གཏམ་གྱི་འགོ་འཛུགས་པ། 

    ལོ་རེའི་བོད་ཟླ་ལྔ་པའི་ཚེས་པ་གཅིག་ནི་བོད་ཀྱི་སྐྱེས་ཆེན་དམ་པ་ཞིག་གི་འཁྲུངས་སྐར་ཏེ། ཁོང་ནི་ཆོས་བརྒྱུད་བྱེ་བྲག་པ་ཞིག་གི་བླ་མ་ཙམ་མ་ཡིན་པར་བསྟན་པ་སྤྱི་ཡི་དར་རྒུད། གོ་ལ་ཡོངས་ཀྱི་གནས་སྟངས། འགྲོ་མི་ཀུན་གྱི་བདེ་སྡུག་ལ་ཐུགས་འགན་བཞེས་ཏེ་རླབས་ཆེན་གྱི་དགོངས་བཞེད་གནང་ཞིང་དུས་མཐུན་གྱི་ཕྱག་ལས་རྩོམ་པར་མཛད་མཁན་ཞིག་སྟེ། མཚན་ཡོངས་གྲགས་སུ་ཀརྨ་པ་ཞེས་ཞུ། 

     སྤྱིར་སྤྲུལ་སྐུའི་ཆོ་ལོ་རང་ཆས་སུ་ཡོད་པའི་ཆོས་ལུགས་མི་སྣ་དག་ནི་དང་པོར་ཐོས་པའི་སྐྱ་རེངས་མ་བསྟེན། བར་དུ་བསམ་བྱུང་ཉིན་བྱེད་མ་ཤར། ཐ་མར་སྒོམ་དོན་པད་འདབ་མ་གྲོལ་ཀྱང་། ཡིན་མིན་རྒྱུ་མཚན་ལ་མི་ལྟོས་པའི་དད་འབངས་མང་པོ་ཞིག་གིས་གཙུག་ཏུ་བཀུར་ངེས་ཤིང་། ལེགས་ཉེས་དབྱེ་གསལ་མི་ཤེས་པའི་རྗེས་འཇུག་མང་པོ་ཞིག་གིས་རྒྱུ་འབྱོར་བསྟབ་ངེས། དེར་མ་ཟད། མཁས་པའི་ཕྱག་རྗེས། བཙུན་པའི་རང་རྟགས། བཟང་པོའི་སྤྱོད་པ་སོགས་ཅི་ཡང་མེད་ནའང་གོང་མའི་ཡང་སྲིད་ཀྱི་མིང་བྱང་སྙན་མོ་ཞིག་བཏགས་པ་ཙམ་གྱིས་ཁྲི་མཐོ་ཚད་ལ་བསྡད་ཆོག་ཆོག་དང་། ཟས་ཞིམ་ཚད་ལ་རོལ་ཆོག་ཆོག །བཀའ་བཙན་ཚད་གཏང་ཆོག་ཆོག་ཡིན་མོད། དེའི་རིགས་ཀྱི་སྤྲུལ་སྐུ་མང་དྲགས་པས། ལོ་རྒྱུས་ཡུན་རིང་ལྡན་པའི་སྤྲུལ་སྐུའི་ལམ་ལུགས་ལའང་གས་ཆག་ཤོར་དང་འཆོར་བཞིན་པ་ནི་མཐོང་ཆོས་རེད། འོན་ཀྱང་། ཀརྨ་པ་ནི་མ་བསྒྲུབས་ངང་གིས་འཛོམས་པའི་ལོངས་སྤྱོད་དེ་ཙམ་གྱིས་ཐུགས་ཡིད་མ་ཚིམས་པར་ཆུང་ནས་གྲྭ་རྐྱང་དཀྱུས་མ་བཞིན་སློབ་གཉེར་མཛད། མི་བུ་ཕལ་བ་བཞིན་དགེ་རྒན་བསྟེན། འཛམ་གླིང་ཤར་ནུབ་ཀྱི་རིང་གཞུང་སྦྱངས། མི་རིགས་སྣ་ཚོགས་ཀྱི་སྐད་ཡིག་བསླབས། དཀའ་བ་སྤྱད། བརྩོན་པ་བསྟེན་པས། ད་གཟོད་མཁས་པའི་གདེངས། བཙུན་པའི་ཚུགས། བཟང་པོའི་ཕྲིན་ལས་ཅན་ཞིག་ཏུ་ཆགས་འདུག་པ་ནི་རིས་སུ་མེད་པའི་མཁས་པ་ཀུན་གྱིས་བསྔགས་བཞིན་པ་འདི་ག་རེད། 

      དེར་བརྟེན། ཁོང་གི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་ནི་ཆོས་འཇིག་རྟེན་གང་གི་ངོས་ནས་བསམས་ཀྱང་འོས་ཤིང་འཚམ་ལ་རིན་ཐང་ཆེ་བ་ཞིག་ཏུ་གུས་པ་བདག་གིས་སེམས་བཞིན་ཡོད་ལ། བསམས་པ་བཞིན་རྒྱལ་ཕྱི་ནང་གང་སར་ནས་རྣམ་པ་སྣ་ཚོགས་ཀྱིས་འཁྲུངས་སྐར་སྲུང་བརྩི་མཛད་བཞིན་འདུག་པས། དགའ་གུས་ཡི་རངས་ཀྱི་ཐལ་མོ་མི་ཟུམ་པའི་རང་དབང་ཞིག་ཅི་ལ་ཡོད།

