དྲི་མེད་ཚོགས་གཉིས་འདབ་སྟོང་བརྩེགས་ལས་ཕུལ་བྱུང་མཁྱེན་པའི་འོད་ཟེར་འཕྲོ། །
བདག་མེད་སེངྒེའི་ངར་སྒྲ་བསྒྲོགས་པས་མཐར་འཛིན་ལྟ་བའི་མདུད་པ་བཤིགས། །
རྣམ་གསལ་ཐུགས་རྗེའི་ཉི་མ་འཛུམ་པས་འགྲོ་ཀུན་མ་རིག་སྨག་ཚོགས་བཅོམ། །
དོན་ཀུན་གྲུབ་པ་འགྲོ་བའི་མིག་གཅིག་བྱང་ཆུབ་ཐོབ་ཀྱང་སྐྱབས་སུ་བསྟེན། །
འོག་ཏུ་གུག་རྟགས་ཡོད་པ་ནི་གཟིགས་བདེ་བའི་ཕྱིར་སྒྲུབ་བྱེད་ཀྱི་ལུང་ཟུར་དུ་བཀོད་པ་ལགས།
   ཞེས་མཆོད་པར་བརྗོད་པས་མདུན་བསུས་ཏེ། གང་ཞིག་དཔྱད་པར་བྱ་བ་ནི། བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བསྐལ་བཟང་རྣམ་འདྲེན་བཞི་པའི་ཐུགས་ཀྱི་པདྨོ་ལས་བྱུང་བའི་དམ་པའི་ཆོས་འདུལ་ལུང་སྡེ་བཞིའི་དགོངས་དོན་མཐའ་དག་གསལ་བར་བྱེད་པའི་བསྟན་བཅོས་ཆེན་མོ་སྟེ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་གསུངས་པ་ལས་འཕྲོས་ཏེ། སོར་སྡོམ་གྱི་མཚན་ཉིད་ནི། སྡོམ་གསུམ་རྣམ་ངེས་ལས། ངོ་བོ་ངེས་འབྱུང་བསམ་པས་ཀུན་བསླངས་ནས། །གཞན་གནོད་གཞི་བཅས་ལྡོག་པ་ལུས་ངག་ལས། །སྐྱེ་ཕྱིར་གཟུགས་ཅན་ཡིན་ཞེས་འདོད་པ་དང་། །ཞེས་གསུངས་པ་ལྟར་དེའི་ཐད་ཀྱི་འགྲེལ་བ་སྡོམ་གསུམ་དཔག་བསམ་སྙེ་མ་ལས། ངེས་འབྱུང་གི་བསམ་པས་ཟིན་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་གང་ཞིག འདོད་པའི་སས་བསྡུས་པའོ། །ཞེས་གསུངས་པའི་ཡིག་ཆ་གོང་འོག་གི་བབ་དང་བསྟུན་ན་རང་གི་སྡོམ་པ་འགྲུབ་བྱེད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་ཐོབ་པའི་ངེས་འབྱུང་གི་བསམ་པས་ཟིན་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་གང་ཞིག འདོད་པའི་སས་བསྡུས་པའོ། །ཞེས་དེ་ལྟར་དུ་སྦྱར་ན་ཚིག་དོན་གཉིས་ཀྱི་ཆ་ནས་གཞུང་དོན་ལ་འབྱོར་བར་སེམས་ཏེ། འགའ་ཞིག་གིས་ལྷ་སྐུ་སོགས་ཀྱི་མདུན་ནས་ངེས་འབྱུང་གི་བསམ་པས་ཀུན་ནས་སློང་བའི་སྡོམ་པ་ལེན་པ་ཡོད་པས་དེའང་སོར་སྡོམ་ཉིད་དུ་འགྱུར་རོ་ཞེ་ན། དེ་ནི་སོར་སྡོམ་འགྲུབ་བྱེད་ཀྱི་ཆོ་ག་གཉིས་པོ་གང་ལའང་མ་བལྟོས་པས་སོར་སྡོམ་ཉིད་དུ་མི་འགྱུར་ཏེ། སོར་སྡོམ་མ་ཐོབ་འཐོབ་ཚུལ་ལ་ལེན་ཚུལ་གཉིས་ཏེ། ཚེགས་ཆུང་ངུས་ལེན་པ་སྔོན་ཆོག་དང་། ཚེགས་ཆེན་པོས་ལེན་པ་ད་ལྟའི་ཆོ་ག་སྟེ་གཉིས་སུ་ངེས་པའི་ཕྱིར། དེ་ལྟར་ཡང་སྡོམ་གསུམ་རྣམ་ངེས་ལས། དང་པོ་སྡོམ་པ་མ་ཐོབ་འཐོབ་ཚུལ་ལ། །ལེན་ཚུལ་གཉིས་ཏེ། ཞེས་གསུངས་པ་ལྟར་ལོ་ཆེན་གྱིས་ཀྱང་གཉིས་སུ་གྲངས་ངེས་མཛད་ནས་སྤྱིར་བསྟན་ཅིང་བྱེ་བྲག་ཏུ་སོར་སྡོམ་ཡིན་པ་ལ་ངེས་འབྱུང་གི་བསམ་པས་རྩིས་ཟིན་པ་དང་། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། འདོད་པའི་སས་བསྡུས་པ་སྟེ་ཟུར་གསུམ་དང་ལྡན་པ་ཞིག་དགོས་ཏེ། དེ་ལྟར་ཡང་སྡོམ་གསུམ་དཔག་སྙེ་ལས། ཟུར་དང་པོས་ཕྱི་རོལ་པའི་ཚུལ་ཁྲིམས་དང་། ཟུར་གཉིས་པས་བར་མའི་ཚུལ་ཁྲིམས་དང་། ཟུར་གསུམ་པས་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་དག་བསལ་ལོ། །ཞེས་གསུངས་པས་སོ། །དེ་ལ་ཁ་ཅིག་གིས། སོར་སྡོམ་ཡིན་ན་ངེས་འབྱུང་གི་བསམ་པས་རྩིས་ཟིན་མི་དགོས་ཏེ། ཐོག་མར་གང་ཟག་ཅིག་གིས་སོར་སྡོམ་གསོལ་བཞིའི་ཆོ་ག་ལ་བརྟེན་ནས་བླངས་པའི་ཚེ་ན་གང་ཟག་དེའི་རྒྱུད་ལ་ངེས་འབྱུང་གི་བསམ་པ་མ་སྐྱེས་ཀྱང་ཡང་ལེན་མ་བྱས་པའི་སྒོ་ནས་གང་ཟག་དེའི་རྒྱུད་ལ་སྡོམ་པ་ཐོབ་པའི་ཕྱིར་དང་། འཇིགས་སྐྱོབ་དང་ལེགས་སྨོན་གྱི་སྡོམ་པ་ཡང་སོར་སྡོམ་ཡིན་ཏེ། སྡོམ་པ་ལ་སོར་སྡོམ་དང་བསམ་གཏན་ཟག་མེད་ཀྱི་སྡོམ་པ་གསུམ་གྱིས་གྲངས་ངེས་པ་གང་ཞིག ཕྱི་མ་གཉིས་པོ་གང་ཡང་མ་ཡིན་པའི་ཕྱིར་ཞེ་ན། དེ་ལ་རིམ་གྱིས་ལན་གདབ་པར་བྱ་སྟེ། དང་པོ་ནི། ཐོག་མར་སོར་སྡོམ་བླངས་པའི་ཚེ་ན་ངེས་འབྱུང་གི་བསམ་པ་མེད་ཀྱང་ཕྱིས་སུ་རང་ཉིད་ཀྱི་རྒྱུད་ལ་ངེས་འབྱུང་གི་བསམ་པ་སྐྱེས་པ་ན་སྔར་ཐོབ་ཟིན་པའི་སྡོམ་པ་དེ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལས་ཐར་ཏེ་མྱང་འདས་གསུམ་པོ་གང་རུང་འཐོབ་པའི་ཆེད་དུ་བླངས་ཡོད་པར་ཤེས་ཚེ་གཟོད་ཡང་ལེན་མ་བྱས་པའི་སྒོ་ནས་སོར་སྡོམ་གྱི་ངོ་བོ་ལ་གནས་གྱུར་བས་སྐྱོན་མེད་དེ། དེ་ལྟར་ཡང་བདེན་གཉིས་ཤིང་རྟ་ལས། འདི་ལྟར་གཅུང་དགའ་བོའི་ལེགས་སྨོན་གྱི་ཚུལ་ཁྲིམས། སྟོན་པའི་རྫུ་འཕྲུལ་གྱིས་དམྱལ་བའི་སྡུག་བསྔལ་བསྟན་པས། སོ་སོར་ཐར་པ་མཚན་ཉིད་པར་གནས་འགྱུར་ནས་དགྲ་བཅོམ་ཐོབ་པ་བཞིན་ནོ། །ཞེས་གསུངས་པ་ལྟར་དུ་ལུང་གཞི་ལས་ཀྱང་། ཆོས་རྣམས་སྔོན་དུ་ཡིད་འགྲོ་ཡིད་གཙོ་ཡིན། །ཞེས་གསུངས་པས་སོ། །
(༡)གཉིས་པ་ནི་སྤྱིར་མཛོད་ལས། སྡོམ་པ་སོ་སོར་ཐར་ཞེས་བྱ། །དེ་བཞིན་ཟག་མེད་བསམ་གཏན་སྐྱེས། །ཞེས་སྡོམ་པ་ལ་གསུམ་དུ་དབྱེ་ཡོད་ཀྱང་སྡོམ་པ་ལ་དེ་གསུམ་གྱིས་གྲངས་ངེས་པའི་སྒོ་ནས་གསུངས་པ་མིན་ཏེ། རྒྱུ་མཚན་ནི་ཆོས་འདི་པའི་རྒྱུད་ཀྱི་ལེགས་སྨོན་དང་འཇིགས་སྐྱོབ་ཀྱི་སྡོམ་པ་དང་ཕྱི་རོལ་པའི་རྒྱུད་ཀྱི་འདོད་པའི་སས་བསྡུས་ཀྱི་ཉེས་སྤྱོད་སྤོང་བའི་ཚུལ་ཁྲིམས་སོགས་གཞན་གནོད་གཞི་དང་བཅས་པ་སྤོང་ཞིང་འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུན་སྡོམ་ཞིང་འགོག་པས་སྡོམ་པ་ཡིན་པ་གང་ཞིག