ནང་པའི་ཚད་མའི་གཞུང་དུ་གཞལ་བྱའི་གནས་གསུམ་དང་འཇལ་བྱེད་ཚད་མ་གསུམ་གྱི་སྐོར་དང་། རིགས་པ་བཞི་དང་། དགག་གཞག་སྤོང་གསུམ་དང་། མཚན་མཚོན་གཞི་གསུམ་སོགས་ཤེས་བྱ་གཞི་ཡི་གནས་ལུགས་ལ་དཔྱོད་ཐབས་མི་འདྲ་བ་མང་དུ་གསུངས་ཤིང་། རེ་རེ་ལའང་ཐུན་མིན་གྱི་ཁྱད་ཆོས་རེ་ཡོད།  བྱེ་བྲག་ཏུ་བོད་ཀྱི་ཚད་གཞུང་དུ་མཚན་མཚོན་གཞི་གསུམ་གྱི་དཔྱོད་ཐབས་དེ་རྒྱ་ཆེར་སྤྱད་ཡོད་ཅིང་། རིགས་ལམ་གྱི་འགྲོས་ཤེས་པའི་མཁས་པ་དག་གི་གསུང་རབ་ཁྲོད་རྒྱུན་དུ་མཐོང་ཐུབ། དཔྱོད་ཐབས་དེ་ཐམས་ཅད་ལ་སྦྱར་རུང་བ་ཞིག་མིན་ཡང་དེང་གི་བརྡ་སྤྲོད་རིག་པའི་གཞུང་ལུགས་སོགས་ལ་ཞིབ་འཇུག་དང་སློབ་གཉེར་བྱེད་མཁན་དག་གིས་སྐབས་སུ་བབ་ཚེ་སྤྱད་ན་དགོས་པ་ཅུང་ཟད་མཐོང་ནས་འདིར་དེའི་སྐོར་བཤད་པར་འདོད་ཅིང་། དེ་ཡང་མཚན་མཚོན་གཞི་གསུམ་གྱི་དོན་དང་དེའི་མཐའ་དཔྱོད་སོགས་གཞུང་ལུགས་གཙོ་བོར་མི་བཤད་པར། དེ་གསུམ་མཛུབ་མོས་རི་སྟོན་ཙམ་བྱས་རྗེས་དཔྱོད་ཐབས་དེའི་སྐོར་བྲིས་པའི་བོད་ཀྱི་བསྟན་བཅོས་ཀྱི་འཕེལ་རིམ་དང་།  དཔྱོད་ཐབས་དེ་ལ་དགེ་མཚན་ཇི་ལྟར་ཡོད་པ་ཉིང་བསྡུས་སུ་འབྲི་བར་བྱའོ། །

