ཡིག་སྒྱུར་པ། གླིང་ལོ་མ་སེར་པོ།

ཐཱ་ལཱ·ཝའི་སུ་ཐྲོར་ཡི་མི་ཚེས་གྲོང་ཁྱེར་རེ་རེ་གཡོ་འགུལ་བཏང་མྱོང་ཡོད། ཁོ་མོའི་མི་ཚེའི་བྱུང་བ་ནི་ངོ་མཚར་ཅན་ཞིག་ཡིན། ཁོ་མོ་རང་ལོ་བཅུ་བདུན་ཡར་སྔོན་སློབ་གྲྭར་བསྐྱོད་མྱོང་མེད། ཁོ་མོས་རང་སྦྱོང་གི་ལམ་ནས་ཨ་རི་བྷྲིག་ཧཱམ་ཡོང་གཙུག་ལག་སློབ་ཆེན(杨百翰大学)དུ་ཡིག་རྒྱུགས་འཕྲོད། རིམ་གྱིས་ཁམ་ཟམ་གཙུག་ལག་སློབ་ཆེན་ལ་ཡིག་རྒྱུགས་འཕྲོད་པར་མ་ཟད་ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཞིབ་འཇུག་སློབ་མར་གྱུར།རང་ལོ་སོ་གཉིས་སུ་སོན་སྐབས་ཐོག་མའི་བརྩམས་ཆོས《你当像鸟飞往你的山》འཛམ་གླིང་ཧྲིལ་པོར་ཚོང་ཧ་ཅང་བྲིན་པར་གྱུར། 《ཉིའུ་ཡོག་དུས་བབས》སྟེང་དུ་ལོ་འཁོར་གཅིག་གི་ནང་ཤུགས་རྐྱེན་ཟབ་པའི་མི་སྣ་ཞེས་པའི་དཔྱད་གླེང་སྤེལ། པེར་གྷེ་ཚིལ(比尔·盖茨)གྱིས་དེབ་དེ་ཁོ་རང་གི་ལོ་འཁོར་གཅིག་གི་དཔེ་དེབ་མཚམས་སྦྱོར་རེའུ་མིག་ལས་དང་པོར་བཀོད། མ་ཟད་ཁོ་མོ་ཆེད་མངགས་གདན་ཞུ་བྱས་ནས་ཁ་བརྡ་བྱས། སྐབས་དེར་པེར་གྷེ་ཚིལ་གྱིས་བཤད་རྒྱུར། ངའི་རང་སྦྱོང་གི་ནུས་སྟོབས་ནི་ཁོང་གི་མདུན་དུ་བཤད་རིན་ཅི་ཡང་མེད་པ་ཞིག་རེད་འདུག །ཅེས་སོགས་གསུངས།མོའི་རང་རྣམ《你当像鸟飞往你的山》རེ་རེ་བཞིན་བཀླགས་རྗེས་ཁོ་མོའི་མི་ཚེའི་བྱུང་བ་རྟོགས་ཡོང་། ཁོ་མོ་ལ་བཙོ་སྦྱང་གི་གྲུབ་ཆ་མང་པོ་ཞིག་གི་འབྲས་རྟགས་ཡོད་པ་ནི། སྙིང་སྟོབས། རང་གཅུན། ཁྱད་འཕགས། སྙིང་རུས་སོགས་ཀྱིས་ཁོ་མོའི་མི་ཚེའི་བྱུང་བ་གྲུབ་ཡོད། དེ་ནི་ཕོར་བ་ཞིག་གི་ནང་དུ་བྱ་ཤའི་ཁུ་བ་ཡོད་པའི་འབྲས་རྟགས་བཞིན་སྟབས་བདེ་ཞིག་མིན། ཁོ་མོའི་མི་ཚེར་འཕྲད་པའི་དཀའ་ངལ་ནི་ཁྱད་འཕགས་འབད་རྩོལ་གྱིས་མེད་པར་བྱ་ཐུབ་མོད། མོ་དང་ཁྱིམ་ཚང་བར་གྱི་གནས་ཚུལ་དག་ནི་འཆི་གསོན་གྱི་འཐབ་འཛིང་ཞིག་དང་འདྲ།ཐཱལ་ལཱ་ནི་སྤྱི་ལོ1986ལོར་ཨ་རི་ཨཱ་དྷ་ཧཱོ(爱达荷州)ས་ཁུལ་དུ་སྐྱེས། ཕ་ནི་གད་སྙིགས་བདག་གཉེར་པ་དང་། མ་ནི་རྩྭ་ལྡུམ་སྨན་པ་དང་སྐྱེ་གཡོག་སྨན་པ་ཞིག་ཡིན། ཐཱ་ལཱ་ནི་བྱིས་པ་བདུན་ཡོད་པ་ལས་ཐ་ཆུང་ཡིན། ཁོ་མོའི་ཁྱིམ་ཚང་ནི་ཆེས་ཁྱད་མཚར་ཞིག་ཡིན། ཕ་ནི་རང་ཤེད་མཁྲེགས་འཛིན་ཅན་གྱི་མོའུ་མུ་ཆོས་ལུགས་ཀྱི་རྗེས་འཇུག་པ་ཞིག་ཡིན། ཁོ་པའི་བསམ་པར་འཛམ་གླིང་སྙིགས་མའི་ཁུག་སོར་སླེབ་ལ་ཉེ་བས། དུས་རྒྱུན་དངོས་རྫས་དང་མེ་མདའི་རྫས་མདེལ་བསྡུ་ཉར་བྱེད་བཞིན་ཡོད། དེ་དག་ནི་ཚེ་སྲོག་ཡུན་དུ་འཚོ་བའི་གྲ་སྒྲིག་ལྟ་བུ་ཡིན།ཁོ་པས་ཕྱི་རོལ་གྱི་འཇིག་རྟེན་མ་རུངས་པའམ་བསམ་སྦྱོར་ཕྱིན་ཅི་ལོག་པས་ཁེངས་ཡོད་པར་སྙམ་གྱིན་ཡོད་པར་མ་ཟད། སློབ་གྲྭ་ནི་སྲིད་གཞུང་གིས་མང་ཚོགས་རྣམས་ཀླད་པ་བཀྲུ་བཤལ་བྱ་ཡུལ་ཡིན་པས་དེར་བྱིས་པ་བསྐྱལ་ན་སློབ་གསོ་ངན་པས་བྱིས་པ་མ་རུངས་པར་འགྱུར་འགྲོ་བར་བསམ་གྱི་ཡོད། གཞན་གྱི་བྱིས་པ་དག་སློབ་གྲྭར་སྐྱོད་སྐབས། ཐཱ་ལཱ་རང་ཉིད་ཀྱིས་གཅེན་གཅུང་དང་ལྷན་དུ་ཨ་ཕའི་ཟངས་རོ་དང་ལྕགས་བཙའ་པོ་སོགས་ལེགས་སྒྲིག་དང་། ཐབ་ཚང་ནང་ནས་ཁམ་བུ་གཡོ་སྦྱོར་བྱེད་པ་དང་། སྨན་ཕྱེ་བླུག་སྣོད་ལྕགས་ཀྲིན་བཟོ་བ་སོགས་བྱེད་ཀྱིན་ཡོད། བྱིས་པ་གཞན་པས་ཁོ་མོ་སློབ་གྲྭར་མི་སྐྱོད་པར་སྐྱོན་མཚང་འབྲུ་སྐབས་ཁོ་མོས་ནན་ཏན་ངང་ནས་དགག་ལན་སློག་ཤེས་ཀྱི་ཡོད། འདི་ཡང་ཁོ་མོའི་སྟོབས་ཤུགས་ཤིག་ཡིན།ཐེངས་ཤིག་ལ། འདི་འདྲ་བྱས་ན་གཏན་ནས་འགྲིག་གི་མི་འདུག་སྙམ་ནས། ཁོམ་སྐབས་ཡོད་ཚད་རང་སྦྱོང་ལ་འབད། ཁོ་མོས《དམ་པའི་གསུང་རབ》དང《མོའུ་ཨ་མིའི་གསུང་རབ》བཅས་ཀློག་འདོན་བྱས། དེ་དག་འབྲི་ཀློག་ཤེས་རྗེས་གཞན་མོའུ་སུ་ཏར་གྱི་མ་ལག་བསླབ། ཨ་ཕས་དེ་ནི་འབྱུང་འགྱུར་འཚོ་གནས་ལ་ཕན་ནུས་ཡོད་པར་སྨྲ།ཕ་མ་གཉིས་ཀྱིས་འབྱུང་འགྱུར་ཐཱ་ལཱའི་མི་ཚེའི་འཆར་འགོད་ནི། ཐཱ་ལཱ་རང་ལོ་བཅོ་བརྒྱད་ཙམ་ལ་གཉེན་སྒྲིག