ཁོར་ཡུག་སྲུང་སྐྱོབ་ཀྱི་སྒོ་ནས་འཁྲུངས་སྐར་བསུ་བ། 

      དེ་ཡང་རྒྱལ་དབང་ཀརྨ་པ་ལ་ཐུགས་བཞེད་རླབས་ཆེན་དུ་མ་ཞིག་ཡོད་པ་ལས། གལ་ཆེ་ཤོས་གཅིག་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ཡིན་ཏེ། དེ་ཡང་ལོ་ངོ་མང་པོའི་སྔ་རོལ་ནས་ཁོང་གིས་ཁོར་སྲུང་གི་བཀའ་སློབ། ཁོར་སྲུང་གི་ཚོགས་འདུ། ཁོར་སྲུང་གི་བྱ་ཐབས། ཁོར་སྲུང་གི་ཕྱག་དེབ། ཁོར་སྲུང་གི་ལས་འགུལ་སོགས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་གཞི་རྒྱ་ཆེ་ཆུང་སྣ་ཚོགས་ཀྱི་སྒོ་ནས་ཕྱག་ལས་རབ་དང་རིམ་པ་བརྩམས་མཛད་པས། སྔོན་ཆད་ལྕང་འདེབས་ནགས་འཛུགས། སྐྱེ་ཁམས་སྲུང་སྐྱོབ་སོགས་ལ་དོ་སྣང་ལྟ་ཅི། དགོས་པ་ཙམ་ཡང་མི་མཐོང་བའི་ཡུལ་ལུང་མང་པོ་ཞིག་ལ་གོ་རྟོགས་གསར་པ་སྐྱེས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་ཅི་རིགས་སྒྲུབ་བཞིན་པ་ལ་ཤར་ནུབ་མཁས་པ་དག་གིས་ཚད་མཐོའི་གདེང་འཇོག་མཛད་བཞིན་ཡོད་པ་གང་ས་ནས་ཐོས་རྒྱུ་འདུག 

    ད་ལོའི་རྒྱལ་དབང་ཀརྨ་པའི་འཁྲུངས་སྐར་ལའང་ཀམ་ཚང་གི་གཞིས་དགོན་ཁག་གིས་གཙོས་བྱས་པའི་རྒྱལ་ཕྱི་ནང་དང་། བོད་ཡུལ་སྟོད་སྨད་བར་གསུམ་གང་ས་ནས་སྐྱ་སེར་དད་ལྡན་མང་པོས་ཤིང་ནགས་འདེབས་འཛུགས། གད་སྙིགས་གཙང་སེལ། ཆུ་འགོ་སྲུང་སྐྱོབ། གཞུང་ལམ་རྙིང་བཅོས་སོགས་རིགས་དང་རྣམ་གྲངས་སྣ་ཚོགས་ཀྱི་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བཞིན་འདུག་པ་ནི། ཤིན་ཏུ་དགའ་འོས་ཤིང་རབ་ཏུ་བསྔགས་འོས་པའི་མཛད་བཟང་ཞིག་སྟེ། འདི་ནི་ཕྱོགས་གཅིག་ནས་རང་རེའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་རྒྱལ་དབང་ཀརྨ་པ་མཆོག་ལ་བཀའ་བཞིན་སྒྲུབ་པའི་དད་དམ་འགྱུར་བ་མེད་པ་ཞིག་ཡོད་པའི་མཚོན་བྱེད་གལ་ཆེ་ཤོས་དེ་ཡིན་ཞིང་། ཕྱོགས་གཞན་ཞིག་ནས་ང་ཚོ་དམ་པ་བསྟེན་ན་ཡོན་ཏན་ངང་གིས་འབྱུང་བའི་དཔེ་ལྟར། རྒྱལ་དབང་ཀརྨ་པའི་དུས་བབ་ཀྱི་བཀའ་སློབ་ལ་བརྟེན་ནས་སྣོད་བཅུད་ཀྱི་འབྲེལ་བ་དང་། སྐྱེ་ཁམས་གཙང་མའི་གལ་ཆེན་རང་བཞིན་སོགས་ལ་གོ་རྟོགས་ཅུང་ཟད་སད་དེ། རང་ཉིད་ནས་འགོ་བཟུང་སྟེ་ང་ཚོ་འཚོ་སྡོད་བྱ་སའི་གོ་ལ་ཆེན་མོ་འདིར་སྲུང་སྐྱོབ་བྱ་རྒྱུ་འགོ་བཙུགས་སོང་བས། འདི་ནི་བོད་ཡུལ་ཙམ་མིན་པར་ས་སྒང་ཧྲིལ་པོར་སྨན་པའི་རླབས་ཆེན་གྱི་བྱ་བ་ཞིག་ཡིན་པས། འདི་ཉིད་མུ་མཐུད་རྒྱུན་བསྐྱངས་ཤིང་གཞི་རྒྱ་ཇེ་ཆེར་གཏོང་ཐུབ་ན་ལོ་རྒྱུས་ཀྱི་རིན་ཐང་ཡོད་པའི་འཁྲུངས་སྐར་བསུ་སྟངས་ཁྱད་པ་བ་ཞིག་ཏུ་ཆགས་རྒྱུར་གདོན་མི་ཟ་བས། རྒྱལ་དབང་ཀརྨ་པ་ལ་དད་འདུན་ཆེ་བའི་སྐྱ་སེར་ཀུན་གྱིས་འདི་ལ་ཤུགས་བརྒྱབ་ན་དོན་སྙིང་ཤིན་ཏུ་ཆེ་བར་སྙམ་མོ།།