 གཅིག མཚན་མཚོན་གཞི་གསུམ་གྱི་དོན། 

མཚན་ཉིད་དང་མཚོན་བྱ་མཚན་གཞི་གསུམ་ལ་བསྡུས་མིང་དུ་མཚན་མཚོན་གཞི་གསུམ་ཞེས་ཟེར།  ༡ མཚན་ཉིད།   དེའི་ནང་གི་མཚན་ཉིད་ཅེས་པ་ནི་ཤེས་བྱ་དེ་དོན་གྱི་ཆ་ནས་རང་མ་ཡིན་པའི་ཤེས་བྱ་གཞན་དང་མ་འདྲེས་པའི་ཐུན་མིན་གྱི་ཁྱད་པར་གང་ཡིན་པ་དེ་སྤུ་རིས་ཕྱེ་ནས་ངོས་བཟུང་པ་ལ་མཚན་ཉིད་ཅེས་ཟེར། དཔེར་ན་མེ་ལྟ་བུ་ལ་མཚོན་ན་དེ་ཆུ་དང་ས་དང་མི་སོགས་མ་ཡིན་ཞིང་། དེ་དག་དང་མ་འདྲེས་པའི་རང་གི་དོན་གྱི་ཁྱད་པར་ཞིག་ཡོད་དེ། གང་ཞེ་ན། ངོ་བོ་ཚ་བ་དང་བྱེད་ལས་ཀྱི་ཆ་ནས་བུད་ཤིང་སོགས་སྲེག་པར་བྱེད་པ་དེའོ།  །དེའི་ཕྱིར་ཚ་ཞིང་སྲེག་པ་ནི་མེའི་མཚན་ཉིད་དུ་གསུངས། «རྣམ་འགྲེལ»དུ། “གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར། །”[1]ཞེས་གསུངས་པ་ལྟར། དོན་གང་ཡིན་ཡང་དེ་རང་མ་ཡིན་པའི་དངོས་པོ་གཞན་དང་མ་འདྲེས་པར་གནས་ཤིང་། དེ་ལྟར་གཞན་དང་མ་འདྲེས་པར་འབྱེད་བྱེད་ཀྱི་དོན་གྱི་ཁྱད་པར་དེ་སྤུ་རིས་ཕྱེ་ཐུབ་ན་དེ་ཤེས་བྱ་དེའི་མཚན་ཉིད་དུ་འཇོག་ཆོག །དེ་ཡང《ཚད་མ་རིགས་གཏེར》ལས། “མཚན་ཉིད་དེ་ཡི་སྐྱོན་བསྡུ་ན། །གསུམ་ཞེས་བྱང་ཕྱོགས་པ་རྣམས་འདོད། །” [2]ཅེས་གསུངས་པ་ལྟར་བོད་ཀྱི་ཚད་མ་བ་སྔ་མ་དག་གིས་མཚན་ཉིད་ཀྱི་སྐྱོན་བསྡུ་ན། རང་ལྡོག་རྫས་སུ་མ་གྲུབ། དོན་ལྡོག་གཞན་དུ་འགྱུར། མཚན་གཞི་ལ་མི་གནས་པ་ཞེས་པ་གསུམ་དུ་འདོད་(འདིའི་སྐོར་ཕྱྭ་པའི«ཚད་མ་ཡིད་ཀྱི་མུན་སེལ»དུ་གསལ། ) ཀྱང་ས་པཎ་གྱིས་དེ་བཀག་ནས་རང་ལུགས་ལ། “མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ། །མཚན་ཉིད་ཀྱི་སྤྱི་སྐྱོན་ཡིན། །”ཞེས་གསུངས་ཤིང་དེའི་ནང་གི་མི་སྲིད་པའི་སྐྱོན་ལ་རྩ་བ་དང་ཡན་ལག་གི་ས་བཅད་རྒྱས་པར་ཕྱེ་སྟེ་གསུངས་ཡོད། འོན་ཀྱང་མཚན་ཉིད་ཀྱི་སྐྱོན་དེ་གསུམ་དུ་བརྩི་བ་དེ་ས་པཎ་གྱིས་གསར་དུ་གསུངས་པ་མིན་ཏེ་འོག་ཏུ་འཆད་པར་འགྱུར།  ༡ མ་ཁྱབ་པའི་སྐྱོན།  ཙན་དན་གྱི་ཚ་ཞིང་སྲེག་པ་མེའི་མཚན་ཉིད་དུ་བཞག་ན་དེ་ཤུག་པའི་མེ་སོགས་མེ་ཡིན་པ་ཐམས་ཅད་ལ་ཁྱབ་མེད་པས་མཚན་ཉིད་དེ་ལ་མ་ཁྱབ་པའི་སྐྱོན་ཡོད།  ༢ ཁྱབ་ཆེས་པའི་སྐྱོན། རེག་བྱ་ཙམ་མེའི་མཚན་ཉིད་དུ་བཞག་ན་མཚན་ཉིད་དེ་ནི་ས་དང་ཆུ་སོགས་མེ་མ་ཡིན་པ་དག་ལའང་ཡོད་པས་ཁྱབ་ཆེས་པའི་སྐྱོན་ཡོད། ༣ མི་སྲིད་པའི་སྐྱོན། སྲོག་དང་ལྡན་པ་མེའི་མཚན་ཉིད་དུ་བཞག་ན་དེ་ནི་མེའི་མཚན་གཞི་གང་ལ་ཡང་མི་སྲིད་པས་མི་སྲིད་པའི་སྐྱོན་ཡོད་པ་ཡིན། མི་སྲིད་པའི་སྐྱོན་ལ་གཉགས་ཀྱི་ཚད་མར་ནང་ཚན་གྱིས་བཞི་གསུངས་ཏེ་འོག་ཏུ་འགོད་པར་འགྱུར། དེས་ན་མཚན་ཉིད་ཡིན་པ་ལ་སྐྱོན་དེ་གསུམ་དང་བྲལ་བ་ཞིག་དགོས་པ་དང་། དེས་མཚན་ཉིད་ཡིན་པ་ལ་མཚོན་བྱ་དེ་དང་ཡོད་མེད་དང་ཡིན་མིན་ཐམས་ཅད་དུ་ཁྱབ་མཉམ་ཞིག་དགོས་པར་བསྟན་ཡོད།  མཚན་ཉིད་ལ་གང་གི་མཚན་ཉིད་དུ་འཇོག་པའི་ཆོས་དེའི་དོན་གྱི་ཆ་ནས་ཐུན་མིན་གྱི་ཁྱད་པར་ཞིག་ཡིན་དགོས་པ་དང་། དེ་ཡང་ཚད་གཞུང་དག་ཏུ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མིག་གི་དབང་པོ་ལ་བརྟེན་ནས་སྐྱེས་པའི་ཤེས་པ། མིག་ཤེས་ཀྱི་མཚན་ཉིད་ཅེས་པ་ལྟ་བུ་རང་གི་ཐུན་མིན་གྱི་རྒྱུ་ལས་སྐྱེས་པའི་ཆ་ནས་བཞག་པ་དང་། གདུང་འདེགས་ཀྱི་དོན་བྱེད་ནུས་པ་ཀ་བའི་མཚན་ཉིད་ཅེས་པ་ལྟ་བུ་རང་གིས་འབྲས་བུ་བསྐྱེད་པའི་ནུས་པ་ཐུན་མིན་གྱི་ཆ་ནས་བཞག་པ་དང་། ནོག་ལྐོག་ཤལ་དང་ལྡན་པའི་གོང་བུ་བ་ལང་གི་མཚན་ཉིད་ཅེས་པ་ལྟ་བུ་རང་གི་ངོ་བོའི་ཆ་ནས་བཞག་པ་སོགས་མང་དུ་ཡོད། དཔེར་ན་ཡི་གེའི་མཚན་ཉིད་ལ། མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་རིགས་སུ་གནས་པའི་སྐད་ཀྱི་གདངས་ཞེས་གསུངས་ཡོད་ཅིང་།  དེ་ལ་མཚན་ཉིད་ཀྱི་ཟུར་གསུམ་ལས་དང་པོའི་དོན་ནི། དཔེར་ན་ཀ་བ་ཞེས་པའི་མིང་ལྟ་བུ་ལ་མཚོན་ན་མིང་གཞི་ཀ་དང་བ་དང་རྗེས་འཇུག་འ་སོགས་འདུས་པ་ལས་གྲུབ་ཅིང་། དེའི་ཕྱིར་དེའི་ནང་གི་ཀ་དང་བ་དང་རྗེས་འཇུག་འ་ནི་མིང་གི་རྩོམ་གཞི་ཡིན་པའི་དོན་ཡིན། ཀ་བ་མི་རྟག་པ་ཞེས་བརྗོད་ན་དེའི་ནང་དུ་ཀ་བ་ཞེས་པའི་མིང་གཅིག་དང་མི་རྟག་པ་ཞེས་པའི་མིང་གཉིས་ཡོད་ཅིང་། དེ་གཉིས་འདུས་པ་ལས་ཚིག་གྲུབ་ཡོད། དེའི་ཕྱིར་ཡི་གེ་དུ་མ་འདུས་པ་ལས་མིང་དང་མིང་དུ་མ་འདུས་པ་ལས་ཚིག་དང་། ཚིག་དུ་མ་འདུས་པ་ལས་སྐད་ཆ་རིང་པོ་དག་གྲུབ་པ་ཡིན། མིང་ཚིག་དེ་དག་གི་རྩོམ་གཞི་བསིལ་ན་མཐར་དབྱངས་གསལ་གྱི་ཡི་གེ་དག་ལ་ཐུག་འགྲོ། དེའི་ཕྱིར་ཡི་གེ་ལ་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པ་ཞེས་ཟེར། འདི་ནི་བོད་ཀྱི་བརྡ་སྤྲོད་ཀྱི་ནང་དུ། “ཡི་གེའི་ཁོངས་ནས་མིང་དབྱུང་ཞིང་། །”ཞེས་སོགས་ཀྱི་འགྲོས་དང་མཐུན། རིགས་སུ་གནས་པ་ཞེས་པས་བོད་སྐད་དུ་བཀླག་ཏུ་རུང་ཡང་དོན་གང་ཡང་མི་སྟོན་པའི་ཡི་གེ་དག་བསྡུས་པ་ཡིན།   སྐད་ཀྱི་གདངས་ཞེས་པས་ཡི་གེ་དངོས་ནི་ཡི་གེ་མཚོན་བྱེད་ཀྱི་ཡིག་གཟུགས་ལ་མི་བྱེད་པར་སྐད་ཀྱི་སྒྲ་གདངས་ལ་བྱ་བར་བསྟན། དེས་ན་ཡི་གེ་ཡིན་མིན་དེ་མཚན་ཉིད་ཀྱི་ཟུར་གསུམ་དེ་གང་ལ་ཞུགས་མིན་གྱི་སྒོ་ནས་ཐག་གཅོད་དགོས། ཡང་ཚད་མ་རིག་པའི་གཞུང་དུ་མཚན་ཉིད་ལ་རིགས་མི་མཐུན་སེལ་བའི་མཚན་ཉིད་དང་ལོག་རྟོག་སེལ་བའི་མཚན་ཉིད་ཅེས་པ་གཉིས་བཤད་པའི་རིགས་མི་མཐུན་སེལ་བའི་མཚན་ཉིད་ཅེས་པ་ནི་མཚོན་བྱ་དེའི་རིགས་མི་མཐུན་གཅོད་པའི་ཕྱིར་བཞག་པའི་མཚན་ཉིད་དེ།  དཔེར་ན།  མངོན་སུམ་གྱི་རིགས་མི་མཐུན་རྟོག་པ་དང་རྟོག་མེད་ལོག་ཤེས་ལྟ་བུ་གཅོད་པའི་ཕྱིར་དེའི་མཚན་ཉིད་ཀྱི་ཟུར་དུ་མ་འཁྲུལ་བ་སྦྱར་བ་ལྟ་བུའོ། །ལོག་རྟོག་སེལ་བའི་མཚན་ཉིད་ཅེས་པ་ནི་མཚོན་བྱ་ལ་ལོག་པར་རྟོག་པའི་ལོག་རྟོག་བཟློག་པའི་དགོས་པ་ལ་ལྟོས་ནས་བཞག་པའི་མཚན་ཉིད་དེ། དཔེར་ན། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་དུ་བཞག་པ་ལ། མ་འཁྲུལ་བའི་རིག་པ་གཅིག་པུས་ཀྱང་དེའི་རིགས་མི་མཐུན་སེལ་བ་ནུས་མོད། འོན་ཀྱང་རིགས་པ་ཅན་པ་སོགས་ཀྱིས་མངོན་སུམ་གྱི་ཁྱད་པར་དབང་ཤེས་རྟོག་པར་འདོད་པའི་ལོག་རྟོག་ཡོད་པས་དེ་དག་བཟློག་པའི་ཕྱིར་དུ་དེའི་མཚན་ཉིད་ཀྱི་ཟུར་དུ་རྟོག་བྲལ་སྨོས་པ་ལྟ་བུའོ། །འདི་ནི་མཛུབ་མོས་རི་སྟོན་ཙམ་སྟེ་རྒྱས་པ་བོད་ཀྱི་ཚད་བསྡུས་རྣམས་སུ་ལུགས་མི་འདྲ་བ་སྣ་ཚོགས་དགག་སྒྲུབ་དང་བཅས་ཏེ་བྲིས་མཛད་པས་དེར་གཟིགས་དགོས།

༢ མཚོན་བྱ། མཚོན་བྱ་ཞེས་པ་ནི་མཚན་ཉིད་དེས་མཚན་གཞིའི་སྟེང་དུ་ཐ་སྙད་བློ་ཡུལ་དུ་མཚོན་རྒྱུ་ལ་མཚོན་བྱ་ཞེས་ཟེར།  དཔེར་ན་མདུན་གྱི་ཙན་དན་གྱི་ཚ་ཞིང་སྲེག་པ་ལྟ་བུ་ལ་ཚ་ཞིང་སྲེག་པར་རྟོགས་ནས་མེ་ཡིན་པ་མ་རྟོགས་པ་ལ་ཚ་ཞིང་སྲེག་པ་ཡིན་པའི་རྒྱུ་མཚན་གྱིས་མེ་ཡིན་པ་བློ་ཡུལ་དུ་མཚོན་དགོས་པ་ཡིན། དེ་ཡང་དོན་ལ་ཚ་ཞིང་སྲེག་པ་ལས་མེ་ལོགས་སུ་མེད་ཀྱང་ཚ་ཞིང་སྲེག་པ་རྟོགས་ནས་དེར་མེ་ཞེས་པའི་ཐ་སྙད་སྦྱོར་མི་ཤེས་པ་ཡོད་པས་མེའི་ཐ་སྙད་འཇུག་པའི་རྒྱུ་ཚ་ཞིང་སྲེག་པ་ཙམ་རྒྱུ་མཚན་དུ་བྱས་ནས་མེའི་ཐ་སྙད་བློ་ཡུལ་དུ་མཚོན་པར་བྱེད་པ་ལ་ཚ་ཞིང་སྲེག་པས་མེར་མཚོན་པ་ཞེས་བྱ། དེས་ན་གོ་སླ་བོས་བཤད་ན། མཚན་ཉིད་རྟོགས་ཚུལ་ནི་ཐ་སྙད་དེ་འཇུག་པ་རྒྱུ་མཚན་དེ་ཙམ་གྱིས་ཡིན་པའི་ཆོས་དེའི་དོན་གྱི་ཆ་དེ་རྟོགས་ཚུལ་ཡིན་ཞིང་། མཚོན་བྱ་རྟོགས་ཚུལ་ནི་དོན་དེ་ཙམ་རྒྱུ་མཚན་དུ་བྱས་ནས་སྦྱར་བའི་ཐ་སྙད་དེ། མཚན་ཉིད་དེ་གང་ལ་ཞུགས་པ་དེ་ལ་འཇུག་པ་རྟོགས་ཚུལ་དེ་ཡིན། མཚན་མཚོན་གཉིས་ལ་རྟོགས་དཀའ་སླ་དགོས་ཞེས་ཚད་མའི་གཞུང་དུ་བཤད་ཡོད་ཅིང་། དེ་ནི་དང་པོར་ཤེས་བྱ་དེའི་དོན་རྟོགས། དེ་ནས་དོན་དེ་ཙམ་རྒྱུ་མཚན་དུ་བྱས་ནས་སྦྱར་བའི་ཐ་སྙད་དེ་མཚན་གཞིའི་སྟེང་དུ་བློ་ཡུལ་དུ་མཚོན་དགོས་པའི་དོན་ཡིན། མེའི་དོན་མ་རྟོགས་པར་མེ་ཞེས་པའི་སྒྲ་ཙམ་ཐོས་པ་ཡོད་ཀྱང་དེ་ཙམ་ལ་མེ་རྟོགས་པ་ཟེར་བ་མིན་ཞིང་། མེའི་དོན་ཚ་ཞིང་སྲེག་པ་རྟོགས་ནས་དེ་རྒྱུ་མཚན་དུ་བྱས་ཏེ་མཚན་ཉིད་དེ་གང་ལ་ཚང་བ་དེ་ལ་མེ་ཞེས་པའི་ཐ་སྙད་སྦྱོར་ཤེས་པ་ལ་མེ་རྟོགས་པ་ཞེས་ཟེར།  དེ་ལ་མཚན་གཞིའི་སྟེང་དུ་ཐོག་མར་ཚ་ཞིང་སྲེག་པ་རྟོགས་ནས་དེ་ལ་མེའི་ཐ་སྙད་འབྱོར་དགོས་པས་རྟོགས་སྔ་ཕྱིའི་རིམ་པ་ཞིག་ཡོང་བ་ཡིན།

 ༣ མཚན་གཞི།  མཚན་གཞི་ཞེས་པ་ནི་མཚན་ཉིད་ཀྱིས་མཚོན་བྱ་དེ་མཚོན་པར་བྱ་བའི་གཞིར་གྱུར་པ་ཞིག་ལ་ཟེར། དཔེར་ན་སྨྲ་ཤེས་དོན་གོ་བ་མིའི་མཚན་ཉིད་ཡིན་ཞིང་མཚན་ཉིད་དེ་གང་ལ་ཞུགས་པའི་བཀྲ་ཤིས་ལྟ་བུ་ལ་མིའི་མཚན་གཞི་ཞེས་བྱ།  ཇི་ལྟར་མཚོན་ཚུལ་ནི་བཀྲ་ཤིས་མཚོན་པར་བྱ་བའི་གཞིར་བཟུང་ནས་འདི་ནི་སྨྲ་ཤེས་ཤིང་དོན་གོ་བས་དེའི་ཕྱིར་མི་ཡིན་ནོ་ཞེས་སྨྲ་ཤེས་ཤིང་དོན་གོ་བའི་མཚན་ཉིད་ཀྱིས་མི་ཡིན་པ་བློ་ཡུལ་དུ་གོ་བར་བྱེད་པའོ། །ཁྱོད་མཚོན་བྱ་དེའི་མཚན་གཞི་ཡིན་པ་ལ་ཁྱོད་རྟོགས་ནས་མཚོན་བྱ་དེ་མ་རྟོགས་པ་ཞིག་དགོས་ཏེ། ཁྱོད་ཀྱི་སྟེང་དུ་མཚན་ཉིད་དེ་གྲུབ་ནས་མཚོན་བྱ་བློ་ཡུལ་དུ་མཚོན་དགོས་ཀྱི་གང་ཟག་ཡོད་དགོས་པའི་ཕྱིར་རོ། །