ཨ་ཕས་ས་ཆ་ཁུག་ཀྱོག་ཅིག་ཏུ་ས་ཞིང་ཞིག་བགོ་སྐལ་དུ་སྦྱིན། ཁོ་མོའི་ཁྱོ་བོས་དེར་ཁང་པ་ཞིག་ལས། མ་ཡིས་རྩྭ་སྨན་དང་སྐྱེ་གཡོག་གི་རྒྱུན་ཤེས་དག་བསླབ་པར་མ་ཟད། ཁོ་མོར་བྱིས་པ་སྐྱེ་སྐབས་མ་ཡིས་སྐྱེ་གཡོག་བྱེད། འབྱུང་འགྱུར་ཐཱ་ལཱས་སྐྱེ་གཡོག་གི་རྒྱུན་ཤེས་དང་རྩྭ་སྨན་ཤེས་རྗེས་དེའི་འཚོ་བ་རོལ་རྒྱུ་དེ་ཡིན།སྐབས་དེ་ནས་ཁོ་མོར་བློ་ཁ་མ་གང་བའི་ཚོར་སྣང་ཞིག་སྐྱེས། ཐེངས་ཤིག་ལ། ཐཱ་ལཱ་ཡིས་ལྷོད་ཡེངས་ངང་ནས་རྔུལ་ལེན་ལས་དཔུང་མགོ་ཅུང་ཙམ་ཕྱིར་མངོན་པས་ཨ་ཕས་འདིར་སྨད་ཚོང་ཁང་མ་རེད་ཅེས་ཁ་རྡུང་གཏོང་། དུས་རྒྱུན་ཕུ་བོ་གཉིས་པས་ཉེས་བརྡུང་ཐེངས་མང་བཏང་ཡང་ཕ་མས་སེམས་ཁུར་ཙམ་ཡང་མི་བྱེད་པར་མ་གོ་ཁུལ་དང་མ་རིག་ཁུལ་བྱེད་ཀྱིན་ཡོད། ཐཱ་ལཱ་ནི་དེ་ལྟར་ཁུ་སིམ་མེར་ཉིན་ཐོག་ཉིན་བརྩེགས་ངང་གནས་དགོས་ཀྱི་ཡོད། ཐཱ་ལཱ་སྤྲོ་སྣང་མེད་པའི་ལྗིབ་རྫོབ་ཆེ་བའི་ལས་ཀའི་ཁྲོད་ནས་བསམ་གཞིག་རེ་བྱེད་སྐབས་རང་ཉིད་ཟོག་འཁོར་ཞིག་དང་འདྲ་བར་ཚོར་གྱི་ཡོད། དུས་རྒྱུན་འདི་དག་གི་འོག་ནས་ཁོ་མོར་ཐ་ན་དབྱུགས་དབྱུང་དཀའ་བ་ཡོང་གི་ཡོད། ཁྱིམ་ཚང་འདིའི་མི་དག་ནི་མུ་མཐུད་ནས་རང་ལྟ་མཆོག་ཏུ་འཛིན་མཁན་ཤ་སྟག་ཡིན་པས་དུས་རྒྱུན་ཕན་ཚུན་ཡིད་ཆད་དང་འཚེར་སྣང་ངང་གནས་ཡོད།དང་ཐོག་ནས་ཁོ་མོ་འདི་འདྲའི་གནས་རྒྱུར་འཇིགས་སྐྲག་ཡོད་པས་ཁྱིམ་ནས་བྲོས་བྱོལ་དུ་འགྲོ་བསམ་མོད། འོན་ཀྱང། ཁོ་མོར་ཐེངས་རེ་འདི་དག་བསམ་བློ་འཁོར་སྐབས་ཕ་མ་ལ་རྒྱབ་གཏོད་དང་འགན་ཁུར་མེད་པའི་བྱ་བ་རེད་བསམ་གྱི་ཡོད། ཉིན་ཞིག་ཕུ་བོ་གསུམ་པ་ཕ་དང་འགལ་བ་བྱུང་བས་ཁྱིམ་ཚང་དང་ཁ་བྲལ་