ནང་དོན་གནད་བསྡུས། དྲང་ངེས་བསྟན་པའི་དགོས་པ་དང་། མདོ་ལས་དྲང་ངེས་ཇི་ལྟར་བསྟན་ཚུལ་དང་། བསྟན་བཅོས་ལས་ཇི་ལྟར་བསྟན་ཚུལ་སོགས་གླེང་ཡོད།
བརྡ་ཆད། དྲང་ངེས། མདོ། བསྟན་བཅོས། རྣམ་བཞག
གླེང་གཞིར་མདོར་བསྟན་པ་དང་། རྒྱས་པར་བཤད་པ། དང་པོ་མདོར་བསྟན་པ་ནི།
ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་འཁྲིད་མཛད་གང་ཡིན་དང་། ། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། ། གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ་ཞེས་པ་ལས་འཕྲོས་ཏེ་བརྗོད་བྱ་བདེན་གཉིས་ཀྱི་རྣམ་པ་གང་དང་ལྡན་ཞིང་བརྗོད་བྱེད་དྲང་ངེས་ཀྱི་མདོ་སྡེ་སྣ་ཚོགས་པ་བཅོམ་ལྡན་འདས་ཀྱི་ཇི་ལྟར་གསུངས་བའི་ཚུལ་དང་དེ་ལས་དྲང་ངེས་རྣམ་བཞག་སོ་སོ་འབྱེད་པ་ནི་སྐབས་འདིར་བརྗོད་བྱ་གཙོ་བོ་ཡིན་ནོ། །
གཉིས་པ་རྒྱས་པར་བཤད་པ་ལ། སྤྱིར་དྲང་ངེས་བསྟན་པའི་དགོས་པ་བཤད་པ་དང་། དྲང་ངེས་བཤད་ཚུལ་ངོས་བཟུང་ཚུལ་གཉིས་ལས།
དང་པོ་ནི། བཅོམ་ལྡན་འདས་ཀྱི་གདུལ་བྱ་རང་རང་སོ་སོ་ཁམས་དབང་གི་མོས་པ་སྣ་ཚོགས་པའི་བྱེ་བྲག་ལ་བསྟུན་ནས་བརྗོད་བྱ་བདེན་གཉིས་ཀྱི་རྣམས་བཞག་རྩལ་འདོན་བྱེད་ཚུལ་བརྗོད་བྱེད་དྲང་ངེས་ཀྱི་རྣམ་གཞག་མདོ་སྡེ་སྣ་ཚོགས་གསུང་པ་འདི་དག་དྲང་ངེས་རྣམ་གཞག་འབྱེད་མ་ཤེས་ན་འགལ་བའི་སྣང་ཚུལ་མང་པོ་འབྱུང་གི་ཡོད་པའི་དོགས་པ་སེལ་བའི་ཆེད་དུ་བཅོམ་ལྡན་འདས་ཀྱི་བཀའ་ལ་དྲང་དོན་གྱི་བཀའ་དང་། ངེས་དོན་ཀྱི་བཀའ་གཉིས་ཡོད་པ་དང་དེ་དག་ཤེས་པའི་ཆེད་དུ་དྲང་ངེས་རྣམ་གཞག་སོ་སོ་བསྟན་པའི་དགོས་པ་ཡིན་ནོ། །
གཉིས་པ། དྲང་ངེས་བཤད་ཚུལ་ངོས་བཟུང་ཚུལ་ནི། མདོ་གང་ལ་བརྟེན་ནས་དྲང་ངེས་རྣམ་བཞག་བསྟན་ཚུལ་དང་། བསྟན་བཅོས་གང་ལ་བརྟེན་ནས་དྲང་ངེས་རྣམ་བཞག་བསྟན་ཚུལ་གཉིས་ལས།
དང་པོ་མདོ་སྡེ་དག་ལས་བཤད་ཚུལ་ནི།
མདོ་སྡེ་དགོངས་འགྲེལ་དང་། གཟུངས་ཀྱི་དབང་ཕྱུག་ཞུས་པའི་མདོ། བློ་གྲོས་མི་ཟད་བསྟན་ལའི་མདོ། ཏིང་འཛིན་རྒྱལ་པོའི་མདོ། མདོ་སྡེ་དགོངས་འགྲེལ་ལས་བཤད་ཚུལ་ནི།