གཉིས། མཚན་མཚོན་གཞི་གསུམ་གྱི་སྐོར་གྱི་གཞུང་ལུགས།

སྤྱིར་དམངས་ཀྱི་ནང་དུ་ཡང་དོན་གྱིས་ཆོས་མང་པོ་ཞིག་ལ་མཚན་ཉིད་རེ་བཞག་ཡོད་དེ། དཔེར་ན་མེ་དོན་དུ་གཉེར་སྐབས་ས་ཆུ་སོགས་ཚ་ཞིང་སྲེག་པ་མིན་པ་དག་ལ་མི་འཇུག་ཅིང་། དེ་གང་ལ་ཡོད་པ་དག་ཁོ་ན་ལ་འཇུག་པ་ནི་མེའི་ཐུན་མིན་གྱི་ངོ་བོ་ངོས་བཟུང་ཡོད་པས་ཡིན། དེ་བཞིན་མེའི་བརྡ་ཤེས་པ་དག་གིས་མེའི་ཐ་སྙད་དེ་དོན་ཇི་ལྟ་བུ་ཞིག་ལ་འཇུག་མིན་ཀྱང་ཤེས་ཡོད་པས་མེ་ཁྱེར་ཤོག་ཅེས་སྨྲས་ན་ཚ་ཞིང་སྲེག་པ་གང་ཡིན་པ་དེ་ཁྱེར་འོང་གི་ཐམས་ཅད་ཁྱེར་མི་འོང་བ་ལྟ་བུའོ། །འོན་ཀྱང་མཚན་མཚོན་གཞི་གསུམ་གྱི་ཐ་སྙད་དང་དེའི་རྣམ་གཞག་རྒྱས་པ་ནི་གཞུང་ལུགས་དག་ཏུ་བྱུང་། རྒྱ་གར་གྱི་གཞུང་བོད་དུ་འགྱུར་བ་དག་ལ་ཡང་མཚན་མཚོན་གཞི་གསུམ་གྱི་དོན་འཐོབ་ཅིག་སྐབས་མང་པོར་འབྱུང་ཡང་། མཚན་མཚོན་གཞི་གསུམ་སྐོར་གྱི་གཞུང་ལུགས་དམིགས་བསལ་བྱུང་མེད་ལ། མཚན་མཚོན་གཞི་གསུམ་གྱི་གོ་དོན་ལ་རྒྱས་པར་མཐའ་དཔྱད་པ་དང་། མཚོན་སྦྱོར་འགོད་སྟངས་སོགས་ཀྱི་གཞུང་ལུགས་ཀྱི་ལེའུ་ཚན་ཟུར་དུ་བརྩམས་པ་ནི་བོད་ཁོ་ནར་བྱུང་། འདི་ཡང་བོད་ཀྱི་ཚད་མ་བ་དག་གིས་རྒྱ་གར་གྱི་ཚད་གཞུང་དག་ཏུ་མེད་པར་བོད་དུ་གསར་གཏོད་བྱས་པའམ་མི་གསལ་བ་དག་ལ་ཁ་གསབ་བྱས་པའི་རིགས་འབོར་ཆེན་ཡོད་པའི་གྲས་སུ་གཏོགས་པ་ཡིན། གཞུང་ལུགས་རྩོམ་སྐབས་ཀྱང་དཔེར་ན«ཚད་མ་རིགས་རྒྱན»ལས། “མིང་གི་མཚན་ཉིད། དོན་གྱི་ངོ་བོ་ཙམ་བརྗོད་པའི་སྒྲ། དབྱེ་ན། དངོས་མིང་དང་། བཏགས་མིང་གཉིས། དངོས་མིང་གི་མཚན་ཉིད། དོན་དེ་ལ་ཐོག་མར་བརྡ་སྦྱོར་བའི་མིང་གང་ཞིག ཁྱོད་ལས་དོན་དེ་འཁྲུལ་མེད་དུ་གོ་བར་ནུས་པ། དཔེར་ན་རི་དྭགས་ཀྱི་རྒྱལ་པོ་ལ་སེང་གེ་ཞེས་པའི་སྒྲ་ལྟ་བུའོ། །”[3]ཞེས་གསུངས་པ་ལྟ་བུ་ཆོས་གཅིག་གཏན་ལ་འབེབས་སྐབས་མཚན་མཚོན་དང་དབྱེ་བ་མཚན་གཞི་རྣམས་དཀྱུས་གཅིག་ཏུ་གོ་རིམ་ལྡན་པའི་སྒོ་ནས་བཤད་པ་སོགས་ནི་བོད་ཀྱི་ཚད་གཞུང་གི་འགྲོས་སུ་སྣང་། བོད་དུ་མཚན་མཚོན་གཞི་གསུམ་གྱི་སྒོ་ནས་གཞུང་རྩོམ་པ་དང་གཞུང་དོན་འཆད་པ་དང་རྩོད་པ་དེ་མགོ་«བསྡུས་གྲྭ»་ནས་མཇུག་མཛོད་འདུལ་བར་དུ་སྤྱད་ཡོད། དེས་ན་མཚན་མཚོན་གཞི་གསུམ་གྱི་སྒོ་ནས་གཞུང་བཤད་པ་དང་། དེའི་སྒོ་ནས་ཤེས་བྱའི་གནས་ལུགས་ལ་རྒྱ་ཆེར་དཔྱོད་པའི་སྲོལ་དེ་བོད་ཀྱི་ཚད་མ་བ་དག་གི་དམིགས་བསལ་གྱི་གཞུང་བཤད་ཐབས་དང་། དཔྱོད་ཐབས་ཤིག་ཏུ་བགྲང་རུང་བ་ཡིན། བསྟན་པ་སྔ་དར་སྐབས་ཀྱི་སློབ་དཔོན་ཀླུའི་རྒྱལ་མཚན་གྱིས་མཛད་པར་བཤད་པའི«མདོ་དགོངས་འགྲེལ་གྱི་འགྲེལ་པ»ནང་གི་རིགས་པ་བཞིའི་སྐབས་སུ། “མཚན་ཉིད་ཅེས་བྱ་བ་ནི་མངོན་སུམ་གྱི་ཚད་མའི་མཚན་ཉིད་དེ། དེ་མངོན་སུམ་དུ་དམིགས་པ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་ཤེས་པ་དེ་ཉིད་མངོན་སུམ་གྱི་ཚད་མའི་མཚན་ཉིད་ཡིན་པའོ། །”ཞེས་དང་། “རྗེས་སུ་དཔག་པའི་ཚད་མ་དང་དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དེ་ཡང་མཚན་གཞི་དང་མཚན་ཉིད་ཀྱི་ཚུལ་གྱི་ངོ་བོ་ཉིད་གཅིག་པར་རིག་པར་བྱའོ། །”[4]ཞེས་མཚན་ཉིད་དང་མཚན་གཞིའི་སྐོར་གསུངས་ཀྱང་མཚོན་བྱ་ཞེས་པའི་ཐ་སྙད་མི་གསལ། གཞན་བསྟན་པ་སྔ་དར་སྐབས་ཀྱི་གཞུང་གང་གི་ནང་དུ་ཡང་མཚན་མཚོན་སྐོར་གྱི་གཞུང་ལུགས་བཤད་པ་མེད།  ཕྱི་དར་སྐབས་འབྲས་སྤུངས་གནས་བཅུ་ལྷ་ཁང་ནས་ཐོན་པའི་ཕྱི་ར་༨༦རྟགས་ཅན་གྱི«ཕུང་པོ་ལྔའི་འགྲེལ་བཤད»དབུ་མེད་བྲིས་མ་རྙིང་པ་ཞིག་བཞུགས་པ། སྦྱར་བྱང་དུ་“མཁས་པ་ཆེན་པོ་ཆོས་ཀྱི་བརྩོན་འགྲུས་ཀྱིས་མཛད་པ་”ཞེས་འཁོད་པ། ཚད་མ་རྙིང་པའི་མཁས་པ་ཁྱུང་པོ་ཆོས་བརྩོན་གྱིས་མཛད་པ་ཡིན་ནམ་སྙམ་པའི་ནང་དུ།  “མཚན་ཉིད་ནི་གསུམ་སྟེ། རེག་པར་རུ་པར་ཡོད་པ་དང་།  ཡུལ་བཅད་པ་རུ་པར་ཡོད་པ། བཏགས་པ་རུ་པར་ཡོད་པའོ། །འོ་ན་མཚན་ཉིད་འདི་༣་མཚོན་གཞི་རུ་པའི་ཕུང་པོ་མཚོན་པར་བྱེད་པ་ལ་༣་ཀ་སྨོས་དགོས་སམ་འོན་ཏེ་རེ་རེས་ཀྱང་མཚོན་ནུས་ཟེར་ན། ཅི་རིགས་པའི་དོན་ཡིན་ཏེ། ”[5]ཞེས་སོགས་ཀྱིས་མ་ཁྱབ་པའི་སྐྱོན་སྤོང་སོགས་མཛད་ཅིང་། ཡང་མིག་གི་དབང་པོའི་མཚན་ཉིད་སྐབས། “མཚན་ཉིད་ཀྱི་རྫས་ནི། རྒྱུའི་སྒོ་ནས་མཚོན་ན། འབྱུང་བ་ཆེན་པོ་༤འི་རྒྱུ་ལས་བྱུང་བ་སྟེ།  