ནས་མཐོ་སློབ་ཅིག་ཏུ་སློབ་སྦྱོང་དུ་ཕྱིན། ཕུ་བོ་པཱ་ཁུ་སཱུ་རི་བོའི་རྒྱབ་གཟུགས་དང་ཁ་བྲལ་བས་ཐཱ་ལཱ་ཕུ་བོ་ལ་ཧ་ཅང་ཡིད་སྨོན་བཞིན་སློབ་གྲྭའི་འཚོ་བ་ཅི་འདྲ་ཞིག་ཡིན་ནམ་སྙམ་བཞིན་ཁོ་མོ་ཡང་སློབ་གྲྭར་འགྲོ་རྒྱུ་སེམས་ཐག་བཅད།ཕ་ཡིས་བྱིས་པ་ཚོ་ཁྱིམ་ནས་ཤོར་གྲབས་ཡོད་པར་ཤེས་པས་གཏོང་འཛིན་བྱ་ཆེད། ཆེད་མངགས་ཐཱ་ལཱར་ལས་ཀ་ཞིག་བཀོད་སྒྲིག་བྱས། འོན་ཀྱང་། ཐཱ་ལཱ་དེ་ཡིས་འགོག་མ་ཐུབ་པར་ཕུ་བོས་སྐུལ་འདེད་འོག་ནསACTཨ་རི་མཐོ་རྒྱུགས་སུ་ཞུགས། གཅིག་བྱས་ན་ལྷུན་གྱིས་གྲུབ་པ་ཞིག་དང་། ཡང་ན་རེ་བ་ཤུགས་ཆེན་འཆང་བ་ཙམ་ཡིན་སྲིད། འོན་ཀྱང་། སློབ་གྲྭར་རྩ་བ་ནས་ཕྱིན་མ་མྱོང་བའི་གཞོན་ནུ་མ་འདི་ལ་ཡིག་རྒྱུགས་འདིའི་ཁྲོད་ནས་སྦྱངས་འབྲས་འོས་ངེས་ཤིག་ཐོབ་འདུག་པར་མ་ཟད། བྷྲིག་ཧཱམ་ཡོང་གཙུག་ལག་སློབ་ཆེན་གྱིས་བསྡུ་ལེན་བརྡ་ཐོ་འབྱོར་འདུག །ཐེངས་དང་པོར་གནས་ཚུལ་བཟང་པོ་འདི་འཕྲད་སྐབས་ཁོ་མོས་བཤད་རྒྱུར། འདི་འདྲ་ཁ་ཕྱོགས་བཟང་པོ་འགྱུར་བ་དེ་བློ་ཡུལ་ལས་འདས་སོང་ཟེར། ལམ་སྲོལ་རྙིང་པའི་ལུང་ཀྱོག་ཅིག་ནས་གློ་བུར་མཐོ་སློབ་ཅིག་ཏུ་སླེབ་སྐབས། ཐཱ་ལཱ་ཡི་རྒྱུན་ཤེས་ཡོད་ཚད་གོ་ལྡོག་པ་ལྟར་གྱུར། ཁོ་མོས་གསང་སྤྱོད་དུ་ཕྱིན་རྗེས་ལག་པ་བཀྲུ་དགོས་པ་ཤེས་ཀྱི་མེད་པས་རྒྱུན་དུ་འཕྱ་སྨོད་ཕོག་གི་ཡོད་ལ། ཁོ་མོས་སློབ་ཁང་སྒོ་རྟགས་ཡོད་པ་མི་ཤེས་པས་མོས་རྒྱུན་དུ་ལམ་ནོར་ཐེབས་ཀྱི་ཡོད། ད་རུང་ཁོ་མོས་འཛམ་གླིང་དམར་གསོད་ཆེན་མོ་ཤེས་ཀྱི་མེད་པས་སློབ་ཚན་དག་ལས་ཧ་ཅང་ཁག་པོ་བྱུང་ཞེས་ཟེར། ཁོ་མོའི་འཇིག་རྟེན་གྱི་གོ་རྟོགས་དག་ནི་རྨང་གཞི་ནས་བསྐྱར་སྐྲུན་དགོས་པས་རང་ལོ་བཅུ་བདུན་གྱི་བུ་མོ་ཞིག་ལ་མཚོན་ན་དཀའ་ཁག་མང་པོ་ཞིག་བྱུང་བ་ནི་སྨོས་མེད་རེད་ཅེས་ཟེར།འོན་ཀྱང