གནམ་པར་དགོན་ཤུལ་ནས་རྙེད་པའི་སྤྱན་རས་གཟིགས་ཀྱི་རྡོ་སྐུ།
གནམ་པར་དགོན་ཕྱག་འདེབས་པ་པོ་དགེ་བཤེས་གནམ་པར་བ་ནི་རྗེ་དྭགས་པོ་ལྷ་རྗེས་བཀའ་གདམས་གསན་ཡུལ་གྱི་བླ་མ་དགེ་བཤེས་བྱ་ཡུལ་པ་ཆེན་པོའི་སློབ་མ་ཡིན་འདུག་ལ། དབུས་ཀྱི་གདན་ས་དྲུག་གི་ཡ་གྱལ་སྟོད་ལུང་གསང་ཕུའི་གདན་རབས་ལྔ་པ་ཡིན། ཁོང་གིས་གདན་ས་ལོ་བརྒྱད་ཀྱི་རིང་བསྐྱངས་རྗེས་གདན་ས་སློབ་དཔོན་ཕྱྭ་པ་ལ་གཏད། གནམ་པར་བས་གསང་ཕུའི་གདན་ས་སྐྱོང་པའི་དུས་ཚོད་ནི་སྤྱི་ལོ(1143-1151ལོའི་བར་ཡིན་འདུག །
བྱ་ཡུལ་པ་ནི་དགུང་ལོ་དྲུག་ཅུ་རྩ་བཞི་པ་རབ་བྱུང་གཉིས་པའི་ས་ཕོ་རྟའི་(1138)སྨིན་དྲུག་ཟླ་བའི་ཚེས་བཅོ་བརྒྱད་ལ་སྐུ་གཤེགས་ཚུལ་ཆོས་འབྱུང་རྣམ་ཐར་ཁག་ཏུ་གསལ་པོར་འཁོད་ཡོད་ཅིང་། གནམ་པར་བས་བྱ་ཡུལ་པ་བླ་མར་བསྟེན་པ་དང་བྱ་ཡུལ་པ་སྐུ་གཤེགས་པའི་ལོ་ཚིགས་བཅས་ལ་དཔགས་ན་གནམ་པར་བའི་འཁྲུངས་ལོ་ནི་སྤྱི་ལོ་(1110)དང་(1138)གྱི་བར་ཙམ་དུ་ཡིན་བཟོ་འདུག་ཅེས་སྐབས་འདིར་འབྲི་བ་ལས། ད་ཕན་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་པོ་ཞིག་མ་མཇལ་བས་མཐའ་གཅིག་ཏུ་ལོ་ཚིགས་འདི་རེད་ཅེས་ཁ་ཚོན་གཅོད་དཀའ།
གནམ་པར་དགོན་པའི་གྱང་ཤུལ་གྱི་ཟུར་ཁ་ཞིག །
གནམ་པར་བས་སྟོད་ལུང་གནམ་པར་དགོན་བཏབ་པ་ཡང་དེབ་སྔོན་སྟོད་ཆ་ཤོག་ངོས་389ལས། “རྣམ་པར་བས་ནི་རྣམ་པར་དང་རམ་པ་ལྷ་ལྡིངས་བཏབ། “ཅེས་དང་། བཀའ་གདམས་ཆོས་འབྱུང་ཤོག་ངོས་294 ལས་ཀྱང་། “གནམ་པར་བས་སྟོད་ལུང་དུ་གནམ་པར་གྱི་དགོན་པ་བཏབ་བོ་”ཞེས་དང་། ཡང་ཚལ་པའི་དེབ་དམར་ཤོག་ངོས་66ལས། “རྣམ་པར་བ་ཆེན་པོ། འདིས་རྣམ་པར་དང་། རམ་པ་ལྷ་ལྡིངས་བཏབ།”ཅེས་སོགས་གསུངས་ཡོད་པར་མ་ཟད། ད་ལྟའི་དུས་སུ་ཡང་སྟོད་ལུང་གནམ་པར་དུ་དགོན་པའི་གྱང་ཤུལ་རྒྱ་ཆེར་མཇལ་རྒྱུ་འདུག་ལ། དེ་གའི་རྒན་པོའི་ངག་སྒྲོས་སུ་འང་དེར་དགོན་པ་ཞེས་འབོད་ཀྱིན་ཡོད་ཅིང་དགོན་པ་དང་འབྲེལ་བའི་བཤད་རྒྱུན་མང་དག་ཅིག་ཀྱང་ཐོས་རྒྱུ་འདུག །སྤྱིར་ན་གནམ་པར་གྱི་ཡུལ་དེ་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་ཡ་གྱལ་མཉམ་མེད་ཤངས་པ་བཀའ་བརྒྱུད་ཀྱི་བླ་མ་དབོན་སྟོན་སྐྱེར་སྒང་པ་ཞང་སྒོམ་ཆོས་སེང་ཞབས་ཀྱི་འཁྲུངས་ཡུལ་ཡང་ཡིན་པ་རྗེ་ཉིད་ཀྱི་རང་རྣམ་ལས་གསུངས།
གནམ་པར་དགོན་གྱི་བརྟན་མའི་སྐུ་མཁར།
གནམ་པར་བའི་རྗེས་སུ་དགོན་འདི་ཉིད་དར་རྒུད་ཅི་འདྲ་བ་ཞིག་བྱུང་མིན་གསལ་ཁ་དེ་ཙམ་མེད་མོད། དུས་ཕྱིས་སུ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པ་གནམ་པར་དུ་སྐུ་མཚམས་ཡུན་རིང་བཞུགས་པ་རྗེ་ཉིད་ཀྱི་རྣམ་ཐར་ཞྭ་དམར་བཞི་པ་སྤྱན་སྔ་ཆོས་གྲགས་ཀྱིས་མཛད་པ་ཆོས་རྗེ་འཇིག་རྟེན་དབང་པོའི་སྐྱེས་རབས་དགེ་ལེགས་ཡོངས་སུ་སྨིན་པའི་སྙེ་མའི་ཤོག་ངོས་389ལས། “ལྕགས་ཕོ་སྟག་ལོ་དགུང་ལོ་ཉི་ཤུ་རྩ་བདུན་པ་ལ་དབུས་སུ་བཏེག་པའི་ལམ་དུ་”ཞེས་དང་། ཡང་དེ་འོག་”དེ་མ་ཐག་ཏུ་དགུན་འདས་པ་དཔྱིད་ཀྱི་དུས་སུ། གདན་ས་མཚུར་ཕུར་བྱོན། ཞིག་སོས་ཀྱི་བཀའ་གནང་བ་ཇི་ལྟ་བར། དབང་གྲགས་པ་རྒྱལ་མཚན་པས་དོ་དམ་པ་བསྐོས་ཏེ་ལེགས་པར་གྲུབ། ལྷ་ཆེན་གྱི་མདུན་དུ་དངུལ་ཀོང་མང་པོ་སོགས་མཆོད་རྫས་ཕུལ། རབ་གནས་དགེ་མཚན་དང་ལྡན་པར་གྱུར། སྣམ་པར་དང་མཚུར་ཕུར་བཞུགས། “ཞེས་གསུངས་ཡོད། གོང་གི་ལྕགས་ཕོ་སྟག་ལོ་དེ་ནི་རྗེ་ཉིད་རྒྱ་ནག་ནས་བོད་དུ་ཕེབས་པའི་ལོ་1410ལོའི་དབྱར་མཇུག་ཁེལ་ཡོད་པ་དང་། དགུན་འདས་པ་དཔྱིད་ཀྱི་དུས་ཟེར་བ་དེ་ནི་དེ་གའི་ཕྱི་ལོ་ལྕགས་ཡོས་ཏེ། སྤྱི་ལོ་1411ལོ་རྒྱལ་དབང་མཆོག་དགུང་ལོ་28 གྱི་སྐབས་སུ་ཁེལ་ཡོད།
བཟང་མོ་བྲག་གི་རི་ཁྲོད།
དྲུང་རྨ་སེ་རྟོགས་ལྡན་རབ་བྱུང་སྒྲུབ་སའི་གནས་ན་མོ་ཆེ།