དེས་འབྲས་བུ་རུ་པར་མཚོན། དམྱིགས་ཡུལ་གྱི་སྒོ་ནས་མཚོན་ན། ཡུལ་ཁ་དོག་ལ་དམིགས་པ་སྟེ། དེས་དབང་པོ་ལྷག་མ་༤་ལས་ཁྱད་པར་དུ་མཚོན་ནོ། །རང་གི་ངོ་བོའི་སྒོ་ནས་མཚོན་ན། རུ་པ་ཅན་དང་བའི་བདག་ཉིད་དེ། དེས་དྲུག་པོ་འགགས་མ་ཐག་པ་ཡིད་ལས་ཁྱད་པར་དུ་མཚོན་ནོ། །འབྲས་བུའམ་བྱེད་པ་ལས་ཀྱི་སྒོ་ནས་མཚོན་ན། མིག་གི་རྣམ་པར་ཤེས་པའི་རྟེན་བྱེད་པ་སྟེ། འདིས་ཀྱང་དབང་པོ་ལྷག་མ་བཞི་ལ་ཁྱད་པར་མཚོན་ནོ། །ཁྱད་པར་གྱི་སྒོ་ནས་མཚོན་ན། བསྟན་མེད་ཐོགས་བཅས་སོ། །”[6]ཞེས་རྒྱུ་དང་ཡུལ་དང་ངོ་བོ་དང་བྱེད་ལས་སོགས་ཀྱི་སྒོ་ནས་མཚན་ཉིད་ཀྱི་ཁྱད་པར་སྨོས་ཤིང་། ཡང་དེ་ཉིད་ལས། “འོ་ན་ཚོར་བའི་མཚན་ཉིད་འདི་ཡིན་ཏེ། རང་གི་རྟེན་དབང་པོ་ལ། དངོས་སུ་ཕན་པ་དང་གནོད་པ་དང་། ཐ་མལ་པ་རྗེས་སུ་འཇུག་པའི་ཚུལ་གྱིས་མྱོང་བ་༡་ཡིན་ནོ། །འོ་ན་དེ་ཚོགས་པ་མཚན་ཉིད་དུ་གཏོང་ངམ། ཆ་ཕྲལ་བ་མཚན་ཉིད་དུ་གཏོང་། ཚོགས་པ་གཏོང་ན་མི་སྲིད། ཆ་ཕྲལ་བ་གཏོང་ན་མཚན་གཞིའི་ཕྱོགས་༡་ལ་མ་ཁྱབ་པའི་སྐྱོན་དུ་འགྱུར་རོ་ཞེ་ན། འོ་ན་ཁྱེད་རང་གི་ལུགས་ཀྱིས་གོང་བུའི་ཁྱད་པར་༡མཚན་གཞིར་བཞག་ནས། དེ་ལ་མཚོན་པར་བྱེད་པའི་མཚན་ཉིད་ནོག་དང་ལྐོག་ཤལ་གཏོང་པ་དེ་ཡང་། ཚོགས་པ་གཏོང་ངམ། ཆ་ཕྲལ་བ་གཏོང་། ཚོགས་པ་གཏོང་ན་མི་སྲིད། ཆ་ཕྲལ་བ་གཏོང་ན། གང་གཏོང་ནོག་གིས་ལྐོག་ཤལ་གྱི་ཆ་ལ་མ་ཁྱབ། ལྐོག་ཤལ་གཏོང་ན་སྟེང་གི་ཆ་ལ་མ་ཁྱབ་པའི་སྐྱོན་དུ་ཁྱེད་རང་གི་ལ་ཡང་འགྱུར་རོ། །དེར་ཚོགས་པ་གཏོང་སྟེ། གོང་བུའི་ཁྱད་པར་༡་ལ་དེ་༢་ཀ་ཚོགས་པ་ཡོད་དོ་ཞེ་ན། འོ་ན་ངའི་ཡང་ཚོགས་པ་མཚན་ཉིད་དུ་གཏོང་སྟེ། མྱོང་བ་ཙམ་༡་ལ་མཚན་ཉིད་དེ་༣་ཀ་ཚོགས་པ་ཡོད་དོ། །”[7]ཞེས་རྩོད་སྤོང་བཅས་བྱུང་བ་ལ་བརྟག་ན་གལ་ཏེ་འདིའི་མཛད་པ་པོ་ཁྱུང་པོ་ཆོས་བརྩོན་ཡིན་ཚེ་རྔོག་ལོའི་སྔོན་ནས་མཚན་མཚོན་སྐོར་གྱི་གཞུང་ལུགས་ཀྱི་རྨང་ཅུང་ཟད་ཅིག་ནི་བྱུང་བ་སྣང་། ཕྱྭ་པ་ཆོས་སེང་(1109-1169)གི«ཚད་མ་ཡིད་ཀྱི་མུན་སེལ»དུ། “ཁ་ཅིག་མཚན་ཉིད་འོག་ནས་འཆད་པའི་ཆོས་གསུམ་པོ་ལ་མི་བརྗོད་པར་མཚོན་བྱ་མཚོན་པའི་རྒྱུ་མཚན་བྱ་བ་ཡིན་ནོ་ཞེས་ཟེར་བ། དེ་ལྟར་ན།”[8]ཞེས་དང་། “བློ་ཆུང་ངུར་གྱུར་ཡང་མཆོག་ཏུ་རློམ་པ་ཁ་ཅིག་མི་སྲིད་པ་ནི་མཚོན་བྱ་ལ་ཡེ་མེད་པ་དང་མ་ཁྱབ་པ་ཕྱོགས་གཅིག་ལ་མེད་པ་དང་ཁྱབ་ཆེས་གཞན་ལ་འང་ཞུགས་པ་ཡིན་པས་དེ་གསུམ་དུ་ངེས་ལ། མཚན་ཉིད་ཡིན་པ་ལ་དེ་གསུམ་དང་བྲལ་དགོས་པ་དང་དེ་གསུམ་དང་མ་བྲལ་ན་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །དེ་གསུམ་དང་བྲལ་བ་ཙམ་གྱིས་མཚན་ཉིད་དུ་འགྱུར་བ་མ་ངེས་སོ་ཞེས་ཟེར་བ། དེའི་ལྟ་ན”[9]ཞེས་དང་།  “ཡང་ཁ་ཅིག་སྐྱོན་དེ་དག་དུ་མ་འདུས་པ་རྣམ་གཅད་མེད་པ་ཞེས་བྱ་བའི་སྐྱོན་ཡོད་དོ་ཞེས་ཟེར་བ།”[10]ཞེས་ཕྱོགས་སྔ་མ་བཀོད་པ་མང་དུ་བྱུང་བ་མ་ཟད་རྔོག་བློ་ལྡན་ཤེས་རབ(1059-1109)ཀྱི«རྣམ་ངེས་འགྲེལ་པ»རུ་ཡང་དེའི་སྐོར་གྱི་གཞུང་ལུགས་ཅུང་ཟད་བྱུང་བ་དང་། གཞན་ཀློང་ཆེན་རབ་འབྱམས(1308-1363)ཀྱིས་མཛད་མིན་རྩོད་གཞི་ཅན་གྱི«ཚད་མའི་དེ་ཁོ་ན་ཉིད་བསྡུས་པ»ཞེས་པ་ཚད་གཞུང་རྙིང་པ་ཞིག་བཞུགས་པ་དེའི་ནང་དུ་རྒྱ་དང་གངས་པ་དང་ཇོ་བཙུན་མེ་དིག་པ་སོགས་ཀྱི་མཚན་མཚོན་སྐོར་གྱི་བཞེད་ཚུལ་ལ་དགག་སྒྲུབ་བྱས་པ་ལས་ཀྱང་རྔོག་གི་སློབ་མ་གངས་པ་སོགས་ཀྱིས་བརྩམས་པའི་མཚན་མཚོན་སྐོར་གྱི་གཞུང་ལུགས་ཡོད་པ་ཤེས་ཐུབ། དེས་ན་ཕྱྭ་པའི་སྔོན་ནས་མཚན་མཚོན་གཞི་གསུམ་སྐོར་གྱི་གཞུང་ལུགས་ཙམ་ནི་བྱུང་ཟིན་པ་དོགས་པ་མི་དགོས།   གཞན་ཡང་གཙང་ནག་པའི«རྣམ་ངེས་འགྲེལ་པ»ལས། “དེ་ལ་སྔ་རབས་པ་དག་མཚན་ཉིད་ཀྱི་སྐྱོན་མཚོན་བྱ་ལ་ལྟོས་ཏེ་མི་སྲིད་པ་དང་མ་ཁྱབ་ཁྱབ་ཆེས་གསུམ་ལས་མེད་པར་སེམས་པ་དེ་དག་ནི”ཞེས་དང་། “ཡང་གཞན་དག་ནི་རྣམ་གཅད་མེད་པ་ཞེས་བྱ་བ་སྐྱོན་གཞན་ཡང་ཡོད་དེ། བ་ལང་གི་མཚན་ཉིད་ལྐོག་ཤལ་འདུས་པའི་མི་རྟག་པ་ལྟ་བུའོ་ཞེས་ཟེར་བ།”[11]ཞེས་ཕྱོགས་སྔ་མ་གཉིས་བཀོད་པའི་ཕྱི་མ་དེ་རྔོག་ལོའི་བཞེད་པ་ཡིན་པ་ཚད་བསྡུས་གཞན་དུ་འཁོད་ཡོད་པས་སྔ་མ་དེ་རྔོག་ལོའི་སྔོན་གྱི་མཁས་པའི་བཞེད་ཚུལ་དུ་སྙམ་ཏེ་དཔྱད། གཞན་སྔོན་གྱི་བཀའ་གདམས་པའི་མངོན་པའི་གཞུང་འགྲེལ་བྲིས་མ་ཁག་གཅིག་ཏུ་མཚན་མཚོན་སྐོར་གྱི་གཞུང་ལུགས་ཅུང་ཟད་རེ་འདུག་ཀྱང་དེ་དག་མཛད་པ་པོ་སུས་ནམ་བརྩམས་པ་སོགས་གསལ་པོར་ཐག་མི་ཆོད་པའི་དོགས་པ་མང་།  དེ་ལྟར་ན་ཡང་ཁོ་བོས་ད་བར་མཐོང་བ་རྣམས་ལས་མཚན་མཚོན་གཞི་གསུམ་གྱི་རྣམ་གཞག་ཆེད་དུ་མཐའ་དཔྱད་ནས་རྒྱ་ཆེར་བཤད་པའི་གཞུང་ལུགས་སྔ་ཤོས་ལྟ་བུ་ནི་སློབ་དཔོན་ཕྱྭ་པ་ཆོས་སེང་གི«ཚད་མ་ཡིད་ཀྱི་མུན་སེལ»ཡིན་ཞིང་། དེའི་ལེའུ་དང་པོའི་ནང་གི་རྩ་བའི་ས་བཅད་གཉིས་ཏེ། སྤྱིར་བློ་ཙམ་གྱི་དབྱེ་བ་དང་། བྱེ་བྲག་ཏུ་ཚད་མའི་བློ་གཏན་ལ་འབེབ་པ་གཉིས་ལས་ཕྱི་མ་འཆད་པའི་སྐབས་སུ་མཚན་མཚོན་གཞི་གསུམ་གྱི་སྐོར་ཤིན་ཏུ་རྒྱས་པ་མཐའ་དཔྱད་ནས་གསུངས་ཡོད། ཁོང་གིས་མཛད་པའི«རྣམ་ངེས་ཀྱི་འགྲེལ་པ»རུ་ཡང་རྒྱས་པར་གསུངས།  པཎ་ཆེན་ཤཱཀ་མཆོག་གི«ཚད་མའི་ཆོས་འབྱུང»ལས་ཀྱང་། “ཚད་མའི་མཚན་ཉིད་ལ་འཕྲོས་ནས་མཚན་མཚོན་གཞི་གསུམ་གྱི་རྣམ་གཞག་རྒྱས་པ་འདི་ནི། རྩོམ་པ་པོ་འདི་ཉིད་ཀྱི་རྩལ་གྱིས་བཏོན་པ་སྟེ་དེ་གོང་དུ་དེ་ལྟ་བུའི་རྣམ་གཞག་རྒྱས་པར་ནི་རྒྱ་བོད་ཀྱི་འགྲེལ་བྱེད་སུས་ཀྱང་མ་བཀྲལ་ལ།”[12]ཞེས་མཚན་མཚོན་གཞི་གསུམ་གྱི་རྣམ་གཞག་རྒྱས་པ་ནི་སློབ་དཔོན་ཕྱྭ་པས་སྲོལ་ཕྱེ་བར་བཞེད་དོ། །ཕྱྭ་པའི་སློབ་མ་གཙང་ནག་པ་བརྩོན་འགྲུས་སེང་གེའི«རྣམ་ངེས་ཀྱི་ཊཱིཀ་ཀ་ལེགས་བཤད་བསྡུས་པ»རུ་ཡང་མཚན་མཚོན་སྐོར་གྱི་གཞུང་ལུགས་རྒྱས་ཙམ་བྱུང་།

ཡང་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་ཞ་༤༥༡་རྟགས་ཅན་གྱི་གཉགས་ཀྱི«ཚད་མའི་སྤྱི་སྐད་ཅུང་ཟད་བསྡུས་པ»ཞེས་པ་རུ་ཡང་། “དེ་ལ་ཤེས་བྱའི་ཆོས་རྒྱུ་མཚན་ཅན་གྱི་ཐ་སྙད་དུ་གྲགས་པ་ཐམས་ཅད་ལ། ཐ་སྙད་དེ་ཉིད་དུ་འཇོག་པར་བྱེད་པའི་རྒྱུ་མཚན་མཚན་ཉིད་རེ་རེ། དེས་ཐ་སྙད་དུ་བཞག་པའི་མཚོན་བྱ་རེ་རེ། དེ་རཀའི་གཞིའམ་རྟེན་བྱེད་པའི་མཚན་གཞི་རེ་རེ་སྟེ་༣་༣་དུ་གནས་པ་ཡིན་ནོ། །དཔེར་ན་དཀར་ཟལ་མཚན་གཞི། བ་གླང་གི་ཐ་སྙད་བྱར་རུང་དུ་མཚོན། ནོག་ལྐོག་ཤལ་དང་ལྡན་པ་(གཉིས་པ་)དུ་(རུ)བཀོད་པ་ལྟ་བུ།”ཞེས་དང་། “དེ་དག་ལ་མཚན་ཉིད་དུ་མི་རུང་བའི་སྐྱོན་ནི་༣་སྟེ། མྱི་སྲིད་པ་དང་། མ་ཁྱབ་པ་དང་། ཁྱབ་ཆེས་པའོ། །དེ་ལ་མྱི་སྲིད་པ་ནི། བ་ལང་གི་ཚན(མཚན)ཉིད་རི་བོང་གི་ར་(རྭ)བཀོད་པ་ལྟ་བུ་ཤེས་བྱ་ལ་རྟན(གཏན)་མྱེད་ནས་མྱི་སྲིད་པ་དང་། དངོས་པོའི་ཚན་(མཚན་)ཉིད་དུ་དོན་བྱེད་ནུས་པས་སྟོང་པ་བཀོད་པ་ལྟ་བུ་འགལ་ནས་མི་སྲིད་པ་དང་། སྒྲའི་ཚན་(མཚན་)ཉིད་དུ་སྒྲ་བཀོད་པ་ལྟ་བུ་ལྡོག་པ་ཐ་དད་མྱེད་ནས་མི་སྲིད་པ་དང་། རི་བོང་གི་རའི་ཚན(མཚན་)་ཉིད་དུ་དོན་བྱེད་ནུས་པ་བཀོད་པ་ལྟ་བུ་མཚན་གཞི་ཤེས་བྱ་ལ་མེད་ནས་མི་སྲིད་པ་ལྟ་བུ། མྱི་སྲིད་པའི་སྐྱོན་བཞི་ཡོད་དོ། །མ་ཁྱབ་པ་ནི། བ་གླང་གི་ཚན་(མཚན་)ཉིད་དུ་ནོག་ལྐོག་ཤལ་ཁྲ་བོ་ཅན་བཀོད་ན། བ་གླང་ནག་སྒུར་ལ་མ་ཁྱབ་པ་ལྟ་བུའོ། །ཁྱབ་ཆེས་པ་ནི་བ་གླང་གི་མཚན་ཉིད་དུ་རྣ་བ་ཡོད་པ་བཀོད་ན། བ་གླང་མིན་པ་རྟ་དང་ར་ལ་སོགས་པ་(གསུམ་ཀ་བ)ཐམས་ཅད་ལ་ཁྱབ་ཆེས་པ་ལྟ་བུའོ། །”[13]ཞེས་གསུངས་ཡོད་ཅིང་། དེའི་ནང་དུ་མཚོན་སྦྱོར་འགོད་སྟངས་དང་། མཚན་ཉིད་ཀྱི་སྐྱོན་གསུམ་བཤད་ཅིང་མི་སྲིད་པའི་སྐྱོན་ལ་བཞི་བཅས་བཤད་ཡོད་དོ། །ཡང་དབུ་མེད་བྲིས་མ«རྟོག་གེ་རིགས་པའི་རྒྱན་གྱི་སྙིང་པོ»ཞེས་པ་མཇུག་ཏུ“རྟོག་གེ་རིགས་པའི་སྙིང་པོ་འདི། །ཁོ་བོ་ཞང་གིས་གཟབས་ནས་བྲིས། །”ཞེས་འཁོད་པ་དང་། ཆུ་མིག་པ་སེང་གེ་དཔལ་གྱིས་མཛད་པའི«སྡེ་བདུན་གྱི་དོན་ཕྱོགས་གཅིག་ཏུ་བསྡུས་པ་གཞན་གྱི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ»ཞེས་པ་འབྲས་སྤུངས་གནས་བཅུ་ལྷ་ཁང་དཔེ་རྟགས་ཕྱི་ཞ་༦་རྟགས་ཅན་གྱི་དབུ་མེད་བྲིས་མ་སོགས་རྔོག་ལུགས་ཀྱི་ཚད་བསྡུས་ཕལ་མོ་ཆེའི་ནང་དུ་མཚན་མཚོན་གཞི་གསུམ་སྐོར་གྱི་གཞུང་ལུགས་བཤད་ཡོད། དེ་ནས་ས་པཎ་ཀུན་དགའ་རྒྱལ་མཚན(1182-1251)གྱི«ཚད་མ་རིགས་གཏེར»གྱི་ནང་དུ་ཡང«མཚན་ཉིད་བརྟག་པ»ཞེས་པའི་ལེའུ་ཚན་ཞིག་ཡོད་ཅིང་། དེའི་ནང་དུ་བོད་ཀྱི་ཚད་མ་བ་སྔ་ཕྱི་དག་གིས་མཚན་མཚོན་གཞི་གསུམ་གྱི་དོན་བཤད་པ་དག་ལ་དགག་སྒྲུབ་དང་རང་ལུགས་རྒྱས་པར་གསུངས་ཡོད། བཅོམ་ལྡན་རལ་གྲི་ཡི«ཚད་བསྡུས་རིགས་པའི་མཚོན་ཆ»ཞེས་པའི་ནང་དུ་ཡང་མཚན་མཚོན་གཞི་གསུམ་བཤད་པའི་ལེའུ་ཟུར་དུ་ཡོད་ཅིང་དེའི་ནང་རྔོག་ལུགས་དང་ཅུང་མི་འདྲ་བར་གཙོ་བོ་རྒྱ་གཞུང་དང་བསྟུན་མཁས་ཀྱིས་གསུངས་ཡོད། རབ་བྱུང་བཅུ་གཅིག་པའི་ནང་བཙན་པོ་ངག་དབང་འཕྲིན་ལས་ལྷུན་འགྲུབ་ཀྱིས་མཛད་པའི«བཙན་པོའི་བསྡུས་གྲྭ»རུ་གྲགས་པ་སོགས་བོད་ཀྱི་བསྡུས་གཞུང་དག་ཏུ་མཚན་མཚོན་གྱི་རྣམ་གཞག་ཅེས་པའི་བསྡུས་ཚན་བྱུང་བ་མ་ཟད། ད་དུང་ཕྱིས་སུ་མཚོན་སྦྱོར་གྱི་རྣམ་གཞག་ཅེས་པའི་མཚོན་སྦྱོར་སྐོར་གྱི་གཞུང་ལུགས་ལེའུ་ཚན་ཀྱང་ཟུར་དུ་མཛད་ཡོད། བསྡུས་ཚན་སྔ་མའི་ནང་དུ་མཚན་མཚོན་གྱི་མཚན་ཉིད་དང་དེ་དང་འབྲེལ་ནས་རིགས་ལམ་སྦྱོང་བའི་ཐབས་བསྟན་ཡོད་ཅིང་། ཕྱི་མའི་ནང་དུ་མཚོན་སྦྱོར་གྱི་སྐོར་དངོས་སུ་བཤད་ཡོད། འོན་ཀྱང་ཕྱིས་ཀྱི་བསྡུས་གཞུང་དག་ཏུ་མཚན་མཚོན་གཞི་གསུམ་གྱི་མཚན་ཉིད་སོགས་ལ་སྤྲོས་པ་བསྡུས་ནས་རིགས་ལམ་འཕེལ་བའི་དགོས་པ་གཙོ་བོར་བཟུང་ཡོད། བོད་དུ་མཚན་སྦྱོར་གྱི་རྣམ་གཞག་རྒྱས་པར་བཤད་པ་དེ་ལ་མི་འཐད་པའི་མཁས་པ་ཡང་བྱུང་སྟེ། རྗེ་བཙུན་གྲགས་པ་རྒྱལ་མཚན(1147-1216)གྱིས་མཛད་པའི«དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་མཚན་ཉིད་རབ་ཏུ་གསལ་བ»ཞེས་པ་ལས། “ཡང་མཚན་མཚོན་གཞི་གསུམ་དུ་བཏགས་ཏེ་དེའི་སྤྲོས་པས་མཚོན་སྦྱོར་ཞེས་བྱ་བ། ཉན་པ་པོ་རྣམས་མགོ་རྨོངས་པ་བསྐྱེད་ཅིང་དཀའ་ལ་དོན་ཆུང་བ་མཛད་པའང་མི་འཐད་དེ། མཚོན་བྱ་དང་མཚན་གཞི་རྒྱ་སྐད་གཅིག་ལ་ལོ་ཙཱ་བའི་འགྱུར་ཐ་དད་ཙམ་གྱིས་ཆོས་ཐ་དད་མ་ཡིན་པའི་ཕྱིར་དང་། གཞུང་ཆེན་མོ་རྣམས་སུ་རྟགས་ཀྱི་སྦྱོར་བ་ཞེས་པ་ཉིད་ཀྱི། དེ་ལས་ཁྱད་པར་གྱུར་པའི་མཚོན་སྦྱོར་ཞེས་པ་ནི་ཅུང་ཟད་ཀྱང་མ་གསུངས་པའི་ཕྱིར་རོ། །”[14]ཞེས་བྱུང་བ་ལྟ་བུའོ། །

