འཛམ་གླིང་ཤར་ནུབ་ཀྱི་ས་ཆ་གང་སར་རང་རང་གི་ཁྱད་ཆོས་ལྡན་པའི་གནའ་བོའི་བྲག་རིས་མང་པོ་མཐོང་རྒྱུ་ཡོད། དེ་དག་གི་ཚོན་མདོག་དང་ནང་དོན། ད་དུང་རི་མོའི་ཉམས་འགྱུར་སོགས་ཀྱི་ཐད་མཐའ་གཅིག་ཏུ་མཚུངས་པའི་ངེས་པ་མེད་ཀྱང་། མཐར་ཐུག་གི་ལྟ་བ་གཅིག་ཏུ་བབ་པ་ནི་སྐབས་དེ་དང་དེའི་འཚོ་གནས་བྱ་ཚུལ་དང་དད་མོས་སོགས་ལ་འབྲེལ་བ་ཡོད་སྙམ། རང་རེ་བོད་ཀྱི་ཡུལ་ལུང་སྟོད་སྨད་མང་པོར་ཡང་མིའི་རིགས་ཀྱི་འགྲོ་བ་གཞན་དང་འདྲ་བར་ལོ་ངོ་སྟོང་ཕྲག་གི་སྔོན་ནས་བྲིས་པའི་བྲག་རིས་མང་དག་ཅིག་མཐོང་རྒྱུ་ཡོད་པར་མངོན།

      རང་ཉིད་བྲག་རིས་དབྱི་ཞིབ་དང་དེའི་ཕྱོགས་ཀྱི་རིག་གནས་ལ་ཤེས་རྒྱ་དང་མཐོང་རྒྱ་ཡོད་མཁན་ཞིག་གཏན་ནས་མིན་ན་ཡང་། དེའི་ཕྱོགས་སུ་དགའ་ཞེན་ཆེ་བའི་མི་ཞིག་ཡིན། དེའི་རྐྱེན་ཙམ་གྱིས་འདས་ཟིན་པའི་ལོའི་ནང་དུ་གུས་པས་མཚུར་ཕུའི་གནའ་བོའི་བྲག་རིས་གསར་རྙེད་བྱུང་ཚུལ་ཀྱི་རྩོམ་ཐུང་ཞིག་དྲ་ལམ་ཁག་ཏུ་སྤེལ་བ་ཡིན་ལ། ད་ཐེངས་ཀྱང་སྟོད་ལུང་གནམ་པར་གྱི་གནའ་བོའི་བྲག་རིས་གསར་དུ་རྙེད་པ་ཞེས་པའི་ཡི་གེ་འདི་སྤེལ་འདོད་པ་བྱུང་།

     དེ་སྔ་མཚུར་ཕུའི་གནའ་བོའི་བྲག་རིས་སྐོར་གྱི་རྩོམ་ཐུང་དེ་དྲ་ཐོག་ཏུ་སྤེལ་རྗེས་སུ་རང་དགོན་གྱི་དབུ་ཁྲི་ཆེན་བླ་མ་ཆུང་བདག་ལགས་ཀྱིས་གསུངས་དོན།ཁོང་རང་ཉིད་ཆུང་དུས་ཕ་ཡུལ་གནམ་པར་གྱི་བྲག་ངོས་སུའང་རི་མོ་འདི་འདྲ་བ་མཐོང་མྱོང་བའི་སྐོར་ཀྱི་བཀའ་མོལ་བྱུང་། དེར་བརྟེན། ཉིན་འགའ་ཞིག་གི་སྔོན་དུ་བླ་མ་ཆུང་བདག་ལགས་ངེད་གཉིས་སྟོད་ལུང་གནམ་པར་གྱི་ཕུར་རྒྱལ་དབང་ཀརྨ་པ་ལྔ་པ་དེ་བཞིན་གཤེགས་པའི་སྒྲུབ་གནས་འཚོལ་ཞོར་དུ་གནའ་བོའི་བྲག་རིས་ལ་བལྟ་བར་ཕྱིན་པ་ཡིན། སྟབས་ལེགས་པ་ཞིག་ལ་བྲག་རིས་ཡོད་ས་གནས་གཅིག་ཁོ་ན་མ་ཡིན་པར་བཞི་ཙམ་དངོས་སུ་རྙེད་ཅིང་། ད་དུང་དེ་མིན་པ་གསུམ་ཙམ་ཡོད་པ་གསལ་པོར་ཤེས་ཀྱང་དེ་ཉིན་དུས་ཚོད་དང་ངལ་དུབ་ཀྱི་རྐྱེན་པས་རིི་འགོ་འགའ་ཞིག་ལ་གནས་སྐབས་སུ་འགྲོ་མ་ཐུབ། སྤྱིར་ན་བྲག་རིས་དེ་དག་བྲག་རིས་གཞན་དང་ཕྱོགས་ཀུན་ནས་མཚུངས་རུང་དམིགས་གསལ་དུ་གནམ་པར་གྱི་བྲག་རིས་དག་ནི་ཕལ་ཆེ་བ་ཤྭ་བའི་རི་མོ་ཡིན་པ་དང་། འགའ་ཞིག་ནི་རྔོན་པ་དང་ཤྭ་བའི་མཚོན་དོན་ལྟ་བུ། ད་དུང་ཁང་པ་ལྟ་བུའི་རི་མོ་གཞན་དང་འགའ་ཞིག་ནི་དེ་ཙམ་གྱིས་ཚོན་གྱི་མདོག་མི་གསལ་བས་ཅི་ཡིན་མི་ཤེས་པའང་འདུག་གོ། 

      ཅི་སྟེ་ཆེད་ལས་ཉམས་ཞིབ་པ་དང་དེང་རབས་ཀྱི་བརྟག་ཆས་སོགས་ཡོད་ན་དུས་རབས་གང་གི་བྲག་རིས་ཡིན་པ་དང་། དེ་ལ་ལོ་རྒྱུས་ཀྱི་རིན་ཐང་ཅི་ཞིག་ཡོད་པ་སོགས་ལྐོག་གྱུར་གྱི་དོན་མང་པོ་ཞིག་མཁྱེན་རྟོགས་སམ་གསལ་ཁ་ཡོང་ངེས་པས། འབྲེལ་ཡོད་ཤེས་ལྡན་པ་དག་གིས་རྒྱུས་ལོན་དང་དོ་སྣང་བྱས་ན་ཤིན་ཏུ་ལེགས་སྙམ། 

     གོང་ཞུས་ཀྱི་ས་ཆ་འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་རྣམ་པར་གྱི་ཕུ་ཡིན་པ་དང་། ལྷ་ས་ནས་མཚུར་ཕུ་དགོན་གྱི་གཞུང་ལམ་ཕྱོགས་སུ་སྤྱི་ལེ་40ཙམ་གྱི་སར་ཡོད་པ་དང་། རྒྱ་མཚོའི་ངོས་ནས་མཐོ་ཚད་རྨིད་4200ལྷག་འདུག་གོ།།  །།

   ཞེས་པ་འདི་ནི་བྲག་རིས་འདི་དག་ལ་ལོ་རྒྱུས་ཀྱི་རིན་ཐང་ཡོད་སྲིད་ན་སླད་ནས་སྲུང་སྐྱོབ་འཐོབ་ཕྱིར་འཕྲང་སྟོད་པས་༢༠༢༣/བོད་ཟླ་༤/༢༤ཉིན་མཚུར་ཕུའི་རང་ཤག་ནས་བྲིས་ཏེ་སྤེལ་བའོ། 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3689