ད་ལྟའི་དུས་སུ་དེ་གའི་ཡུལ་མིས་སྣམ་པར་དགོན་དང་ན་མོ་ཆེ་སོགས་སྒྲ་མ་ཉམས་པར་འབོད་ཀྱིན་འདུག་ལ། དགོན་པའི་གཡས་ངོས་ཀྱི་ན་མོ་ཆེ་ཟེར་བའི་ས་ཆ་དེ་ཡང་ཀརྨ་པ་ལྔ་པ་དེ་བཞིན་གཤེགས་པའི་སློབ་མ་དཔལ་ལྡན་ཟུར་མང་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་འབྱེད་དྲུང་རྨ་སེ་རྟོགས་ལྡན་བློ་གྲོས་རིན་ཆེན་མཆོག་རབ་བྱུང་སྒྲུབ་སའི་གནས་གནམ་ན་མོ་ཆེ་ཟེར་བ་དེ་ཡིན་པར་འདུག །དེ་ཡང་རྩ་སྤྱིལ་བསོད་ནམས་དཔལ་གྲུབ་ཀྱིས་མཛད་པའི་དྲུང་རྨ་སེ་རྟོགས་ལྡན་གྱི་རྣམ་ཐར་ཤོག་ངོས་41 ལས། “གནམ་ན་མོ་ཆེར་མཁན་པོ་ཆོས་རྗེ་ཐམས་ཅད་མཁྱེན་པ་ཉིད་དང་། སློབ་དཔོན་མཁན་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་སོགས་དང་། དགེ་འདུན་རྒྱ་མཚོ་དང་བཅས་པའི་དྲུང་དུ། རབ་ཏུ་བྱུང་བར་མཛད་དེ་མཚན་དུའང་བློ་གྲོས་རིན་ཆེན་ཞེས་གསོལ་ཏོ།།”ཞེས་གསུངས་པ་ལ་མཇལ་ཚེ་གནམ་ན་མོ་ཆེ་ཟེར་བ་འདི་སྔོན་ནས་ད་བར་སྒྲ་རང་སོར་གནས་པ་འདྲ། གནམ་པར་དགོན་གྱི་གྱང་ཤུལ་དང་དེའི་རྒྱབ་རིའི་རི་རྒྱུད་དང་གཡས་གཡོན་གང་སར་བླ་མའི་གཟིམས་ཁང་ཟེར་བ་དང་། བཟང་མོ་བྲག །དེ་བཞིན་ཤམ་གདའ་ཟེར་བ་སོགས་སྒྲུབ་གནས་ཀྱི་ཤུལ་མང་བས། མཚམས་འདིར་སྣམ་པར་རི་ཁྲོད་སྤྱི་ཙམ་ནས་གླེང་པ་ལས་ཀརྨ་པ་དེ་བཞིན་གཤེགས་པའི་སྒྲུབ་ཁང་ཡང་མཐའ་གཅིག་ཏུ་འདི་རེད་ཅེས་སྐབས་འཕྲལ་དུ་ཞུ་བར་མི་ཕོད་མོད། ས་དཔྱད་དང་ན་མོ་ཆེར་ཐག་ཉེ་བར་དཔགས་ན་བཟང་མོ་བྲག་གི་རི་ཁྲོད་དེ་ཡིན་ནམ་སྙམ་མོ།།
གོང་ཞུས་སྒྲུབ་གནས་འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་རྣམ་པར་གྱི་ས་ཁོངས་དང་། ལྷ་ས་ནས་མཚུར་ཕུ་དགོན་གྱི་གཞུང་ལམ་ཕྱོགས་སུ་སྤྱི་ལེ་40ཙམ་གྱི་སར་ཡོད་པ་དང་། རྒྱ་མཚོའི་ངོས་ནས་མཐོ་ཚད་རྨིད་4200ལྷག་ཡོད་འདུག་གོ།། །།
ཞེས་པ་འདི་ནི་འཕྲང་སྟོད་པས་2023ས་ཟླའི་ཚེས8ཉིན་རེས་གཟའ་སྤེན་པར་མཚུར་ཕུའི་རང་ཤག་ཏུ་བྲིས་ཏེ་སྤེལ།
མཆན།
ཆོས་འབྱུང་ཁག་ཏུ་རྣམ་པར་དང་སྣམ་པར་གནམ་པར་ཞེས་འབྲི་སྟངས་མི་གཅིག་པ་ཅི་རིགས་བྱུང་འདུག་ནའང་། འདིར་དེང་སང་འབྲི་སྟངས་ལྟར་གནམ་པར་ཞེས་བྲིས་ཡོད།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3695
དཔྱད་མཆན་སྤེལ།