ངེས་འབྱུང་གི་བསམ་པས་རྩིས་མ་ཟིན་པས་སོར་སྡོམ་མིན་པར་འཇོག་དགོས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། མཛོད་འགྲེལ་མངོན་པའི་རྒྱན་ལས། གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་ཞིང་འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུན་སྡོམ་ཞིང་འགོག་པས་ན་སྡོམ་པ་དང་། ཞེས་དང་། (༢)མཚོ་ཊཱིཀ་ལས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མནོས་ན་ངེས་འབྱུང་གི་སྡོམ་པ་མི་སྐྱེ་ཡང་སྡོམ་པ་ཙམ་པོ་ཞིག་ནི་སྐྱེ་སྟེ་སྔར་གྱི་གཞུང་དེ་དག་གིས་གྲུབ་བོ། །ཞེས་ངེས་འབྱུང་གི་བསམ་པས་རྩིས་མ་ཟིན་ཀྱང་གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་ཞིང་འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུན་སྡོམ་ཞིང་འགོག་པས་སྡོམ་པ་ཉིད་དུ་འོས་མེད་ཀྱིས་གྲུབ་བོ། །རྟགས་གཉིས་པ་གྲུབ་སྟེ། ངེས་འབྱུང་གི་བསམ་པའམ་མྱ་ངན་ལས་འདས་པའི་བསམ་པས་རྩིས་མ་ཟིན་པར་སོར་སྡོམ་སྐྱེ་བ་མེད་དེ། མདོ་རྩ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་དང་། (༣)(༤)(༥)ལོ་ཆེན་གྱི་རབ་བྱུང་གི་གཞི་ཆོག་རིན་ཆེན་ཐེམ་སྐས་ལས། དེ་གཉིས་སོ་ཐར་གྱི་སྡོམ་པར་མི་འགྱུར་ཏེ། སོ་སོར་ཐར་པའི་སྡོམ་པ་འདི་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཡིན་པས། སྡུག་བསྔལ་ཅན་གྱི་འཁོར་བ་ལས་ཐར་བ་མྱང་འདས་འཐོབ་པའི་ཆེད་དུ་བླང་དགོས། ཞེས་སོར་སྡོམ་ནི་གཙོ་བོར་སྡུག་བསྔལ་ཅན་གྱི་འཁོར་བ་ལས་ཐར་ཏེ་མྱང་འདས་འཐོབ་པའི་ཆེད་དུ་བླངས་པའི་ཉེས་སྤྱོད་སྤོང་བའི་དགེ་གཟུགས་ཡིན་དགོས་པའི་ཕྱིར་རོ། །གཞན་ཡང་མཛོད་རང་གྲེལ་ལས། ཡང་ཅི་ཕྱི་རོལ་པ་རྣམས་ལ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་མེད་དམ་ཞེ་ན། ཡོད་མོད་ཀྱི་སོ་སོར་ཐར་པའི་སྡོམ་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ནི་སྲིད་པ་ལ་བརྟེན་པའི་ཕྱིར། ཞེས་ཕྱི་རོལ་པ་རྣམས་ལ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་སམ་སྡོམ་པ་ཡོད་ཀྱང་ངེས་འབྱུང་གི་བསམ་པས་མ་ཟིན་པར་སྲིད་པ་ལ་བརྟེན་པའི་སྒོ་ནས་བླངས་པས་སོར་སྡོམ་མིན་པར་བཤད་དོ། །
  འོ་ན་ཕྱི་རོལ་པ་རྣམས་ཀྱིས་ཡང་དག་པར་བླངས་པའི་ཚུལ་ཁྲིམས་སམ་སྡོམ་པ་དེ་སྲིད་པ་ལ་བརྟེན་པས་སོར་སྡོམ་མི་འགྱུར་ན་དེས་སྲིད་པ་བརྟེན་ཚུལ་གང་ཞེ་ན། དེས་ནི་སྲིད་པའི་ཁྱད་པར་འགའ་ཞིག་ལ་དམིགས་ནས་དེ་ཐར་པ་ཉིད་དུ་འདུ་ཤེས་པའི་སྒོ་ནས་དེ་ཐོབ་འདོད་ཀྱིས་ཚུལ་ཁྲིམས་བླངས་པ་ལས་སྲིད་པ་ལས་འདས་པའི་མྱང་འདས་གསུམ་པོ་གང་རུང་ལ་ཐར་པ་ཉིད་དུ་འདུ་ཤེས་ཏེ་ངེས་འབྱུང་གི་བསམ་པས་ཚུལ་ཁྲིམས་བླངས་པ་མེད་པས་སོར་སྡོམ་མཚན་ཉིད་པ་སྐྱེས་པ་མེད་དེ། དེ་ལྟར་ཡང་རྒྱལ་སྲས་མས། སྲིད་པ་ལ་བརྟེན་པའི་ཕྱིར་ཞེས་བྱ་བ་ནི་དེ་དག་ཐར་པ་དོན་དུ་གཉེར་དུ་ཟིན་ཀྱང་ལོག་པར་ལྟ་བ་ལ་སོགས་པས་ཉམས་པའི་ཕྱིར་དང་། དེ་དག་ཁ་ཅིག་སྲིད་པའི་ཁྱད་པར་ཁོ་ན་ལ་ཐར་པ་ཡིན་པར་སེམས་པས་སྲིད་པ་ལ་བརྟེན་པའི