བཅོམ་ལྡན་འདས་ཀྱིས་དང་པོ་ཡུལ་ཝ་ར་ན་སིར་དྲང་དོན་རྣ་བ་རི་དྭགས་ཀྱི་གནས་སུ། ཉན་ཐོས་ཀྱི་ཐེག་པ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་བ། རྨད་དུ་བྱུང་བ། སྔོན་ལྷར་གྱུར་བའམ་མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་ཞིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་འཁོར་ལོ་བསྐོར་བ་དེ་ཡང་། བླ་ན་མ་མཆིས་པ། སྐབས་མ་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ། སྟོང་བ་ཉིད་དངོས་པོའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་། བླ་ན་མ་མཆིས་པ། སྐབས་མ་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་ནས་མ་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ཡང་དག་པར་ཞུགས་པ་རྣམས་ལ།ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ། ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི། བླ་ན་མ་མཆིས་པ་དང་། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། ། ཞེས་གསུངས་སོ། ། གཟུང་དབང་ཞུས་པའི་མདོ་གཉིས་ལས། རིགས་ཀྱི་བུ་དཔེར་ན་འདི་ལྟ་སྟེ། ནོར་མཁན་མཁས་པ་ནོར་བུ་སྦྱོར་བའི་ཚུལ་ལེགས་པར་ཤེས་པ་དེས་ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ། ལན་ཚྭའི་ཆུ་རྣོན་པོས་སྤངས་ནས་སྐྲའི་རེ་བས་ཡོངས་སུ་སྦྱངས་བས་སྦྱོར་བར་བྱེད་དོ། ། དེ་ཙམ་གྱིས་བརྩོན་པ་ཡོངས་སུ་འདོར་བ་མ་ཡིན་ཏེ། དེའི་འོག་ཏུ་ཟངས་ཀྱི་ཁུ་བ་རྣོན་པོས་སྦངས་བལ་གྱིས་ལྭ་བས་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། ། དེ་ཙམ་གྱིས་བརྩོན་པ་འདོར་ན་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བས་སྦངས་རས་སྲབ་མོས་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། ། ཡོངས་བྱང་ཏེ་དྲི་མ་བྲལ་བ་ནི་བཻཌཱུརྱའི་རིགས་ཆེན་པོ་ཞེས་བྱའོ། ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པས་ཀྱང་ཡོངས་སུ་མ་དག་པའི་མ་སེམས་ཅན་གྱི་ཁམས་མཁྱེན་ནམ། མི་རྟག་པ་དང་། སྡུག་བསྔལ་དང་། བདག་མེད་དང་། མི་གཙང་བ་དང་། ཡིད་འབྱུང་བའི་གཏམ་གྱིས་འཁོར་ལོ་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་བསྐྱེད་པར་མཛད་དེ་འཕགས་པའི་ཆོས་འདུལ་འཛུད་པར་མཛད་དོ། ། དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། ། དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱི་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་ནི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡམམལ་འཇུག་པར་མཛད་དོ། ། ཞུགས་པར་གྱུར་ཅིང་དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་ན་ནི་བླ་ན་མེད་པའི་ཡོན་གནས་ཞེས་བརྗོད་དོ། ། ཞེས་གསུངས་སོ། །