དགེ་ལས་ཀྱི་སྒོ་ནས་འཁྲུངས་སྐར་བསུ་བ།

     དེ་ཡང་ཡེ་ཤུའི་ཆོས་ལུགས་ཀྱི་མི་སྣས་གཙོས་པའི་འཛམ་གླིང་སྔོན་ཐོན་གྱི་ཆོས་ལུགས་མི་སྣ་མང་པོ་ཞིག་གིས་དབུལ་ཕོངས་ལ་སྦྱིན་གཏོང་། ནད་པ་ལ་རོགས་རམ། ཉམ་ཐག་ལ་བྱམས་སྐྱོང་སོགས་ཕལ་བའི་སྐྱེ་བོ་ཀུན་གྱི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བའི་སྤྱི་ཕན་གྱི་བྱ་བ་མང་པོ་ཞིག་བསྒྲུབས་པས། དེང་རབས་ཤེས་དཔལ་གྱི་སྤྱི་ཚོགས་འདིར་བག་ཆགས་བཟང་པོ་ཞིག་བཞག་ཡོད་བཟོ་འདུག་ཅིང་། དེའི་དབང་གིས། རང་གི་ཕ་མེས་ཀྱི་ཆོས་ལུགས་ཀྱང་འཛམ་གླིང་ཕྱོགས་མེད་ཀྱི་ས་ཆ་མང་པོར་དར་ཁྱབ་འགྲོ་བའི་མཐུན་རྐྱེན་བཟང་པོ་ཞིག་ཀྱང་ངང་གིས་འབྱུང་གིན་ཡོད་པར་འདུག་མོད། བོད་བརྒྱུད་ནང་པ་དག་ནི་དེ་ལས་ལྡོག་སྟེ། སེམས་ཀྱི་ཟབ་ས་གང་ཞིག་ནས་ཐུགས་བསྐྱེད་ཟབ་མོ་ཅི་ཞིག་མཛད་བཞིན་ཡོད་མེད་མི་ཤེས་རུང་། ཚུར་མཐོང་ཤ་ཡི་མིག་གི་སྤྱོད་ཡུལ་དུ་གཞན་ལས་ཚུར་ལེན་རྒྱུ་ལས། ཕར་སྦྱིན་གཏོང་དང་རོགས་རམ་སོགས་མི་བྱེད་པ་འདིས་དཔྱོད་ལྡན་མང་པོ་ཞིག་གི་མཐོང་སྣང་དུ་བོད་པའི་ཆོས་བྱེད་མི་སྣ་ནི་སྟོང་གཏམ་རིང་ལུགས་པ་དང་། བོད་བརྒྱུད་ནང་བསྟན་ནི་འགྲོ་མིའི་འཚོ་གནས་དང་འབྲེལ་བ་མེད་པའི་གནའ་བོའི་ལྷ་ཆོས་ཤིག་ཏུ་སེམས་མཁན་ཡང་མང་ནས་མང་དུ་འགྲོ་བཞིན་ཡོད་ཚོད་འདུག་ལ། གནས་སྟངས་འདི་མུ་མཐུད་རྒྱུན་ཆགས་སུ་སོང་ན་འབྱུང་འགྱུར་ནང་བསྟན་དར་རྒྱས་ལ་ཟློག་ཕྱོགས་ཀྱི་ཤུགས་རྐྱེན་འབྱུང་ངེས་པའང་རྟགས་དང་རྗེས་དཔག་གི་ལམ་ནས་དཔོག་པར་ནུས། དེར་མ་ཟད། བསྟན་པ་འདི་ལ་སྙིང་ནས་ཤ་ཚ་ཆེ་ཞིང་གནའ་དེང་རིག་གཞུང་ལ་གཟིགས་རྒྱ་ཡངས་པའི་མཁས་པ་མང་པོས་ཀྱང་དེའི་ཐད་ནས་དགོངས་ཚུལ་དང་ལམ་སྟོན་མང་པོ་གནང་འདུག་པའང་དྲ་ལམ་ཁག་ནས་མཐོང་དུ་ཡོད།