གསུམ། དཔྱོད་ཐབས་དེའི་དགེ་མཚན།

དེ་ཡང་ཁྱོད་ཀྱིས་སུམ་རྟགས་ནང་གི་ཡི་གེ་དབྱངས་གསལ་གཉིས་ཀྱི་ཡ་གྱལ་དབྱངས་ལྟ་བུ་ལ་མཚོན་ན་དང་པོར་གསལ་བྱེད་སོགས་སྐད་གདངས་གཞན་དང་མི་འདྲ་བའི་ཁོ་རང་གི་ཐུན་མིན་གྱི་ངོ་བོ་དེ་སྤུ་རིས་ཕྱེ་ནས་ངོས་ཟིན་པ་ཞིག་དགོས། དེ་ངོས་ཟིན་ན་དེ་ཡིན་ན་དབྱངས་ཡིན་དགོས་ཤིང་དེ་མིན་ན་དབྱངས་ཡིན་མི་སྲིད་ཅེས་པའི་ས་མཚམས་ཤིག་རྟོགས་ཐུབ་ཅིང་། དེ་ནས་ཡི་གེ་རྣམས་ལས་གང་ལ་མཚན་ཉིད་དེ་ཚང་འདུག་བལྟས་ནས་གང་ལ་ཚང་བ་དེ་དབྱངས་ཡིན་པ་དང་གང་ལ་མ་ཚང་བ་དེ་དབྱངས་མིན་པ་ལས་སླ་པོས་ཐག་གཅོད་ཐུབ། དེ་བཞིན་རྣམ་དབྱེ་ཞེས་པ་དེ་མིང་དང་ཚིག་སོགས་རྣམ་དབྱེ་མིན་པ་དག་དང་མི་འདྲ་བའི་ཁོ་རང་གི་ངོ་བོ་ཐུན་མོང་མིན་པ་དེ་གང་ཡིན་འདུག་དཔྱད་ནས་ངོས་བཟུང་ཐུབ་ན་ད་གཟོད་མཚན་གཞིའི་སྟེང་ནས་རྣམ་དབྱེ་ཡིན་མིན་རང་གིས་ཐག་གཅོད་བདེ་ཞིང་། གཞན་ལ་ས་མཚམས་ཡོད་པའི་སྒོ་ནས་ངོ་སྤྲོད་ཆོག་པ་ཡིན། བརྡ་སྤྲོད་ཀྱི་གཞུང་ལ་སྦྱོང་མཁན་གྱི་སློབ་གཉེར་བ་མང་པོ་ཞིག་གིས་མཚན་ཉིད་མི་ཤེས་པའམ་ཤེས་ཀྱང་དེ་ལ་གོ་བ་ཡག་པོ་ཆགས་མེད་པས་རགས་རིམ་ཞིག་ལས་ཡིན་མིན་གྱི་མཚམས་ཡག་པོ་ཤེས་མེད་པར་སྣང་། གཞུང་རྩོམ་པ་པོ་མང་པོ་ཞིག་གིས་ཀྱང་ངོ་བོ་རགས་རིམ་ཞིག་བཞག་ཡོད་ཀྱང་མཚན་ཉིད་ངོ་མ་ཞིག་བཞག་ཐུབ་མེད་པས། དེས་ན་མ་ཁྱབ་པའི་སྐྱོན་དང་ཁྱབ་ཆེས་པའི་སྐྱོན་རྟག་ཏུ་མཐོང་རྒྱུ་ཡོད། དཔེར་ན་འབྲེལ་སྒྲའི་ངོ་བོ་ལ་མིང་དོན་འབྲེལ་པ་སྟོན་པ་ཞེས་བྲིས་ན་དེས་མཚན་གཞི་བྱེ་བྲག་པ་ཞིག་ལས་འབྲེལ་སྒྲ་ཐམས་ཅད་ལ་ཁྱབ་པའི་མཚན་ཉིད་ཅིག་བཞག་ཐུབ་མེད་པས་ཁྱབ་ཆུང་བའི་སྐྱོན་ཡོད། ཚད་མ་རིག་པའི་གཞུང་དུ་གདུང་འདེགས་ཀྱི་དོན་བྱེད་ནུས་པ་ཀ་བའི་མཚན་ཉིད་ཅེས་དང་། ནོག་སོགས་འདུས་པའི་གོང་བུ་བ་ལང་གི་མཚན་ཉིད་ཅེས་པ་ལྟ་བུ་མཚན་ཉིད་རེ་བཞག་ཡོད་ཅིང་། ད་གཟོད་དེའི་སྟེང་ནས་ཡིན་མིན་ཡོད་མེད་ཀྱི་དཔྱད་པར་བྱེད་ཀྱིན་ཡོད་པ་དང་སྔར་བཞག་པའི་མཚན་ཉིད་ལ་མཚན་ཉིད་ཀྱི་སྐྱོན་ཡོད་ན་དེ་ལ་འདོར་ལེན་སྣོན་འཕྲི་བྱེད་ཀྱི་ཡོད་པ་རེད། དེས་སྨུག་པའི་ནང་དུ་སོང་བ་ལྟ་བུ་གསལ་ལ་མི་གསལ་བ་དང་། ས་མཚམས་ཆུ་མཚམས་མེད་པར་འདྲེས་ནས་ཡོད་པ་མ་ཡིན་པར་ཤེས་བྱ་དེ་དང་དེའི་ངོ་བོ་མཐའ་ཆོད་པ་ཞིག་ཤེས་ཐུབ་ཅིང་། བློ་ལ་འཆར་བདེ་བ་དང་། སློབ་སྦྱོང་གི་ས་ཆོད་ཆེ་བ། གང་སློབ་པ་དེ་ལ་གདེངས་ཚོད་དང་ལྡན་པ་ཞིག་འོང་བ་གཞུང་དེ་ལ་སློབ་མྱོང་མཁན་ཀུན་གྱི་མྱོང་བས་གྲུབ་ཡོད་པ་ཡིན། དཔེར་ན་བོད་ཀྱི་བསྡུས་གཞུང་སོགས་སུ་མིང་ཚིག་ཡི་གེ་གསུམ་གྱི་མཚན་ཉིད་རེ་བཞག་ཡོད་ཅིང་། མཚན་ཉིད་དེ་ལ་གོ་བ་ཆགས་ན་མིང་ཚིག་ཡི་གེ་གསུམ་གྱི་དོན་མཐའ་ཆོད་པ་ཞིག་ཤེས་ཡོད་པ་དང་། བརྒལ་བརྟགས་ཀྱི་ཚེ་གང་ཞིག་མིང་དང་ཚིག་སོགས་ཡིན་མིན་དེ་བསམ་བློ་མང་པོ་གཏོང་མི་དགོས་པར་བདེ་བླག་ཏུ་རྟོགས་ཐུབ། དེ་བཞིན་མཚན་གཞི་བྱེ་བྲག་པ་རེ་རེའི་སྟེང་ནས་འདི་ཚིག་ཡིན་འདི་ཚིག་མ་ཡིན་ཞེས་ངོ་སྤྲོད་མི་དགོས་པར་བྱ་བརྒྱ་འུར་རྡོ་གཅིག་གིས་འདེད་པ་ལྟར་སྤྱིར་འགྲོས་ཀྱིས་རྟོགས་ཟིན་པས་ཤིན་ཏུ་སྟབས་བདེ། དེས་ན་མཚན་ཉིད་ཀྱི་སྟེང་ནས་ཡིན་མིན་བརྡར་ཤ་གཅོད་པ་དེ་གཞུང་ལུགས་རྩོམ་པ་པོ་དང་གཞུང་ལུགས་འཆད་ཁྲིད་མཁན་དང་དེ་ལ་སློབ་གཉེར་བ་དག་གིས་དཔྱོད་པའི་ཐབས་མཆོག་གཅིག་ཡིན་པ་སྨོས་མ་དགོས་པས་བརྡ་སྤྲོད་དང་། སྙན་ངག་གི་གཞུང་ལུགས་སོགས་གཞུང་ལུགས་གཞན་དང་གཞན་ལ་སྦྱོང་མཁན་དག་གིས་ཀྱང་སྐབས་སུ་བབ་ཚེ་དཔྱོད་ཐབས་དེ་ལག་ལེན་དུ་བསྟར་བ་ལ་དགོས་པ་ཆེན་པོ་ཡོད་པར་སྙམ། དེ་བཞིན་མེ་ཞེས་པའི་ཐ་སྙད་དེ་གང་ལ་འཇུག་མིན་དེ་མེའི་མཚན་ཉིད་གང་ལ་ཞུགས་མིན་གྱི་སྒོ་ནས་ལྟ་ཆོག་པས་མཚན་ཉིད་ལ་གོ་བ་ཡག་པོ་ཆགས་པ་གཞིར་བཅས་མཚན་མཚོན་གྱི་འབྲེལ་པ་ཤེས་ན་ཐ་སྙད་གང་ལ་འཇུག་མིན་ཡང་ལས་སླ་པོས་རྟོགས་ཐུབ་པ་ཡིན། སྤྱིར་ཐ་སྙད་ནི་ཆོས་དེ་རང་ངོས་ནས་ཚུར་གྲུབ་པ་ཞིག་མིན་པར་ཡུལ་དུས་ངེས་ཅན་ཞིག་ཏུ་ཕར་བརྡ་སྦྱར་བ་ཞིག་ཡིན། གལ་ཏེ་མིས་ཕར་བརྡ་སྦྱོར་མི་དགོས་པར་ཡུལ་གྱི་ངོས་ནས་ཚུར་གྲུབ་ཡོད་ན་བརྡ་མ་སྦྱར་བའི་སྔ་རོལ་དང་བརྡ་མི་ཤེས་པ་ག་གིས་ཀྱང་ཚ་ཞིང་སྲེག་པ་མཐོང་ཙམ་ནས་མེའོ་སྙམ་པའི་ཤེས་པ་སྐྱེ་འོས་ཀྱང་མི་སྐྱེ། ཕྱིས་སུ་ཚ་ཞིང་སྲེག་པ་ཙམ་རྒྱུ་མཚན་དུ་བྱས་ནས་མེ་ཞེས་པའི་བརྡ་སྦྱར་ཞིང་བརྡ་དེ་ཡོངས་སུ་གྲགས་རྗེས་སུ་ཚ་ཞིང་སྲེག་པ་དང་མེའི་མིང་དོན་གྱི་འབྲེལ་པ་ཤེས་པ་དག་གིས་ཚ་ཞིང་སྲེག་པ་མཐོང་ཙམ་ནས་མེའོ་སྙམ་དུ་ཤེས་པ་སྐྱེ་ཞིང་། བཙོ་སྲེག་གི་དོན་བྱེད་པའི་ཕྱིར་དེ་ལ་འཇུག་པ་དང་། ཚ་ཞིང་སྲེག་པ་གང་ལ་མི་ལྡན་པ་དག་ལ་མེ་མ་ཡིན་པའོ་སྙམ་ནས་མི་འཇུག་པ་ཡིན། མེ་དང་ཚ་ཞིང་སྲེག་པའི་མཚན་མཚོན་གྱི་འབྲེལ་པ་ཤེས་ན་མེའི་ཐ་སྙད་གང་ལ་འཇུག་མིན་དེ་ཐ་སྙད་དེ་འཇུག་པའི་རྒྱུ་མེའི་མཚན་ཉིད་གང་ལ་ཞུགས་ཡོད་མེད་ཀྱིས་ཐག་གཅོད་ཐུབ་བོ། །