་ཚུལ་ཁྲིམས་ཁོ་ན་ཡིན་ནོ། །ཞེས་གསུངས་པས་སོ། །དེས་ན་སོར་སྡོམ་ཡིན་པ་ལ་ངེས་འབྱུང་བསམ་པས་རྩིས་ཟིན་དགོས་ན་ཐོག་མར་ངེས་འབྱུང་དང་ངེས་འབྱུང་གི་བསམ་པ་དང་སོར་སྡོམ་དེ་ངེས་འབྱུང་བསམ་པས་རྩིས་ཟིན་ཚུལ་གསུམ་ཇི་ལྟར་ལགས་ཤེ་ན། འདི་ལ་འགའ་ཞིག་གིས་སྐྱོ་ཤེས་ལ་ངེས་འབྱུང་གི་བསམ་པ་དང་ངེས་འབྱུང་གི་བསམ་པ་ལ་ངེས་འབྱུང་ཞེས་ངོས་འཛིན་པ་འདུག་ཀྱང་དེ་ནི་རིག་གཞུང་ལ་ཞིབ་དཔྱད་མེད་པའི་རང་མཚང་ཕྱི་རུ་མངོན་པ་ཙམ་ལས་ཡང་དག་པར་མིན་པར་ཤེས་སླའོ། །དང་པོ་ངེས་འབྱུང་ནི་འཇུག་པ་རང་འགྲེལ་ལས། ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ་ཐར་པའོ་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་ལྟར་མྱང་འདས་སམ་ཐར་པ་ལ་གོ་དགོས་ཏེ། འདུལ་བ་རྒྱ་ཆེར་འགྲེལ་ལས། ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། ཕྱིར་མི་ལྡོག་པ་ཐོབ་པར་བྱ་བ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཐ་ཚིག་གོ ། ཞེས་དང་། དཔག་བསམ་སྙེ་མ་ལས། དེ་ལ་ངེས་འབྱུང་ནི། ལྷག་མེད་ཀྱི་མྱང་འདས་ཏེ། ཐེག་པ་གསུམ་གྱི་དབྱེ་བས་གསུམ་མོ། །ཞེས་གསུངས་པས་སོ། །
   གཉིས་པ་ངེས་འབྱུང་གི་བསམ་པ་ནི། སྤྱིར་བཏང་འདི་ལ་བཅོས་མིན་དང་བཅོས་མ་གཉིས་ལས་སྐབས་འདིར་མཐའ་གཅིག་ཏུ་བཅོས་མིན་གྱི་བསམ་པ་ལ་གོ་མི་དགོས་པར་སྲིད་པ་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཉིད་དུ་ཤེས་ནས་དེ་ལས་ཐར་ཏེ་སྲིད་པ་ལས་འདས་པའི་མྱང་འདས་གསུམ་པོ་གང་རུང་ཐོབ་འདོད་ཀྱི་བློ་ནང་དུ་འཁུམ་ནུས་པའི་བསམ་པ་ཞིག་གིས་ཆོག་སྟེ། དཔག་སྙེ་ལས། ཁྱད་པར་མྱང་འདས་གསུམ་པོ་གང་རུང་ཐོབ་འདོད་ཀྱི་ངེས་འབྱུང་གི་བསམ་པས་ཟིན་པ་ཞིག་དགོས་ཏེ། གཞན་དུ་ན་འཇིགས་སྐྱོབ་དང་ལེགས་སྨོན་ཙམ་དུ་ཟད་པའི་ཕྱིར་རོ། །ཞེས་དང་། ཀུན་མཁྱེན་མི་ཕམ་པས་སྡོམ་གསུམ་ངོ་བོ་གཅིག་སྒྲུབ་ལས་ཀྱང་དེ་ལྟར་གསུངས་པས་རང་ལུགས་ཀྱི་ཡིག་ཆས་སོར་སྡོམ་དེ་ངེས་འབྱུང་བསམ་པས་ཀུན་ནས་སློང་ཚུལ་བཤད་པའི་བབ་དང་བསྟུན་ན་སྐབས་འདིར་ངེས་འབྱུང་གི་བསམ་པའང་ཡང་དག་པར་ཤེས་ནུས་སོ། །
   གསུམ་པ་སོར་སྡོམ་དེ་ངེས་འབྱུང་གི་བསམ་པས་རྩིས་ཟིན་ཚུལ་ནི་རང་ཉིད་ལུས་ངག་གི་དགེ་བ་གང་ཞིག་རང་ཉིད་ངེས་འབྱུང་གི་བསམ་པས་ཀུན་ནས་སློང་ཚུལ་ལས་གཞན་མ་དམིགས་སོ། ། (ཟུར་གཉིས་པ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམ་ཡིན་དགོས་ཏེ།) སྤོང་བཞི་སྤོང་བདུན་གང་རུང་ཉིན་ཞག་གཅིག་དང་ཇི་སྲིད་འཚོའི་བར་དུ་གང་རུང་སྤོང་བར་ཁས་བླངས་པ་ལ་བརྟེན་ནས་ཐོབ་པའི་དགེ་གཟུགས་ཡིན་དགོས་པའི་ཕྱིར། དེ་ལྟར་འོད་ལྡན་ལས། དགེ་སློང་དང་དགེ་སློང་མའི་སྡོམ་པ་ནི་སྤོང་བ་བདུན་གྱི་མཚན་ཉིད་ཅན་ཡིན་ལ། དགེ་ཚུལ་ལ་སོགས་པ་དག་གི་སྡོམ་པ་ནི་སྤོང་བ་བཞིའི་མཚན་ཉིད་ཅན་ཡིན།   (6) ཞེས་གསུངས་པ་ལྟར་མཛོད་རང་འགྲེལ་ལས་ཀྱང་སོ་སོར་ཐར་པའི་སྡོམ་པ་དེ་ཡང་དག་པར་བླངས་པ་ན་དུས་ཇི་སྲིད་ཅིག་གི་བར་དུ་ཡང་དག་པར་བླང་བར་བྱ་ཞེ་ན། ཇི་སྲིད་འཚོ་དང་ཉིན་ཞག་ཏུ། །སྡོམ་པ་ཡང་དག་བླང་བར་བྱ། །ཞེས་གསུངས་པས་སོ། །འོ་ན་དགེ་སློབ་མའི་སྡོམ་པ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་མིན་པས་སོར་སྡོམ་མིན་པར་འགྱུར་རོ་ཞེ་ན། འདི་ལ་འགའ་ཞིག་གིས་དགེ་སློབ་མའི་སྡོམ་པ་དགེ་ཚུལ་མའི་སྡོམ་པ་ལས་རྫས་གཞན་མེད་པས་སོར་སྡོམ་མཚན་ཉིད་པ་ཡིན་ཏེ། དགེ་ཚུལ་མས་དགེ་སློབ་མའི་སྡོམ་པ་བླངས་པའི་ཚེ་དགེ་ཚུལ་མའི་སྡོམ་པ་གནས་འགྱུར་ཏེ་སྤང་བྱ་བྱ་ཉེར་གཉིས་སྤོང་བའི་དགེ་གཟུགས་ལ་འཇོག་དགོས་པས་དགེ་སློབ་མའི་སྡོམ་པ་སོར་སྡོམ་དུ་འཇོག་ཅེས་ཟེར་ཡང་། དེ་ནི་གཙོ་བོར་རྒྱུ་མཚན་གསུམ་གྱི་སྒོ་ནས་མི་འཐད་པར་འགྲུབ་སྟེ།
  དང་པོ་ནི། དེ་འདྲ་བའི་སྤང་བྱ་ཉེར་གཉིས་སྤོང་བའི་དགེ་སློབ་མའི་སྡོམ་པ་དེ་དགེ་ཚུལ་མས་དགེ་སློབ་མའི་སྡོམ་པ་བླངས་པའི་ཚེ་ཆོ་ག་ཞིག་ལ་བརྟེན་ནས་ཐོབ་དགོས་པས་དགེ་སློབ་མའི་སྡོམ་པ་འབོགས་བྱེད་ཆོ་ག་ནང་ལ་གསོལ་བ་དང་ལས་གཉིས་ཀྱིས་བསླབ་བྱ་བཅུ་གཉིས་པོ་ལོ་གཉིས་ཀྱི་བར་དུ་སྤོང་བར་ཁས་བླངས་པ་ལས་ཐོབ་པའི་དགེ་གཟུགས་ཤིག་ཡོད་པ་བསྟན་པ་ཙམ་ལས། སྤང་བྱ་ཉེར་གཉིས་དང་སྤོང་བཞི་དང་སྤོང་བདུན་གང་རུང་སྤོང་བར་ཁས་བླངས་པའི་ཚིག་ཅིག་ཆོ་གའི་སྦྱོར་དངོས་མཇུག་གསུམ་གང་ལའང་མེད་པའི་ཕྱིར། དེ་ལྟར་ཡང་བརྒྱ་རྩ་གཅིག་ལས། དགེ་སློང་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་སྩལ་དུ་གསོལ། ཞེས་གསུངས་པས་སོ། །
  གཉིས་པ་ནི་དགེ་སློབ་མའི་སྡོམ་པ་སོར་སྡོམ་ཉིད་དུ་མི་འཐད་དེ་སོར་སྡོམ་ཡིན་ན་ཉེས་སྤྱོད་སྤོང་བའི་སྡོམ་པ་ཡིན་དགོས་པ་གོང་དུ་བསྒྲུབས་ཟིན་པས་དེ་ཉིད་ནི་ཉེས་སྤྱོད་སྤོང་བའི་དགེ་གཟུགས་མ་ཡིན་པའི་ཕྱིར། དེར་ཐལ། དགེ་སློབ་མའི་སྡོམ་པ་ནི་བསླབ་བྱ་བཅུ་གཉིས་པོ་ལོ་གཉིས་ཀྱི་བར་དུ་སྲུང་བར་ཁས་བླངས་པ་ལས་ཐོབ་པའི་དགེ་གཟུགས་ལ་འཇོག་དགོས་པ་གང་ཞིག་དེས་སྤོང་བཞི་སྤོང་བདུན་གང་རུང་སྤོང་བ་མེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། མདོ་རྩ་ལས། དགེ་ཚུལ་མ་ཉིད་དང་དགེ་སློང་མ་ཉིད་ཀྱི་བར་སྐབས་སུ་སྤྱོད་པའི་དུས་ནི་ལོ་གཉིས་སོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། མཛོད་ལས། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཞེས་སོགས་ཀྱི་སྡོམ་པ་མཚན་ཉིད་པའི་ཉེས་སྤྱོད་སྤོང་བའི་སྤང་བྱའི་གྲངས་གསུངས་པའི་སྐབས་སུ་དགེ་སློབ་མའི་སྤང་བྱའི་གྲངས་མ་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་གནད་ཀྱང་སོར་སྡོམ་མཚན་ཉིད་པ་ཡིན་ན་སྤོང་བཞི་སྤོང་བདུན་གང་རུང་སྤོང་བའི་དགེ་གཟུགས་ཡིན་དགོས་པ་ལས། དེ་མིན་པས་སོར་སྡོམ་མཚན་ཉིད་པའི་སྤང་བྱའི་གྲངས་བགྲང་པའི་གྲལ་དུ་མ་བགྲངས་པ་ལས་རྒྱུ་མཚན་གཞན་མེད་པས་སོ། །གསུམ་པ་ནི་དགེ་སློབ་མའི་སྡོམ་པ་སོར་སྡོམ་ཉིད་དུ་མི་འཐད་དེ་སོར་སྡོམ་ཡིན་ན་ངེས་པ་ལྔ་བྲལ་གྱི་ཇི་སྲིད་འཚོ་ཡི་མཐའ་ཅན་ནམ། ཉིན་ཞག་གི་མཐའ་ཅན་གང་རུང་ལས་གཞན་ཕུང་གསུམ་པ་ཞིག་མེད་པའི་ཕྱིར། དེ་ལྟར་ཡང་དཔག་བསམ་སྙེ་མ་ལས། དགེ་སློབ་མའི་བསླབ་བྱ་རྣམས་ནི་ཇི་སྲིད་འཚོ་དང་ཉིན་ཞག་གི་མཐའ་གང་དུ་མི་རུང་བས་སོར་ཐར་གྱི་སྡོམ་པ་མཚན་ཉིད་པར་མི་རུང་ངོ་། །ཞེས་དང་། མཛོད་རང་འགྲེལ་ལས། རིས་བདུན་གྱི་སོ་སོར་ཐར་པའི་སྡོམ་པ་ནི། ཇི་སྲིད་འཚོའི་བར་དུ་ཡང་དག་པར་བླང་བར་བྱའོ། །
  བསྙེན་གནས་ཀྱི་སྡོམ་པ་ནི་ཉིན་ཞག་ཏུའོ་ཞེས་བྱ་བ་དེ་ལྟར་ངེས་སོ། །ཞེས་གསུངས་པ་ལྟར་རྒྱུ་མཚན་འདི་གསུམ་གྱི་སྒོ་ནས་གཙོ་བོར་མི་འཐད་པར་གྲུབ་པས་རང་ལུགས་ནི་དགེ་སློབ་མའི་སྡོམ་པ་ནི་དགེ་ཚུལ་མའི་སྡོམ་པ་ཐོབ་པའི་སྟེང་དུ་རྩ་བའི་ཆོས་དྲུག་དང་རྗེས་མཐུན་གྱི་ཆོས་དྲུག་སྟེ་ཆོས་བཅུ་གཉིས་ཀྱི་བསླབ་བྱ་ལོ་གཉིས་ཀྱི་བར་དུ་སློབ་པར་ཁས་བླངས་པ་ལས་ཐོབ་པའི་བར་མའི་ཚུལ་ཁྲིམས་ཙམ་ལ་དགེ་སློབ་མའི་སྡོམ་པ་ཞེས་བཞག་པ་ལས་ཁོ་རང་གི་ཐུན་མིན་གྱི་ཆོ་ག་ལ་བརྟེན་ནས་ཐུན་མིན་གྱི་སྤོང་བཞི་དང་སྤོང་བདུན་གང་རུང་སྤོང་བའི་སོར་སྡོམ་མཚན་ཉིད་པ་ཞིག་མེད་དོ། །དེ་ལ་ཁ་ཅིག་གིས་མཛོད་ལས། སོ་སོར་ཐར་ཞེས་བྱ་རྣམ་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ནོ། །ཞེས་སོ་སོར་ཐར་པའི་སྡོམ་པ་ལ་རིགས་བརྒྱད་དུ་བཤད་པ་དང་། སོ་ཐར་རིགས་བརྒྱད་ཀྱི་ནང་དུ་དགེ་སློབ་མའི་སྡོམ་པ་དེ་དགེ་ཚུལ་གྱི་སྡོམ་པའི་རྫས་རིགས་སུ་བསྡུ་བར་གསུངས་པའི་ཕྱིར་ན་དགེ་སློབ་མའི་སྡོམ་པ་སོར་སྡོམ་མིན་པར་འདོད་པ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། མཛོད་ལས། སོ་སོར་ཐར་དང་ལྡན་པ་བརྒྱད། །ཅེས་གསུངས་པ་ལྟར་སོར་སྡོམ་རྒྱུད་ལྡན་གྱི་རྟེན་མི་འདྲ་བ་བརྒྱད་ཡོད་པས་དེ་སོ་སོའི་རྒྱུད་ཀྱི་སོར་སྡོམ་ལའང་བརྒྱད་དུ་བསྟན་པ་དང་། མཛོད་ལས་བསྟན་པའི་རིགས་བརྒྱད་ཀྱི་ནང་དུ་བགྲངས་པའི་དགེ་སློབ་མའི་རྒྱུད་ཀྱི་སྡོམ་པ་དང་རྫས་སུ་རྣམ་པ་བཞི་ཡིན་ནོ་ཞེས་པའི་དགེ་ཚུལ་གྱི་སྡོམ་པ་དང་རྫས་རིགས་གཅིག་པའི་དགེ་སློབ་མའི་རྒྱུད་ཀྱི་སྡོམ་པ་ནི་དགེ་ཚུལ་མས་དགེ་སློབ་མའི་སྡོམ་པ་ཐོབ་ཚེ་དེའི་རྒྱུད་ཀྱི་སོར་སྡོམ་ངོ་བོར་གྱུར་ཟིན་པའི་དགེ་ཚུལ་གྱི་སྡོམ་པར་གོ་དགོས་ཏེ། མཛོད་རང་འགྲེལ་ལས། རིས་བདུན་གྱི་སོ་སོར་ཐར་པའི་སྡོམ་པ་ནི། །ཇི་སྲིད་འཚོའི་བར་དུ་ཡང་དག་པར་བླང་བར་བྱའོ། །བསྙེན་གནས་ཀྱི་སྡོམ་པ་ནི་ཉིན་ཞག་ཏུའོ། །ཞེས་རིས་བདུན་གྱི་སོ་སོར་ཐར་པའི་སྡོམ་པ་ནི་ཇི་སྲིད་འཚོའི་མཐའ་ཅན་གསུངས་པས་དགེ་སློབ་མའི་སྡོམ་པ་དངོས་ནི་མདོ་རྩ་ལས། དགེ་ཚུལ་མ་ཉིད་དང་དགེ་སློང་མ་ཉིད་ཀྱི་བར་སྐབས་སུ་སྤྱད་པའི་དུས་ནི་ལོ་གཉིས་སོ། །ཞེས་འདུལ་མངོན་གཉིས་ཀྱི་ཞལ་མཐུན་པར་ལོ་གཉིས་ཀྱི་མཐའ་ཅན་གྱི་དགེ་གཟུགས་ཤིག་འཇོག་པར་ཡང་ཡང་དུ་གསལ་བས་རྒྱས་སྤྲོས་མི་དགོས་པ་དང་། ཡང་ཁ་ཅིག་གིས་དགེ་སློབ་མའི་སྡོམ་པ་དང་དགེ་སློབ་མའི་བསླབ་བྱ་བཅུ་གཉིས་སྲུང་བའི་དགེ་གཟུགས་གཉིས་སོ་སོར་ཡིན་ཟེར་ན། དེ་ལྟར་བཤད་པ་འགའ་ཞིག་ཡོད་ཀྱང་དགེ་སློབ་མའི་བསླབ་བྱ་བཅུ་གཉིས་སྲུང་བའི་དགེ་གཟུགས་ལས་དགེ་སློབ་མའི་སྡོམ་པ་ལོགས་སུ་མེད་དེ། (༧)དཔག་སྙེ་ལས། དགེ་ཚུལ་གྱི་བསླབ་གཞི་བཅུ་ཐོབ་པའི་སྟེང་དུ་དགེ་སློབ་མའི་སྡོམ་པ་བླངས་ནས་ལོ་གཉིས་སུ་དེའི་བསླབ་བྱ་ལ་སློབ་པ་སྟེ། ཞེས་དང་། དེ་ལྟར་ཡང་ལུང་ཕྲན་ཚེགས་ལས། སྐྱབས་སུ་འགྲོ་བ་གསུམ་ནས་རིམ་བཞིན་དུ་རབ་ཏུ་བྱུང་བ་ལ་ལོ་གཉིས་ཀྱི་བར་དུ་ཆོས་དྲུག་དང༌། རྗེས་སུ་འབྲང་བའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་ཡང་བྱིན་ནོ། །ཞེས་རྩ་བའི་ཆོས་དྲུག་དང་རྗེས་མཐུན་གྱི་ཆོས་དྲུག་གི་བསླབ་པ་བྱིན་པ་ལ་དགེ་སློབ་མའི་སྡོམ་པ་གསོལ་བ་དང་བྱིན་པ་ཞེས་ཡང་ཡང་གསུངས་པས་དགེ་སློབ་མའི་བསླབ་བྱ་བཅུ་གཉིས་སྲུང་བའི་དགེ་གཟུགས་ལས་གཞན་དགེ་སློབ་མའི་སྡོམ་པ་མཚན་ཉིད་པ་ཞིག་མེད་དོ། །
(ཟུར་གསུམ་པ་སོར་སྡོམ་ཡིན་པ་ལ་འདོད་པའི་སས་བསྡུས་པ་ཡིན་དགོས་ཏེ།)  དེའང་གཞུང་ལས་བསམ་ཟག་གི་སྡོམ་པ་སོར་སྡོམ་ཡིན་པ་བསལ་ཆེད་ཙམ་ལས་རྒྱུ་མཚན་ཆེན་པོ་མ་བཀོད་ཀྱང་སོར་སྡོམ་དེ་གཙོ་བོ་ལུས་ངག་གི་མི་དགེ་བའི་ཉེས་སྤྱོད་སྤོང་བའི་ཆེད་དུ་འཇོག་པར་གོང་དུ་འོད་ལྡན་དང་མཛོད་རྩ་སོགས་ལས་གསུངས་པ་ལྟར་ཡིན་པས་ཁམས་གོང་མ་གཉིས་ལ་ལུས་ངག་གི་མི་དགེ་བ་མེད་པར་འདུལ་མངོན་གཉིས་ཀའི་ཞལ་མཐུན་པར་གོང་མ་ཐམས་ཅད་ལུང་མ་བསྟན་ཞེས་ཡོངས་སུ་གྲགས་པ་ཡིན་ན་དེ་སྤོང་བའི་ཆེད་དུ་བརྩོན་པ་ལ་བརྟེན་ནས་བླངས་པའི་སྡོམ་པ་ཡང་མེད་པར་འོས་མེད་དུ་གྲུབ་པས་སོར་སྡོམ་ཡིན་པ་ལ་འདོད་པའི་སས་བསྡུས་ཡིན་པར་གྲུབ་བོ། །དེ་ལྟར་ཡང་མཛོད་རང་འགྲེལ་ལས། སོ་སོར་ཐར་པའི་སྡོམ་པ་ནི་འདི་པ་རྣམས་ཀྱི་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་སོ། །ཞེས་གསུངས་སོ། །