བློ་གྲོས་མི་ཟད་པ་བསྟན་པའི་མདོ་ལས། ངེས་པའི་དོན་གྱི་མདོ་སྡེ་ནི་གང་། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ཀུན་རྫོབ་བསྒྲུབ་པ་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། ། མདོ་སྡེ་གང་དག་དོན་དམ་བསྒྲུབ་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། ། ཏིང་འཛིན་རྒྱལ་པོ་ལས། སྟོན་པ་བདེ་བར་གཤེགས་པའི་བསྟན་པ་ལྟར། ། ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། ། ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། ། ཞེས་གསུངས་སོ། ། མདོ་སྡེ་དེ་དག་ལས་དྲང་ངེས་རྣམ་གཞག་རྒྱ་ཆེར་བཤད་པས་སོ། ། འོ་ན་དྲང་དོན་གྱི་མདོ་ཟེར་བ་དང་། ངེས་དོན་གྱི་མདོ་ཟེར་བ་འདི་དག་གང་ལ་ངོས་འཛིན་ཀྱི་འདུག་ཟེར་ན། སྟོང་ཉིད་བརྗོད་བྱ་གཙོ་བོ་བྱེད་པའི་མདོ་དེ་དག་ལ་ངེས་དོན་གྱི་མདོ་དང་། ཀུན་རྫོབ་བརྗོད་བྱ་གཙོ་བོ་བྱེད་པའི་མདོ་དེ་དག་ལ་དྲང་དོན་གྱི་མདོ་ཞེས་མིང་དུ་བཏགས་པ་མཐད་པ་ཡིན་ནོ། །
གཉིས་པ་བསྟན་བཅོས་ལས་དྲང་ངེས་ཀྱི་རྣམ་བཞག་བཤད་བསྟན་ཚུལ་ནི།
སློབ་དཔོན་ཀླུ་སྒྲུབ་ཀྱི་མཛད་པའི། བསྟོད་ཚོགས་བསྐོར་དང་། རྒྱལ་ཚབ་བྱམས་པ་མགོན་པོའི་མཛད་པའི། རྒྱུད་བླ་མ་གཉིས་ལས་དྲང་ངེས་ཀྱི་རྣམ་གཞག་བསྟན་ནོ། ། དེ་དག་ལས་རིགས་ཁམས་བདེ་བར་གཤེགས་པའི་སྙིང་པོ་རྒྱ་ཆེར་འགྲེལ་བའི་གཞུང་། ཆོས་དབྱངས་བསྟོད་པ་ལས། རྣམ་དབྱེ་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། ། ཞེས་གསུངས་པ་དང་། དེ་བཞིན་དུ། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་ན། །ཉོན་མོངས་འབའ་ཞིག་བསྐྱེད་པར་ཟད། ། བདེ་རབ་གཤེགས་པའི་སྙིང་པོའི་ངོ་བོ་བསྟན་པ་ཡིན་ནོ། ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། ། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། ། བདེ་བར་གཤེགས་པའི་སྙིང་པོའི་ངོ་བོ་བསྟན་ལ་ཕབ་ཡོད་པའི་གཞུང་དག་ནི་འཁོར་ལོ་མཐའ་མའི་དགོངས་འགྲེལ་གྱི་བསྟན་བཅོས་ཡིན་ནོ། ། འཁོར་ལོ་བར་བའི་དགོངས་འགྲེལ་གྱི་བསྟན་བཅོས་ནི། ཀླུ་སྒྲུབ་ཀྱི་རིགས་ཚོགས་ཀྱི་རྣམས་དང་། དེའི་དགོངས་པ་འགྲེལ་བའི་དཔལ་ལྡན་ཟླ་བའི་འཇུག་པ་རྩ་འགྲེལ་དང་དབུ་མ་གཞི་བརྒྱ་པ་སོགས་ཡིན་ནོ། ། དེ་གཉིས་ནང་ལ་ཀླུ་སྒྲུབ་ཡུམ་སྲས་སོགས་ཀྱིས་དྲང་ངེས་ཀྱི་ཐ་སྙད་སྦྱར་ཚུལ་དང་། བྱམས་པ་མགོན་པའི་གཞུང་རྗེས་འབྲང་དང་བཅས་པའི་གཞུང་ལས་ཐ་སྙད་སྦྱར་ཚུལ་ཅུང་ཙམ་མི་འདྲ་བ་ཡོད་པ་ལས། དང་པོ་ཀླུ་སྒྲུབ་ཀྱི་གཞུང་རྣམས་ལས་ཐ་སྙད་སྦྱར་ཚུལ་ནི། དང་པོ་བདག་སྟོན་པའི་འཁོར་ལོ། བར་དུ་བདག་དོགས་པའི་འཁོར་ལོ། མཐའ་མ་ལྟ་བ་ཀུན་ལྡོག་གི་འཁོར་ལོ། དེ་བཞིན་དུ་དབུ་མ་བཞི་བརྒྱ་པ་ལས། བསོད་ནམས་མ་ཡིན་དང་པོ་ལྡོག ། བར་དུ་བདག་ནི་ལྡོག་པ་སྟེ། ། མཐའ་མ་བདག་གཞན་ཀུན་ལྡོག་པ། ། ཞེས་གསུངས་སོ། ། བྱམས་པ་མགོན་པའི་གཞུང་ལས་དྲང་ངེས་ཐ་སྙད་སྦྱར་ཚུལ་ནི། དང་པོ་ཞི་བ་ལ་འཇུག་པའི་ཚུལ། བར་དུ་རྣམ་པར་སྨིན་པའི་ཚུལ། ། མཐའ་མ་ལུང་བསྟན་པའི་ཚུལ། ཞེས་གསུངས་སོ། ། འཁོར་ལོ་གསུམ་པོ་ལ་དེ་ལྟར་ཐ་སྙད་སྦྱར་བས་སོ། ། འཁོར་ལོ་གསུམ་པོ་འཇོག་ཚུལ་ལ་སྤྱིར་བཏང་མི་འདྲ་བ་མང་པོ་ཡོད་རེད། ཡིན་ནའང་ཀུན་མཁྱེན་ཀློང་ཆེན་པས་འཇོག་ཚུལ་ལྟར་དུ་དུས་ཀྱི་སྒོ་ནས་འཁོར་ལོ་གསུམ་པོ་འཇོག་ཚུལ་ནི། ཀློང་ཆེན་པས། གནས་ཕུན་སུམ་ཚོགས་པ་ཡུལ་ཝ་ར་ན་སི། འཁོར་ཕུན་སུམ་ཚོགས་པ་འཁོར་ལྔ་སྡེ་བཟང་པོ་ལ་སོགས་པ་ཐེག་དམན་རིགས་ཅན་རྣམས་ལ། ཆོས་ཕུན་སུམ་ཚོགས་པ་ནི་བཀའ་དང་པོ་བདེན་བཞི་ལས་བརྩམས་ཏེ། དུས་ཕུན་སུམ་ཚོགས་པ་དགུང་ལོ་སུམ་བཅུ་རྩ་དྲུག་ནས་དགུང་ལོ་བཞི་རྩ་གཉིས་བར་ལ་གསུང་བའི་བདེན་བཞིའི་རྣམས་བཞག་འདི་བརྗོད་བཞི་གཙོ་བོ་བྱེད་ནས་སྟོན་པའི་བཀའ་རྣམས་དང་དེ་རིགས་སུ་གནས་པ་རྣམས་ལ་འཁོར་ལོ་དང་པོ་ཟེར་རོ། ། འཁོར་ལོ་བར་བ་ནི། གནས་གནས་ཕུན་སུམ་ཚོགས་པ་ནི་བྱ་རྒོད་ཕུང་པོ་རི་བོ།འཁོར་ཕུན་སུམ་ཚོགས་པ་ཐེག་པ་ཆེན་པོའི་རིགས་ཅན་གདུལ་བྱ་རྣམས་ལ། ཆོས་ཕུན་སུམ་ཚོགས་པ་ནི་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ། དུས་ཕུན་སུམ་ཚོགས་པ་དགུང་ལོ་བཞི་བཅུ་རྩ་གསུམ་ནས་བདུན་བཅུ་རྩ་གཉིས་བར་དུ་གསུངས་སོ། ། འཁོར་ལོ་མཐའ་མ་ནི། གནས་ཕུན་སུམ་ཚོགས་པ་ཡངས་པ་ཅན་ལ་སོགས་པ། ཆོས་ཕུན་སུམ་ཚོགས་པ་ལེགས་པར་རྣམ་པར་ཕྱེ་བ། འཁོར་ཕུན་སུམ་ཚོགས་པ་གདུལ་བྱ་ཅི་རིགས་པ་རྣམས་ལ། དུས་ཕུན་སུམ་ཚོགས་པ་ནི་དགུང་ལོ་བདུན་བཅུ་རྩ་གསུམ་ནས་བརྒྱད་ཅུ་རྩ་གཉིས་ཀྱི་བར་དུ་གསུངས་སོ། །