་ཡོད་ཚད་གོ་ལྡོག་ལྟར་གྱུར་པ་འདིས་རེ་བ་མང་པོ་ཞིག་ཁྱེར་བྱུང་བས། ཁོ་མོས་གསལ་རྟོགས་བྱུང་རྒྱུར་མཐོ་སློབ་ནི་ཨ་ཕས་བཤད་པ་ལྟར་སྲིད་གཞུང་གི་ཀླད་པ་བཀྲུ་བཤལ་བྱ་ཡུལ་མིན་པར་མ་ཟད། བུད་མེད་གཞོན་ནུ་དག་གིས་གྱོན་པ་ལྭ་བ་ཆེན་པོ་ཤ་སྟག་ཡིན་མི་དགོས། མི་དག་གིས་གཟེར་འཇགས་སྨན་བཏུང་བ་ཙམ་གྱིས་མི་འཆི་བ་ཤེས་བྱུང་། ཁོ་མོས་ཉིན་རེ་བཞིན་སློབ་སྦྱོང་གི་ལམ་ནས་རང་ཉིད་གསར་སྒྱུར་དང་ཤེས་ལྡན་མི་སྣ་ཞིག་བྱེད་ཀྱི་ཡོད།སྤྱི་ལོ2008ལོར། རྩོམ་རིག་རབ་འབྱམས་པའི་གོ་ཐོབ་རག དགེ་རྒན་གྱིས་སྐུལ་འདེད་འོག་ནས་ཁམ་ཟམ་གཙུག་ལག་སློབ་ཆེན་དུ་ཕྱི་འགྲིམས་སློབ་སྦྱོང་གི་རྣམ་གྲངས་ནང་དུ་ཞུགས་པས་སྦྱངས་འབྲས་ཕུལ་བྱུང་གི་ཁམ་ཟམ་གསེར་གྱི་གཟེངས་རྟགས་ཐོབ། ཁམ་ཟམ་གཙུག་ལག་སློབ་ཆེན་དུ་མཚན་ཉིད་རིག་པར་སྙིང་རུས་ཆེན་པོས་སློབ་སྦྱོང་བྱས། སྤྱི་ལོ2010ལོར་ཧ་ཝར་ཊི་གཙུག་ལག་སློབ་ཆེན་ཞིབ་འཇུག་རོགས་དངུལ་ཐོབ་ནས་ཁོ་མོས་ལོ་རྒྱུས་རིག་པ་ཞིབ་འཇུག་བྱ་མགོ་བརྩམ། འཛམ་གླིང་དམར་གསོད་ཆེན་མོ་དང་མང་གཙོའི་ལས་འགུལ་སོགས་བསླབ། ཁམ་ཟམ་གཙུག་ལག་སློབ་ཆེན་གྱི་ལོ་རྒྱུས་རིག་པའི་འབུམ་རམས་པའི་བསླབ་གནས་ཀྱང་ཐོབ། སྐབས་དེར་རང་ལོ་ཉེར་བརྒྱད་ལ་སོན་ཡོད།ཁམ་ཟམ་གཙུག་ལག་སློབ་ཆེན་ནས་ཕྱིར་ལོག་རྗེས། ཁོ་མོའི་སེམས་ནང་གི་འཇིག་རྟེན་ནི་གཏན་ནས་མི་འདྲ་བ་ཞིག་ཏུ་གྱུར་ཟིན། རྒྱུ་འབྲས་བློ་མིག་མེད་པའི་ཕ་དང་། ཅི་གསུང་བཀའ་སྒྲུབ་དགོས་པའི་མ། བཙན་ཤེད་ཅན་གྱི་གཅེན་པོ། རང་ཚུགས་མེད་པའི་གཅེན་མོ་སོགས་དྲན་ཐེངས་རེ་ལ་ཁོ་མོའི་བསམ་བློར་ཁྱིམ་ཚང་འདི་ལ་ངེས་པར་བསྒྱུར་བཅོས་ཤིག་དགོས་སྙམ་པའི་འདུ་ཤེས་སྐྱེས། ཁོ་མོ་ཐེངས་དང་པོར་ཕ་ཡུལ་དུ་ཕྱིར་ལོག་ནས་ཕ་དང་ཁྱིམ་ཚང་ལེགས་བཅོས་ཤིག་བྱ་བསམས། འོན་ཀྱང་། ངལ་བ་འབྲས་མེད་དུ་གྱུར། ཁྱིམ་མི་ཚོའི་མིག་ལམ་དུ་ཁོ་མོ་ནི་མི་ངན་ནམ་སློབ་གསོ་ངན་པའི་དབང་དུ་སོང་བའི་ཉེན་ཚབས་ཅན་གྱི་མི་ཞིག་ཏུ་མངོན། ཨ་ཕ་ཡིས་ཁོ་མོ་འཇམ་པོའི་ངང་ནས་བློ་འགུགས་དགོས་སྙམ་མོད། སྐབས་དེར་ཕུ་བོ་གཉིས་པས་གློ་གྲི་ཁྲག་ཅན་ཁྱེར་ནས་ཁོ་མོ་ལ་ཁོ་པ་ཚོའི་ཁ་ལ་ཉན་དགོས་ཞེས་འཇིགས་སྐུལ་བྱས་པས། ཐཱ་ལཱ་ད་གཟོད་རེ་ཐག་གཏིང་ནས་ཆད། ཁོ་མོས་ཁྱིམ་ནས་སྔོན་ཆད་ཀྱི་ཉིན་ཐོའི་དཔེ་དེབ་དེ་ཁྱེར་ནས་ཁྱིམ་དང་ཁ་བྲལ།ཐཱ་ལཱ·ཝའི་སུ་ཐྲོར་དང་པེར་གྷེ་ཚིལ།སྤྱི་ལོ2018ལོར། རང་ཉིད་ཀྱི་མི་ཚེའི་བྱུང་བ《你当像鸟飞往你的山》བརྩམས་གྲུབ། བཅོས་ལྷད་མེད་པའི་མི་ཚེའི་བྱུང་བ་འདིས་མི་གྲངས་ལས་འདས་པ་ཞིག་ལ་སེམས་ཀྱི་སྟོབས་ཤུགས་བསྩལ། དེར་བརྟེན། པེར་གྷེ་ཚིལ་གྱིས་འདི་ལྟར་བཤད་མྱོང་ཡོད། ཧ་ལས་དགོས་པའི་མི་གཅིག་གི་བྱུང་བ་འདི། མིང་དོན་མཚུངས་པའི་མི་སེམས་གཡོ་བྱེད་ཅིག་རེད་ཅེས་དང་། པེར་གྷེ་ཚིལ་གྱིས་ཐཱ་ལཱ་ལ་ཁྱེད་ཀྱིས་འདི་ལྟར་ཅི་འདྲ་ཞིག་བྱས་ནས་སྒྲུབ་ཐུབ་བྱུང་ཞེས་འདྲི་སྐབས། ཁོ་མོས་ཞི་འཇམ་གྱི་ངང་ནས། ང་ནི་སྔོན་ཆད་སློབ་གྲྭ་ཕྱིན་མྱོང་མེད་པར་མ་ཟད་སློབ་གསོ་ཡང་ཐོབ་མ་མྱོང་། འོན་ཀྱང་ང་རང་གཞས་དང་གླུ་དབྱངས་ལ་ཧ་ཅང་དགའ་མོས་ཡོད། སློབ་ཆེན་འགྲིམ་པའི་བསམ་བློས་ངའི་ཡིད་དབང་ཡོངས་སུ་འཕྲོག་བྱུང་བས་རིམ་གྱིས་གླུ་དབྱངས་ལ་སློབ་སྦྱོང་བྱས་པ་ཡིན། གླུ་དབྱངས་ཀྱི་ཆེད་དུ་ཚབ་རྩིས་རང་སྦྱོང་བྱས་ཡིན། ཁོ་མོས་བཤད་རྒྱུར། གླུ་དབྱངས་ཀྱིས་ང་རང་ཨ་རི་བྷྲིག་ཧཱམ་ཡོང་གཙུག་ལག་སློབ་ཆེན་དུ་ཚུད་བྱུང་། དེ་ནས་ལོ་རྒྱུས་བསླབ་པའི་དགེ་རྒན་གྱིས་ལམ་སྟོན་འོག་ནས་ཁམ་ཟམ་གཙུག་ལག་སློབ་ཆེན་ལ་འགྲོ་ཐུབ་བྱུང་། ཁམ་ཟམ་གཙུག་ལག་སློབ་ཆེན་ནས་སྐད་ཡིག་གི་ཆུ་ཚད་འཕེལ་རྒྱས་བྱུང་བས་མུ་མཐུད་ནས་དཔེ་དེབ་ཅིག་འབྲི་ཐུབ་བྱུང་བས། འདི་འདྲ་བྱས་ནས་རྩོམ་འབྲི་གོ་རིམ་གསལ་པོར་ངེས་བྱུང་། བརྩམས་ཆོས་ནང་བག་ཆགས་ཟབ་ཤོས་ནི། ཁོ་མོས་འབད་རྩོལ་བྱས་པའི་མི་རྣམས་ཡིད་སྨོན་ཇི་ལྟར་ཤོར་བ་མ་ཡིན་པར། ཁོ་མོའི་མི་ཚེའི་ལམ་བུ་ནང་ནས་སེམས་ནང་མྱོང་བ་ཅི་འདྲ་བྱུང་བའི་གཡོ་འགུལ་དང་འཕག་འཚག་ཐོབ་ཤོར་དག་རེད།ཐཱ་ལཱ་ཡིས་བཤད་རྒྱུར། མི་ཚེའི་ནང་ཆེས་ཁག་ཤོས་ནི་བྱ་བ་ལེགས་འགྲུབ་བྱུང་བ་མ་ཡིན་པར། ཐོག་མའི་ཁྱིམ་ཚང་དང་ཁ་བྲལ་བ་དེ་རེད། ཐཱ་ལཱ་འདི་འདྲའི་ཕུལ་བྱུང་དང་འགྱུར་མེད་ཚུགས་ཐུབ་ཀྱི་བུད་མེད་ཅིག་ཡིན་ནའང་། ཁོ་མོས་འབད་རྩོལ་གྱིས་ཁྱིམ་ཚང་ཉམས་གསོ་དང་བཅོས་སྒྱུར་གྱི་ཆེད་དུ་ཁྱིམ་དུ་སོང་ཡང་ཁྱིམ་མིའི་ཁོ་མོར་སྤྲད་རྒྱུ་ནི་སེམས་ཕམ་ཡིད་ཆད་ཡིན། མི་སུ་ཡིན་ཀྱང་ཆེས་དཀའ་ཁག་ཆེ་ཤོས་ནི་ཁྱིམ་མི་རྣམས་དང་འབྲེལ་བ་གཅོད་རྒྱུ་དེ་ཡིན། འོན་ཀྱང་རང་ཉིད་ཀྱི་སྟོབས་ཤུགས་དང་འབད་རྩོལ་གྱིས་ཁྱིམ་མི་ཁ་བྲལ་གྱི་སེམས་ཀྱི་རྨ་ཁའི་ནང་མཛེས་སྡུག་ལྡན་པའི་མེ་ཏོག་སྐྱེ་ནུས་ཀྱང་། མཛེས་སྡུག་ལྡན་པའི་མེ་ཏོག་དེའི་སྟེང་དུ་སྔར་བཞིན་སེམས་ཀྱི་རྨ་ཁའི་རྗེས་ཤུལ་དོད་ཡོད།ཐཱ་ལཱས《福布期》དུས་དེབ་བཅར་འདྲི་དང་ལེན་སྐབས། འདི་འདྲ་ཞིག་བཤད་མྱོང་། སློབ་གསོའི་གོ་དོན་ནི། སློབ་གསོ་ཡིས་མཐོང་ཟུར་མི་འདྲ་བ་དང་ལྟ་ཚུལ་མི་འདྲ་བའི་མིའི་མྱོང་ཚོར་དང་ལོ་རྒྱུས་དག་མཚོན་ཐུབ་དགོས། སློབ་གསོའི་བླང་བྱ་ནི། འོན་ཀྱང་ཁྱོད་ཀྱི་སློབ་གསོའི་འཕེལ་རྒྱུན་དེ་ནམ་ཡང་ང་རྒྱལ་གྱི་ངོ་བོར་འགྱུར་མི་རུང་བར་མ་ཟད། སློབ་གསོ་ནི་བསམ་གཞིག་གི་འཕེལ་རྒྱས་ཤིག་ཡིན་འོས། སློབ་གསོ་ནི་བསམ་བློའི་རྣམ་དཔྱོད་ཟབ་ཏུ་གྱུར་པའི་མཐོང་རྒྱ་དང་བློ་རྒྱ་གུ་ཡངས་ཤིག་ཡིན་པས། ཕྱོགས་ཞེན་གྱི་ཀླད་རྙིང་མཁྲེགས་འཛིན་པ་ཞིག་ཏུ་འགྱུར་མི་རུང་། གལ་སྲིད་མི་རྣམས་ཀྱིས་སློབ་གསོ་ཡང་དག་ཅིག་མྱང་ཐུབ་ཚེ། ཕྱོགས་ཞེན་གྱི་ཀླད་རྙིང་པ་ཞིག་ཏུ་འགྱུར་མི་སྲིད།གོང་གི་དེ་དག་གོ་དོན་ཟབ་པ་ཞིག་རེད། ཚང་མས་མྱོང་ཚོར་གྱི་སྐད་ཆ་འདི་དག་ཁོ་མོའི་ཕ་མར་བཤད་པ་འདྲ་བར་མ་ཟད། ཁོ་མོའི་ཕ་མ་འདྲ་བའི་ཁྱིམ་མི་དག་གིས་ཐོས་དགོས། ཁོ་མོའི་བརྩམས་ཆོས《你当像鸟飞往你的山》དཔར་སྐྲུན་བྱས་རྗེས་ཁོ་མོའི་ཕ་མ་གཉིས་ལ་དྲྭ་ལམ་ནས་སྐྱོན་བརྗོད་དང་ཁ་བརྡུང་མང་པོ་ཕོག་པས་ཁྲིམས་ཀྱིས་སྲུང་སྐྱོབ་མི་བྱེད་ཀ་མེད་བྱུང་ཡོད།འདི་ལྟར་ཐཱ་ལཱ་ཡི་མི་ཚེའི་བྱུང་བའི་ནང་ནས་ཆེས་ཚོར་བ་སྐྱེན་ཤོས་ནི། ང་ཚོ་དང་ཕ་མ་ཕན་ཚུན་གྱི་བརྩེ་སེམས། ཡང་ན་ང་ཚོ་དང་ཕ་མ་ཕན་ཚུན་གྱི་སེམས་ཕམ་དང་ཡིད་ཆད་སོགས་མཚུངས་བསྡུར་ཞིག་བྱས་ན། འདི་དག་ཁྱིམ་ཚང་ཧ་ཅང་མང་པོ་ཞིག་གི་ཕ་མ་དང་བྱིས་པར་འཕྲད་པའི་དཀའ་ངལ་ཞིག་རེད། ཐཱ་ལཱས་དཀའ་ངལ་འདི་དག་སེལ་བའི་ཐབས་ལམ་ནི། ཁྱོད་རང་མི་གཅིག་ལ་དགའ་ཆོག་མོད། འོན་ཀྱང་སྔར་བཞིན་གདམ་ཀ་བདེ་མོ་བཞུགས་ཟེར་རྒྱུ་དེའོ། །ཁྱོད་རང་གིས་ཉིན་ལྟར་དྲན་རྒྱུ་མི་གཅིག་ཡིན་ཆོག་མོད། འོན་ཀྱང་སྔར་བཞིན་དགའ་སྤྲོ་དེ་དག་ཁྱོད་ཀྱི་མི་ཚེའི་ནང་གནས་མི་སྲིད། གཅིག་བྱས་ན་འདི་ཐཱ་ལཱ་ཡི་ཁྱིམ་ཚང་དཀའ་ངལ་སེལ་ཐབས་ཡག་ཤོས་དེ་ཡིན་རྒྱུ་རེད། འོན་ཀྱང་གསལ་པོར་ཤེས་རྒྱུར་འདི་ལན་ཡང་དག་ཅིག་ཡིན་པའི་ངེས་པ་མེད། གཅིག་བྱས་ན་འདི་ཐཱ་ལཱ་ཡི་མི་ཚེ་བྱུང་བའམ《你当像鸟飞往你的山》ཡིས་ང་ཚོ་གཡོ་འགུལ་གཏོང་བའི་རྒྱུ་རྐྱེན་གཞན་ཞིག་ཡིན་སྲིད།

རི་ཁུད་ཅིག་ལ་གནས་བཅས་པའི་གླིང་ལོ་མ་སེར་པོས་སྒྱུར་སྒྲིག་བྱས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3659