   རྒྱལ་དབང་ཀརྨ་པ་མཆོག་ནས་ཀྱང་སྤྱི་ཚོགས་ཀྱི་སྣང་ཚུལ་དེ་ལ་གཟིགས་ནས་ཉམ་ཐག་ནད་པ་དང་། དབང་པོ་སྐྱོན་ཅན་སོགས་ལ་རོགས་སྐྱོར་ཤུགས་ཆེན་མཛད་ཡོད་པ་བརྒྱུད་ལམ་ཁག་ཏུ་སྤེལ་བཞིན་པ་དེ་ག་རེད། འོན་ཀྱང་། ཁོང་གི་རྗེས་འཇུག་གི་ཁྲོད་དུ་རྒྱུ་དང་འབྱོར་བའི་ཁ་སྟབས་ཅན་མང་ཡང་། ཁོང་ཚོས་ཅི་ཞིག་ལ་དགོངས་པ་ཡིན་མི་ཤེས་མོད། ད་ལྟའི་བར་གཞི་རྒྱ་ཅུང་ཆེ་བའི་སྤྱི་ཕན་གྱི་ལས་འགུལ་སྣ་ཚོགས་སྤེལ་བ་ཤིན་ཏུ་མཐོང་དཀོན་ཅིང་། ལྷག་པར་དམིགས་བསལ་གྱི་དུས་ཚིགས་འཁྲུངས་སྐར་ཉིན་མོ་འདི་འདྲར་ཡང་སྔོན་ཆད་ངན་སློང་ལ་སྦྱིན་གཏོང་དང་། ནད་པ་ལ་རོགས་རམ་སོགས་སྤྱི་ཕན་གྱི་བྱ་བ་རླབས་ཆེན་དེ་འདྲ་སྤེལ་བ་སྲིད་མཐའ་ཙམ་དུ་གྱུར་འདུག 

    འོན་ཀྱང་། ད་ལོ་དྲ་ལམ་ཁག་ནས་འཁྲུངས་སྐར་ཉིན་མོ་འདིར་དབུལ་ཕོངས་སྦྱིན་གཏོང་གིས་མཚོན་པའི་ཉམ་ཐག་མི་སེར་ལ་རོགས་རམ་བྱེད་པའི་གནས་ཚུལ་རེ་ཟུང་མཐོང་རྒྱུ་འདུག་པ་ནི། ཤིན་ཏུ་བསྔགས་འོས་པ་ཞིག་སྟེ། བོད་བརྒྱུད་ནང་བསྟན་གནས་དགོས་ན་ཆོས་དང་ཆོས་བྱེད་མི་སྣ་དག་ལ་ད་ལྟའི་སྤྱི་ཚོགས་འདིའི་མཆོག་དམན་སྐྱེ་བོ་ཀུན་གྱི་མཐོང་སྣང་ཡག་པོ་ཡོང་རྒྱུ་ནི། དུས་རབས་འདིའི་ནང་བསྟན་དར་རྒྱས་ཀྱི་རྨང་གཞི་ཉག་གཅིག་ཡིན་པས། དེ་ལྟ་བུའི་སྤྱི་ཕན་གྱི་ལས་འགུལ་རེ་རེ་ནི་གཞི་རྒྱ་ཆེ་ཆུང་ལ་མ་བལྟོས་པར་དུས་རབས་གསར་པར་ནང་བསྟན་གྱི་ཁང་བཟང་བཞེངས་པའི་རྨང་རྡོ་རེ་རེ་ཡིན་པས། ང་ཚོས་སློབ་སྦྱོང་དང་ཡི་རངས་ཞུ་བར་འོས་ཤིང་། མ་འོངས་པར་རྒྱལ་དབང་ཀརྨ་པའི་འཁྲུངས་སྐར་ལ་འབྱོར་བ་ཅུང་ཟད་ཡོད་པའི་རྗེས་འཇུག་སྐྱ་སེར་ཚོས་དབུལ་ཕོངས་ལ་སྦྱིན་གཏོང་། ནད་པ་ལ་རོགས་རམ། དྭ་ཕྲུག་ལ་ཞལ་འདེབས་སོགས་སྤྱི་ཕན་གྱི་ལས་འགུལ་སྣ་ཚོགས་སྤེལ་ན། བསྟན་འགྲོ་གཉིས་ཀར་ཕན་པའི་རླབས་ཆེན་གྱི་ཕྱག་ལས་ཤིག་ཏུ་འགྱུར་ངེས་པས། སེམས་ཅན་མགུ་བྱ་མ་གཏོགས་པའི། །རྒྱལ་བ་དགྱེས་པའི་ཐབས་གཞན་མེད་ཟེར་བ་བདེན་ན། རྒྱལ་དབང་ཀརྨ་པའི་ཐུགས་ཀྱི་དགོངས་པའང་དེ་གས་རྫོགས་པར་ངེས་སོ་སྙམ།

འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཁྲུངས་སྐར་བསུ་བར་མི་འོས་སམ།