དྲང་ངེས་རྣམ་བཞག་དངོས་བཤད་པ་ལ།
མདོ་སྡེ་དགོངས་འགྲེལ་རང་ལས་བཅོམ་ལྡན་འདས་ཀྱིས་དང་པོ་ཡུལ་ཝ་ར་ན་སིར་དྲང་དོན་རྣ་བ་རི་དྭགས་ཀྱི་གནས་སུ། ཉན་ཐོས་ཀྱི་ཐེག་པ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་བ། རྨད་དུ་བྱུང་བ། སྔོན་ལྷར་གྱུར་བའམ་མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་ཞིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་འཁོར་ལོ་བསྐོར་བ་དེ་ཡང་། བླ་ན་མ་མཆིས་པ། སྐབས་མ་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། མོད་སྡེ་དགོངས་འགྲེལ་རང་ལས་དྲང་དོན་དང་ངེས་པའི་དོན་གྱི་རྣམ་གཞག་འདི་དག་དངོས་སུ་གསུངས་སོ། ། ཁ་ཅིག་གིས། བཅོམ་ལྡན་འདས་རང་གིས་བཀའ་ལ་སོགས་པ་མ་གསུངས་དེའི་རྗེས་སུ་མཁས་གྲུབ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་རང་གིས་བཀའ་ལ་འགལ་བའི་སྣང་ཚུལ་མང་པོ་འབྱུང་གི་ཡོད་པ་དོགས་པ་ལ་རྟེན་ནས་བཤད་པ་ཡིན་པར་སྣང་བཞིན་འདུག དེ་དག་མ་ཡིན་ནོ། བཅོམ་ལྡན་འདས་རང་གི་བཀའ་ལ་སོགས་པ་ལས་དྲང་དོན་དང་ངེས་དོན་གྱི་རྣམ་གཞག་འདི་དངོས་སུ་མདོ་སྡེ་དགོངས་འགྲེལ་སོགས་ལས་དངོས་སུ་གསུངས་སོ། ། མདོ་སྡེ་དགོངས་འགྲེལ་ལས། འཁོར་ལོ་དང་པོ་ནི་དྲང་དོན་གྱི་མདོ་ཡིན་པ་དངོས་སུ་གསུང་སོ། ། དེ་ཡང་དགོངས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་འཁོར་ལོ་བསྐོར་བ་དེ་ཡང་། བླ་ན་མ་མཆིས་པ། སྐབས་མ་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། ཞེས་གསུངས་སོ། ། འཁོར་ལོ་བར་བ་ཡང་དྲང་དོན་གྱི་མདོ་ཡིན་པར་དངོས་སུ་གསུངས་སོ། ། དེ་ཡང་དགོངས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ། སྟོང་བ་ཉིད་དངོས་པོའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་། བླ་ན་མ་མཆིས་པ། སྐབས་མ་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། ཞེས་གསུངས་སོ། ། འཁོར་ལོ་མཐའ་མ་ནི་དངོས་སུ་ངེས་དོན་གྱི་མདོ་སྡེ་ཡིན་པར་དངོས་སུ་གསུངས་སོ། ། དེ་ཡང་དགོངས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་ནས་མ་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ཡང་དག་པར་ཞུགས་པ་རྣམས་ལ།ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ། ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི། བླ་ན་མ་མཆིས་པ་དང་། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། ། ཞེས་གསུངས་སོ། ། འདི་ལྟར་འཁོར་ལོ་དང་པོ་དང་བར་བ་གཉིས་ཀ་དྲང་དོན་གྱི་མདོ་ཡིན་པ་དང་། མཐའ་མ་ངེས་དོན་གྱི་མདོ་ཡིན་པ་གསལ་པོ་གོ་ཐུབ་ལ། འདི་ལ་ཕྱི་རབས་པའི་མཁས་པ་ཁ་ཅིག་གིས། འདི་ནི་སེམས་ཙམ་པ་རྐྱང་པས་དྲང་ངེས་ཀྱི་རྣམ་བཞག་འཇོག་པའི་ཚུལ་ཡིན་པ་ལས་དབུ་མ་པ་དྲང་ངེས་འཇོག་པའི་ཚུལ་མ་ཡིན་པ་དང་། དེ་བཞིན་སེསམ་ཙམ་པ་དྲང་ངེས་རྣམ་བཞག་དང་དབུ་མ་པའི་དྲང་ངེས་རྣམ་གཞག་འཇོག་ཚུལ་འགལ་བ་ཤ་སྟག་ཡིན་པ་ཁས་ལེན་གྱིན་ཡོད་པ་དེ་ལྟར་བཤད་ཀྱིན་འདུག དེའི་ཕྱིར་ན་བཀའི་དབང་དུ་བྱས་ན་དེའི་ནང་མཚན་ཉིད་གསུམ་གྱི་རྣམ་གཞག་བཤད་ནས་ལེགས་པར་རྣམ་པར་ཕྱེ་བ་ཟེར་བ་འདི་ཡང་མཚན་ཉིད་གསུམ་ལ་ཡོད་མེད་ཀྱི་རྣམ་བཞག་ཕྱེ་སྟེ། ཀུན་བཏགས་རང་གི་མཚན་ཉིད་ཀྱི་ངོ་བོ་ཉིད་མེད་པ་དང་། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་དང། ཡོངས་གྲུབ་དོན་དམ་པའི་ངོ་བོ་ཉིད་མེད་པ་དང་། ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་སྟེ་ཁོང་གིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་སོ། ། དེའི་ཕྱིར་ན་སེམས་ཙམ་པའི་དྲང་ངེས་རྣམ་བཞག་ཡིན་པ་དང་། དེ་ཡང་སེམས་ཙམ་པའི་ཤིང་རྟ་ཆེན་པོ། འཕགས་པ་ཐོགས་མེད་ཀྱི། ཐེག་བསྡུས་དང་། ཀུན་བཏུས་སོགས་ལ་བལྟས་ན་ཤེས་པར་བཤད་ཀྱིན་ནོ། ། མདོ་སྡེ་དགོངས་འགྲེལ་ལས་བཤད་པའི་དྲང་ངེས་རྣམ་གཞག་འདི་ཡང་སེམས་ཙམ་པ་རྐྱང་པས་དྲང་ངེས་ཀྱི་རྣམ་བཞག་ཡིན་ནོ་ཞེས་ཟེར་རོ། ། འོ་ན་རང་ལུགས་ལ་དེ་ལྟར་ཁས་ལེན་འཐད་དམ་ཞེ་ན། མི་འཐད་དེ། མི་འཐད་པའི་ཚུལ་གང་ཡིན་ཟེར་ན། མདོ་སྡེ་དགོངས་འགྲེལ་ལས་བཤད་པའི་དྲང་ངེས་རྣམ་བཞག་འདི་མཐའ་གཅིག་ཏུ་སེམས་ཙམ་རྐྱང་པ་ལས་གཞན་དབུ་མ་པས་ཁས་ལེན་མི་རིགས་པ་ཡིན་ན། མདོ་སྡེ་དགོངས་འགྲེལ་ནང་ལ་འཁོར་ལོ་མཐའ་མ་ལ་སྔགས་བརྗོད་མཛད་པ་འདི་ཡང་སེམས་ཙམ་འགའ་ཞིག་གིས་བཤད་པ་ལྟར་དུ་མཚན་ཉིད་གསུམ་ལ་ཡོད་མེད་ཁྱད་པར་བཤད་པ་དེའི་ཆ་ནས་སྔགས་བརྗོད་མཛད་པ་བཤད་དགོས་པ་ལས་དེ་ལྟར་བླ་མ་མི་ཕམ་པས་མ་གསུང་བའི་ཕྱིར་རོ། ། འཇམ་དགོན་བླ་མས་སྟོང་ཐུན་ལས། མདོ་སྡེ་དགོངས་འགྲེལ་ལས་འཁོར་ལོ་ཐ་མའི་དོན་ལ་མཆོག་ཏུ་བསྔགས་པའང་འཁོར་ལོ་ཐ་མར་གཏོགས་