བཞི། མཇུག་བསྡུ་བ།

བོད་ཀྱི་དགོན་སྡེའི་མཚན་ཉིད་པའི་གྲྭ་དག་ཏུ་བསྡུས་གཞུང་ནང་གི་མཚན་མཚོན་གཞི་གསུམ་གྱི་རིགས་པའི་འགྲོས་ལ་རྒྱུས་ཡོད་པས་དེའི་སྒོ་ནས་མཐའ་ཆོད་པ་ཞིག་ལས་སླ་པོས་ངོ་སྤྲོད་ཆོག་ཀྱང་། སློབ་གྲྭ་ཁག་གི་སློབ་མའི་ནང་དུ་དེ་ལ་རྒྱུས་ཅན་ཅུང་ཉུང་བའི་དབང་གིས་བོད་ཀྱི་གཞུང་ལུགས་འཆད་ཐབས་ལྟར་མཐའ་ཆོད་པ་ཞིག་ལས་སླ་པོས་ངོ་སྤྲོད་པ་ལ་དཀའ་ངལ་ལྷག་མ་ཞིག་ཡོད། དེས་ན་བོད་ཀྱི་མཁས་པ་སྔ་མ་དག་གི་ཤེས་རབ་དང་ཉམས་མྱོང་ལས་ཐོན་པའི་འཆད་ཐབས་དང་དཔྱོད་ཐབས་འདི་ལྟ་བུ་དག་ལ་དོ་སྣང་དང་སྦྱངས་པ་བྱས་ན་དུས་ཐུང་ངུའི་ནང་ཤེས་ཐུབ་པས་དགོས་པ་ཅུང་ཟད་མཐོང་ནས་རྩོམ་ཐུང་འདི་བྲིས་ཤིང་། ད་དུང་མང་པོ་ཞིག་གིས་བོད་དུ་ཚད་མ་རིག་པ་དར་བའི་བརྒྱུད་རིམ་ནང་རྒྱ་གར་གྱི་རྗེས་ཟློས་ཙམ་ལས་གསར་གཏོད་དང་ཁ་བསྣན་གྱི་མཛད་རྗེས་མང་པོ་མེད་པར་འདོད་པ་དག་ལ་ཡང་དེའི་སྐོར་ཞར་དང་ཞོར་དུ་ངོ་སྤྲོད་པ་ཡང་འདོད་དེ་འདི་བྲིས་པ་ཡིན་ནོ། །

 

ལུང་ཁུངས།

[1]རྡོ་རྗེ་རྒྱལ་པོས་བསྒྲིགས། «ཚད་མ་རིག་པའི་སྐོར་རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས།» [M]པོད་དང་པོ།  མི་རིགས་དཔེ་སྐྲུན་ཁང་།1988ལོའི་པར་ཐེངས་གཉིས་པ།  ཤོག་ངོས་216

[2]ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། «ཚད་མ་རིགས་པའི་གཏེར་ཞེས་བྱ་བ།» [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང།1989ལོའི་པར་ཐེངས་དང་པོ། ཤོག་ངོས་182

[3]རྒྱལ་བ་དགེ་འདུན་གྲུབ། «ཚད་མའི་བསྟན་བཅོས་རིགས་པའི་རྒྱན་ཞེས་བྱ་བ།»[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།1996ལོའི་པར་ཐེངས་དང་པོ། ཤོག་ངོས་457

[4]ཀླུའི་རྒྱལ་མཚན། «འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ།» [G]«སྡེ་བསྟན»ཤིང་པར། སྣ་ཚོགས། <ཇོ> ཤོག་ངོས། 145 ཤོག་ངོས་147

[5]ཆོས་ཀྱི་བརྩོན་འགྲུས། «ཕུང་པོ་ལྔའི་འགྲེལ་བཤད།» [M] དབུ་མེད་བྲིས་མ། ཤོག་ལྡེབ། 13མདུན་ངོས།

[6]ཆོས་ཀྱི་བརྩོན་འགྲུས། «ཕུང་པོ་ལྔའི་འགྲེལ་བཤད།» [M]དབུ་མེད་བྲིས་མ། ཤོག་ལྡེབ།14རྒྱབ་ངོས།

[7] ཆོས་ཀྱི་བརྩོན་འགྲུས། «ཕུང་པོ་ལྔའི་འགྲེལ་བཤད།» [M]དབུ་མེད་བྲིས་མ། ཤོག་ལྡེབ། 20མདུན་ངོས།

[8]ཕྱྭ་པ་ཆོས་ཀྱི་སེང་གེ། «ཚད་མ་ཡིད་ཀྱི་མུན་སེལ།» [M]དབུ་མེད་བྲིས་མ། ཤོག་ལྡེབ། 17མདུན་ངོས།

[9]ཕྱྭ་པ་ཆོས་ཀྱི་སེང་གེ། «ཚད་མ་ཡིད་ཀྱི་མུན་སེལ།» [M]དབུ་མེད་བྲིས་མ། ཤོག་ལྡེབ། 28རྒྱབ་ངོས།

[10]ཕྱྭ་པ་ཆོས་ཀྱི་སེང་གེ། «ཚད་མ་ཡིད་ཀྱི་མུན་སེལ།» [M] དབུ་མེད་བྲིས་མ། ཤོག་ལྡེབ། 28མདུན་ངོས།

[11]བརྩོན་འགྲུས་སེང་གེ། «ཚད་མ་རྣམ་པར་ངེས་པའི་ཊཱིཀ་ལེགས་བཤད་བསྡུས་པ་སློབ་དཔོན་གཙང་ནག་པས་མཛད་པ།» [M] དབུ་མེད་བྲིས་མ། ཤོག་ལྡེབ། 11མདུན་ངོས།

[12]པཎ་ཆེན་ཤཱཀྱ་མཆོག་ལྡན། «དབུ་ཚད་ཆོས་འབྱུང་འགའ་བཞུགས།» [G]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ་2019ལོའི་པར་ཐེངས་དང་པོ། ཤོག་ངོས། 38

[13]གཉགས་ཀྱིས་བརྩམས། འབྲོང་བུ་ཚེ་རིང་རྡོ་རྗེས་མཚམས་སྦྱོར་བྱས། «ཚད་མའི་སྤྱི་སྐད་ཅུང་ཟད་བསྡུས་པ།» «ཀྲུང་གོའི་བོད་རིག་པ།» [J] 2007ལོའི་དེབ་གསུམ་པ། ཤོག་ངོས། 39

[14]རྗེ་བཙུན་གྲགས་པ་རྒྱལ་མཚན། «ས་སྐྱའི་བཀའ་འབུམ་དཔེ་བསྡུར་མ། (རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་འབུམ)»[G]པོད་ལྔ་བ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས། 534-535

ཡོང་ཁུངས། 2022ལོའིཁམས་པའི་རྩོམ་རིག་སྒྱུ་རྩལདེབ་དང་པོ།


 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3667