      སྐྱེས་བུ་དམ་པ་གང་ཞིག་རྗེས་དྲན་དང་དེ་འབྲེལ་གྱི་དུས་ཆེན་སྲུང་རྩི་ཞུ་སྐབས་གང་དེའི་བརྩམས་ཆོས་དང་ལྟ་གྲུབ། བཞེད་དགོངས་དང་མཛད་འཕྲིན་ཁྱད་པར་བ་སོགས་ལས་འཕྲོས་ཏེ། རྗེས་དྲན་ཞུ་བ་ནི་རྗེས་དྲན་ཞུ་སྟངས་དང་དུས་ཆེན་སྲུང་རྩི་བྱེད་ཚུལ་ལེགས་ཤོས་དེ་ཡིན་ལ། འདས་པའི་ལོ་རྒྱུས་ལ་ཕྱིར་མིག་བསློགས་ན་ཀར་རབས་རིམ་བྱོན་ཕལ་མོ་ཆེ་ནི་མདོ་སྔགས་གཞུང་ལུགས་ལ་མཁས་པ་ཤ་སྟག་ཡིན་ཞིང་། དེ་དག་གིས་ནང་བསྟན་མཚན་ཉིད་རིག་པའི་གཞུང་ལུགས་ལ་འགྲེལ་བཤད་སྐྱོན་ཚུལ་དམིགས་བསལ་བ། དགོངས་པ་བཞེད་ཕྱོགས་ཁྱད་པར་ཅན་མང་དུ་ཡོད་པས། དེ་དག་ལས་འཕྲོས་ཏེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཁྲུངས་སྐར་བསུས་ནའང་། ཤིན་ཏུ་འབྲེལ་ཆགས་ཤིང་རླབས་ཆེ་བ་སྨོས་མི་དགོས་ལ། ཁྱད་པར་རྒྱལ་དབང་བཅུ་བདུན་པ་འདི་ཉིད་གནའ་དེང་གཞུང་ལུགས་ལ་མཁྱེན་པའི་ཁོ་ལག་ཡངས་ཤིང་། དུས་མཐུན་འཆད་ཁྲིད་ལ་སྨྲ་བའི་ལྗགས་རྩལ་བཟང་བས། ལོ་འདི་དག་ལ་གསང་སྔགས་ཀྱི་བྱུང་བ། སེམས་ཙམ་པའི་ལྟ་གྲུབ། རྗེ་བརྒྱད་པའི་མཛད་རྣམ་སོགས་སྔོན་མེད་འཆད་ཁྲིད་གསར་པ་མང་དག་ཅིག་བོད་སྐད་ཀྱི་ལམ་ནས་སྤེལ་མཛད་པས། གཟུར་གནས་མཁས་པ་ཀུན་གྱིས་ཨ་ལ་ལ་ཞེས་བསྔགས་པའི་མེ་ཏོག་ཅི་དགར་འཐོར་བཞིན་པ་འདི་དག་ལ། ཀར་དགོན་ཀུན་གྱིས་སྣང་མེད་དུ་མི་བསྐྱུར་བར་ཟབ་རྒྱས་ཀྱི་འཆད་ཁྲིད་དེ་དག་གི་རླབས་ཆེན་གྱི་དགོངས་གཞི། གཏིང་ཟབ་ཀྱི་ནང་དོན། དུས་མཐུན་གྱི་གོམས་སྟབས། ཐུན་མིན་གྱི་ཟབ་ཁྱད་སོགས་ལ་དཔྱད་གླེང་དང་བརྒལ་བརྟག །གྲོས་མོལ་དང་བགྲོ་གླེང་སོགས་བྱས་ཏེ་འཁྲུངས་སྐར་བསུས་ན། ངེས་པ་དོན་གྱི་འཁྲུངས་སྐར་བསུ་སྟངས་ཤིག་ཏུ་འགྱུར་ངེས་ལ། རྒྱལ་དབང་ཀརྨ་པ་ནི་ཤེས་རབ་ཀྱི་ལྷ་གསོན་པོ་ཞིག་ཡིན་པས། གང་ཉིད་འཇིག་རྟེན་དུ་བྱོན་པའི་དུས་ཚིགས་དེའང་འཆད་རྩོམ་རྩོམ་གསུམ་གྱི་སྒོ་ནས་ཤེས་རབ་དང་རྣམ་དཔྱོད་གོང་དུ་སྤེལ་བའི་དུས་ཆེན་ཞིག་ཏུ་བསྒྱུར་ཐུབ་ན་དེ་ལས་དོན་སྙིང་ཟབ་པ་ཅི་ཞིག་ཡོད་དེ་གཞར་ཡང་མ་དམིགས་སོ།།

     དེ་ལྟ་ནའང་། ལོ་འདི་དག་ལ་རྒྱལ་དབང་ཀརྨ་པའི་འཁྲུངས་སྐར་ལ་རིན་ཐང་ཆེ་ཤོས་ནི་ཁོར་ཡུག་སྲུང་སྐྱོབ་དང་། སྲོལ་རྒྱུན་གྱི་བྱེད་སྒོ་ཁག་ཕུད། གཞན་དུ་གཞས་པ་གཞས་མ་དག་གདན་ཞུ་བྱས་ཏེ། གླུ་ལེན་གར་འཁྲབ་ཀྱི་སྒོ་ནས་འཁྲུངས་སྐར་བསུ་བ་ལས། གོང་ཞུས་རྣམ་པ་དེ་ལྟའི་ཐོག་ནས་འཁྲུངས་ཚེས་བསུ་བ་ནི་ཀམ་ཚང་ཆོས་སྡེ་གང་ལའང་མེད་པའམ་མི་མངོན་པར་འདུག་པས། བདག་གི་སེམས་ཚོར་དུ་ལོ་ལྟར་འཁྲུངས་སྐར་བསུ་ཐེངས་རེར་ཅི་ཞིག་མ་ཚང་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེ་ཡོང་གིན་འདུག །བདག་གི་ཚོར་བ་ནི་ཚོར་བ་ཙམ་དུ་ཟད་མོད། དོན་དངོས་སུའང་མཁས་བཙུན་བཟང་པོའི་ཡོན་ཏན་མངའ་བའི་སྐྱེས་བུ་ཞིག་གི་འཁྲུངས་སྐར་ལ་གནས་སྐབས་ཀྱི་སྤྲོ་སྐྱིད་ཙམ་རོལ་རྒྱུ་གལ་མི་བར། བསྟན་པ་སྤྱི་མཚན་དང་གང་ཟག་སྒེར་མཚན་གང་ལའང་རིན་ཐང་ངེས་ཅན་རེ་ཡོད་དགོས་རྒྱུ་ཅུང་ཟད་གལ་ཆེ་བ་ཨེ་ཡིན་ནམ། 

     དེར་བརྟེན། ཐུགས་ཀྱི་ལྷག་བསམ་ཁ་བ་ལས་དཀར་ཞིང་དགོངས་པའི་གཞི་རྒྱ་ནམ་མཁའ་ལས་ཡངས་པའི་བཀའ་བརྒྱུད་པའི་རྗེས་འཇུག་སྤྱི་དང་། དད་འདུན་གྱི་ཐལ་མོ་རྒྱལ་དབང་ཀརྨ་པར་ཟུམ་ཞིང་དམ་ཚིག་གི་མདུད་པ་རྒྱལ་དབང་ཀརྨ་པར་ཐེབས་པའི་ཁོང་གི་རྗེས་འཇུག་དག་གིས་འདིའི་ཐད་ནས་ཐུགས་དགོངས་གཏིང་ཟབ་མོ་རེ་བཞེད་དེ་ཕྱག་ལས་རྒྱ་ཆེན་པོ་རེ་གནང་ཐུབ་ན། རང་རེའི་སྐྱབས་གཅིག་རྒྱལ་མཆོག་ཀརྨ་པའི་འཁྲུངས་སྐར་དེ་ཉིད་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཞིང་། ཆོས་ལུགས་ཀྱི་ཞག་ཚི་ཡོད་པ་ཞིག་ཏུ་འགྱུར་ངེས་པས་ཅིས་ཀྱང་ཐུགས་སྣང་རེའམ་འབོད་སྐུལ་རེ་བྱས་ན་དགེ་མཚན་ཆེ་བ་གདོན་མི་ཟའོ།། 

       སྤྱིར་ན་འཁྲུངས་སྐར་སྐབས་དགའ་སྟོན་གྱི་གླུ་ལེན་བྲོ་བརྡུང་འོས་འཚམ་རེ་བྱེད་པ་ལ་མི་འོས་པ་དང་མི་རུང་པ་མེད་ཅིང་། དེས་རང་གཞན་ཀུན་ལ་བག་ཡངས་ཀྱི་ཚོར་བ་ཡང་སྦྱིན་པར་བྱེད་མོད། འོན་ཀྱང་། འཁྲུངས་སྐར་ཡང་ཆོས་འབྲེལ་གྱི་བྱེད་སྒོ་ཞིག་ཡིན་པའི་ཆ་ནས་གླུ་ལེན་བྲོ་བརྡུང་འབའ་ཞིག་གཙོར་འདོན་དང་ཆེད་གཉེར་བྱས་ན་འོས་འཚམ་མིན་པར་སྙམ་སྟེ། སྔོན་གྱི་ལོ་རྒྱུས་སུ་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐབས་སུ་ཁོང་གིས་སྒར་ཆེན་སྨོན་ལམ་ཆེན་མོ་བཙུགས་ཤིང་། སྐབས་དེར་ཟློས་གར་དང་རྩེད་སྣ་མང་པོ་ཞིག་འཁྲབ་སྲོལ་བྱུང་བས་སྟོད་སྨད་བར་གསུམ་གྱི་དད་ལྡན་མང་ཚོགས་ལྟད་མོ་ཙམ་ཞིག་དོན་དུ་གཉེར་མཁན་ཤིན་ཏུ་མང་པོ་ཞིག་འདུས་པས། ཀུན་མཁྱེན་མི་བསྐྱོད་རྡོ་རྗེས་མཛད་སྒོ་དེ་དག་ཆོས་ཀྱི་དམིགས་ཡུལ་དང་མི་མཐུན་ཞིང་དེས་མང་ཚོགས་ལ་ཆོས་ཀྱི་གོ་རྟོགས་ཅི་ཡང་སྤྲོད་མི་ཐུབ་པར་གཟིགས་ནས་ཁོང་གི་སྐུ་དུས་སུ་རྩེད་སྣ་དང་ཟློས་གར་གྱི་སྤྲོས་པ་དེ་དག་བསྐྱུངས་པ་ལྟ་བུས་ཀྱང་། གནད་འགག་མང་པོ་ཞིག་ལ་གོ་བ་གསར་པ་བསྐྱེད་པར་ནུས་སྙམ་མོ།།