  འོ་ན་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་སྤོང་བཞི་སྤོང་བདུན་སྤོང་བའི་དགེ་གཟུགས་མ་ཡིན་ནམ་ཞེ་ན། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པའང་སྤོང་བཞི་སྤོང་བདུན་སྤོང་བའི་དགེ་གཟུགས་ཡིན་ཡང་དེ་སྤོང་བའི་ཆེད་དུ་བླངས་པ་ལས་ཐོབ་པའི་དགེ་གཟུགས་མིན་པར་བསམ་གཏན་དང་ཟག་མེད་ཀྱི་སེམས་ཀྱི་རྗེས་འབྲང་ཡིན་པས་དེ་སྐྱེ་བ་དང་མཉམ་དུ་ངང་གིས་མངོན་དུ་གྱུར་པའི་དགེ་གཟུགས་ཡིན་པས་སོར་སྡོམ་ཡིན་པར་བསལ་ཏེ། དཔག་སྙེ་ལས། ཟུར་གསུམ་པས་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་དག་བསལ་ལོ། །ཞེས་གསུངས་པ་ལྟར་རོ། ། སླར་སྨྲས་པ།
བླང་དང་དོར་བྱའི་ཇི་བཞིན་མཐོང་བའི་རིག་པའི་ཡེ་ཤེས་མི་མངའ་བས། །
མ་རྟོགས་ལོག་རྟོག་ཉེས་པ་ཅི་མཆིས་རྒྱལ་ཀུན་རྣམས་ཀྱི་དྲུང་དུ་འཆགས། །
བསམ་སྦྱོར་དག་པའི་དཔྱད་རྩོམ་འདི་རུ་ལེགས་པའི་དགེ་ཚོགས་ཅི་མཆིས་པ། །
འགྲོ་རྣམས་འཁོར་བའི་གནས་ནས་ཐར་ཏེ་བྱང་ཆུབ་འཐོབ་པའི་རྒྱུ་རུ་བསྔོ། །
ཁམས་པ་རྣོ་སྲོང་ངམ་མཁྱེན་རབ་དབང་ཕྱུག་ནས་མི་བརྗེད་པའི་ཕྱིར་དུ་ཟིན་བྲིས་སུ་བཏབ་བོ། །

(༡)སྡོམ་ཊཱིཀ་དཔག་བསམ་སྙེ་མ་ལས། དཔེར་ན་གཅུང་དགའ་བོས་དང་པོར་སྟོན་པའི་བཀས་དབང་མེད་དུ་སྡོམ་པ་བླངས། དེ་རྗེས་སྟོན་པའི་རྫུ་འཕྲུལ་གྱིས་ཁྲིད་དེ་ལྷའི་བུ་མོ་བསྟན་པས་ཕྱི་མ་དེ་དང་ལྷན་ཅིག་སྐྱེ་བར་འདོད་པས་བསླབ་པ་ལ་བརྩོན་པས་སྔར་གྱི་སྡོམ་རྒྱུན་དེ་ལེགས་སྨོན་གྱི་ཚུལ་ཁྲིམས་སུ་གྱུར། དེའི་འོག་ཏུ་དམྱལ་བའི་སྡུག་བསྔལ་བསྟན་པས་ངེས་འབྱུང་སྐྱེས་ཏེ། དེ་ཕྱིན་ཆད་སོ་ཐར་གྱི་སྡོམ་པར་གྱུར་ནས་ལེགས་པར་བབསླབས་པས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་བཞིན་ནོ། །
(༢)མཛོད་རང་འགྲེལ་ལས། འཆལ་པའི་ཚུལ་ཁྲིམས་ཀྱི་རྒྱུ་སྡོམ་ཞིང་འགོགས་པས་ན་སྡོམ་པའོ། །
(༣)མདོ་རྩ་རང་འགྲེལ་ལས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་སྐྱེ་བ་ནི་མ་ཡིན་ཏེ།
སྡོམ་གསུམ་རྣམ་ངེས་ལས་ཀྱང་། ངོ་བོ་ངེས་འབྱུང་བསམ་པས་ཀུན་བསླངས་ནས། །ཞེས་དང་།
(༤)དཔལ་སྤྲུལ་རིན་པོ་ཆེས། སྡོམ་གསུམ་གནད་བསྡུས་ལས། སོ་ཐར་ཀྱི་ངོ་བོ་ངེས་འབྱུང་ཡིན། དེ་ཡང་ངེས་འབྱུང་གི་བསམ་པ་རྣམ་པར་དག་པས་མ་ཟིན་ན། འཇིགས་སྐྱོབ་དང་ལེགས་སྨོན་ཙམ་ནི་སོ་ཐར་གྱི་གཟུགས་བརྙན་ཡིན་པས་སྡོམ་པའི་ངོ་བོ་ངེས་འབྱུང་གི་བློ་འདི་གནད་ཆེའོ། །ཞེས་དང་།
(༥)མཛོད་ལས། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བ་མནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཆེད་དང་དགེ་སློང་ཉིད། །
(༦)ཀརྨ་ཤ་ཏམ་ལས། ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་གསོལ་ན། ཞེས་དང་།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3702