ཚད་མ་ཡིན་གྱི་སྙིང་པོ་བསྟན་པའི་ངེས་དོན་གྱི་ཕྱོགས་ནས་དེ་ལྟར་གསུངས་པ་སྟེ། ཞེས་གསུངས་སོ། ། གཞུང་འདིའི་དགོངས་འགྲེལ་ལས་བསྟན་པའི་དྲང་ངེས་ཀྱི་རྣམ་བཞག་འདི་སེམས་ཙམ་རྐྱང་པ་མ་ཡིན་པ་ངེས་དོན་མཐར་ཐུགས་པའི་བཤད་ཚུལ་དང་སྦྱར་ནས་ཤེས་པས་སོ། ། བློ་གྲོས་མི་ཟད་བསྟན་པའི་མདོ་དང་ཏིང་འཛིན་རྒྱལ་པོ་གཉིས་ཀའི་ནང་ལ་དོན་དམ་སྒྲུབ་པ་བསྟན་པ་ཞེས་པ་དེ། དོན་དམ་བདེན་པ་བརྗོད་བྱ་གཙོར་བྱེད་པའི་མདོ་ལ་ངེས་དོན་གྱི་མདོ་དང་། ཀུན་རྫོབ་བདེན་པ་བརྗོད་བྱ་གཙོ་བོ་བྱེད་པའི་མདོ་ལ་དྲང་དོན་གྱི་མདོ་ཟེར་རོ། ། དབུ་མའི་གྲུབ་མཐའ་ལུགས་ལ། འཁོར་ལོ་དང་པོ་དྲང་དོན་གྱི་མདོ་དང་། བར་མཐའ་གཉིས་ངེས་དོན་གྱི་མདོ་ཡིན་པས་སོ། ། འཁོར་ལོ་བར་མཐའ་གཉིས་ཆོས་ཅན། ངེས་དོན་གྱི་མདོ་ཡིན་ཏེ། དོན་དམ་བདེན་པ་བརྗོད་བྱ་གཙོ་བོ་བྱེད་པའི་མདོ་ཡིན་པའི་ཕྱིར་རོ། ། འོ་ན་དོན་དམ་བདེན་པ་ཞེས་པ་གང་ལ་གོ་དགོས་ཟེར་ན། གཞིའི་གནས་ལུགས་བདེ་བར་གཤེགས་པའི་སྙིང་པོ་ལ་དེ་ལ་གོ་དགོས་སོ། ། དེ་ལ་རྩལ་འདོན་བྱེད་ཚུལ་ལ་མི་འདྲ་གཉིས་ཡོད་ལ། འཁོར་ལོ་བར་བས་སྐབས་ལ་གཞིའི་གནས་ལུགས་བདེ་བར་གཤེགས་པའི་སྙིང་པོ་ངོ་བོ་སྟོང་བའི་ཆ་ནས་རྩལ་འདོན་བྱེད་པའི་ཕྱིར། འཁོར་ལོ་མཐའ་མའི་སྐབས་སུ་གཞིའི་གནས་ལུགས་བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་གསལ་བའི་ཆ་ནས་རྩལ་འདོན་བྱེད་པའི་ཕྱིར། དོན་ལ་གཉིས་ཀས་བདེ་བར་གཤེགས་པའི་སྙིང་པོ་རྩལ་འདོན་མཛད་ཀྱིན་ཡོད་པ་ལ་གཅིག་མཚུངས་ཡིན་པ་དང་། འོན་ཀྱང་སྟོང་ཆ་དང་གསལ་ཆ་ངོས་ནས་རྩལ་འདོན་མཛད་ཚུལ་མི་འདྲ་བ་ཡོད་པས་སོ། ། མདོ་ཏིང་འཛིན་རྒྱལ་པོ་དང་། བློ་གྲོས་མི་ཟད་པའི་བསྟན་པའི་མདོ་གཉིས་ལ་རྗེས་སུ་དྲང་ནས་དྲང་ངེས་རྣམ་བཞག་བཤད་ན་བར་མཐའ་གཉིས་ཀ་ངེས་དོན་གྱི་མདོ་ཁས་ལེན་ན་སྐྱོན་མེད་པ་ཡིན་ནོ། ། ཅིའི་ཕྱིར་ཞེ་ན། གཉིས་ཀ་ངེས་དོན་གྱི་རྣམ་བཞག་བསྟན་པའི་ཕྱིར་རོ། ། འོ་ན་དེ་ལྟར་ཁས་ལེན་ན་མདོ་སྡེ་དགོངས་འགྲེལ་དང་འགལ་བར་འགྱུར་རོ་ཟེར་ན། ཅིའི་ཕྱིར་ཞེ་ན། མདོ་སྡེ་དགོངས་འགྲེལ་ལས་འཁོར་ལོ་བར་བ་དྲང་དོན་གྱི་མདོ་ཡིན་པ་བསྟན་པའི་ཕྱིར་ཞེ་ན། དེ་ནི་སྐྱོན་མེད་དོ། ། མདོ་དེ་ལ། དྲང་དོན་གྱི་དྲང་དོན་གྱི་དང་། དྲང་དོན་གྱི་ངེས་དོན་མདོ་ཞེས་གཉིས་སུ་འབྱེད་ཀྱིན་ཡོད་ལ། ངེས་དོན་གྱི་མདོ་དེ་ལ། གནས་སྐབས་ཀྱི་ངེས་དོན་དང་། མཐར་ཐུག་གི་ངེས་དོན་ཞེས་གཉིས་སུ་འབྱེད་ཀྱིན་ཡོད་ལ། དྲང་དོན་གྱི་ངེས་དོན་དེ་ངེས་དོན་གྱི་མདོ་ཡིན་པ་དང་། གནས་སྐབས་ཀྱི་ངེས་དོན་དེ་ངེས་དོན་གྱི་མདོ་ཡིན་དགོས་པ། དྲང་དོན་དྲང་དོན་ཟེར་བ་དེ་བདེན་བཞིན་སྟོན་པའི་མདོ་ལྟ་བུ། དྲང་དོན་གྱི་ངེས་དོན་ཟེར་བ་འདི་འཁོར་ལོ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་ལྟ་བུ། དྲང་དོན་གྱི་ངེས་དོན་ཟེར་ན་གང་ལ་ངོས་འཛིན་དགོས་ཟེར་ན། རེ་ཞིག་དཔྱད་པ་མ་རྫོགས་པའི་ཆ་ནས་དྲང་དོན་མདོའི་ཁོངས་སུ་བགྲང་ན་ཡང་དོན་གྱིས་ངེས་དོན་མདོ་ཡིན་པ་ལ་དྲང་དོན་གྱི་ངེས་དོན་མདོ་ཟེར་བ་ཡིན་ནོ། ། བར་བ་མཚན་ཉིད་མེད་པའི་ཆོས་འཁོར་ནི་ངེེས་དོན་གྱི་མདོ་ཡིན་པ་དང་། དེ་མ་ཡིན་པར་ཐལ། དྲང་དོན་གྱི་ངེས་དོན་གྱི་མདོ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ་བོ་ལན་སྨྲ་རིགས་སོ། ། གཞན་ཡང་ངེས་དོན་གྱི་མདོ་དེ་ལ་གནས་སྐབས་ཀྱི་ངེས་དོན་དང་། མཐར་ཐུག་གི་ངེས་དོན་གཉིས་ཡོད་པ་ལས། དང་པོ་གནས་སྐབས་ཀྱི་ངེས་དོན་དེ་འཁོར་ལོ་བར་ལ་མཚན་ཉིད་མེད་པའི་ཆོས་འཁོར་རྣམས་ལྟ་བུ། མཐར་ཐུག་གི་ངེས་དོན་མདོ་ཟེར་བ་འདི། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་རྣམས་ལྟ་བུ། དོན་དམ་བདེན་པའི་ཁྱད་ཆོས་དཔྱད་པ་རྫོགས་པའི་མདོ་ནི། འཁོར་ལོ་མཐའ་མ་ལྟ་བུ། དཔྱད་པ་མ་རྫོགས་པའི་མདོ་བར་བ་ལྟ་བུ་ཡིན་ནོ། ། མདོ་སྡེ་དགོངས་འགྲེལ་ལས་འཁོར་ལོ་བར་བ་དེ་དྲང་དོན་ཡིན་པའི་རྐྱེན་གྱི་འཇོག་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཅི་ཕྱིར་འཇོག་པ་རེད་ཟེར་ན་དོན་དམ་བདེན་པ་བསྟན་ལ་ཕབ་ཀྱང་ཡིན་ནའང་དོན་དམ་བདེན་པ་དེ་ལ་ཁྱད་ཆོས་སྟོང་གསལ་གཉིས་ཡོད་པ་ལས་སྟོང་ཆའི་ངོས་ནས་དྲང་དོན་གྱི་མདོར་འཇོག་པ་ཡིན། ཡིན་ནའང་དོན་གྱིས་ཐོག་ནས་གནས་སྐབས་ཀྱི་ངེས་དོན་གྱི་མདོ་ཡིན་ནོ། ། འདི་དག་རང་གིས་བློ་ངོར་གྱི་འཆར་རྟོགས་རགས་བསྡུས་དག་མི་བརྗེད་པའི་ཕྱིར་རུ་ཡིག་ཚོགས་ལམ་ནས་ཉུང་བསྡུས་བྱས་ན་བཀོད་པའོ། །
འདི་ནི་རིག་བྱེད་བཏགས་མིང་དུ་ཚངས་སྲས་དགྱེས་པའི་བློ་གྲོས་སམ་ཁམས་ཡུལ་གྱི་གཙུག་ལག་སྨྲ་བ་ཁམས་པ་རབ་དབྱངས་ཏུ་འབོད་པས་སྦྱར་བ་འདིས་ཀྱང་ཆོས་རབ་རྣམ་འབྱེད་ཀྱིས་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3654
དཔྱད་མཆན་སྤེལ།