 ཚིག་གི་མཇུག་བསྡུ་བ།

     རྒྱལ་དབང་ཀརྨ་པའི་འཁྲུངས་སྐར་ལས་འཕྲོས་ཏེ་རྩོམ་ཡིག་ཐན་ཐུན་གོ་རིམ་མེད་པ་འདི་སྤེལ་དགོས་དོན་ནི། རང་ཉིད་ཁོང་ལ་ཤེས་ནས་དད་པ་ཐོབ་པའི་རྗེས་འཇུག་ཅིག་ཡིན་པའི་ངོས་ནས་ཁོང་གི་འཁྲུངས་སྐར་བསུ་སྟངས་འགའ་རེས་ནི་དགའ་ནས་སེམས་ཀྱི་ཚོར་བ་གནོན་མ་ཐུབ་པས་ཡི་རངས་ཙམ་ཞུ་འདོད་པ་དང་། ལ་ལར་ནི་ཕངས་སེམས་དང་། འདི་ལྟར་བྱུང་ན་ཅི་མ་རུང་སྙམ་པའི་རེ་སྨོན་རེ་ཡང་དབང་མེད་དུ་བྱུང་བས། འབོད་སྐུལ་ལམ་བསམ་ཚུལ་ཙམ་ཞིག་ཞུ་འདོད་པས་བྲིས་པ་ཡིན། 

      དགེ་ལྡན་པའི་དགེ་བཤེས་ཤིག་གིས་ཀརྨ་པ་ནི་ཆོས་བརྒྱུད་བྱེ་བྲག་པ་གཅིག་གི་བླ་མ་ཙམ་མིན་པར་བསྟན་པ་དང་མི་རིགས་སྤྱི་ལ་ཕན་པའི་སྐྱེས་བུ་རླབས་ཆེན་ཞིག་ཡིན་པས། ཁོང་གི་རྗེས་འཇུག་ཚོས་ཁ་ཕོ་དང་ཞེན་ཁོག་བརྩད་དེ་ཀརྨ་པ་དར་ཆ་ལྟར་འཕྱར་མ་བསྡད་པར་དམ་པ་གང་ཉིད་ཀྱི་དགོངས་གཞི་རླབས་ཆེན་དག་མངོན་འགྱུར་ཡོང་ཆེད། དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་འབད་བརྩོན་དགོས་པ་ནི་ཧ་ཅང་གལ་ཆེ་བར་གསུངས་པ་དེ་དྲན་ཚེ། ཤེས་འཇོན་ནུས་གསུམ་གང་གིས་ཀྱང་དབུལ་བའི་རྗེས་འཇུག་བདག་ལྟ་བུའི་ངོས་ནས་བསམ་ཚུལ་ཙམ་ཞུ་རྒྱུ་ལས་ལྷག་པའི་ལས་སུ་བྱ་བ་ཅི་ཡང་མེད་པར་སྙམ་ནས་ཀྱང་བྲིས་པ་ཡིན། 

    གཞན་རྒྱལ་དབང་ཀརྨ་པའི་འཁྲུངས་སྐར་ལ་ཡིག་གཟུགས་ཀྱི་མཆོད་སྤྲིན་འབུལ་བ། འཁྲུངས་ལྷའི་བསང་མཆོད་གྱེར་བ། རྟེན་འབྲེལ་གྱི་ཤིས་ཚིག་ཀློག་པ་སོགས་བྱེད་སྒོ་མང་པོ་ཞིག་ཡོད་ཀྱང་། རེ་རེ་བཞིན་འབྲི་བའི་རྔོ་མ་ཐོགས་ཤིང་། བྲི་བའི་དགོས་པའང་དེ་ཙམ་མ་མཐོང་བས་འདིར་གལ་གནད་ཤིན་ཏུ་ཆེ་བར་མཐོང་བའི་དོན་ཚན་ཁག་གསུམ་གྱི་ཐད་ནས་གླེང་སློང་ཅུང་ཟད་ཞུས་པ་ཡིན། 

   མདོར་ན་ད་རེས་རྒྱལ་དབང་ཀརྨ་པའི་འཁྲུངས་སྐར་འདིར་ཁོ་བོ་དང་ཐོག་སེམས་ནས་ཅུང་ཟད་འཚེར་ས་ཞིག་ཡོད་པ་ནི། རྗེས་འཇུག་ལ་ལས་ཁོང་གིས་རབ་བྱུང་པ་དག་ལ་གདམས་པའི་དཀར་སྐྱོང་སྐོར་གྱི་བཀའ་སློབ་དག་ལས་ཚིག་རིས་རེ་བེད་སྤྱད་དེ་མང་ཚོགས་ཁྲོད་དུ་ཤ་འགོག་ལས་འགུལ་རེ་སྤེལ་མི་ཡོང་ངམ་སྙམ་ནས་ཅུང་ཟད་འཇིགས་ཡོད་དེ། ལས་འགུལ་དེ་འདྲ་སྤེལ་ན་ཕྱོགས་གཅིག་ནས་མང་ཚོགས་ཀྱི་འཚོ་བར་དོ་ཕོག་བཟོ་འགྲོ་ཞིང་། ཕྱོགས་གཞན་ནས་སྤྱི་ཚོགས་ཀྱི་ཤེས་ཡོན་པ་དག་ཀྱང་ཐུགས་མི་དགྱེས་ལ། རྒྱལ་དབང་ཀརྨ་པའི་དགོངས་པ་དང་ཡང་རྒྱབ་འགལ་དུ་འགྲོ་བས། ལས་འགུལ་འདི་རིགས་ཕན་པ་ལས་གནོད་པ་ཆེ་བ་མངོན་སུམ་གྱིས་གྲུབ་ཡོད་པས་ཡིན། འོན་ཀྱང་། དགའ་འོས་པ་ཞིག་ལ་ད་ཐེངས་འཁྲུངས་སྐར་འདིར་ཁོང་གི་རྗེས་འཇུག་ཚོས་མང་ཚོགས་ཀྱི་འཚོ་བར་ཐེ་གཏོགས་བྱེད་པའི་ལས་འགུལ་དེ་འདྲ་སྤེལ་རྒྱུ་ལྟ། དེ་འབྲེལ་གྱི་སྐད་ཆ་ཙམ་བཤད་པའང་མཐོང་ཐོས་མེད་པར་ཁོར་ཡུག་སྲུང་སྐྱོབ་ཀྱིས་གཙོས་བྱས་པའི་རིན་ཐང་ཆེ་བའི་ལས་འགུལ་ཆེ་ཕྲ་སྣ་ཚོགས་སྤེལ་ཏེ། དོན་སྙིང་ཆེ་ལ་ནང་དོན་ཟབ་པའི་འཁྲུངས་སྐར་ཞིག་བསུས་སོང་བས། འདི་ལ་མི་དགའ་གང་ལ་དགའ་ཞིང་། འདི་ལ་མི་བསྟོད་གང་ལ་བསྟོད། 

    འབྱུང་གྱུར་ཡང་རྒྱལ་ཕྱི་ནང་ཀུན་ནས་ད་དུང་ཤེས་རིག་དང་འབྲེལ་བའི་འཁྲུངས་སྐར། བྱམས་བརྩེ་དང་འབྲེལ་བའི་འཁྲུངས་སྐར། དུས་རབས་དང་མཐུན་པའི་འཁྲུངས་སྐར་སོགས་བསུས་ཏེ། རྒྱལ་དབང་ཀརྨ་པ་འཇིག་རྟེན་དུ་བྱོན་པའི་ཉིན་མོ་འདི་ལོ་རྒྱུས་ཀྱི་དོན་སྙིང་། དུས་རབས་ཀྱི་རིན་ཐང་ཡོད་པ་ཞིག་ཏུ་འགྱུར་བའི་སྨོན་ལམ་སྙིང་དབུས་ནས་འདེབས་ཤིང་། བསྒྱུར་བའི་འདུན་པ་སེམས་གཏིང་ནས་བཅང་བར་བྱའོ།། 

    འདིར་བཤད་པའི་སྐད་ཆ་དག་ལ་རྒྱུ་མཚན་ཅུང་ཟད་ཡོད་པར་མཐོང་ཚེ་སྔོན་གྱི་དམ་པ་དག་ལ་ལེགས་བཤད་བྱིས་པའི་ངག་ནས་ཀྱང་ལེན་པའི་ལམ་སྲོལ་བཟང་པོ་ཞིག་ཡོད་པས་དེ་བཞིན་མཛོད་ལ། ལྡོག་སྟེ། རྒྱུ་མཚན་མེད་པའི་སྨྱོ་བཤད་དུ་སོང་བ། འབྲེལ་བ་མེད་པའི་ལབ་བརྡོལ་དུ་སོང་བ་ཞིག་རེད་འདུག་དགོངས་ཚེ་མི་སྒེར་གྱི་བསམ་ཚུལ་ཙམ་ཞིག་གི་ཚོད་དུ་བསྐྱུར་བཞག་ན་ཆོག་པ་ལས། འདིས་ཐུགས་བློ་མི་བདེ་བའི་རྣམ་རྟོག་འཕར་བ་གང་ཡང་བསྐྱེད་མི་དགོས་ཞེས་ཞུ་བར་འདོད་དོ།། །།

    ཞེས་ ༢༠༢༣..༢༠ ཉིན་རྒྱལ་དབང་ཀརྨ་པའི་འཁྲུངས་སྐར་བསུ་བའི་བརྙན་པར་སྣ་ཚོགས་ལ་མཇལ་བཞིན་ལྷ་ལྡན་དུ་བྲིས་པའོ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3678