལའང་ནུས་པ་ཅི་ཡང་མེད་པ་ཤེས་རྟོགས་བྱུང་དུ་བཅུག རྩོམ་པ་པོ་མི་ལན·ཀུན་དྷེ་ར་ལགས། ཁྱེད་ཀྱིས་དཀའ་ལས་མྱངས་སོང་། ཁྱེད་ཀྱིས་བདག་དང་འདྲ་བའི་ཀློག་པ་པོ་གང་མང་ཞིག་ལ་ལྷད་མེད་ཀྱི་བསམ་བློ་གསར་པ་དང་ཤེས་ཡོན་བགྲང་ལས་འདས་པ་ཞིག་བྱིན་སོང་། ང་ཚོ་ཀློག་པ་པོ་དག་གིས་ཁྱེད་རང་བརྗེད་ག་ལ་སྲིད། ཁྱེད་རང་བདེ་བར་བཞུད་ཅིག

《ཐེགས་པར་དཀའ་བའི་ཚེ་སྲོག་ཡང་བ》འི་གདོད་མའི་འཛམ་གླིང་སྒྲུང་མཁན་དག་ནི་གཉིད་ལས་དཀྲོགས།།

《སྒྲུང་གཏམ་སྒྱ་རྩལ》་ནང་དོན་གནད་བསྡུས་རྟ་བདུན་དབང་བོ་གཞོན་ནུ་རིག་ཁྱེའུ་གྲོགས་སུ་བཀུག །

《ཐོབ་ཐང》་བརྩམས་ཏེ་གདོང་འབག་དབྲལ་ནས་གདོང་ལྔ་མྱོས་པའི་ཕས་རྒོལ་ཝ་སྐྱེས་གཤེད་དུ་བསྒྲགས།།

《མཇལ་འཛོམས》་བུ་མོའི་ཉམས་འགྱུར་བརྗོད་པས་ཚེ་སྲོག་གསར་བའི་རྒྱང་ཤེལ་བསྣམས་ནས་ཕ་ཁྱིམ་སྙེག །

《ཀུ་རེ》་དགའ་མྱོས་གཞོན་ནུའི་སྨྲ་བས་བཞད་གད་རྔ་སྒྲས་རྙིང་ཞེན་རི་ཚོགས་ཡོམ་ཡོམ་སྒུལ།།

《དལ་བ》་ཞོ་འཐུང་རུས་པའི་མཚོན་གྱིས་ལོག་སྨྲའི་ནོར་འཛིན་པང་གི་ས་འཛིན་རྐང་བ་བཅག །

《ཁེར་རྐྱང》་འཚོ་བ་དམར་རྗེན་ཕབ་ནས་མིའི་རིགས་ཀུན་ལ་གསོན་ཤུགས་འབར་བའི་ལང་ཚོ་བསྩལ།།

མཁས་རློམ་དྲེགས་ལྡན་མིན་པར་རྩོམ་རིག་མཁའ་ལ་ཐོགས་མེད་རྒྱུ་བའི་འཇིགས་མེད་སྨྲ་བའི་ཁྱུ་མཆོག་ཅན།།

འཇིག་རྟེན་སྒྲུང་གཏམ་སྨྲ་མཁན་བྱེད་པོའི་སྲས་མཆོག་གང་དེ་དྲན་པའི་སྙིང་ཁྲག་ལན་གཅིག་གཡོས།།

ཞེས་སྒྲུང་གཏམ་ལྷུག་བརྗོད་ཀྱི་སྐད་ཆ་ལ་སོགས་པར་བརྟེན་ནས་སྒྲུང་གཏམ་གྱི་མཁའ་དབུགས་གང་རུང་ལྷུར་བླངས་ཏེ་སྒྱུ་རྩལ་གྱི་མཛེས་པ་བླ་ལྷག་ཏུ་འདོན་ཞིང་། རང་གི་སྒྱུ་རྩལ་གྱི་མཛེས་པ་མཐར་ཆགས་སུ་མངོན་གསལ་དོད་པོ་ཡིན་པ། སྒྲུང་གཏམ་ལ་བབ་ལྕི་བའི་རྣམ་པ་ཡང་འབྱུང་བའི་འཛམ་གླིང་གི་རྒྱལ་ཁབ་ཀུན་ཏུ་དུས་རབས20ནས21གི་ནང་དུ་སྙན་གྲགས་ཆེ་བའི་ཧྥ་རན་སིའི་རྩོམ་པའི་ཁྱུ་མཆོག་མི་ལན·ཀུན་དྷེ་ར(MilanKundera)སྐུ་གཤེགས་པར་རྗེས་དྲན་མཚོན་ཆེད་དུ་《སྒྲུང་རྩོམ་གྱི་འཇིག་རྟེན་ལས་ལྷ་མཚོ་སྔོན་མོ་ཞིག་བསྐམས་སོང》་ཞེས་པ་འདི་ནི་ཁྱེད་ཀྱི་བརྩམས་སྒྲུང་དག་བཀླག་པར་སྤྲོ་བའི་ཀློག་པ་པོ་རྩེ་རི་བའམ་རྩེ་རི་འཇམ་དབྱངས་ཐེག་མཆོག་འབོད་པ་པོས་རིག་པའི་འབྱུང་བའི་གྲོང་ཁྱེར་ནང་ཚན་རྩེ་གཞུང་གཡང་སྡེ་ཕྱུག་མོའི་དགའ་ཚལ་དུ་བྲིས་པ་ཙམ་མོ།།

ཟུར་མཆན།

༡.བརྩམས་སྒྲུང་《རང་གཤིས་མེད་པའི་མི》(Der Mann ohne Eigenschaften) ཞེས་པའི་རྩོམ་པ་པོ་ནི་(ཨོ་སི་ཁྲུ་རི་ཡ)རོ་པོ་ཐེ་མུའུ་ཆི་ཨེར(Robert Musil  1880ལོའིཟླ11པའི་ཚེས6ཉིན། — 1942ལོའི་ཟླ4བའི་ཚེས15ཉིན།)

༢.བསྐྱར་སྒྲིག་བརྩམས་སྒྲུང་(polyphony)ནི་སུའུ་ལེན་གྱི་མཁས་པ་པ་ཧི་ཅིན་གྱིས་གསར་འཛུགས་བྱས་པའི་གོ་དོན་ཡིན། བསྐྱར་སྒྲིག་ལ་སྒྲ་མང་སྡེ་ཁག་ཀྱང་ཟེར། མ་གཞི་ནས་གླུ་དབྱངས་ཀྱི་ཐ་སྙད་ཅིག་ཡིན།


པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3734